ཉིན་ལྔ་བའི་ཆོས་ཁྲིད།

དེ་ཡང་མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཁྱབ་བདག་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོའི་གོ་འཕང་མཆོག་ལ་འགོད་རྒྱུའི་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་དང་། ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་། སྣོད་བཅུད་ཐ་མལ་མ་ཡིན་ཡེ་ནས་དག་པའི་རང་བཞིན། ཀུན་ཁྱབ་ཐིག་ལེ་ཉག་གཅིག་ལས་མ་འདས་པའི་སྤྲོས་མེད་དོན་གྱི་རྣལ་འབྱོར་ལ་ཐུགས་གཞོལ་བའི་སྒོ་ནས་གསན་དགོས་པ་མཁྱེན་པའི་སྟེང་ནས། རང་རེས་ཆོས་དུང་ཞིག་ནམ་བུས་ལ་སྔོན་འགྲོའི་སྐོར་འདི་ནན་བཤད་ཐུགས་གསོས་ཀྱིས། སྔོན་འགྲོ་དངོས་གཞི་འབྲལ་མི་རུང་བ་ཡིན་པ་ཉིན་བཞིན་བཤད་ཀྱིན་ཡོད་ན། དེ་ལས་ཀྱང་གལ་ཆེ་བ་སྔོན་འགྲོ་དངོས་གཞི་གཉིས་ཀའི་སྐབས་སུ་ཡང་འབྲལ་མི་རུང་བ་དེ་གང་ཡིན་ན། བླ་མའི་རྣལ་འབྱོར་ཡིན། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཚོགས་བསགས་སྒྲིབ་པ་སྦྱངས་བའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བརྟེན་པ་རྨོངས་པར་ཤེས་པར་བྱ། །ཞེས་གསུངས་པ་རེད། ཐུན་མོང་ཕྱིའི་སྔོན་འགྲོ་ནས་ཐུན་མིན་ནང་གི་སྔོན་འགྲོའི་བར་ཐམས་ཅད་སྒྲིབ་སྦྱངས་ཚོགས་བསགས་གཉིས་ལ་འདུས། ཡིན་ནའང་ཐབས་དེ་དག་ལས་བྱུང་བའི་ཐབས་བྱུང་བྱིན་བརྒྱུད་རྟོགས་པའི་ཡེ་ཤེས་རྒྱུད་ལ་འཆར་བ་ལ་བླ་མའི་རྣལ་འབྱོར་ཁོ་ན་ལ་བརྟེན་དགོས་པ་ཡིན། དེས་ན་རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་སྐྱེས་པར་བྱེད་པའི་ཐབས་ཐམས་ཅད་ཀྱི་མཐར་ཐུག་པ་ལམ་ཟབ་བླ་མའི་རྣལ་འབྱོར་གྱི་ཁྲིད་ཡིན་ཞེས་རིམ་བྱོན་དམ་པ་གོང་མས་ལན་གཅིག་མིན་པར་ཡང་ཡང་བཟླས་ནས་གསུངས་ཡོད་པ་དེའི་རྒྱུ་མཚན་གང་ལ་ཐུག་པ་རེད་ཟེར་ན། རྫོགས་པ་ཆེན་པོའི་ལུགས་ལ་བླ་མ་སངས་རྒྱས་ཆོས་ཀྱི་སྐུར་མཐོང་དགོས། དེ་ལ་མོས་གུས་ལྟེམ་རྐྱང་མེད་པའི་སྒོ་ནས་གསོལ་བ་བཏབ་སྟེ་ཐུགས་ཡིད་དབྱེར་མེད་དུ་འདྲེས་པའི་ཉམས་ལེན་གཅིག་པུས། གཞན་རྐྱེན་ལ་མ་ལྟོས་པར་དགོངས་བརྒྱུད་རྟོགས་པའི་ཡེ་ཤེས་དེ་ཉིད་རང་རྒྱུད་ལ་སྐྱེད་ནུས་པ་ཡིན་པས་ན་བླ་མའི་རྣལ་འབྱོར་མཆོག་ཏུ་བསྔགས་པ་ཡིན། རྒྱུད་ལས། གང་གིས་བསྐལ་པ་བྱེ་བ་རུ། །ལྷ་སྐུ་འབུམ་ཕྲག་བསྒོམས་པ་ལས། །བླ་མ་སྐད་ཅིག་དྲན་པ་མཆོག །ལ་སོགས་པ་མདོ་རྒྱུད་བཀའ་དང་བསྟན་བཅོས་ཀྱི་ལུང་མང་པོ་རེད། དེ་ལ་འདི་ལྟར་བླ་མས་གདམས་ངག་བསྩལ་བས་བཀའ་དྲིན་ཆེ་བ་ཡིན་ཀྱང་། སངས་རྒྱས་ཆོས་ཀྱི་སྐུ་ཇི་ལྟར་ཡིན་སྙམ་ན། འདི་ལུང་རིགས་གཉིས་ཀྱིས་བསྒྲུབས་ཡོད། ལུང་གོང་དུ་དྲངས་པ་ལྟར་དང་གཞན་ཡང་། འདི་ནི་རང་བྱུང་བཅོམ་ལྡན་འདས། །ལ་སོགས་པ་མང་ལ་རིགས་པའི་ཐད་ནས་ཀྱང་། བླ་མའི་ཐུགས་སངས་རྒྱས་ཡིན། ཇི་ལྟར་ཡིན་ན། ཟབ་གསལ་གཉིས་སུ་མེད་པའི་གཞི་གནས་ཀྱི་ཡེ་ཤེས་དེ་རྟོགས་རུང་མ་རྟོགས་རུང་ངོ་བོ་ཡེ་དག་གི་སངས་རྒྱས་ཡིན། རྟག་བརྟན་འཕོ་འགྱུར་དང་བྲལ་བའི་འདུས་མ་བྱས་སངས་རྒྱས་ཆོས་སྐུ་རེད། དེ་ལྟ་བུའི་གཞི་འབྲས་དབྱེར་མེད་ཀྱི་ཆོས་སྐུ་དེའི་རྣམ་རོལ་བླ་མའི་རྣམ་པར་སྣང་བ་དེ། ང་ཉིད་ཕྱི་མའི་དུས་ཀྱི་ཚེ། །དགེ་བའི་བཤེས་ཀྱི་གཟུགས་སྤྲུལ་ནས། །ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་གསུངས་པའི་ལུང་དོན་ལྟར། ཕྱིར་མི་ལྡོག་པའི་ཆོས་བརྗོད་པའི་ངག་ལས་ཡང་དག་པའི་དགེ་བའི་བཤེས་གཉེན་དུ་དཔོག་པ་ཡིན་ཞིང་། སངས་རྒྱས་ཉིད་ཀྱི་སྐུ་གསུང་ཐུགས་མི་ཟད་རྒྱན་གྱི་འཁོར་ལོར་བཀོད་པའི་རོལ་བ་བླ་མའི་གཟུགས་སྐུར་སྣང་བ་ཡིན་པས། གཟུགས་སྐུའི་ངོ་བོ་ཆོས་སྐུ་དང་། ཆོས་སྐུའི་རྣམ་རོལ་གཟུགས་སྐུ། དེ་གཉིས་དབྱེར་མི་ཕྱེད་པའི་ཟུང་འཇུག་རྡོ་རྗེ་འཆང་རིགས་རྣམས་ཀུན་གྱི་གཙོ་བོར་ངང་གིས་གྲུབ་པ། ནང་མཚོན་བྱ་དོན་གྱི་བླ་མ། བླ་མའི་ཐུགས་ཡེ་ཤེས་ཆེན་པོ་དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་དང་གཉིས་སུ་མ་མཆིས་པ་དེ་ཡིན་ན། དེ་ཉིད་མཚོན་པར་བྱེད་པའི་མཚོན་བྱེད་ཕྱི་རོལ་རྟགས་ཀྱི་བླ་མའང་སངས་རྒྱས་ཉིད་ལས་མ་འདས་པ་ཆོས་ཉིད་ཀྱི་རིགས་པས་བསྒྲུབ་ན་དེ་ལྟར་དུ་གྲུབ་པ་ཡིན། དེས་ན་བླ་མ་སངས་རྒྱས་སུ་ཤེས་པ་དང་གཅིག མཛད་པ་སངས་རྒྱས་ཀྱི་ཕྲིན་ལས་སུ་ཤེས་པ་དང་གཉིས། རང་ངོར་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ་བ་དང་གསུམ། སྐྱབས་གནས་རྒྱ་མཚོའི་སྤྱི་གཟུགས་སྐྱབས་ཡུལ་ཐམས་ཅད་བླ་མར་མ་འདུས་པ་མེད་པ་དང་བཞི། གསོལ་འདེབས་མོས་གུས་ཀྱི་རྐྱེན་ལ་བརྟེན་ནས་རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་བསྐྱེད་ནུས་པ་དང་ལྔ་བོ་དེ་ཚང་དགོས། དེ་ལྟར་ལྔ་བོ་ཚང་ཡོད་པར་ཤེས་པའི་སྒོ་ནས་བླ་མ་བསྒྲུབ་རྒྱུ་ལ་བསམ་བློ་བཏང་ན་སྒྲུབ་པའི་སྒྲུབ་ཚུལ་མང་སྟེ། བླ་རྫོགས་ཐུགས་གསུམ་དགོངས་པ་གཅིག་འདུས་བཀའ་གཏེར་ཐམས་ཅད་ནས་འབྱུང་བ་དང་། ཀུན་མཁྱེན་ཆེན་པོའི་དགོངས་པ་ལྟར་ན་ཕྱི་སྤྲུལ་སྐུ་ལྟར་ཏུ་སྒྲུབ་པ། ནང་ལོངས་སྐུ་ལྟར་དུ་སྒྲུབ་པ། གསང་བ་མཁའ་འགྲོ་ལྟར་དུ་སྒྲུབ་པ། ཡང་གསང་ཡེ་ཤེས་བླ་མའི་མཉམ་བཞག་གིས་སྒྲུབ་ཚུལ་སོགས་ཡོད་པས་སོ། དེའི་དགོངས་དོན་ཀུན་མཁྱེན་ཕྱི་མ་འཇིགས་བྲལ་གླིང་པས་རྩལ་དུ་བཏོན་པ་རྫོགས་ཆེན་ཀློང་ཆེན་སྙིང་ཐིག་གི་ཆོས་སྡེ་ལ་མཚོན་ན། ཕྱི་སྒྲུབ་བླ་མའི་རྣལ་འབྱོར། ནང་སྒྲུབ་རིག་འཛིན་འདུས་པ། གསང་སྒྲུབ་ཐུགས་རྗེ་ཆེན་པོ། ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་སོགས་དཀྱིལ་ཆོག་དང་འབྲེལ་བ་དང། ཡང་གསང་མཉམ་བཞག་གིས་སྒྲུབ་ཚུལ་ཡང་ཡོད་པ་ཡིན། ཁྲིད་ཡིག་ཡེ་ཤེས་བླ་མ་དངོས་གཞིའི་ཁྲེགས་ཆོད་ཐོད་རྒལ་གྱི་ཉམས་ལེན་ལྟ་སྒོམ་སྤྱོད་འབྲས་ཀྱི་གནད་ཐམས་ཅད་ཀྱང་། ཁྲིད་ཡིག་ཡེ་ཤེས་བླ་མའི་ནང་ནས་བསྟན་པ་ལྟར་དུ་བླ་མ་ཆོས་སྐུའི་དགོངས་པ་འོད་གསལ་འཕོ་འགྱུར་དང་བྲལ་བའི་སྐུ་བཞིའི་རྒྱལ་སར་སྦྱོར་བ་ལས་མ་འདས་པ་ཞིག་ཡིན། བླ་མའི་རྣལ་འབྱོར་གྱི་ཚོགས་ཞིང་བསྒོམ་པའི་སྐབས་ཡིན་ན། དག་པ་གཞིར་བཞུགས་ཀྱི་དཀྱིལ་འཁོར་དུ་སྣང་སྲིད་དག་པ་རབ་འབྱམས་ཡེ་ནས་ཡིན་པ་ལ་གཞིར་བཞེངས་ཀྱི་སྒོ་ནས་ཡིན་པ་ལ་ཡིན་པར་གསལ་འདེབས་དགོས་པ་ཡིན། སྤྱིར་བཏང་གིས་བཤད་ན་མ་དག་འཁྲུལ་བའི་སྣང་བ་དང་རྟེན་འབྲེལ་སྒྱུ་མའི་སྣང་བ། ཡང་དག་ཡེ་ཤེས་ཀྱི་སྣང་བ་གསུམ་གྱིས་ནང་ནས་འུ་བུ་ཚོའི་སོ་སོ་སྐྱེ་བོའི་ལོག་རྟོག་འཁྲུལ་བའི་ངོ་ཁར་སྣང་གིན་འདུག་པ་འདི་མ་དག་འཁྲུལ་བའི་སྣང་བ་རེད། སར་གནས་ཀྱི་བྱང་ཆུབ་སེམས་དཔའ་ཚོའི་རྗེས་ཐོབ་དུ་ཀུན་རྫོབ་སྒྱུ་མ་དང་ཆུ་ཟླ་སོགས་ཀྱི་རྣམ་པར་སྣང་བ་དེ་རྟེན་འབྲེལ་སྒྱུ་མའི་སྣང་བ་ཡིན། དེ་ཁོ་ན་ཉིད་མངོན་དུ་གྱུར་བའི་ཡང་དག་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་ཇི་ལྟར་སྣང་ན། སྣང་སྲིད་སྐུ་དང་ཡེ་ཤེས་ཀྱི་རོལ་བར་ཤར་བ་ཡིན། དེ་དག་ལས་གང་ཡང་དག་ཡིན། གང་ཡང་དག་མིན་ཟེར་ན། ལོག་རྟོག་འཁྲུལ་བའི་སྣང་བ་དང་རྟེན་འབྲེལ་སྒྱུ་མའི་སྣང་བ་གཉིས་གཅིག་མ་དག་པ་དང་། གཅིག་མ་དག་དག་པ་གཉིས་ཀ་རེད། མདོར་ན་གཉིས་ཀ་སྣང་ཚུལ་ཡིན། ཤིན་ཏུ་རྣམ་དག་ཡང་དག་ཡེ་ཤེས་ཀྱི་སྣང་བ་དེ་གནས་ཚུལ་དངོས་ཡིན། དེས་ན་གནས་ཚུལ་སྐུ་དང་ཡེ་ཤེས་ཡིན་ལུགས་དག་པ་རབ་འབྱམས་སུ་གསལ་འདེབས་པ། སྣང་ཆ་དབུས་ཀྱི་བླ་མ་ནས་མཐའ་ཡི་བཀའ་སྡོད་ཕོ་ཉའི་འཁོར་ཚོགས་དང་བཅས་པ་བླ་མའི་ཐུགས་ཡེ་ཤེས་ཆེན་པོ་གཅིག་གི་ངོ་བོར་རྫོགས་པར་གསལ་དགོས་པ་ཡིན། མདོར་ན་བླ་མ་ཕྱོགས་དུས་རྒྱལ་བ་རབ་འབྱམས་ཀྱི་ངོ་བོར་བསྒོམ་དགོས། སྒོམ་ཚུལ་ལའང་ཁྱད་པར་ཡོད་པ་རེད། བྱིན་རླབས་ཀྱི་འཇུག་པ་མྱུར་བར་འདོད་ན་བླ་མ་གཅིག་ལ་ཚང་བའི་ཀུན་འདུས་ནོར་བུའི་ལུགས་སུ་བསྒོམ་ཆོག སྐྱབས་འགྲོ་དང་གསོལ་འདེབས་ཀྱི་དུས་སུ་བརྒྱུད་པའི་བབས་དང་བསྟུན་ནས་དད་གུས་མོས་པའི་རྟེན་དུ་ཐོ་བརྩེགས་སུ་གཅིག་གི་བཞུགས་གདན་ལ་གཅིག་གི་དབུ་མ་རེག་པར་བསྒོམ་རྒྱུ་དེ་ལྟ་བུ་དང་། ཚོགས་བསགས་གཙོ་བོར་བྱེད་པའི་སྐབས་ཡིན་ན་སྐྱབས་ཡུལ་ཚོགས་ཞིང་གི་ལྷ་ཚོགས་དང་ཁྱད་པར་བླ་མ་བརྒྱུད་པ་ཁྲོམ་ཚོགས་སུ་སྒོམ་ཚུལ་དེ་ལྟར་ཡང་གསུངས་ཡོད། རང་ཉིད་ཀྱི་ལུས་ཀྱང་སྐྱབས་འགྲོ་དང་སྒྲིབ་སྦྱང་གི་དུས་སུ་ཐ་མལ་དུས་རྒྱུན་ལྟར་དུ་སྒོམ་རྒྱུ་དང་ནི། བླ་མའི་རྣལ་འབྱོར་གྱི་སྐབས་སུ་རང་ཉིད་ཡི་དམ་དུ་བསྒོམ་རྒྱུ་དང་འཛིན་བྲལ་གྱི་ངང་ནས་མདུན་གྱི་ནམ་མཁར་སྒོམ་རྒྱུ་སོགས་གསུངས་ཡོད་ཀྱང་། ཀློང་ཆེན་སྙིང་ཐིག་གི་སྐབས་འདིར་རང་ཉིད་རྡོ་རྗེ་རྣལ་འབྱོར་མར་བསྒོམ་དགོས་པ་འདིའི་སྒོས་ཆོས་རེད། ཐུགས་རྒྱུད་དགོངས་པའི་བྱིན་རླབས་རང་རྒྱུད་ལ་འཕོས་པ་དེ་དོན་དམ་སེམས་བསྐྱེད་ཀྱི་ངོ་བོ་ཡང་ཡིན་ལ་ཡེ་ཤེས་ཀྱི་ཚོགས་ཀྱང་དེ་ཡིན། དེ་ཉིད་མངོན་དུ་གྱུར་པ་བསོད་ནམས་ཀྱི་ཚོགས་ལ་བརྟེན་དགོས་པ་ཡིན་པས་ན་ཚོགས་བསགས་ཐབས། སྒྲིབ་པ་སྦྱོང་ཐབས་མཐའ་ཡས་པ་ཞིག་ཡོད་པ་ཐམས་ཅད་ཀྱི་གནད་བསྡུས་ན་ཡན་ལག་བདུན་པའི་ནང་ལ་འདུས་པ་ཡིན་པའི་སྟབས་ཀྱིས་ང་རྒྱལ་གྱི་གཉེན་པོ་ཕྱག་འཚལ་བ། ཕྱག་འབུམ་ཐེར་གསོག་པ་འབུམ་ལྔའི་ནང་ནས་གཅིག་རེད། ངོ་མ་ཡིན་ན་ཕྱག་འདི་ཡན་ལག་བདུན་པ་དང་འབྲེལ་ན་བཟང་བ་རེད། སྐྱབས་འགྲོ་སོགས་དང་སྦྲེལ་ནའང་འགལ་བ་མི་འདུག འབུམ་ལྔ་ཟེར་དུས་སྐྱབས་འགྲོ་སེམས་བསྐྱེད་གཉིས། ཡིག་བརྒྱ་མཎྜལ་གཉིས་དང་བཞི། ཕྱག་དང་ལྔ་བོ་དེ་རེད། བརྐྱང་ཕྱག་འཚལ་ན། ཕྱག་རྣལ་འབྱོར་བའི་ལུགས་སུ་འཚལ་བ་ཟེར་བ་དེ་ཡིན་པས། ལུས་ཀྱིས་བརྐྱང་ཕྱག་བརྡབས་ཏེ་འཚལ་ཞེས་གསུང་ལུགས་ཀྱིས་སྡིག་སྒྲིབ་དག་སྟོབས་ལྷག་ཏུ་ཆེ་བ་ཡིན་པར་འདུག འདིའི་སྐབས་སུ་ལུས་རྐྱང་པས་མི་ཚད་པར་སྒོ་གསུམ་གུས་པས་ཕྱག་འཚལ་དགོས། ཡིད་ཀྱིས་རབ་ལྟ་བ་མཇལ་བའི་ཕྱག་དང་ནི་འབྲིང་སྒོམ་པ་གོམས་པའི་ཕྱག་ཙམ་མ་རེད་ནའང་། ལུས་དཔག་མེད་རྡུལ་སྙེད་ཀྱི་གྲངས་སུ་སྤྲུལ། དེ་བཞིན་དུ་ངག་གིས་བསྟོད་པ་དང་ཡིད་ཀྱིས་དད་དང་གུས་པ་བྱས་ནས་སྣང་སྲིད་ཐམས་ཅད་བླ་མའི་རོལ་བར་བསྒོམ་དུས་སྦྱོར་དངོས་རྗེས་གསུམ་དམ་པ་གསུམ་དང་འབྲེལ་བ་ཡང་ཟུར་ནས་བཤད་འདུག་མི་དགོས་ཁི། མཆོད་པ་ནི་འདོད་ཆགས་དང་སེར་སྣའི་གཉེན་པོ་ཡིན། བཤགས་པ་གཙོ་བོ་ཞེ་སྡང་གི་གཉེན་པོ། རྗེས་སུ་ཡི་རང་ཕྲག་དོག་གི་གཉེན་པོ། ཆོས་འཁོར་བསྐོར་བར་བསྐུལ་བ་གཏི་མུག་གི་གཉེན་པོ། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་ལོག་ལྟའི་གཉེན་པོ། བསྔོ་བ་ཐེ་ཚོམ་གྱི་གཉེན་པོ་སྟེ། གཉེན་པོ་དེ་དག་ལ་གསུངས་ནི་རེད། དབང་བཞི་ལེན་པ་འདི་རྟོགས་པའི་ཡེ་ཤེས་དངོས་སུ་རང་རྒྱུད་ལ་ལེན་པའི་གནད་འཛིན་ས་ངོ་མ་དེ་ཡིན། དབང་བཞི་ལེན་པ་འདི་རྟོགས་པའི་ཡེ་ཤེས་དངོས་སུ་རང་རྒྱུད་ལ་འདྲེན་པ་ཡིན་ན། སྤྱིར་དབང་ལ་གཞི་ལམ་འབྲས་གསུམ་གྱི་དབང་ཡོད་ན། འདི་གང་རེད་ཟེར་ན། དེ་ལྟ་བུའི་དབང་གསུམ་ཡོད་པ་ལས་འདི་ལམ་དབང་རེད། ལམ་དབང་ལ་ཡང་ནང་གསེས་ཀྱིས་གཞི་ལམ་འབྲས་གསུམ་གྱི་དབྱེ་བ་ཡོད་པ་ལས་འདི་ལམ་དབང་གི་ལམ་དབང་རང་ཉིད་ཀྱིས་ལེན་རྒྱུ་དེ་རེད། ལམ་དབང་གི་གཞི་དབང་བླ་མས་བསྐུར་ཏེ་རང་གིས་ཞུས་ནས་བསྐུར་ཐོབ་མཚན་ཉིད་པ་བྱས་པ་དེ་ཡིན་ལ། ལམ་དབང་གི་འབྲས་དབང་དེ་གང་ཡིན་ཞེ་ན། སྣང་གསུམ་འཕོ་བའི་བག་ཆགས་འཇོམ་བྱེད་མདོ་ལུགས་ལྟར་དུ་བཤད་ན་འོད་ཟེར་ཆེན་པོའི་དབང་བསྐུར། སྔགས་ལུགས་ལྟར་ན་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དབང་གསུམ་བསྐུར་ཏེ་ཐོབ་པ་དེ་ཉིད་ལ་ངོས་འཛིན་དགོས་པ་རེད། སྐབས་འདིར་གུ་རུའི་སྨིན་མཚམས་ནས་སོགས་ཀྱིས་ངག་འདོན་དང་སྦྲགས་ཏེ་རྩ་རླུང་ཐིག་ལེ་ཀུན་གཞིའི་ལས་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་སྦྱངས། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཞུགས། བུམ་གསང་ཤེས་རབ་ཚིག་དབང་རིན་པོ་ཆེ་དང་བཅས་པའི་དབང་བཞི་ཐོབ། དེའི་མཐར་གུ་རུ་དང་བླ་མ་དབྱེར་མེད་པའི་ཐུགས་ཀའི་འོད་དམར་གྱིས་རང་ཉིད་རྡོ་རྗེ་རྣལ་འབྱོར་མར་གསལ་ཡོད་པའི་སྙིང་ཁར་རེག་པའི་མོད་ལ་འོད་དམར་གྱི་གོང་བུ་ཞིག་ཏུ་གྱུར་ནས་གུ་རུའི་ཐུགས་དང་དབྱེར་མེད་དུ་འདྲེས་པའི་ངང་ལ་མཉམ་བཞག་གི་ཐུན་ཅི་ནུས་སུ་བཅད། རྗེས་སྣང་སྲིད་བླ་མའི་རོལ་བ་དང་མ་བྲལ་ཞིང་དངོས་གཞིའི་ཐུན་གྱི་ཉམས་ལེན་གྱི་ངང་སྐྱོང་བཞིན་པར་བསྔོ་བ་དང་སྨོན་ལམ་བྱེད་རྒྱུ་འདི་རྒྱུན་གྱི་ཕྱག་ལེན་ལྟར་དུ་རེད། དེ་ལྟར་བླ་མའི་རྣལ་འབྱོར་ལ་བརྩོན་པས་ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པ་ཡིན། དོན་བརྒྱུད་ཀྱི་དགོངས་པ་སྙིང་ལ་འཕོས་ཏེ་དེའི་རྟོགས་པ་སྐྱེས་པའི་རྟགས་སུ་བྱམས་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས། དད་དང་ངེས་འབྱུང་། དེའི་སྟེང་དུ་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་སོགས་འབྱུང་བ་ཡིན། རྟོགས་པ་སྐྱེས་རྟགས་སུ་ཡོན་ཏན་སྔོན་དུ་འབྱུང་བ་ཞིག་དང་། རྟོགས་པ་སྐྱེས་ནས་ཡོན་ཏན་ཕྱིས་སུ་འབྱུང་བ་ཞིག་དང་རིགས་གཉིས་ཡོད་པར་གསུངས། མདོར་ན་ཉམས་དང་རྟོགས་པ་གཉིས་ཀྱི་ནང་ནས་རྟོགས་པ་གཙོ་ཆེ་བ་ཡིན། ཆོས་ཉིད་ཀྱི་རྟོགས་པ་རྒྱུད་ལ་སྐྱེས་པ་དེ་ཉམས་ལེན་སྒྲུབ་པ་བྱས་པའི་འབྲས་བུ་ཡིན། དེ་ལྟར་ལམ་ཟབ་བླ་མའི་རྣལ་འབྱོར་གྱིས་མཐར་ཐུག་ཐུགས་ཡིད་དབྱེར་མེད་དུ་ཇི་ལྟར་བསྲེ་རྒྱུའི་སྐོར་རགས་ཙམ་ཞིག་ཞུས་ནས། གང་ཞིག་འཆད་ཉན་བྱ་བ་རྗེ་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གསུང་འོད་གསལ་རྫོགས་པ་ཆེན་པོའི་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གྱི་ཁྲིད་རྣམ་པ་གཉིས་ལས་སྔ་མ་སོང་ནས། ཕྱི་མ་འོད་གསལ་ལྷུན་གྲུབ་ཐོད་རྒལ་གྱི་གླུ་དབྱངས་ཏིང་འཛིན་སྒོ་འཕར་བརྒྱ་ཕྲག་ཅིག་ཆར་འབྱེད་པའི་ལྡེའུ་མིག་ཅེས་བྱ་བ་འདི་ཉིད་འཆད་ཁྲིད་ཐེངས་གཅིག་ཡོངས་སུ་གྲུབ་ལ་ཉེ་བ་ཆོས་ཁྲིད་སྔོན་མར་འོད་གསལ་སྣང་བཞིའི་འཆར་ཚུལ་བཤད་པ་ཡན་ཆོད་ཀྱིས་འདིའི་མན་ངག་གི་ལུས། ཁྲིད་རིམ་བདུན་གྱིས་བསྟན་པའི་ནང་གི་དྲུག་པ་ཡན་ཆོད་སོང་མ་ཐག་པའི་མཚམས།

༧༽ བདུན་པ་མཐའ་རྟེན་གྱི་མན་ངག་གི་ཁྲིད།

དེ་རིང་བདུན་པ་མཐའ་རྟེན་གྱི་མན་ངག་གི་ཁྲིད་ནི།

ཨེ་མ་ཧོ།

བདུན་པ་མཐའ་རྟེན་མན་ངག་རྣམ་བཞི་ཡི།།

གསུངས་ནས་རྫོགས་ཆེན་སྙིང་ཐིག་གི་ཁྲིད་གཞུང་སྤྱི་ཁྱབ་ཀྱི་འགྲོས་ཀྱིས། མི་འགུལ་གསུམ་གྱིས་གཞི་བཅའ། སྡོད་པ་གསུམ་གྱིས་ཚད་བཟུང་། ཐོབ་པ་གསུམ་གྱིས་གཟེར་གདབས། གདེང་བཞིས་གྲོལ་ཚད་བསྟན་པ་དང་། ས་ལམ་བགྲོད་ཚུལ་འབྲས་བུ་དང་བཅས་པ་བསྟན་པའི་སྤྱི་ཆིངས་བཞག་ནས་གསུངས་ཀྱིན་ཡོད་པ་དེ་ལས།

ཀ༽ དང་པོ་མི་འགུལ་གསུམ་གྱིས་གཞི་བཅའ་བ།

དང་པོ་མི་འགུལ་གསུམ་གྱིས་གཞི་བཅའ་བ།།

འདི་ལ་ནང་གསེས་ལུས་ངག་ཡིད་གསུམ་མི་འགུལ་བ་གསུམ་ཡིན་ན་འདི་ནས་དེ་དག་གི་དགོས་པ་དང་སྦྲགས་ནས་ལུས་དང་མིག་དང་རླུང་རིག་གསུམ་གྱི་སྒྲ་ཡིས་བཞུགས་སྟངས་གཟིགས་སྟངས་འོད་གསལ་དགོངས་པའི་འཕེལ་ཚུལ་དང་བཅས་པས་བསྟན་གྱིན་ཡོད་པ་རེད།

ལུས་ནི་བཞུགས་སྟངས་གསུམ་ལས་མི་འགུལ་བར།།

བྱས་པས་རྒྱུ་བྱེད་དྲན་རྟོག་རྒྱུན་ཆད་ནས།།

རིག་པ་གཡོ་མེད་གནས་པའི་དགོས་པ་ཡོད།།

མིག་གཉིས་གཟིགས་སྟངས་གསུམ་ལས་མི་འགུལ་བར།།

བྱས་པས་དབྱིངས་རིག་འདུ་འབྲལ་མེད་པའོ།།

རླུང་རིག་མི་འགུལ་རབ་ཏུ་དལ་བར་བྱ།།

འོད་གསལ་ཇེ་འཕེལ་ཇེ་བརྟན་འགྱུར་བའོ།།

ཞེས་གསུངས་ཏེ། སྒོ་གསུམ་གྱི་མི་འགུལ་བ་གསུམ་གསུམ་གྱིས། ལུས་མི་འགུལ་བ་གསུམ་གྱིས་གནད་གཟིར། ངག་མི་འགུལ་བ་གསུམ་གྱིས་ལམ་བསལ། སེམས་མི་འགུལ་བ་གསུམ་གྱིས་བཅུད་དུ་དྲིལ་བ་སྟེ། དེ་ལྟ་བུའི་ལུས་ངག་ཡིད་གསུམ་མི་འགུལ་བ་གསུམ་གསུམ་དགུ་རུ་ཕྱེས་ཏེ་གསུངས་ཡོད། འདི་གཙོ་བོ་ཐེག་མཆོག་མཛོད་ཀྱི་དགོངས་པ་དང་བསྟུན་ནས་ལུས་མི་འགུལ་བ་ལའང་གནད་གསུམ་ཡོད་པ་དེ་ཉིད་གཙོ་བོར་བཟུང་ནས་གསུངས་འདུག འདི་ནས། ལུས་ནི་བཞུགས་སྟངས་གསུམ་ལས་མི་འགུལ་བར། །བྱས་པས་རྒྱུ་བྱེད་དྲན་རྟོག་རྒྱུན་ཆད་ནས། །ཞེས་པས་ཅི་བསྟན་ན། ཁྱབ་པ་བཞུགས་སྟངས་ཀྱི་མི་འགུལ་བ་བསྟན་ཡོད། དེས་རྩ་གནད་ལ་དབབ་པ་དེ་ཉིད་བསྟན་པ་རེད། ཆོས་སྐུའི་བཞུགས་སྟངས་རྩལ་གསུམ་རྫོགས་པའི་སེང་ཆེན་གངས་ནས་འགྱིང་པ་ལྟ་བུ་ཡིན་པས་ན་འཁོར་བའི་འཇིགས་པར་ཉམ་ང་མེད་པ། ལོངས་སྐུའི་བཞུགས་སྟངས་སྟོབས་ལྡན་གླང་ཆེན་ཉལ་བ་ལྟ་བུ་ཡིན་པས་ན་ཡེ་ཤེས་ཁྱད་པར་ཅན་འདེགས་པར་བྱེད་པ། སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ཏིང་འཛིན་ལ་བཞུགས་པ་ལྟ་བུའི་ཚུལ་གྱིས་ཏིང་ངེ་འཛིན་ལ་རྒྱུན་དུ་གནས་པ་ཡིན་པ་བཅས་དེ་ལྟ་བུའི་བཞུགས་ཚུལ་གསུམ་པོ་འདི། བཅའ་བ་རྒྱུན་གྱི་གནད་དང་། ངལ་གསོ་ཡེ་ཤེས་ཀྱི་གནད་གཉིས་རེ་དང་ལྡན་པར་བསྟན་པ་རེད། དེ་ནས་གོང་དུ་རྩ་བའི་སྐབས་ན། མིག་གཉིས་གཟིགས་སྟངས་གསུམ་ལས་མི་འགུལ་བར། །བྱས་པས་དབྱིངས་རིག་འདུ་འབྲལ་མེད་པའོ། །གསུངས་པ་འདིས་ཅི་བསྟན་ན། འཆར་བྱེད་གཟིགས་སྟངས་ཀྱིས་མི་འགུལ་བས་ལམ་སྣ་དྲངས་པ་ཡིན། ཆོས་སྐུའི་གཟིགས་སྟངས་ཀྱིས་བལྟས་པས་རིག་པའི་ངོ་བོ་མཐོང་། ལོངས་སྐུའི་གཟིགས་སྟངས་ཀྱིས་བལྟས་པས་རིག་པའི་རང་བཞིན་གྱི་སྣང་བ་མངོན་སུམ་དུ་མཐོང་། སྤྲུལ་སྐུའི་གཟིགས་སྟངས་ཀྱིས་གཟིགས་པས་རིག་པའི་ཐུགས་རྗེའི་སྣང་བར་ལོངས་སྤྱོད་པའོ། །དེའི་འཕྲོ་ནས་རླུང་རིག་མི་འགུལ་རབ་ཏུ་དལ་བར་བྱ། །འོད་གསལ་ཇེ་འཕེལ་ཇེ་བརྟན་འགྱུར་བའོ། །གསུངས་རྒྱུ་འདིས་གཅུད་པ་དེམས་ཀྱི་མི་འགུལ་བ་གསུམ་གསུངས་པ་རེད། འདིའི་དེམས་འདི་བྲི་ནོར་བྱེད་པ་མང་པོ་འདུག དགོས་པ། རླུང་གི་འགྲོ་འོང་དགག་པའི་དགོས་པ་ཡོད། ལུས་ཀྱི་ཡན་ལག་སོར་མོའི་ཚིགས་ཀྱིས་སྐེའི་མཇིང་པའི་རྩ་ལྟེམས་རྒྱུ་འདི་དག་གིས་ལུས་ཀྱི་གཅུད་པ་རང་སོར་བཞག་པས་ཁམས་གསུམ་མིང་མེད་དུ་བྱེད་པ་ཡིན་གསུངས་པ་རེད། འདིའི་ལུས་མི་འགུལ་བར་སྡོད་པའི་ཤུགས་ལས་ངག་གི་སྡོད་པ་གསུམ་གྱིས་འགྲོ་དྲུག་ཕལ་བའི་ལས་སྟོངས་ནས། ཚིག་རང་བྱུང་ཡེ་ཤེས་སུ་འཆར། ཆོས་ཐམས་ཅད་བརྗོད་དུ་མེད་པའི་དོན་ལ་གནས། སེམས་ཀྱི་མི་འགུལ་བ་སྡོད་པ་གསུམ་འབྱོངས་བའི་རྟགས་སུ་སངས་རྒྱས་ཀྱི་དགོངས་པའི་གནས་ལུགས་ཀྱི་དོན་ལས་མི་གཡོ་ཞིང་སྣང་བཞི་ཚད་དུ་ཕྱིན་པའི་དགོས་པ་ཡོད། དེ་ལྟར་གསུངས་ཡོད། མདོར་ན་སྒོ་གསུམ་མ་བསྡད་པར་འགུལ་དུས་འགྱུ་བ་ཡིན། འགྱུ་དུས་རྟོག་པ་རེད། རྟོག་པས་འཁྲུལ་བ་ཡིན་པས། དེ་ལས་གྲོལ་བར་བྱེད་པའི་ཆེད་དུ་འགྱུ་བའི་རྟེན་རྩ་རླུང་གནད་དུ་གཅུན་པས་ན་རྟོག་པ་རྒྱུན་ཆད་པའི་རང་གནད་གལ་བོ་ཆེའང་དེ་ན་ཡོད་པ་ཡིན། དེས་མི་འགུལ་གསུམ་གྱིས་གཞི་བཅའ་བ་བསྟན་པའོ།།

ཁ༽ གཉིས་པ་སྡོད་པ་གསུམ་གྱིས་ཚད་གཟུང་བ།

དེ་ལ་སྡོད་པ་གསུམ་གྱིས་ཚད་གཟུང་བ་དངོས་དང་། རྟགས་ཚད་བསྟན་པ་གཉིས་ལས།

༡༽ དང་པོ་སྡོད་པ་གསུམ་གྱིས་ཚད་གཟུང་བ་དངོས།

དེ་ནས་སྡོད་པ་གསུམ་གྱིས་ཚད་གཟུང་བ་ནི། །

གཉིས་པ་སྡོད་པ་གསུམ་གྱིས་ཚད་བཟུང་བ།།

དབྱིངས་རིག་གཉིས་ལ་ཡུན་རིང་བར་གནས་པའི།།

བརྟན་པའི་ཚད་ནི་སྡོད་པ་གསུམ་འབྱུང་སྟེ།།

ཞེས་མདོར་བསྟན་ནས་རྒྱས་བཤད་ལ་ནང་གསེས་ཀྱི་དབྱེ་བས་ལུས་དང་རླུང་དང་སྣང་བ་སྡོད་པ་གསུམ་གྱིས་བསྟན་པ་ལས། ལུས་ཀྱི་སྡོད་པ་གསུམ་གྱིས་བྱ་བ་དང་བྲལ་བ་ཡིན། རླུང་གི་སྡོད་པ་གསུམ་གྱིས་མི་སྐྱེ་བའི་ཚད་རྫོགས་པ་ཡིན། སྣང་བ་སྡོད་པ་གསུམ་གྱིས་མི་ལྡོག་པར་ཡིད་ཆེས་པར་བྱེད་པ་ཡིན། འདི་ནས་གསུམ་པོ་བྱེད་ལས་དང་འབྲེལ་ཏེ་ཕྱི་ནང་གསང་གསུམ་གྱི་ཚུལ་གྱིས་འདྲེས་མར་བསྟན་ཡོད་འདུག

ཕྱི་ཡི་སྣང་བ་བསྐྱོད་བྱེད་རླུང་ཟད་པས།།

དབྱིངས་རིག་འགྲོ་འོང་མེད་པར་སྡོད་པ་དང་།།

ནང་གི་ཕུང་པོ་བསྐྱོད་བྱེད་རླུང་ཟད་པས།།

རང་ལུས་གཡོ་འགུལ་མེད་པར་སྡོད་པ་དང་།།

གསང་བ་རྟོག་པ་བསྐྱོད་བྱེད་རླུང་ཟད་པས།།

རྣམ་རྟོག་འགྱུ་མི་སྲིད་པར་སྡོད་པའོ།།

ཞེས་གསུངས། ལུས་ཀྱི་སྡོད་པ་གསུམ་དེ་ལུས་དང་ཡན་ལག་དེ་གཉིས་དང་འབྲེལ་བའི་བྱ་བ་དང་གསུམ་གྱིས་གསུངས་ཀྱིན་ཡོད་པ་རེད། ལུས་བྱ་བ་ལ་མི་གནས་པར་སྡོད་པས་འཁོར་བའི་འཁྲུལ་བ་འཕེལ་མི་སྲིད་པ་དང་གཅིག ཡན་ལག་གི་འཕེན་སྡུད་དང་འགུལ་བསྐྱོད་སྡོད་པས་འཁྲུལ་བའི་འཁོར་ལོའི་འཁོར་རྒྱུན་ཆད་རྒྱུ་དང་གཉིས། དེ་ནས་བྱ་བ་ཁོ་རང་གཞི་ཐོག་ཏུ་ཕབ་སྟེ་རྩོལ་མེད་དུ་བཞག་པས་བསགས་པ་ལས་ཀྱི་རྣམ་སྨིན་དང་བྲལ་བ་སྟེ་དེ་ལྟ་བུ་གསུམ་དང་། དེ་ནས་གཉིས་པ་རླུང་གི་སྡོད་པ་གསུམ་ནི། རླུང་ཕྱིར་མི་འགྲོ། ནང་དུ་མི་དགང་། ཕྱི་ནང་དུ་འགྲོ་འོང་མེད་པར་སྡོད་པ་དང་གསུམ་ཡིན། རླུང་ཕྱིར་མི་འགྲོ་བར་སྡོད་པ་དེས་རྐྱེན་སྣང་འདྲ་མི་འདྲའི་ཐ་དད་པའི་གནོད་པ་མེད་པར་རེད་རྒྱུ་དང་གཅིག རླུང་ནང་དུ་མི་འགེང་བར་སྡོད་པས་གཡོ་བར་བྱེད་པའི་རླུང་མེད་པས་རྣམ་རྟོག་ཐ་དད་པའི་རྟེན་མེད་པར་གྱུར་པ་དང་གཉིས། རླུང་ཕྱི་ནང་གཉིས་ཀར་འགྲོ་འོང་མེད་པར་སྡོད་པས་འཁོར་འདས་གཉིས་སུ་འཛིན་པའི་རེ་དོགས་ཀྱི་གཞི་སྟོངས་པ་དང་གསུམ་གྱི་དགོས་པ་ཅན་ཞིག་རེད། གསུམ་པ་སྣང་བའི་སྡོད་པ་གསུམ་ནི་འོད་དང་རིག་པ་སྐུ་གསུམ་པོ་ཡིན། འོད་ལ་འཕྲིག་ས་མེད་པར་སྡོད་པས་ཁམས་གསུམ་དུ་མི་ལྡོག་པར་ངོ་ཤེས་པ་དང་གཅིག རིག་པ་ལ་འཕྲིག་ས་མེད་པར་སྡོད་པས་ལས་དང་རྣམ་པར་སྨིན་པའི་མཐའ་ཟད་པ་དང་གཉིས། འདིའི་འཕྲིག་ས་གསུངས་རྒྱུ་འདི་གཞན་དུ་གཅར་བའམ་གོལ་ས་མེད་པའི་དོན་རེད། དེ་ནས་སྐུ་ལ་འདའ་ས་མེད་པར་སྡོད་པས་ལུས་ཀྱི་ཟག་པ་རྣམས་རང་ཟད་དུ་འགྱུར་གསུངས་ནས་དེ་ལྟར་གསུམ་གྱིས་བསྟན་པ་དེ་ཐེག་མཆོག་མཛོད་དང་ཚིག་དོན་མཛོད་གཉིས་ཀ་དགོངས་པ་མགྲིན་གཅིག་དབྱངས་གཅིག་གིས་གསུངས་པའི་ཚིག་ཀྱང་དེ་ལྟར་ཏུ་གསུངས་ཡོད་ས་ཡོད། མདོར་ན་ཕྱིའི་སྣང་བ་སྐྱོད་བྱེད་ཀྱི་རླུང་མེད་པར་བསྡད་སོང་དུས་དབྱིངས་དང་རིག་པའི་འཆར་སྣང་རང་ཤུགས་ཀྱིས་འགྲོ་འོང་དང་གཡོ་འགུལ་མེད་པར་སྡོད་པ་དང་། ནང་གི་ཕུང་པོ་ཡང་སྐྱོད་བྱེད་ཀྱི་རླུང་དང་བྲལ་ནས་ཟད་སོང་དུས་རང་ལུས་ཡན་ལག་བྱ་བ་དང་བཅས་པ་འགུལ་གཡོ་མེད་པར་འདུག་འགྲོ་བ། གསང་བ་རྟོག་ཚོགས་འགྱུ་བའི་རླུང་གཡོ་ཞིང་སྐྱོད་པར་བྱེད་པའི་བདག་ཉིད་ཅན་དེ་སྟོངས་ཤིང་ཟད་སོང་དུས་རྣམ་རྟོག་ཕལ་བ་འགྱུ་མི་སྲིད་པར་སྡོད་པ་ཡིན་རྒྱུའི་གནད་གསུམ་པོ་དེ་བཟུང་ནས་དེས་སྡོད་པ་གསུམ་གྱིས་ཚད་བཟུང་བ་བསྟན་པ་སོང་བ་རེད།

༢༽ གཉིས་པ་རྟགས་ཚད་བསྟན་པ།

ཚད་རྨི་ལམ་གྱིས་བཟུང་བ་དང་། རྟགས་སྒོ་གསུམ་ལ་འཆར་བ་གཉིས་ལས།

དང་པོ་ཚད་རྨི་ལམ་གྱིས་བཟུང་བ།

འདིའི་མཚམས་ནས་འདི་དག་གི་སྐབས་སུ་རྟགས་ལུས་ངག་ལ་འཆར་བ་དང་ནི་ཚད་རྨི་ལམ་གྱིས་བཟུང་བ་གཉིས་ཀ་འབྱུང་བ་རེད། ཐེག་མཆོག་མཛོད་དང་ཚིག་དོན་མཛོད་གཉིས་ཀར་དེ་བཞིན་དུ་བསྟན་ཡོད། འོན་ཀྱང་ཁྲིད་ཡིག་འགའ་རེའི་ནང་དུ་དེང་དུས་ཀྱི་གདུལ་བྱ་དང་བསྟུན་ཏེ་དགོས་པའི་དབང་གིས་ཚད་རྨི་ལམ་གྱིས་བཟུང་བ་སྔོན་དུ་ཁྲིད་ས་ཡོད་པ་རེད། འདི་ནས་ཀྱང་དེ་བཞིན་དུ་བསྟན་གྱིན་ཡོད། དེས་ན་དང་པོ་ཚད་རྨི་ལམ་གྱིས་འཛིན་པ་དེ་ཉིད་ནི།

སྐབས་འདིར་ཚད་ཀྱང་རྨི་ལམ་ཉིད་ཀྱིས་འཛིན།།

དབང་པོ་རྣོན་པོ་བརྩོན་འགྲུས་རབ་རྣམས་ནི།།

ལས་དང་བག་ཆགས་འབྲེལ་པ་ཆོད་ནས་ཀྱང་།།

ཚེ་འདི་ཉིད་ལ་གྲོལ་བའི་རྟགས་སུ་ཡང་།།

རྨི་ལམ་དབྱིངས་སུ་ཐིམ་ནས་རྒྱུན་ཆད་དེ།།

གཉིད་ཀྱང་འོད་གསལ་བདེ་བ་ཆེན་པོར་འཆར།།

འབྲིང་གི་རྨི་ལམ་གང་རྨིས་རྨི་ལམ་དུ།།

ཤེས་པས་བར་དོར་མངོན་པར་འཚང་རྒྱའོ།།

ཐ་མ་རྨི་ལམ་ངན་པ་རྒྱུན་ཆད་ནས།།

དཀར་ཕྱོགས་བཟང་པོ་ཤ་སྟག་རྨི་བ་ནི།།

རང་བཞིན་སྤྲུལ་སྐུའི་ཞིང་དུ་འཚང་རྒྱའོ།།

ཞེས་གསུངས་ཏེ། གསང་བ་སྒྲ་རྒྱུད་ལས། རབ་ལ་ཆད་དང་འབྲིང་གིས་ཤེས། །ཐ་མ་འགྱུར་བར་ངེས་པ་སྟེ། །ཞེས་གསུངས་པ་ལྟར་གང་ཟག་དབང་པོ་རྣོན་པོའི་རིགས་ཅན་དབང་པོ་རྣོ་བ་ཙམ་མ་ཟད་བརྩོན་འགྲུས་ཡང་རབ་ཅན་ཚོར་རྨི་ལམ་རྨིས་རྒྱུ་མེད་པར་རྒྱུན་ཆད་འགྲོ། དེས་ཅི་བསྟན་ན། ཉམས་ལེན་གྱི་གོམས་པ་རབ་ཏུ་གྱུར་ནས་ཚེ་འདིར་འཚང་རྒྱ་བ་རྣམས་རྨི་ལམ་འཁྲུལ་བའི་རྒྱུན་ཆད་སོང་བ་རེད། རྣལ་འབྱོར་དེ་འདྲ་བ་ལ་ལས་དང་བག་ཆགས་ཀྱིས་མི་གོས་ཤིང་ཕན་གནོད་མེད་པའི་རྟགས་ཡིན་གསུངས་པ་རེད། འབྲིང་གིས་རྨི་ལམ་ལ་རྨི་ལམ་ཡིན་པར་ཤེས་པ་དང་རྨི་ལམ་སྤྲུལ་སྒྱུར་ལ་སོགས་པའི་འོད་གསལ་བཟུང་ན་ཟིན་པ་ཡིན། དེ་ཡང་ལམ་ལ་གོམས་པ་ངེས་པར་བརྟན་པ་ལས་བྱུང་བ་ཡིན་པས་བག་ཆགས་བཟང་ངན་གྱི་རྟོག་པ་མེད་པའི་ཚོད་ཅན་གྱི་རྣལ་འབྱོར་བ་ཡིན། དེས་ཅི་བསྟན་ན། རྣལ་འབྱོར་བ་དེ་འདྲ་བ་ཚེ་འདིར་མ་གྲོལ་ཀྱང་སྐྱེ་བ་ཕྱི་མར་ལྟོས་མི་འཆའ་བར་བར་དོར་འཚང་རྒྱ་བའི་རྟགས་ཡིན་གསུངས་པ་རེད། ཐ་མ་འགྱུར་བར་ངེས་པ་དེ་ནི་ཅི་ཞིག་ལ་འགྱུར་བར་ངེས་པ་ཡིན་ཞེ་ན། རྨི་ལམ་ངན་པ་ནག་པོ་མི་དགེ་བའི་ཕྱོགས་རྣམས་རྨིས་པ་རྒྱུན་ཆད་དེ་འགྱུར་ནས་དཀར་ཕྱོགས་དགེ་བའི་ལས་དང་འབྲས་བུ་ལ་ཆ་མཐུན་པར་རྨི་ལམ་བཟང་པོ་ཤ་སྟག་རྨིས་ཏེ་ངན་པ་བཟང་པོར་འགྱུར་བས་འགྱུར་བར་ངེས་པ་ཞེས་པ་དེ་རེད། དེ་ཡང་ཉིན་སྣང་འོད་གསལ་གྱི་ཉམས་ལེན་ལ་གོམས་འདྲིས་གང་འཚམས་ཤིག་སོང་བའི་སྟབས་ཀྱིས་ཡིན། དེ་ཡང་བག་ཆགས་ཀྱི་མཐའ་སྟོངས་པའི་དབང་གིས་ཡིན་པས་ན་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ནས་སངས་རྒྱས་པའི་རྟགས་ཡིན་གསུངས་ཡོད། སྤྱིར་ན་འཆི་བ་དང་རྨི་ལམ་གཉིས་ཕྲ་རགས་ཙམ་མ་གཏོགས་སྣང་མཆེད་ཐོབ་པའི་ལུགས་འབྱུང་ལྡོག་དང་ནི་འོད་གསལ་གྱི་དབྱིངས་ལས་ཤར་ཞིང་འོད་གསལ་གྱི་དབྱིངས་སུ་ནུབ་པའི་འཆར་ནུབ་དབྱིངས་དེ་ལས་འབྱུང་བའི་གཞི་གཞི་སྣང་གི་གོ་བ་ཞིག་ཆགས་རྒྱུ་ཡོད་པས་མི་ཚད་ཧ་ལམ་འདྲ་བའི་གོ་བ་ཆགས་རྒྱུ་ཡོད། མི་རྣམས་ཀྱི་མི་ཚེ་ཕྱེད་ཀ་རབ་ཅིག་གཉིད་ཀྱིས་ཆོད་ཀྱིན་ཡོད་པས་ན། རྨི་ལམ་འོད་གསལ་དུ་ཟིན་པའི་ཉམས་ལེན་འདི། ཚད་འཛིན་བྱེད་ཡིན་པ་བཞིན་དུ་ཚད་དེ་ལ་ཐོན་པའི་ཉམས་ལེན་གྱི་རྩལ་སྦྱང་ཡང་གལ་ཆེ་བ་ཡིན། རྫོགས་པ་ཆེན་པོའི་ཐུན་མོང་བའི་གདུལ་བྱ་ལ་རྩ་རླུང་དང་རྨི་ལམ། སྒྱུ་ལུས་དང་འོད་གསལ། འཕོ་བ་ཟུང་འཇུག་དང་བར་དོའི་གདམས་པ་སྟེ་དྲུག་བསྟན་ཡོད། དེ་ལྟར་བསྟན་པ་བཞིན་དུ་རང་རེས་ཀྱང་ཐམས་ཅད་དངོས་ཤུགས་བརྒྱུད་གསུམ་ནས་གནད་ཀྱིས་ཚང་ཞིང་བློ་རིམ་སོ་སོར་ཕན་ཐོགས་ཅན་གྱི་བསམ་བློ་བཏང་ནས་འགྲོ་དགོས་པ་ཡིན། རྨི་ལམ་འདིའི་ཁྲིད་རིམ་ངོ་མའི་སྐབས་སུ་སྔོན་འགྲོ་དངོས་གཞི་གཉིས་འདྲ་ཞིག་བྱས་ཏེ་དང་པོ་སྔོན་འགྲོ་ནི་བརྟག་པ་ཡིན། རང་གིས་རང་གི་རྨི་ལམ་ལ་བརྟགས་ཏེ་ཉམས་ལེན་གང་འདྲ་བོ་འཕྲོད་པ་ཡིན་བལྟ་བ་དེ་རེད། འདི་བརྟག་པ། ཟིལ་གནོན། བག་ཆགས་ངོས་བཟུང་བ་དང་གསུམ་གྱིས་གསུངས་ཡོད། དང་པོ་བརྟགས་པའི་ཚེ་ལུས་པོ་ཉིན་པར་དེ་ཙམ་འཁྲུགས་མི་བཅུག་པར་ནུབ་མོ་གཞོགས་གཡས་པ་ས་ལ་ཕབ་སྟེ་ཉལ་དུས་རྨི་ལམ་འདི་དང་དེ་འདྲ་ངོས་མ་ཟིན་ན་ཟིལ་གནོན་གྱི་དམིགས་པ་བྱེད་དགོས། ཟིལ་གནོན་གྱི་དམིགས་པ་དེ་མགྲིན་པར་ཨཱཿདམར་པོ་ཞིག་ལ་སེམས་བཟུང་བའི་ངང་གཉིད་དུ་བཅུག་ན་དེས་བག་ཆགས་ངོས་ཟིན་ཡོང་བ་ཡིན། སྔོན་ཆད་མྱོང་ཟིན་པའི་སྐོར་འབའ་ཞིག་རྨིས་ན་སྔར་ཞེན་གྱི་བག་ཆགས་ཚན་ཆེ་བའི་རྟགས་ཡིན། ཡིན་ནའང་བསྒྱུར་དཀའ་སླ་འབྲིང་ཙམ་ཡིན་གསུངས། ད་ལྟའི་སྐོར་གྱི་རྨི་ལམ་མ་གཏོགས་མ་རྨིས་ན་བསྒྱུར་སླ་བ་ཡིན། སྔོན་ཆད་འགྲོ་མ་མྱོང་ས་དང་། ངོ་མི་ཤེས་པའི་མི་དང་འཕྲད་པ། འདས་མ་འོངས་ད་ལྟ་དུས་གསུམ་གྱི་རྨི་ལམ་འདྲ་མི་འདྲའི་འཆལ་ལེ་འཆོལ་ལེ། འདི་རྨིས་དང་འདི་མི་རྨིས་མེད་པ་ཞིག་རེད་ན། བག་ཆགས་སུམ་འདུས་ཟེར་བ་ཆོད་དཀའ་བ་ཡིན་སོགས་གསུངས་ཡོད། བརྟག་པ་དང་དབང་སྡུད་སོགས་སྔོན་འགྲོ་ཐོག་མར་ངེས་དགོས། དངོས་གཞི་ལ་རྨི་ལམ་སྦྱང་བ། བསྒྱུར་བ། བཅད་པ། དཀྲུགས་པ། གཅུད་པ་སོགས་མང་པོ་ཞིག་གསུངས་ཡོད་ཀྱང་། གཙོ་བོའི་ཆ་ནས་ཉིན་སྣང་འདི་རྨི་ལམ་ལྟ་བུའི་དོན་ལ་རང་བཞིན་གྱིས་མ་གྲུབ་པར་ཤེས་པ་ཙམ་གྱིས་མི་ཆོག་པར། ཉིན་སྣང་འདི་ཐམས་ཅད་རྨི་ལམ་ངོ་མ་ཡིན་རྒྱུའི་ཉམས་བཞག་དགོས་པ་ཡིན། དེས་བདེན་བདེན་ཡིན་ཡིན་གྱི་ཞེན་པ་བཅད་པས་མི་ཚད་ཆོད་པ་ཞིག་བྱས་ཏེ་ཉིན་པར་གྱི་སྣང་བ་ཐམས་ཅད་རྨི་ལམ་ཡིན་བསམ་པའི་ཐོག་ནས་སྤྲུལ་བསྒྱུར་སྣ་ཚོགས་བྱེད་པའི་དམིགས་པའམ་འདུན་པ་བྱས་ཏེ། དེ་ལའང་དགའ་བྲོད་ཀྱི་ཞེན་པ་མི་བྱེད་པར་གཏད་མེད་ལ་བཞག་དགོས་པ་ཡིན། མཚམས་སུ་ཉམས་ལེན་གྱི་རྟོགས་པའི་དོན་དང་བསྲེ། བདེན་མེད་ཤར་གྲོལ་དུ་བསྐྱངས། ཐམས་ཅད་ཀྱི་མཐར་རྨི་ལམ་ཆོས་ཉིད་དུ་ལ་བཟླ་བ་གསུངས་ན། ཉིན་སྣང་དང་རྨི་ལམ་ལྟ་སྒོམ་ཐམས་ཅད་ཅོག་གིས་བཞག་སྟེ་གང་ཡང་ཡིད་ལ་མི་བྱེད་པར་སྟོང་ཉིད་ཀ་དག་གི་ནམ་མཁའ་ཀློང་ཡངས་ལ། རྣམ་རྟོག་གི་འཁྲུལ་བ་ཐམས་ཅད་རང་སངས་རྒྱ་ལས་གྲོལ་བ་ཆོས་ཉིད་ཀྱི་ངང་དུ་ཡལ་བར་བྱ་བ་དེ་ལྟ་བུས་སྦྱང་དགོས་པར་གསུངས་ཡོད། རྨི་ལམ་ཟིན་རྒྱུ་འདི་སླ་བོ་ཞིག་གཏན་ནས་མ་རེད། དེ་ལྟ་བུའི་སྦྱངས་པ་ཡུན་རིང་དུ་བརྒྱུད། བརྩོན་པ་ཡུན་གྱིས་མ་ལྷོད་ན། བརྩོན་འགྲུས་རབ་ཀྱིས་རྨི་ལམ་བརྗེད། འབྲིང་གིས་གསལ། ཐ་མས་དགའ་བྲོད་ཅན་གྱི་རྨི་ལམ་རྨིས། རིམ་གྱིས་རྨི་ལམ་རྒྱུན་ཆད་པ་འབྱུང་གསུངས་པ་རེད། འདི་དག་རྨི་ལམ་རྐྱང་པ་སྦྱངས་པའི་རིམ་པ་འདྲ་ཞིག་རེད། བཟང་ཤོས་ལྟ་བུ་ཡིན་ན་དེའི་གོམས་པ་བརྒྱུད་དེ་རྨི་ལམ་འོད་གསལ་དུ་སྦྱང་དགོས་པ་ཡིན། འོད་གསལ་སྤྱིར་སྒོམ་པ་དེ། ཉིན་པར་ལུས་གནད་དང་རླུང་གི་གནད་ལ་བསྟུན་ཏེ་ཤེས་པ་དྭངས་གསལ་ཕྱེ་རུ་བཅུག ཉམས་ལེན་པ་རྙིང་པ་ཚོས་གསལ་སྟོང་མཐའ་བྲལ་གྱི་རིག་ཐོག་ཏུ་བཞག་སྟེ་བསྒོམ། མཚན་དུས་ཡིན་ན་ཡང་དེའི་ངང་དུ་གཙོ་ཆེར་མི་རྟོག་པའི་ངང་བསྐྱངས། ཁྱད་པར་དུ་གཉིད་དུ་འགྲོ་ཁའི་ཤེས་པ་དེ་རྟོག་མེད་ཀྱི་འོད་གསལ་ངོས་བཟུང་བའི་ངང་དུ་གཉིད་དུ་ཡུར་བས། རྨི་ལམ་རྨིས་རྒྱུ་མེད་པ་ཞིག་གི་ངང་དུ་གནས་ནས་ཉེ་འཁོར་གྱི་སྣང་བ་རྣམས་མཐོང་བཞིན་པ་ལ་དེ་ལ་རྟོག་དཔྱོད་མི་འཇུག་པར། གཉིད་སོང་འདུག་ཟེར་ན། སྣང་བ་རང་ས་ན་གསལ་འདུག་པ། མ་གཉིད་པ་རེད་ཟེར་ན་སད་རྒྱུ་ཁ་ཁར་ཡོད་པ་དེ་ལྟར་ཡིན། འདིའི་དུས་སུ་ཐོད་རྒལ་ལ་གོམས་པ་ཞིག་ཡིན་ན་སྐུ་འོད་ཐིག་ལེའི་འཆར་ཆ་ཤར་བ་དང་ནི། མིན་རུང་སྣང་བའི་འོད་གསལ་འོད་ལྔའི་སྣང་བ་དང་ནི་མར་མེ་ལ་སོགས་པ་འཆར་བ་དང་། སྟོང་པའི་འོད་གསལ་བདེ་གསལ་མི་རྟོག་གསུམ་དང་ཁྱད་པར་དུ་ཤེས་པ་གསལ་དྭངས་ཕྱེད་པའི་མི་རྟོག་པའི་ངང་ལ་གནས་པ་ཡིན། ཡང་འོད་གསལ་གནད་དང་སྦྱར་ཏེ་བྱེ་བྲག་ཏུ་བསྒོམ་དུས། སྲོད་ལ་དབང་པོ་གནད་དུ་བསྡུ་བ། ནམ་ཕྱེད་ཤེས་བྱ་བུམ་པར་གཞུག་པ། ཐོ་རངས་ཡེ་ཤེས་གསལ་བར་བྱེད་པ། ཉིན་པར་སྣང་བ་རྒྱ་ཡིས་གདབ་པ་སོགས་ཁྲིད་ཡིག་སོ་སོའི་ནང་ནས་འབྱུང་བ་ལྟར་དུ་སྦྱང་བ་བརྒྱུད་དགོས་པ་ཡིན། སྐབས་དོན་གང་བཤད་ཀྱིན་ཡོད་ན་རྨི་ལམ་འོད་གསལ་དུ་སྦྱངས་ན་ཐ་མལ་གྱི་རྨི་ལམ་རྨིས་རྒྱུ་མེད་པར་གྱུར་ནས་རྨི་ལམ་འོད་གསལ་དུ་གྲོལ་ནས་ཆོས་ཉིད་ཀྱི་ཏིང་ངེ་འཛིན་ལ་ཉིན་མཚན་འདྲེས་པར་འབྱུང་སྟེ་བར་དོ་རང་ཆོད་རེད་རྒྱུའི་ས་ལ་ཐོན་རྒྱུ་ཡོད་པ་ཡིན། འདིའི་སྐབས་སུ་ལུས་ལ་གྲིབ་མ་མེད་པ་དང་ལུས་རྡུལ་ཕྲན་སིལ་བུ་བུའི་སྣང་བ་འཆར་བ་སོགས་རང་གིས་ཀྱང་རིག་རྒྱུ་ཅན་རེད་དེ་བདེན་མེད་དུ་འཆར་རྒྱུ་དེ་ལྟར་ཡོད་པ་ཡིན། སྤྱིར་རྨི་ལམ་འདི་ཚོགས་དྲུག་གི་རྣམ་ཤེས་འགགས་ནས་ཡིད་ཤེས་ཀུན་གཞི་ལ་ཐིམ་པའི་ཀུན་གཞིའི་རྣམ་ཤེས་ཀྱི་སྟེང་ནས་རྨི་ལམ་གྱི་འཁྲུལ་སྣང་ཉིང་འཁྲུལ་དུ་ཤར་གྱིན་ཡོད། རྨི་ལམ་འོད་གསལ་དུ་སྦྱངས་དུས་ཀུན་གཞི་ཆོས་དབྱིངས་ལ་སད་པའི་སྐབས་སུ་དཔེའི་འོད་གསལ་འཆར་བ་ཡིན་ན། སླར་ཡང་ལུགས་ལྡོག་ཏུ་མཆེད་དེ་ཡང་སད་པའི་སྣང་བ་འབྱུང་བ་ཡིན། དེ་ཡན་ཆོད་ཀྱི་ཚད་རྨི་ལམ་གྱིས་བཟུང་བའི་སྐོར་ནས་འཕྲོས་དོན་དང་བཅས་པ་ཅུང་ཟད་ཅིག་གླེང་སྟེ་འདི་ནས་རྟགས་སྒོ་གསུམ་ལ་འཆར་ཚུལ་བསྟན་པ་ནི།

གཉིས་པ་རྟགས་སྒོ་གསུམ་ལ་འཆར་བ།

རྟགས་ཀྱང་སྒོ་གསུམ་ཉིད་ལ་འཆར་བ་ནི།།

སྣང་བ་བཞི་ལ་གསུམ་གསུམ་བཅུ་གཉིས་ལས།།

ཞེས་མདོར་བསྟན། སྣང་བ་རེ་རེ་ལ་གསུམ་གསུམ་གྱིས་སྣང་བཞིར་བཞི་གསུམ་བཅུ་གཉིས་ཀྱིས་རིམ་པས་རྒྱས་པར་བཤད་པ་ལས།

༼༡ དང་པོ་ཆོས་ཉིད་མངོན་སུམ་རྟགས་གསུམ།

དང་པོ་ཆོས་ཉིད་མངོན་སུམ་རྟགས་གསུམ་ནི།།

ལུས་ནི་དཔེར་ན་འཁར་གཞོང་འཇམ་པོ་རུ།།

རུས་སྦལ་བཞག་ནས་འགུལ་མེད་སྡོད་པ་ལྟར།།

བྱ་བྱེད་གཡོ་འགུལ་མེད་པར་སྡོད་ཚུགས་སོ།།

ངག་ནི་ལྐུགས་པ་བཞིན་དུ་སྨྲ་མི་འདོད།།

སེམས་ནི་བྱ་རྣམས་རྙི་ཡིས་ཟིན་པ་ལྟར།།

ཤེས་པ་གར་གཏད་ཉིད་དུ་སྡོད་པའོ།།

ཞེས་གསུངས་ཏེ། རྣལ་འབྱོར་བ་གང་གིས་ཆོས་ཉིད་མངོན་སུམ་གྱི་སྣང་བ་མཐོང་བའི་ཚེ་ན། མི་གཞན་ཞིག་ལ་ཁྱོད་ཀྱིས་ཤེས་ན་ང་ཚད་གང་ལ་ཐོན་ཡོད་པ་འདྲ་འདུག་ཞེས་ཁེད་འཇོག་འཇོག་བྱས་ནས་འདྲི་དགོས་པ་མ་རེད། རྟགས་རང་གི་སྒོ་གསུམ་གྱི་སྟེང་དུ་འཆར་འོང་བ་ཡིན། དབང་གིས་སྨིན་པ་དེ་ཉིད་ཁྲིད་ཀྱིས་གྲོལ་ཏེ་སྨིན་གྲོལ་རིམ་པ་གཅིག་མཚུངས་ཀྱི་འབྲས་བུར། ལུས་རུས་སྦལ་འཁར་གཞོང་དུ་བཅུག་པ་ལྟར་བདེ་ལྷོད་དེ་འདུག་འདུག་པ་ལས་ཁྱི་རྔ་ལ་མེ་བགོས་པ་ལྟ་བུ་མ་ཡིན། ཅིའི་ཕྱིར་ན། རྫོགས་ཆེན་བྱ་རྩོལ་དང་བྲལ་བའི་དོན་དེ་ལུས་དང་ཡན་ལག་ལ་ཞུགས་ཏེ། དབང་བཞི་ལས་བུམ་པའི་དབང་གིས་ལུས་དག་སྟེ་སྤྲོས་བཅས་ཀྱི་ཡེ་ཤེས་རང་ལུགས་སུ་ཤར་བ་ཡིན། དེ་ལུས་ཀྱི་རྟགས་སོ། །དེ་ནས་ངག་གི་རྟགས་ནི། ངག་པི་ཝང་གི་རྒྱུན་ཐག་ཆད་པ་ལྟ་བུའམ་ལྐུགས་པ་ལྟ་བུར་གྱུར་ཏེ། གཏམ་སྨྲ་སྙིང་མི་འདོད། མགྲིན་པའི་རྩ་མདུད་གྲོལ་ཏེ་གང་སྣང་བརྡ་དང་དཔེ་ཆར་ཤར་ནས་མགྲིན་པ་ཐོལ་བྱུང་གླུ་དང་དོ་ཧའི་དཀོར་མཛོད་དུ་གྱུར་འདྲ་ཡོད་ན་མི་ཤེས་མ་གཏོགས། དེ་ལས་ཅི་ཡང་བཤད་མི་བསམ་པར་གྱུར་འགྲོ། དེ་གནད་ཅི་ལ་བརྟེན་ནས་བྱུང་སྙམ་ན། རྩ་ནང་དུ་རྣམ་ཤེས་ཚུད་པའི་དབང་གིས་བྱུང་བ་ཡིན་གསུངས། རྫོགས་ཆེན་བརྗོད་གཞི་རང་དག་གི་དོན་ངག་ལ་ཞུགས་པ་ཡིན། སྤྲོས་པ་ཕྱི་རུ་བཅད་ན་ཡེ་ཤེས་ནང་ནས་གསལ་བའོ། །དེ་ངག་གི་རྟགས་ཡིན། སེམས་ཀྱི་རྟགས་ནི། བྱ་རྣམས་རྙི་ཡིས་ཟིན་པ་ཞེས་གསུངས་ན། ཁྲིད་ཡིག་དག་གི་ནང་དུ་མཁའ་འགྲོ་རྙི་ཡིས་ཟིན་པ་ཞེས་གསུངས་ཡོད་པ་དེ་རེད། བྱ་ཐག་རྙིས་བཟུང་ཚར་དུས་ལྷེབ་སེ་འདུག་འདུག་པ་མ་གཏོགས་མེད་པ་བཞིན་དུ། ཤེས་པ་གར་གཏད་དུ་སྡོད། ཐ་མལ་གྱི་དྲན་འཛིན་མེད་པའི་ངང་དུ་འདུག་པ་ཡིན་གསུངས་ཡོད། ཐུན་དུས་ཚོད་སྐར་མ་ཁ་ཤས་ཤིག་ལ་སེམས་ཀྱིས་རི་ཡུལ་གཉིས་ཀ་སྐོར་མི་འཇོག་གསུངས་པ་རེད། དེ་ཅི་ལས་བྱུང་ན། རིག་པ་འོད་གསལ་དང་འདྲེས་པ་ལས་བྱུང་བ་ཡིན། རྫོགས་ཆེན་འཛིན་མེད་རང་གྲོལ་གྱི་དོན་སེམས་ཀྱི་སྣང་བ་ལ་ཞུགས་པས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངང་ལ་གནས་པ་ཡིན། དེ་སྣང་བ་དང་པོ་ཆོས་ཉིད་མངོན་སུམ་གྱི་སྐབས་སུ་རྟགས་སྒོ་གསུམ་ལ་འཆར་བ་ཡིན་ཚུལ་དེ་ལྟར་གསུངས་པའོ། །

༼༢ གཉིས་པ་ཉམས་སྣང་གོང་འཕེལ་རྟགས་གསུམ།

གཉིས་པ་ཉམས་གོང་འཕེལ་ཇི་ལྟར་ཡིན་པ་འདི་ལྟར།

གཉིས་པ་ཉམས་སྣང་གོང་འཕེལ་རྟགས་གསུམ་ནི།།

ལུས་ནི་སྐྱེས་བུ་ནད་ཀྱིས་གདུངས་པ་ལྟར།།

བྱི་དོར་རྒྱན་གྱི་སྤྲོས་པ་བྲལ་བའོ།།

ངག་ནི་སྨྱོན་པར་རང་ཚིག་རྡོལ་བ་ལྟར།།

གང་ལའང་ལྟོས་མེད་བྱུང་རྒྱལ་སྨྲ་བའོ།།

སེམས་ནི་དཔེར་ན་ལན་བདུན་རྩི་དུག་གིས།།

ཟིན་པའི་ཤེས་པ་མྱོས་པའི་སྐྱེས་བུ་བཞིན།།

འཁོར་བའི་བྱ་བར་གཏན་ནས་མི་འཇུག་གོ །

ཞེས་གསུངས་ཏེ། རྣལ་འབྱོར་བ་སྣང་བཞི་རིམ་བགྲོད་བྱེད་པ་ཞིག་གི་ཉམས་རྟོགས་ཀྱི་རྟགས་ཚད་ཉམས་གོང་འཕེལ་ལ་ཐོན་པའི་སྐབས་ལུས་ཀྱི་རྟགས། ལུས་སྐྱེས་བུ་ནད་ཀྱིས་གདུངས་བ་བཞིན་གསུངས་ན། ནད་གཟེར་ཟུག་ཚབས་ཆེན་ཞིག་གིས་ཐེབས་སོང་དུས། སྔོན་མ་ན་གོང་ཇི་འདྲའི་རྒོད་པོ་དང་འཕྱོར་བོ་ཞིག་ཡིན་རུང་ནད་ཀྱིས་ཐེབས་ཚར་དུས་མཛེས་ཆོས་དང་སྒེག་ཆོས་ཀྱིས་བྱི་དོར་རྒྱན་ཆ་བཏགས་པའི་སྤྲོས་པ་ཞིག་བྱེད་ཐུབ་མ་དགོས། ངོ་ཚ་སྐྱིད་སྡུག་མཚའ་མཚུངས་ཀྱི་༼འཛེམ་དོགས་ཀྱི་༽ རྣམ་པ་བཏོད་རྒྱུ་ཡིད་ལ་མི་འོང་བ་ལྟར་དུ་སྐྱིད་སྡུག་རོ་སྙོམས་ཀྱི་རྣལ་འབྱོར་བའང་དེ་འདྲ་བ་ཡིན་གསུངས། ནད་ཀྱིས་ཐེབས་སོང་བའི་མིས་མཛེས་མཛེས་ཡག་ཡག་བཅོས་མའི་ཚུལ་བྱེད་པའི་ཡི་ག་མེད་པ་བཞིན་དུ་སྐྱིད་སྡུག་རོ་སྙོམས་རྟོགས་པའི་རྣལ་འབྱོར་བ་ལའང་དེ་ལྟ་བུའི་བཅས་བཅོས་ཀྱི་བློའི་རྣམ་རྟོག་ཐམས་ཅད་ཞིག་སོང་བ་ཡིན་པར་འདུག ཅི་ལས་བྱུང་ན། རླུང་དབུ་མར་ཐིམ་པ་ལས་བྱུང་བ་ཡིན། རྫོགས་ཆེན་དགག་སྒྲུབ་མེད་པའི་དོན་དེ་ལུས་སྤྱི་ལ་ཞུགས་པ་དང་ཁྱད་པར་དུ་གསང་བའི་དབང་གིས་ལས་དག་སྟེ་སྤྲོས་པ་མེད་པའི་དབང་གི་བྱིན་རླབས་ཀྱིས་ཐོབ་པའི་ཡེ་ཤེས་རང་ལུགས་སུ་ཤར་བ་ཡིན། དེ་ལུས་ཀྱི་རྟགས་རེད། དེ་ནས་ངག་གི་རྟགས་སྨྱོན་པ་རང་ཚིག་རྡོལ་བ་ལྟར་གསུངས་ན། སེམས་ལས་སུ་མ་རུང་བའི་སྨྱོན་པས་ངག་གིས་ཅི་བྱུང་གང་བྱུང་བཤད་པ་བཞིན་དུ། ང་སྨྱོ་བ་ཆོས་ཀྱི་དབྱིངས་སུ་སྨྱོ། །ཞེས་གསུངས་པ་ལྟར། དེ་ཅན་པོས་འཛིན་རྩོལ་ཞེན་པ་དང་བྲལ་བ་ལྟོས་མེད་བྱུང་རྒྱལ་དུ་སྨྲ་བའི། ངག་གིས་སྨྲ་བ་དེ་རྫོགས་ཆེན་ཚིག་ལས་འདས་པའི་དོན་ངག་གི་གདངས་ལ་ཞུགས་ཏེ་སྤྲོས་པ་མེད་པའི་དོན་ནང་ནས་ཆོད་པའི་རྟགས་སོ། །དེ་ངག་གི་རྟགས་ཡིན། སེམས་ཀྱི་རྟགས་སུ་སེམས་སྐྱེས་བུ་རྩི་དུག་གིས་ལན་བདུན་དུ་ཟིན་པའམ་ཐེབས་མྱོང་བ་ཤེས་པ་མྱོས་པའམ་བྱུང་ཚོར་འགག་པ་ལྟར་ཏུ་གསུངས། འདིས་ཅི་བསྟན་ན། གཏད་ཡལ་འཛིན་མེད་རང་གྲོལ་དུ་སོང་བ་སེམས་སྐྱེ་མེད་ཀྱི་ཀློང་དུ་གྲོལ་བ་ལས་བྱུང་བ་ཡིན། འདི་རྫོགས་ཆེན་མ་སྐྱེས་རང་གྲོལ་གྱི་རྟོག་པ་སེམས་ཀྱི་བྱུང་ས་ལ་ཞུགས་པས་ཐ་མལ་འཁོར་བའི་བྱ་བར་གཏན་ནས་མི་འཇུག་པ་སྟེ། སྤྲོས་པ་ཡེ་ནས་མེད་པའི་ཡེ་ཤེས་དེ་ཉིད་རང་རྒྱུད་ལ་སྐྱེས་པའི་རྟགས་ཡིན། དེ་ཉམས་སྣང་གོང་འཕེལ་གྱི་སྣང་བ་དེའི་སྐབས་ཀྱི་རྟགས་སྒོ་གསུམ་ལ་འཆར་ཚུལ་ཡིན་གསུངས་པ་རེད། དེ་ནས་སྣང་བ་གསུམ་པའི་རྟགས་ནི།

༼༣ གསུམ་པ་རིག་པ་ཚད་ཕེབས་རྟགས་གསུམ།

གསུམ་པ་རིག་པ་ཚད་ཕེབས་རྟགས་གསུམ་ནི།།

ལུས་ནི་དཔེར་ན་གླང་ཆེན་འདམ་ནང་དུ།།

ཚུད་ཀྱང་རང་གིས་སྟོབས་ཀྱིས་འཐོན་པ་ལྟར།།

འབྱུང་བ་བཞི་ལ་ཐོགས་རྡུགས་མེད་པ་རུ།།

ཟང་ཐལ་ཕར་ཐལ་ཚུར་ཐལ་བགྲོད་པའོ།།

ངག་ནི་དཔེར་ན་གྲུལ་བུམ་ཕྲུ་གུ་ཡི།།

སྐད་གདངས་སྙན་པས་གླུ་དབྱངས་བླངས་པ་ན།།

ཕ་རོལ་གཞན་ཡིད་དབང་མེད་འཕྲོག་པ་ལྟར།།

ཅི་སྨྲས་ཐམས་ཅད་གཞན་ཡིད་ལ་འཇུག་ཅིང་།།

དད་པའི་རྒྱུ་བྱེད་འགྲོ་ལ་ཕན་ཐོག་གོ།

སེམས་ནི་སྐྱེས་བུ་འབྲུམ་ནད་བྱང་བ་ལྟར།།

ཕྱིན་ཆད་འཁོར་བར་མི་ལྡོག་ཐག་ཆོད་དོ།།

ཞེས་གསུངས་ཏེ། རིག་པ་ཚད་ཕེབས་ཀྱི་ཚད་ལ་ཐོན་པའི་རྣལ་འབྱོར་བའི་ལུས་ཀྱི་རྟགས་ཇི་ལྟར་ཡིན་ན། གླང་ཆེན་འདམ་ལ་ཟུག་ན་རང་སྟོབས་ཀྱིས་ཐོན་པ་བཞིན་དུ། སེམས་ཚད་ཕེབས་རྩ་དང་རླུང་ལ་ཐེབས་ཏེ་ནང་གི་འབྱུང་བཞི་ལ་རང་དབང་ཐོབ་པས་ཕྱིའི་འབྱུང་བཞི་ལ་རང་དབང་སྒྱུར་ཐུབ་པ། འབྱུང་བཞིར་ཐོགས་རྒྱུ་དང་དེ་ལ་རྡུགས་ནས་རང་དབང་དུ་མི་གྱུར་བ་མ་ཡིན་པར་རི་བྲག་ཁང་ཁྱིམ་ལ་ཐལ་བྱུང་ཟངས་ཐལ་གྱིས་བགྲོད་ཐུབ་པ་འབྱུང་། དེ་རྫོགས་ཆེན་སྤང་བླང་མེད་པའི་དོན་སེམས་ལ་ཞུགས། ཤེས་རབ་ཡེ་ཤེས་ཀྱི་དབང་གིས་ལུས་དག ཤིན་ཏུ་སྤྲོས་མེད་ཀྱི་ཡེ་ཤེས་རང་བྱུང་དུ་ཤར་བ་ཡིན། ངག་གི་རྟགས་ནི། གྲུལ་བུམ་གྱི་ཕྲུ་གུས་གླུ་དབྱངས་བླངས་པ་ལྟ་བུའི་སྙན་མོ། གསུང་དེས་གཞན་ཡིད་དབང་མེད་དུ་འགུག་ཅིང་འཕྲོག་ནུས་པ། རྣལ་འབྱོར་བ་གསུང་སྐད་སྙན་ནི་རྐྱང་བ་ལ་གསུངས་པ་ཡིན་ས་མ་རེད། འདི་གང་སྨྲས་གཞན་ཡིད་ལ་འབབ་ཅིང་། དེའི་སེམས་རྒྱུད་ལ་འཕྲོད་ཅིང་འཇུག་པ་ཞིག་ལ་གོ་དགོས། གཞན་གྱི་སེམས་རྒྱུད་ལ་འཕྲོད་ཅིང་འཇུག་པས་དེའི་རྐྱེན་གྱིས་དེ་ལ་བརྟེན་ཏེ་ཆོས་སྣང་བའི་སྒོ་དད་པ་ཡིན་ན། དད་པ་སྐྱེས་པའི་རྒྱུ་བྱས་ནས་དད་པས་ལེགས་ཚོགས་སྡུད་པ་ཡིན་པས་ན་འགྲོ་བ་སེམས་ཅན་མང་པོར་ཕན་ཐོགས་འབྱུང་རྒྱུ། འདི་ཤེས་རབ་ཀྱི་དབང་དུ་སྙིང་རྗེ་འདུས་པ་ལས་བྱུང་བ་ཡིན་གསུངས། རྫོགས་ཆེན་སྨྲ་བསམ་ལས་འདས་པའི་དོན་ངག་གི་སྒྱུར་བྱེད་ལ་ཞུགས་པས་ཤིན་ཏུ་སྤྲོས་པ་མེད་པའི་དོན་ནང་རང་རྒྱུད་ལ་ཆུད་པ་ཡིན། དེ་ངག་གི་རྟགས་རེད། སེམས་ཀྱི་རྟགས་ནི། རིམས་ནད་ལན་གཅིག་པ་དེ་གཅིག་ན་ཚར་ནས་ཡང་བསྐྱར་མི་ན་བ་ལྟ་བུའི་རིམས་ནད་བྱང་བའི་སྐྱེས་བུ་བཞིན། འདི་ལ་འདི་ནས་འབྲུམ་ནད་གསུངས་འདུག འུ་ཚོས་ལྷ་འབྲུམ་ཟེར་བའི་ནད་ཅིག་ཡོད་པ་དེ་ལྟ་བུ་ལ་གསུངས་པ་རེད། སེམས་འདས་པའི་ཆོས་ལ་རྗེས་བསྙེགས་མེད་པས་དུས་གསུམ་འབྲེལ་ཐག་ཆོད་དེ་ཕྱིན་ཆད་འཁོར་བར་མི་ལྡོག་པར་གྱུར། འདི་སེམས་ཡེ་ཤེས་ཀྱི་རླུང་གིས་ཟིན་ཅིང་རྫོགས་ཆེན་ཡེ་གྲོལ་བསྐྱར་གཞི་མེད་པའི་དོན་སེམས་ལ་ཞུགས། ཤིན་ཏུ་སྤྲོས་མེད་ཀྱི་ཡེ་ཤེས་རང་སྣང་རང་གྲོལ་ལ་དབང་ཐོབ་པས་ཡིན་གསུངས་པ་རེད། དེ་ནས་སྣང་བ་བཞི་པ་ནི།

༼༤ བཞི་པ་ཆོས་ཉིད་ཟད་པའི་རྟགས་གསུམ།

བཞི་པ་ཆོས་ཉིད་ཟད་པའི་རྟགས་གསུམ་ནི།།

ལུས་ནི་དཔེར་ན་དུར་ཁྲོད་མི་རོ་བཞིན།།

གཤེད་མ་ལྔ་བརྒྱས་བསྐོར་ཡང་བག་ཚ་མེད།།

ངག་ནི་དཔེར་ན་བྲག་ཆའི་སྒྲ་དབྱངས་བཞིན།།

ཕ་རོལ་གཞན་གྱི་རྗེས་སུ་ཟློ་བའོ།།

སེམས་ནི་ནམ་མཁར་ན་བུན་ཡལ་བ་ལྟར།།

སྐད་ཅིག་ཉིད་ལ་བག་ཆགས་ཕུང་པོ་ཡང་།།

མི་སྣང་འཚང་རྒྱ་ནུས་སོ་སྐལ་ལྡན་ཀུན།།

ཞེས་གསུངས་ཏེ། འོད་གསལ་སྣང་བ་བཞིའི་ཐ་མ་དེ་ཆོས་ཉིད་ཟད་པའི་སྣང་བ་ཡིན། ཆོས་ཉིད་ཟད་པའི་ས་རུ་བསྙེགས་པའི་རྣལ་འབྱོར་བ་དེའི་ལུས་ཀྱི་རྟགས་ནི། ལུས་དུར་ཁྲོད་ཀྱི་མི་རོ་བཞིན་དུ་གཡོ་འགུལ་མེད་པར་སྡོད་ཚུགས་པ་དང་ནི། གཤེད་མ་ལྔ་བརྒྱས་མདའ་གྲི་མདུང་གསུམ་པོ་ཐོགས་ནས་བསྐོར་བཞག་ཀྱང་ཡ་ང་དང་བག་ཚ་མེད། འཇིགས་དང་ཉམ་ང་མི་འབྱུང་བ་དེ་ལྟར་ཡིན། འདི་སེམས་འོད་གསལ་གྱི་དྲ་བར་ཚུད་སོང་བས་ལུས་ལ་དེའི་རྟགས་འབྱུང་བ་ཡིན། དབང་བཞིའི་ནང་གི་ཚིག་དབང་གིས་ལུས་ཀྱི་ལས་དག་ནས་རབ་ཏུ་སྤྲོས་མེད་ཀྱི་ཡེ་ཤེས་རང་བྱུང་དུ་ཤར་བ་ཡིན་གསུངས་པ་རེད། ངག་གི་རྟགས་ནི། བྲག་ཆའི་སྒྲ་སྐད་ལྟར་ཏུ་ཅི་སྨྲས་ཐམས་ཅད་གཞན་གྱི་རྗེས་ཟློས་བྱེད་པ་སྨྲ་བརྗོད་ལ་འཛིན་ཞེན་མེད་པར་གྱུར། རྩ་གནས་ཀྱི་ཡི་གེ་ཡེ་ཤེས་ཀྱི་རླུང་གི་ཐིག་ལེར་ཚུད་སོང་བའི་སྟོབས་ཀྱིས་དེ་ལྟར་འོང་བ་དང་། རྫོགས་ཆེན་བརྗོད་མེད་ཀྱི་དོན་དེ་ཉིད་ངག་གི་གྲག་པ་ལ་ཞུགས་ཏེ་རབ་ཏུ་སྤྲོས་མེད་སྨྲ་བྱའི་ཡུལ་ལས་འདས་པའི་ཡེ་ཤེས་ལ་དབང་འབྱོར་བ་ཡིན། སེམས་ཀྱི་རྟགས་ནི། སྐྱེས་བུའི་སྙིང་ལ་མདས་ཟིན་པ་ལྟ་བུ་གསུངས་ན། སྐྱེས་བུའི་སྙིང་ལ་མདས་ཟིན་ན་སྐད་ཅིག་དེ་ཉིད་དུ་འཆི་བ་ལྟར། སེམས་ན་བུན་ནམ་མཁར་ཡལ་བ་དང་རང་ཡལ་ནམ་མཁའི་སྐར་མདའ་འཕྲོ་བ་ལྟར་དུ་གདོད་མའི་གཞི་དབྱིངས་ནང་གསལ་གྱི་སྦུབས་སུ་གྲོལ་ཏེ་བག་ཆགས་རྣམ་སྨིན་གྱི་ཕུང་པོ་འབྱུང་བཞིའི་རྡུལ་ཕྲན་ཚོགས་པ་ཡང་དབྱིངས་སུ་ཡལ་ཏེ་མི་སྣང་བར་འཚང་རྒྱ་བ་ཡིན། འདི་རྫོགས་ཆེན་སྐད་ཅིག་མ་མྱུར་བྱེད་ཀྱི་གྲོལ་ཚད་སེམས་ཀྱི་འགྲོ་ས་ལ་ཞུགས་པ་ཡིན། རབ་ཏུ་སྤྲོས་མེད་ཉེ་བར་ཞི་བའི་ཡེ་ཤེས་ལ་དབང་འབྱོར་བ་ཡིན་པས་ན་དེ་ལྟར་གོ་བར་གྱིས་ཤིག་སྐལ་ལྡན་ཀུན་གསུངས་ནས་ཕྱི་རབས་འབྱུང་འགྱུར་གྱི་རྗེས་འཇུག་འུ་བུ་ཚོ་ལྟ་བུ་ལ་ལྷག་པར་ཏུ་གདམས་པ་རེད། འདི་དག་གི་དོན་ཚུར་བསྡུས་ན། ལུས་ཀྱི་རྟགས་བཞི་དེ་འབྱུང་བཞིའི་འཆིང་བ་ལས་གྲོལ་རྟགས་ཡིན་པས། འབྱུང་བ་རང་རྒྱུད་དུ་སྡོད་མི་སྲིད་པའི་གནད་ཅན་ཞིག་དང་། ངག་གི་བཞི་དེ་བརྗོད་གཞི་བརྗོད་རྐྱེན་བརྗོད་བྱ་རྗོད་བྱེད་བཞིའི་འཆིང་བ་ལས་གྲོལ་བའི་རྟགས་ཡིན་པས། བརྗོད་ཚིག་རང་རྒྱུད་དུ་སྨྲ་བར་མི་སྲིད་པའི་གནད་ཅན། སེམས་ཀྱི་བཞི་དེ་དྲན་པ་དང་དྲན་མེད་སྐྱེ་མེད་དང་བློ་འདས་བཞིའི་འཆིང་བ་ལས་གྲོལ་སོང་བས། ཕྱིས་ནས་དྲན་བསམ་ཡིད་ཀྱི་འཁོར་ལོ་ལ་དུས་ནམ་ཡང་འཇུག་མི་སྲིད་པའི་གནད་ཅན་དེ་ལྟར་ཡིན་པ་གསུངས་ཡོད། དེ་ལྟར་རྟགས་ལུས་ལ་འཆར་མཁན་གྱིས་ངོ་ངག་གིས་ཤེས། གདིང་སེམས་ལ་འཆར་བར་ཚད་རྨི་ལམ་གྱིས་བཟུང་བ་ཡིན་གསུངས་ནས་རྟགས་སྔོན་ལ་བཤད། ཚད་རྗེས་ནས་འབྱུང་བའི་རིམ་པ་ཡང་དེ་ལྟར་གྲུབ་པ་རེད། འོན་ཀྱང་ལས་དང་པོ་བ་དང་དེང་སང་གི་གདུལ་བྱ་ལ་གོ་ལྡོག་པར་བྱས་ཀྱང་འཕྲོད་མཁན་ཡང་ཡོད་པ་ཡིན་ས་རེད། དེ་དང་འདྲ་བའི་ཆ་ནས་ཞུས་ན། སྙིང་ཐིག་གོང་མའི་ཆོས་བཀའ་ཐམས་ཅད་ཀྱི་ནང་ནས་རྒྱུད་ཁོག་མའི་ནང་ནས་ཇི་ལྟར་འབྱུང་བ་བཞིན་དུ་སྔོན་ལ་ཐོད་རྒལ་གསུངས་ནས། སྒྲོན་བཞིའི་སྐབས་ཀྱི་ནང་ཤེས་རབ་རང་བྱུང་གི་སྒྲོན་མའི་ངོ་བོ་དང་འབྲེལ་ཏེ། ཀ་དག་ཁྲེགས་ཆོད་ཀྱི་དགོངས་པ་རྗེས་སུ་བསྟན་པ་ཡང་གསུངས་ཡོད། ཀུན་མཁྱེན་ཀློང་ཆེན་པ་བྱོན་ཚུན་ཆོད་དུས་རབས་ཀྱི་གདུལ་བྱའི་ཁམས་དབང་བསམ་པ་ལས་འཕྲོ་དང་བཅས་པར་བསྟུན་ནས་ཁྲེགས་ཆོད་སྔོན་ལ་བསྟན། དེའི་རྨང་གཞི་དེའི་སྟེང་ལ་ཐོད་རྒལ་གསུངས་པ་ལྟ་བུའི་དགོས་པ་སྣ་ཚོགས་དང་བསྟུན་ཏེ་མན་ངག་གི་འགྲོས་ཀྱང་དེ་བཞིན་དུ་ཁྲིད་ཡིག་སོ་སོའི་སྐབས་སུ་སོ་སོའི་ཁྱད་ཆོས་རྩལ་འདོན་གྱིས་ཁྱད་པར་འབྱུང་ཆོག་པ་རེད། དེ་ཡན་གྱིས་མཐའ་རྟེན་གྱི་མན་ངག་གཉིས་སོང་ནས་ད་གསུམ་པ་ཐོབ་པ་གསུམ་གྱིས་གཟེར་གདབ་པ་ནི།

ག༽ གསུམ་པ་ཐོབ་པ་གསུམ་གྱིས་གཟེར་གདབ་པ།

ཨེ་མ་ཧོ།

གསུམ་པ་ཐོབ་པ་གསུམ་གྱིས་གཟེར་གདབ་པ།།

གསུངས་ཏེ་མདོར་བསྟན་ནས། རྒྱས་བཤད་ལ་ས་བཅད་རྣམ་པ་གསུམ། སྐྱེ་བ་ལ་དབང་ཐོབ་པ་དང་། འཇུག་པ་ལ་དབང་ཐོབ་པ། རླུང་སེམས་ལ་དབང་ཐོབ་པ་གསུམ་མམ། ཡང་ན་ཕྱི་སྣང་བ་ལ་དབང་ཐོབ་པ། ནང་སྒྱུ་ལུས་ལ་དབང་ཐོབ་པ། གསང་བ་རིག་པ་ལ་དབང་ཐོབ་པ་གང་གསུངས་ཀྱང་དོན་གྱིས་གཅིག་པ་རེད།

༡༽ དང་པོ་སྐྱེ་བ་ལ་དབང་ཐོབ་ཚུལ།

སྐྱེ་བར་དབང་ཐོབ་འཕོ་ཆེན་སྐུར་བཞེངས་ནས།།

འགྲོ་བའི་དོན་ཀྱང་དངོས་སུ་བྱེད་པར་ནུས།།

གཞན་ཡང་གང་ལ་གང་འདོད་སྤྲུལ་ནས་ཀྱང་།།

འགྲོ་དོན་དཔག་ཏུ་མེད་པར་མཛད་པ་དང་།།

དེའི་ཚེ་མི་ལ་སོགས་པའི་འགྲོ་གཞན་ལ།།

རིག་པ་བཅུག་ན་མི་དེས་མི་དགེའི་ལས།།

ཅི་ཙམ་སྤྱད་ཀྱང་དེ་ལ་རང་བྱུང་གི།

རིག་པའི་ཡེ་ཤེས་གནས་པའི་གནད་ཉིད་ཀྱིས།།

འབྱུང་བ་རང་སར་དག་ནས་འཚང་རྒྱ་ནུས།།

བེམ་པོ་སོགས་ལ་རིག་པ་བཅུག་ན་ཡང་།།

འགུལ་ཞིང་ཆོས་ཀྱི་སྒྲ་འབྱིན་ལ་སོགས་པའི།།

ཕུལ་དུ་ཕྱིན་པའི་ཡོན་ཏན་སྟོན་ནུས་སོ།།

ཞེས་གསུངས་ཏེ། འདིའི་མཐའ་རྟེན་གྱི་མན་ངག་བཞི་འདིའི་དང་པོ་གཉིས་མི་འགུལ་གསུམ་ལ་གཞི་བཅའ་བ་དང་། སྡོད་པ་གསུམ་གྱིས་ཚད་བཟུང་བ་གཉིས་ཀ་སྣང་བཞི་ཐུན་མོང་དང་ནི། རྗེས་མ་ཐོབ་པ་གསུམ་གྱིས་གཟེར་གདབ་པ་དང་ནི་གདེང་བཞིའི་གྲོལ་ཚད་བསྟན་པ་གཉིས་ཀ་སྣང་བ་རྗེས་མ་ཚད་ཕེབས་དང་ཆོས་ཟད་གཉིས་ཀ་དང་། ཁྱད་པར་ཆོས་ཟད་དང་སྦྱར་བའི་མན་ངག་གི་འཆད་ཚུལ་དང་། སྣང་བཞི་ཡང་གཅིག་ལ་གཅིག་བརྟེན་ཡིན་པས་ན་གང་ལྟར་ཀུན་གྱི་མཐའ་རྟེན་དུ་ཡང་རུང་ཞིང་དེ་ལྟར་གྱུར་བ་ཞིག་ཀྱང་ཡིན་པ་རེད། སྐྱེ་བར་དབང་ཐོབ་པ་འདིའི་སྐབས་ལ་ཕྱི་སྣང་བ་ལ་དབང་ཐོབ་པས་ཅིར་སྣང་ཞིང་ཁམས་སུ་གྲོལ། སྐུ་དེས་འགྲོ་དོན་བྱེད་པར་དགོངས་ན་འཕོ་ཆེན་གྱི་སྐུ་རུ་བཞེངས་ཏེ་སྐུ་དངོས་དེས་འགྲོ་དོན་བྱེད་པར་ནུས། སྐུ་དེ་ཉིད་རྐྱང་པས་མ་གཏོགས་འགྲོ་དོན་མི་མཛད་པ་ཡང་མིན། སྐྱེ་འཇུག་གཉིས་ཀར་དབང་ཐོབ་པ་ཡིན་པས་གདུལ་བྱར་གང་འདོད་ཀྱི་སྤྲུལ་བསྒྱུར་སྣ་ཚོགས་མཛད་དེ་འགྲོ་དོན་དཔག་མེད་ཕྱོགས་མཐས་གཏུགས་པའི་སེམས་ཅན་ལ་མཛད། འཕོ་བ་ཆེན་པོའི་སྐུར་བཞེངས་པ་དེའི་ཚེ་ན་སྤྲུལ་པ་དང་དངོས་སུ་སྣང་བ་གཉིས་ཀས་འགྲོ་དོན་མཛད་པ་རེད། རིགས་དྲུག་སོ་སོའི་གནས་སུ་འགྲོ་དོན་མཛད་པས་མི་ཚད་མིའི་སྐྱེ་དགུ་སྨོན་ལམ་མཐུན་པ་སྟོང་ཕྲག་གསུམ་ལྷག་མེད་དུ་གྲོལ་བར་མཛད་དེ་སླར་ཆོས་ཉིད་ཀ་དག་གི་སར་གཤེགས། འགྲོ་བ་གཞན་གྲོལ་བར་མཛད་ནུས་པ་ནི། གཅིག་ན་དེ་དག་སྨོན་ལམ་མཐུན་པའི་ལས་འཕྲོ་ཡོད་པ་དང་ནི། ཡང་ལས་ཀྱི་སྒྲིབ་པ་མ་དག་པའི་མི་དགེའི་ལས་ཅན་ཡང་དགྲོལ་བར་ནུས་པ་འདི། དེ་ལ་ཡང་རིག་པའི་ཡེ་ཤེས་ཡོད་པའི་གནད་ཀྱིས་རིག་པའི་ཆོས་ཉིད་ནང་འཕྲད་པའི་སྟོབས་ཀྱིས་འབྱུང་བ་རང་སར་དག་ནས་འཚང་རྒྱ་ནུས་པ་ཡིན། དེ་ལྟར་གསུངས་པ་རེད། འདིའི་འབྱུང་བ་གསུངས་པའི་སྐབས་འདི་ལ། ཕྱིའི་རགས་པའི་ཕུང་ཁམས་སྐྱེ་མཆེད་དམ་འབྱུང་བཞི་རགས་པའི་གཟུགས་འདི་རྐྱང་པ་ལ་གསུངས་པ་མ་རེད། རྫོགས་པ་ཆེན་པོའི་ལུགས་ཀྱི་ཕྱི་འབྱུང་དང་ནང་འབྱུང་གསང་འབྱུང་ལ་སོགས་པའི་གོ་དོན་གྱི་གནད་ཀྱང་ཡོད་པ་རེད། ཡང་སྐྱེ་འཇུག་གཉིས་ལ་རང་དབང་ཐོབ་པའི་གནད་ཀྱིས་བེམ་པོ་ལ་རིག་པ་བཅུག་ན་འགུལ་བ་དང་བེམ་པོ་ལས་ཀྱང་ཆོས་ཀྱི་སྒྲ་འབྱིན་པ་ལ་སོགས་པ་ཕུལ་དུ་ཕྱིན་པའི་ཡོན་ཏན་གྱི་ནུས་པ་སྟོན་ནུས་ནི་ཡིན་གསུངས་པ་རེད། འདིའི་སྐབས་ཀྱི་བེམ་པོ་ལ་ཡང་རིག་པ་འཇུག་ནུས་པ་དང་ནི་ཐུན་མོང་གི་རྫོགས་རིམ་དང་འཕོ་བའི་གདམས་པས་གཞན་ལུས་ལ་གྲོང་འཇུག་ནུས་པ་གཉིས་ཀྱི་དབར་ལ་འདྲ་ལ་མ་ཡིན་པའི་ཁྱད་ཆོས། ལམ་མཐར་ཕྱིན་དང་མ་ཕྱིན་གྱི་སྟེང་ནས་ཕྱེ་རྒྱུ་ཡོད་པ་རེད་སྙམ། དེ་ཐོབ་པ་དང་པོ་རེད།

༢༽ གཉིས་པ་འཇུག་པ་ལ་དབང་ཐོབ་ཚུལ།

འཇུག་པར་རང་དབང་ཐོབ་པས་ནང་དབྱིངས་སུ།།

ཟག་བཅས་མི་སྣང་འཚང་རྒྱ་ནུས་པའོ།།

ཞེས་གསུངས་ཏེ། འདི་ནི་ནང་སྒྱུ་ལུས་ལ་དབང་ཐོབ་པ་རེད། སྒྱུ་ལུས་ལ་དབང་ཐོབ་པས་གདོས་བཅས་འོད་གསལ་དུ་གྲོལ་བའི་སྐབས་ཡིན། རྣལ་འབྱོར་པ་དེས་སྐུ་དེ་ཉིད་ཀྱིས་དུས་དེར་གཞན་དོན་མི་མཛད་པར་དགོངས་ན་སེམས་ཅན་སུམ་སྟོང་ལྷག་མེད་ལ་རང་དང་མཉམ་དུ་གྲོལ་ནས་ཀ་དག་གི་ས་ལ་སྐད་ཅིག་དེ་ཉིད་ལ་ན་བུན་ནམ་མཁར་ཡལ་བ་ལྟར་གཤེགས་ནས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཕྲིན་ལས་ཀྱིས་སེམས་ཅན་གྱི་དོན་མཛད་པ་རེད། དེ་དུས་ཟག་བཅས་ཀྱི་ཕུང་པོ་མི་སྣང་བར་ཟག་མེད་ཡེ་ཤེས་ཀྱི་སྐུ་རུ་འཚང་རྒྱ་བ་ཡིན་པ་རེད། དེ་ཐོབ་པ་གཉིས་པ་རེད། དེ་ནས་གསུམ་པ་རླུང་སེམས་ལ་དབང་ཐོབ་ཚུལ་ནི།

༣༽ གསུམ་པ་རླུང་སེམས་ལ་དབང་ཐོབ་ཚུལ།

རླུང་སེམས་གཉིས་ལ་རང་དབང་ཐོབ་ནས་ཀྱང་།།

རླུང་གི་ཡོན་ཏན་ཐམས་ཅད་འབྱུང་བ་དང་།།

དེ་ཡང་སེམས་ཅན་གཞན་རྣམས་ཚེ་འཕོ་ཚེ།།

དེ་ལ་རང་གི་ཤེས་པ་བཅུག་ནས་ཀྱང་།།

རིག་པ་ཀ་དག་ཆེན་པོར་བཞག་པའི་ཚེ།།

ལས་ལ་བཟང་ངན་མེད་པར་རང་ཉིད་དང་།།

མཉམ་དུ་འཚང་རྒྱ་ནུས་པའི་མཐུ་ཆེན་འཐོབ།།

ཅེས་གསུངས་ཏེ། འདི་རླུང་སེམས་ལ་རང་དབང་ཐོབ་སོང་བ་ཡིན་པས་ན་རླུང་སེམས་ཀྱི་དབང་གིས་འཁྲུལ་བས་ཁམས་གསུམ་དུ་ལྡོག་པ་མི་སྲིད་པའི་དུས་རེད། དོན་གྱི་འབྲས་བུ་ལ་དབང་ཐོབ་པར་འགྱུར་བའི་སྐབས་སུ་འཇོག་པ་དེ་རེད། ལས་རླུང་དབྱིངས་སུ་དག སེམས་ཉིད་ཡེ་ཤེས་སུ་སྨིན་ཏེ་དེ་དང་དེའི་ཡོན་ཏན་མང་པོ་འབྱུང་རྒྱུ་དང་ནི། ཚད་འདིར་ཐོན་པའི་རྣལ་འབྱོར་བས་སེམས་ཅན་གཞན་འཆི་ཁ་མ་ལ་རང་གི་ཤེས་པ་བཅུག་གསུང་ན་གོང་ནས་འཇུག་པར་དབང་ཐོབ་པའི་སྐབས་སུ་བཤད་པ་བཞིན་དུ་འཕོ་བ་འདེབས་པ་ཚོས་རིག་པ་ཀ་དག་ཆེན་པོར་བཞག་པའི་ཚེ། དེའི་རྣམ་ཤེས་ཀྱི་ངོ་བོ་རང་གི་རིག་པ་དང་བསྲེ་སྟེ་འོད་ཀྱི་གོང་བུ་དང་སྒྲ་ཡིས་འཕོ་བ་ཚོའི་ཚུལ་གྱིས་འཕངས་བཞག་ན་ཆོས་ཉིད་ནང་འཕྲད་ཀྱི་བདེན་པའི་སྟོབས་ཀྱིས། རབ་འོག་མིན་བདེ་ཆེན་དག་པའི་ཞིང་ཁམས་སུ་སངས་རྒྱས་ཀྱི་དགོངས་ཀློང་དང་དབྱེར་མེད་དུ་འདྲེས་ཐུབ་པ་དང་། འབྲིང་ཞིང་ཁམས་དག་པ་ཞིག་ཏུ་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་སེམས་འཕགས་པའི་རིགས་ཅན་དུ་སྐྱེ་བར་བྱེད་ཐུབ་རྒྱུ། ཐ་མ་ཡང་སྐྱེ་བ་བརྒྱུད་ནས་གྲོལ་བ་ཐོབ་པ་ཆོས་ཉིད་བདེན་པའི་སྟོབས་ཀྱིས་བསླུ་བ་ཡོད་པ་མ་རེད། ལས་ལ་བཟང་ངན་མེད་པར་འཚང་རྒྱ་གསུངས་རྒྱུ་དེའང་རྒྱུ་མེད་ཀྱི་འབྲས་བུ་ཞིག་གྲུབ་གསུངས་པ་མ་རེད། མ་བསྒོམ་སངས་རྒྱས་ཀྱི་ཆོས་ལྔ་གསུངས་རྒྱུ་འདི་ཚོ་ཚེགས་ཆེན་པོ་དང་དུས་རིང་པོའི་ལམ་གྱི་སྦྱང་བགྲོད་ལ་མི་ལྟོས་པར་བཙན་ཐབས་ཀྱིས་གྲོལ་བ་གསང་སྔགས་ཐབས་ཀྱིས་འཕགས་པའི་ཁྱད་ཆོས་རེད་མོ། ཀུན་ཏུ་བཟང་པོས་དགེ་བ་སྣ་གཅིག་མ་བྱས་པར་སངས་རྒྱས་ཞེས་གསུངས་པ་དག་དང་གོ་དོན་ཕྱོགས་འདྲ་མོ་ཡིན་ནི་རེད། ཟག་མེད་རང་ངོ་ཤེས་པའི་དགེ་ཚོགས་ཀྱིས་དུས་རིང་གི་བསགས་སྦྱངས་གཉིས་ཀྱི་གོ་ཆོད་ནས་དེ་ཡིས་ཀྱང་བསྡུར་ཐབས་མེད་པ་སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་དེ་སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་པ་རེད། སེམས་བསྐྱེད་ཁྱད་པར་ཅན་གྱིས་བསྐལ་བའི་ཚོགས་དུས་རིང་ལ་མི་ལྟོས་པར་འདུམ་པ་མདོ་ལས་ཀྱང་འབྱུང་བ་ལྟ་བུ་རེད། ཚད་ཕེབས་ཀྱི་སྐབས་ཀྱི་ཚད་ལ་ཕེབས་པ་དང་ནི་འདི་ནས་དབང་ཐོབ་པ་གཉིས་ཀ་དབང་འབྱོར་གྱི་ཡོན་ཏན་མངའ་བརྙེས་པ་ཡོངས་སུ་རྫོགས་དང་མ་རྫོགས་ཀྱི་ཁྱད་པར་གྱིས་འབྱེད་དགོས།

༤༽ བཞི་བ་ཡོན་ཏན་གྱི་ཁྱད་པར་གཞན་ཡང་ཐོབ་ཚུལ།

རི་བྲག་རྣམས་ལ་ཐལ་བྱུང་འགྲོ་བ་དང་།།

ནམ་མཁའི་ཁམས་ལ་བྱ་བཞིན་འཕུར་བ་དང་།།

འབྱུང་བཞིའི་གནོད་པ་གང་གིས་ཀྱང་མི་ཚུགས་ཤིང་།།

མངོན་པར་ཤེས་པ་ཕྱོགས་མེད་འཆར་བའོ།།

ཞེས་གསུངས་ཏེ། རླུང་སེམས་ལ་རང་དབང་ཐོབ་པའི་གནས་སྐབས་དེར་སྣང་སེམས་གཅིག་ཏུ་འདྲེས་ཏེ་རི་བྲག་ལ་ཐལ་བྱུང་གིས་འགྲོ་བ། སྔར་རྗེ་འབངས་ཉེར་ལྔའི་ནང་ནས་འགའ་རེ་རི་བྲག་ལ་ཟང་ཐལ་དུ་རྒྱུ་བ། འགའ་ཞིག་གིས་བྲག་ལ་ཕུར་བ་འདེབས་པ། འགའ་རེས་ནམ་མཁའི་བྱ་འཛིན་པ་ལ་སོགས་པའི་ཐུན་མོང་དང་མཆོག་གི་གྲུབ་པ་ཐོབ་པ་དེ་འདྲའི་ཚད་ཡིན་ས་རེད། ནམ་མཁའི་ཁམས་ལ་བྱ་བཞིན་དུ་འཕུར། ནམ་མཁར་སྐྱིལ་ཀྲུང་བཅས་ཏེ་བཞུགས་པ། སྔར་དང་ཕྱིས་ཀྱི་གསང་སྔགས་སྔ་འགྱུར་བའི་རིག་འཛིན་གྱི་བཞུགས་གྲལ་ན་སྔགས་པའི་རྒྱལ་པོ་སོ་ཟུར་གནུབས་གསུམ་ལ་སོགས་པ་ཅི་འདྲ་བྱོན་ཡོད། དེ་ཚོ་ལྟ་བུ་ལ་གསུངས་པ་རེད། འབྱུང་བཞིའི་གནོད་པ་གང་གིས་ཀྱང་མི་ཚུགས་པར་མ་ཟད་འབྱུང་བ་ལྔ་ལ་དབང་བསྒྱུར་ཏེ་མངོན་ཤེས་ཉི་ཚེ་བ་མ་ཡིན་པར་མངོན་པར་ཤེས་པ་ཕྱོགས་མེད་དུ་འཆར་གསུངས། འདིར་འཕོ་བའི་ཐད་ནས་ཟུར་བཤད་ཅིག་མཛད་འདུག

འཕོ་བ་འདེབས་པའི་ཟབ་གནད་ཉིད་ལ་ཡང་།།

འདིའི་དོན་རང་གི་རྒྱུད་ལ་ཁེལ་བ་ཞིག།

དགོས་པ་འདྲ་ཡང་ལམ་མཆོག་འདི་ཉིད་ལ།།

མ་གོམས་ཞལ་འདྲིས་ཙམ་ཡང་མ་ཐོབ་པའི།།

མཁས་རློམ་རྣམས་ཀྱི་ཐུགས་ལ་མི་འཆར་རོ།།

ཞེས་གསུངས་པ་རེད། འཕོ་བ་མིང་གཅིག་ནའང་དོན་གྱི་ཐད་ནས་རབ་འབྲིང་ཐ་མའི་འཕོ་བའི་དབྱེ་རིམ་ཡོད་པ་ཡིན། ཐུན་མོང་རྫོགས་རིམ་གྱི་ནང་གསེས་འཕོ་བའི་གདམས་པ་དང་ནི་རྫོགས་ཆེན་མན་ངག་སྡེའི་དབྱིངས་དང་རིག་པ་ལ་འཇུག་པ་དང་སྐུ་དང་ཞིང་ཁམས་འཇུག་པ་གསུངས་རྒྱུ་ལ་སོགས་པ་དེའི་ནང་ནས་ཀྱང་ཁྱད་པར་ཧ་ཅང་ཆེ། གཅིག་པ་མིན། ཕ་རོལ་པོ་གདབ་ས་ལ་ཡང་དེ་བཞིན་དུ་ཁྱད་པར་ཡོད་པ་རེད་མོད། འདི་ནས་སྡིག་ཅན་བཙན་ཐབས་སུ་འཕོ་བ་འདྲ་ཞིག་བཤད་པའི་གཞི་རུ་བྱས་ན། འདེབས་པ་པོ་རྟོགས་པ་མཆོག་ལྡན་ལམ་འདི་ལ་རང་བྱན་ཆུད་པ་ཞིག་ངེས་པར་ཡིན་དགོས་པ་རེད། གནའ་རྫོགས་ཆེན་པདྨ་རིག་འཛིན་ལ་སློབ་བུ་ཉི་ཟླ་སྐར་གསུམ་གྱི་འཁོར་གྱིས་བསྐོར་ཏེ་བཞུགས་ཡོད་སྐབས་ཤིག་ལ་ཚེ་འདས་བར་དོ་གསར་བ་ཞིག་གི་དོན་དུ་འཕོ་བ་ཞུས་ཡོང་དུས། བླ་མས་སློབ་མ་ཚོར་སྔོན་མ་ཁྱེད་ཅག་གིས་ཕོངས་དང་གཅིག་བལྟ་གསུངས་ནས་གཤིན་པོའི་རྣམ་ཤེས་དེ་ཐེབ་ཙེ་ཞིག་གི་ཁ་འོག་ཏུ་བཀུག་ནས་བཞག སློབ་མ་ཚོས་རེ་རེ་བཞིན་དུ་ཧིཀ་དང་སྦྲགས་ནས་དམིགས་པ་ནན་མོར་གཏད་ཏེ་འཕངས་ཡོང་དུས་ཐེབ་ཙེ་འགུལ་ཙམ་པ་ལས་གཅིག་གིས་ཀྱང་འཕེན་མ་ཐུབ། དེ་ནས་པདྨ་རིག་འཛིན་ཁོང་རང་གིས་ཐུགས་མཉམ་པར་བཞག་ནས་གཅིག་འཕངས་དུས་ཧིཀ་གཅིག་གིས་ཐེབ་ཙེ་ལིངས་སེ་ཁ་བཀྱགས་ནས་འཕངས་སོང་བ་རེད། ཐུགས་རྗེ་དང་ནུས་སྟོབས་ལྡན་ན་གཤིན་པོའི་རྣམ་ཤེས་སྐད་ཅིག་གིས་བདེ་ཆེན་དག་པའི་ཞིང་དུ་དེ་ལྟར་འཕེན་ཐུབ་པ་རེད། རང་ཆོས་ཉིད་ཀྱི་བདེན་པ་མ་མཐོང་ན། །གཞན་གཤིན་པོ་ལ་འཕོ་བ་མ་འདེབས་ཤིག །ཅེས་གསུངས་ཡོད། ཆོས་ཉིད་ཀྱི་བདེན་པ་ནང་འཕྲད་ཀྱིས་བཙན་ཐབས་སུ་འདྲོང་དགོས་ན། འདི་དོན་རང་གི་རྒྱུད་ལ་འཁེལ་བ་ཞིག་དགོས་པ་འདྲ་ཡང་གསུངས་པ་དེ་རྟིང་ཚིག་གིས་ཁྲེལ་གཏམ་མཛད་པ་རེད། བཙན་ཐབས་འཕོ་བའི་གདམས་པའི་གནད་རང་རྒྱུད་ལ་མ་ཁེལ་ཞིང་སྟོང་ཉིད་སྤྲོས་པ་བྲལ་བའི་ཆོས་ཉིད་ཀྱི་བདེན་པ་མཐོང་མ་དགོས། འཕོ་བའི་གདམས་པ་ཚོ་ཅི་འདྲ་ཞིག་ཡིན་པའི་ཞལ་འདྲིས་རྒྱུས་མངའ་ཙམ་ཡང་མེད་པ་ཞིག་གིས་ཕྱོགས་རེས་ཚིག་རྩོད་ཙམ་རེར་སྦྱོང་བ་མྱོང་བས་རང་ཉིད་མཁས་པར་རློམ། གཞན་མ་བརྟག་བླུན་པོའི་ཐོ་ཅོ་གྲགས་པའི་རྗེས་སུ་འབྲང་བ་འགས་མཁས་པར་བཀུར་ས་དག་གིས་འདིའི་གདམས་པ་འདི་ཚོའི་དགོས་གནད་ཀྱི་ཕྱོགས་ཙམ་ཡང་ཐུགས་ལ་འཆར་བ་མ་རེད་གསུངས་ནས། དོན་ལ་གདམས་པ་གང་དང་གང་ཞིག་ཡིན་ཡང་དམ་པའི་བཤེས་གཉེན་བསྟེན། ཐོས་པའི་མཐའ་རྒྱ་བཅད། བསམ་པས་ཞུ་དག་བཏང་། བསྒོམ་པས་ཉམས་སུ་བླངས་ཏེ་དྲོད་རྟགས་ངེས་ཅན་ཞིག་གོང་དུ་གསུངས་པའི་རྟགས་ཚད་ངེས་པའི་རྣམ་གྲངས་ལ་མི་བརྟེན་པར་མངོན་པའི་ང་རྒྱལ་ལམ་ཆོས་བརྒྱད་བདུད་ཀྱི་ལག་གཡུག་གི་དབང་དུ་ཤོར་ཏེ་གཞན་གྱི་འགྲོ་དོན་དུས་ལ་མ་བབས་གོང་བྱེད་སྔ་མ་བྱེད་ཅེས་དེ་ལྟར་གསུངས་པ་རེད། རྟོགས་པས་བདག་རྒྱུད་གྲོལ་བ་དང་གཞི་ནས་ཐུགས་རྗེས་གཞན་རྒྱུད་དགྲོལ་དགོས་པ་ཡིན་གསུངས་ཡོད་རེད། དེ་དང་འདྲ་བར་རྫོགས་ཆེན་གྱི་མན་ངག་ཐམས་ཅད། ཐོབ་སོང་ཞེས་ཕྱི་ཉིན་ནས་སྤེལ་བཞག་ཆོག་པ་ཞིག་མིན། འཕོ་བ་འདི་ཚོ་དགེ་འདུན་པ་དང་མཉམ་དུ་སྦྱང་ན་འདུས་པའི་བྱིན་རླབས་ཀྱིས་འབྱོངས་སླ་བ་ཡིན། རྟགས་ཐོན་སྦྱངས་ནས་ཀྱང་དུས་རྒྱུན་ཆག་མེད་ཀྱིས་རང་ཉིད་ཀྱིས་སྦྱང་རྒྱུ་གལ་ཆེན་རེད། དགེ་འདུན་འདུས་པས་གཤིན་གསོན་ལ་འཕོ་ཞོགས་ཀྱིས་མཉམ་དུ་འདེབས་རྒྱུའི་ཕྱག་སྲོལ་ཀྱང་ཡོད། ཁྱད་པར་དུ་ཆོས་དགེའམ་ཆོས་སྦྱིན་ལྟ་བུར་དེ་ཚོ་བཟང་ནི་རེད། དེ་ལས་རང་ཉིད་སྒེར་བས་འཕོ་བའི་དམིགས་རིམ་གྱི་གནད་ཙམ་དང་། ཉམས་ལེན་སྐར་མ་བཅུའི་ཐུན་མི་ཆོད་པ་ཞིག་གིས། གཞན་གཤིན་པོའི་རོ་མགོ་ནས་འཕོ་བ་འདེབས་རྒྱུ་རང་ཉིད་དམྱལ་བར་འགྲོ་བའི་གྲོ་ཆས་རེད། དེ་གསུངས་པ་རེད། དེ་ཡན་ཆོད་ཀྱིས་ཐོབ་པ་གསུམ་གྱིས་གཟེར་གདབ་པ་དང་བཅས་ཏེ་མཐའ་རྟེན་གྱི་མན་ངག་གསུམ་སོང་ནས། བཞི་བ་གདེང་བཞིའི་གྲོལ་ཚད་བསྟན་པ་ནི།

ང༽ བཞི་པ་གདེང་བཞིའི་དྲོད་ཚད་བསྟན་པ།

ཨེ་མ་ཧོ།

བཞི་པ་གདེང་བཞིའི་དྲོད་ཚད་བསྟན་པ་ནི།།

ཞེས་མཚམས་སྦྱར་བའི་ཚིག་གིས་མདོར་བསྟན་ཏེ། རྒྱས་པར་བཤད་པ་ནི་འདི་ལ་ཡར་གྱི་གདེང་གཉིས་དང་མར་གྱི་གདེང་གཉིས་ཏེ་བཞིར་བཤད་པ་དང་དོན་བསྡུས་ཏེ་བསྟན་པ་ལས།

༡ དང་པོ་ཡར་གྱི་གདེང་གཉིས་ཐོབ་ཚུལ།

ཡར་གྱི་གདེང་གཉིས་རང་བྱུང་རིག་པ་ལས།།

གཞན་པའི་སངས་རྒྱས་མེད་པར་རྟོགས་པ་ཡིས།།

སངས་རྒྱས་ཞིང་གི་ཡོན་ཏན་མཐོང་ན་ཡང་།།

སངས་རྒྱས་ཡོན་ཏན་འཐོབ་ཏུ་རེ་བ་དང་།།

མི་ཐོབ་སྙམ་པའི་དོགས་པ་མེད་པའི་གདེང་།།

ཞེས་གསུངས་ཏེ། རང་བཞིན་རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་པ་ཀློང་དུ་གྱུར་པས་རང་བྱུང་རིག་པའི་ངོ་བོ་ཡེ་གྲོལ་བསྐྱར་གཞི་མེད་པ། རང་གྲོལ་གཉེན་པོ་མེད་པ། གཅེར་གྲོལ་མཐོང་ཡལ་ཡིན་པ། མཐའ་གྲོལ་སྤྲོས་པ་དང་བྲལ་བ། གཅིག་གྲོལ་ལ་བཟླ་མི་དགོས་པའི་གནད་དེ་དག་རྟོགས་པ་དེས། དེ་ལས་གཞན་པའི་སངས་རྒྱས་ཟུར་ན་མེད་པར་རྟོགས་ཏེ་ཡར་སངས་རྒྱས་ཀྱི་ཞིང་གི་བདེ་སྐྱིད་དང་སངས་རྒྱས་ཀྱི་སྤངས་དང་རྟོགས་པའི་ཡོན་ཏན་ཇི་ལྟར་བཤད་ཀྱང་མྱ་ངན་ལས་འདས་པའི་ས་ལ་རེ་བ་མེད་པ་དང་ནི། སངས་རྒྱས་ཀྱི་ཡོན་ཏན་ལ་དགའ་བྲོད་མེད་པའི་གདེང་དང་གཉིས་ཐོབ་གསུངས། དེ་ནས་མར་གྱི་གདེང་གཉིས་བཤད་པ་ནི།

༢ གཉིས་པ་མར་གྱི་གདེང་གཉིས་ཐོབ་ཚུལ།

མར་གྱི་གདེང་གཉིས་རང་བྱུང་རིག་པ་ལ།།

འཁྲུལ་བ་ཡེ་ནས་བྲལ་བར་རྟོགས་པ་ཡིས།།

འགྲོ་བ་རིགས་དྲུག་སྡུག་བསྔལ་མཐོང་ན་ཡང་།།

འཁོར་བའི་གནས་སུ་མི་ལྟུང་རེ་བ་དང་།།

ལྟུང་གིས་སྙམ་པའི་དོགས་པ་མེད་པའི་གདེང་།།

གསུངས་ན། མར་གྱི་གདེང་གཉིས་དེ་གང་ཡིན་ན། གཞི་ཀ་དག་གདོད་མའི་གནས་ལུགས་ངོ་བོ་དངོས་པོ་དང་མཚན་མའི་ཆོས་སུ་མ་གྲུབ། རང་བཞིན་ལྷུན་གྲུབ་ཡིན་པས་ལྷུན་གྲུབ་འོད་གསལ་བའི་ཆོས་ཉིད་རྣམ་དག་ཡིན་པ་ཧ་གོ ཐུགས་རྗེ་འཁོར་འདས་ཀྱི་རྩལ་སྣང་གང་ཤར་ཡང་འཁྲུལ་བ་ཡེ་ནས་བྲལ་བའི་རྟོགས་དོན་མངོན་དུ་གྱུར་སོང་དུས། སྤྱིར་འགྲོ་བ་རིགས་དྲུག་སྒོས་ངན་སོང་གསུམ་གྱི་སྡུག་བསྔལ། འཁོར་བ་ངན་སོང་གི་གནས་ལ་ལྟུང་བྱ་ལྟུང་བྱེད་ལྟུང་མཁན་དང་བཅས་པ་གཞི་མེད་རྩ་བ་བྲལ་བའི་ཕུགས་ཆོད་དེ་ལྟུང་གིས་དོགས་པ་དང་མི་ལྟུང་གི་རེ་བ་གཉིས་ཀ་མེད་པའི་མར་གྱི་གདེང་གཉིས་ཏེ་གདེང་བཞི་རྙེད་དེ་བློ་བདེ་ནང་ནས་རྙེད་ནི་ཡིན་གསུངས་པ་རེད།

༣ གསུམ་པ་དོན་བསྡུས་ཏེ་བསྟན་པ།

མདོར་ན་སེང་གེས་གངས་རི་ཟིན་པ་ལྟར།།

གདོད་མའི་གྲོལ་གཞིར་ཕྱིན་པས་ཡ་ང་བྲལ།།

ཀུན་བཟང་ཆོས་སྐུའི་རྒྱལ་ས་དེ་དུས་སུ།།

ཟིན་པའི་དུས་ཡིན་སྐལ་ལྡན་སློབ་བུ་ཚོ།།

ཞེས་གསུངས་ཏེ། དཔེ་བཞག་ན་རི་དྭགས་ཀྱི་རྒྱལ་པོ་སེངྒེ་དེས་གངས་ཀྱི་གཏན་གཞིས་ཟིན་སོང་དུས། སུ་ལ་ཡང་འཇིགས་དང་ཉམ་ང་མི་དགོས་པ་ལྟར་དུ་རིག་པ་རྗེན་པར་བུད་སོང་དུས་འཁོར་བ་མིང་ཙམ་ལས་མེད། ལས་དང་རྣམ་སྨིན་ལས་ལྡོག འཁོར་འདས་ལ་བཟློས། གདོད་མའི་གྲོལ་གཞིར་ཕྱིན་སོང་བས་རང་ས་ནམ་མཁའ་ལྟ་བུར་གྱུར་ནས་ཕྱིར་མི་ལྡོག་པའི་ས་ལ་ཐོན་དུས་ཀུན་བཟང་ཆོས་སྐུའི་རྒྱལ་སར་ཆོས་དྲུག་མངོན་དུ་གྱུར་ནས། དེ་དུས་ལས་ཟིན་པའི་དུས་ཡིན། སྐལ་ལྡན་དབང་པོ་ཡང་རབ་ཏུ་གྱུར་པ་ཚོས་བརྩོན་འགྲུས་མ་ཞན་པར་གདེང་བཞིའི་རྣལ་འབྱོར་ཚད་དུ་ཕྱིན་པར་སླར་ཡང་བསྐུལ་བ་དང་བཅས་ཏེ། དེ་ཡན་གྱིས་ཁྲིད་རིམ་བདུན་པ་མཐའ་རྟེན་གྱི་མན་ངག་བཞི་བསྟན་པའི་དངོས་གཞི་སོང་སྟེ། འདི་ནས་སྣང་བཞི་དང་འབྲེལ་བའི་ས་ལམ་བགྲོད་ཚུལ་དང་ནི་འབྲས་བུའི་སྐོར་ཅིག་གསུངས་པ་ནི།

ཅ༽ སྣང་བཞི་དང་འབྲེལ་བའི་ས་ལམ་བགྲོད་ཚུལ་འབྲས་བུ་དང་བཅས་པ་བསྟན་པ།

ཨེ་མ་ཧོ།

ལྷུན་གྲུབ་སྣང་བ་བཞི་ཡི་ཉམས་དེ་རྣམས།།

ཡོངས་སུ་རྫོགས་པའི་བར་ལ་ཕྱིའི་ས་བཅུ།།

དོན་ལ་རྫོགས་ཤིང་ནང་གི་འབྲས་བུ་ཡི།།

བཅུ་དྲུག་ས་རྣམས་རྫོགས་པའི་རིམ་པ་ནི།།

ཞེས་མཚམས་སྦྱར་བའི་ཚིག་གིས་མདོར་བསྟན་པ་རེད། ལྷུན་གྲུབ་སྣང་བཞི་འཆར་བ་དང་མཉམ་དུ་ཐེག་ཆེན་ཐུན་མོང་གི་ཕྱིའི་ས་བཅུ་རྫོགས་པ་དང་ཆབས་ཅིག་ཏུ་རྫོགས་ཆེན་ནང་གི་འབྲས་བུའི་ས། སྣང་བཞི་སྣང་བ་བཅུ་དྲུག་གམ་ས་བཅུ་དྲུག་གིས་རྫོགས་ཚུལ་བསྟན་པའི་ནང་གི་དང་པོ་རྒྱས་པར་བཤད་པས་དེའི་དོན་བཀྲལ་པ་རེད།

༼༡ དང་པོ་ཕྱི་ཡི་ས་བཅུ་རྫོགས་པའི་ཚུལ།

དང་པོ་ཕྱི་ཡི་ས་བཅུ་རྫོགས་པའི་ཚུལ།།

དང་པོ་མཚན་ལྡན་རྩ་བའི་བླ་མ་ཡིས།།

ངོ་སྤྲོད་བཏབ་པའི་དུས་སུ་གང་ཟག་དེས།།

དོན་དམ་ཆོས་ཉིད་བདེན་པ་མཐོང་བའི་ཚེ།།

དེ་ལ་དགའ་བ་སྐྱེས་པ་ས་དང་པོ།།

རབ་ཏུ་དགའ་བའི་ས་དེ་ཐོབ་པའོ།།

དེ་རྣམས་ཐམས་ཅད་རང་གི་རིག་པའི་གདངས།།

རང་སྣང་ཡིན་པར་རང་ངོ་ཤེས་པ་ནི།།

གཉིས་པ་དྲི་མ་མེད་པའི་ས་ཐོབ་བོ།།

དེ་ནས་དེ་ལ་གོམས་པར་བྱེད་པ་ནི།།

གསུམ་པ་འོད་བྱེད་པ་ཡང་ཐོབ་པའོ།།

ཞེས་གསུངས་ཏེ། ཕྱི་ནང་གི་ས་ལམ་ཐམས་ཅད་དུས་གཅིག་ལ་ཆོད་པ་ཉི་ཟླའི་བགྲོད་པ་ལྟ་བུ་ཡིན་ནི་རེད། དེའི་ཕྱིར་ན་ཤིན་ཏུ་མྱུར་བའི་ལམ་ཞེས་བརྗོད་པ་རེད་མོད། བློ་ཆུང་བའི་རིགས་ཀྱིས་ས་ལམ་བགྲོད་མི་དགོས་པའི་འབྲས་བུ་ཞིག་ཇི་ལྟར་ཐོབ་པ་ཡིན་སྙམ་པའི་ཐེ་ཚོམ་བསལ་ཕྱིར་དུ། རྒྱུ་འབྲས་ཀྱི་ཐེག་པའི་ས་ལམ་བགྲོད་ཚུལ་བཤད་པའི་སྐབས་རིམ་ཅན་དུ་མ་བཤད་ཐབས་མེད་ཡིན་པས། ཚོགས་སྦྱོར་གྱི་ལམ་ཇི་ལྟར་བགྲོད་ཚུལ་དང་ནི་དེའི་སྤངས་རྟོགས་ཀྱི་ཡོན་ཏན་ལ་སོགས་པ་ཞིབ་པར་གསུངས་པ་དེ་ཀུན་མཁྱེན་ཡབ་སྲས་ཀྱི་གསུང་ལས་ངེས་པའི་རྨང་གཞིའི་སྟེང་དུ། དང་པོ་མཚན་ཉིད་ཀུན་ལྡན་གྱི་བླ་མས་དབང་བསྐུར་ཁྲིད་བཤད་མན་ངག་གདབ་པར་མཛད་པའི་བླ་མ་དེ་ཉིད་ཀྱིས་གསུངས་ན། སུམ་ལྡན་རྩ་བའི་བླ་མ་དེ་ཉིད་ཀྱིས་དབང་དང་ཁྲིད་ཀྱི་དུས་གང་ཡང་རུང་བར་ངོ་སྤྲོད་བཏབ་སྟེ་རང་ངོ་འཕྲོད་སོང་བའི་སྣོད་ལྡན་ལས་ཅན་གྱི་སློབ་བུ་དེས། དོན་དམ་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་མཐོང་དུས་དགའ་བ་ཚད་མེད་སྐྱེས་པ་རེད། དགའ་བ་ཚད་མེད་སྐྱེས་པ་དེ་ས་དང་པོ་རབ་ཏུ་དགའ་བ་ཡིན་གསུངས། ཆོས་ཉིད་མངོན་སུམ་སྔགས་ཀྱི་བདེན་མཐོང་ལ་ལྟ་བས་བསྟན་ཚོད་ཀྱིས་བཞག་པ་ཡིན་ཡང་། ཉམས་ལེན་གང་ཟག་གི་རྟོགས་ཚུལ་གྱིས་རང་ལུགས་ལ་དཔེའི་ཡེ་ཤེས་སུ་བཞེད་ནི་རེད། དེ་ཡིན་ན་དཔེའི་ཡེ་ཤེས་ཆུ་ཟླ་ལྟ་བུ་དེས་མཚོན་པའི་དོན་གྱི་ཡེ་ཤེས་གནམ་ཟླ་ལྟ་བུའི་བདེན་མཐོང་དངོས། ཉམས་སྣང་གོང་འཕེལ་ཡན་ཆད་ནས་འཇོག་དགོས། གཅིག་བྱེད་ན་མཐོང་ལམ་སྐད་ཅིག་བཅུ་དྲུག་གི་ཆར་ཕྱེ་བ་བཞིན། ཆོས་ཉིད་མངོན་སུམ་ཚད་དུ་ཕྱིན་ནས་མཐར་ཐུག་པའི་ཚེ་ན་བདེན་མཐོང་དངོས་ལ་འཇུག་པའི་གོ་དོན་ཡང་མེད་པ་ཞིག་མ་རེད་སྙམ། འདི་ཚོ་གནད་ལ་ཕིགས་པའི་གོ་བ་དཔེ་རྐྱང་བར་ལྟོས་པ་མ་ཡིན་པར་རང་ཉིད་ཀྱི་རྣམ་དཔྱོད་ཀྱིས་ཀྱང་ལེན་དགོས་པ་ཡིན། རིག་པའི་རང་གདངས་རང་སྣང་དྲི་བྲལ་དུ་ངོ་ཤེས་པ་ས་གཉིས་པ་དྲི་མ་མེད་པ་ཡིན། དེ་ལ་གོམས་པས་ཉམས་སྣང་རིམ་གྱིས་འཕེལ་བ་དེ་ས་གསུམ་པ་འོད་བྱེད་པ་དང་དེ་བཞིན་དུ།

དེ་ནས་དེ་ལ་གོམས་ནས་འོད་གསལ་གྱི།།

སྣང་བ་སྣ་ཚོགས་མཐོང་བ་དེ་ཉིད་དུས།།

བཞི་པ་འོད་འཕྲོའི་ས་ཡང་ཐོབ་པའོ།།

དེ་ནས་ཡེ་ཤེས་སྣང་བ་མཐོང་དེ་ལ།།

གོམས་ནས་ཉོན་མོངས་ཐམས་ཅད་རང་བཞིན་གྱིས།།

སྦྱངས་ནས་འོད་གསལ་རྒྱ་ཆེར་མཐོང་བ་ནི།།

ལྔ་པ་སྦྱངས་དཀའི་ས་ཡང་ཐོབ་པའོ།།

དེ་ནས་འོད་ལས་ཐལ་བའི་སྐུ་མཐོང་དུས།།

དྲུག་པ་མངོན་དུ་གྱུར་པའི་ས་ཐོབ་བོ།།

དེ་ནས་རབ་ཏུ་གོམས་པ་མཐར་ཕྱིན་ནས།།

ཉོན་མོངས་པ་ལས་རིང་དུ་སོང་བ་ནི།།

བདུན་པ་རིང་དུ་སོང་བའི་ས་ཐོབ་བོ།།

ཞེས་གསུངས་ནས་ནང་དུ་སྟོང་པའི་འོད་གསལ་གོམས་པ་དང་ལྷན་དུ་ཕྱི་རུ་སྣང་བའི་འོད་གསལ་གྱི་སྣང་བ་གོང་འཕེལ་དུ་འགྲོ་བར་སྣང་བ། ས་བཞི་བ་འོད་འཕྲོ་བ་དང་། དེ་ལ་གོམས་ནས་ཉོན་མོངས་ཡེ་ཤེས་སུ་དག་ཅིང་སྦྱངས་བ། ས་ལྔ་བ་སྦྱངས་དཀའ་བ་དང་། དེ་ནས་འོད་ལས་ཐལ་བ་ལུག་རྒྱུད་སྐུ་རུ་སྨིན་པའི་ཐོག་མའི་དུས་མགོ་ལྟ་བུ་ལ་དྲུག་པ་མངོན་དུ་གྱུར་པ་དང་། དེའི་མཐུས་ཉོན་སྒྲིབ་ཕལ་ཆེར་དག་སྟེ་ཉོན་མོངས་པ་ལས་རིང་དུ་སོང་བ། བདུན་པ་རིང་དུ་སོང་བ་གསུངས་པ་དང་། འདིའི་འོད་ལས་ཐལ་བའི་སྐུ་མཐོང་བ་ཉམས་གོང་འཕེལ་དང་ཚད་ཕེབས་གཉིས་ཀའི་མཚམས་མཐུད་ས་དེ་ནས་པད་འབྱུང་དང་བི་མའི་བཞེད་སྲོལ་ལ་བཤད་ཚུལ་གྱི་ཁྱད་པར་ཅུང་རེ་ཡོད་པ་ལྟར་དུ། མ་དག་ས་བདུན་གྱི་མཐའ་ལ་སྐུ་མཐོང་བའི་ཚད་ལ་ཐོན་པའི་ཚད་ཕེབས་དག་པ་ས་གསུམ་ལ་འཇོག་པ་ཡིན། པད་འབྱུང་དང་བི་མའི་བཞེད་སྲོལ་ལ་བཤད་ཚུལ་གྱིས་ཅུང་ཙམ་ཁྱད་ཡོད་པ་ལས་དོན་གྱིས་མི་གཅིག་རྒྱུ་མ་རེད་ཀྱང་མ་དག་ས་བདུན་གྱི་མཐའ་མ་ལ་སྐུ་མཐོང་བའི་ཚད་ལ་ཐོན་པའི་ཚད་ཕེབས་དག་སོང་བ་དེ་དག་པ་ས་གསུམ་ལ་འཇོག་གིན་ཡོད། སྣང་བ་དང་པོ་གཉིས་སྤྲུལ་སྐུའི་སྣང་བ་དག་དང་མ་དག་འདྲེས་མ། ཚད་ཕེབས་ལོངས་སྐུའི་སྣང་བ་དག་པ་འབའ་ཞིག་ཡིན་པ། ཆོས་ཟད་ཆོས་སྐུའི་སྣང་བ་ལ་བཞག་སྟེ་སྐུ་གསུམ་ལམ་སྣང་ལ་བཞག་དུས་ཆོས་ཟད་ས་བཅུའི་རྒྱུན་མཐའི་ཚད་ཕེབས་མཐར་ཐུག་གི་ཤེས་སྒྲིབ་ཕྲ་བ་བག་ཉལ་ཀུན་གཞིའི་ཆ་སྐར་མདའ་རྒྱུག་པ་འདྲ་བོ་ཡང་གཅོད་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་གོམས་པ་མཐར་ཕྱིན་པ་ལ་བཞག་ན། ནང་གསལ་ཕྲ་བའི་ཡེ་ཤེས་གཞོན་ནུ་བུམ་སྐུ་རུ་འཁྱིལ་བ་ཆོས་སྐུའི་དགོངས་པ་གཉིས་མེད་ནམ་མཁའ་ལྟ་བུ་སྐུ་དང་ཡེ་ཤེས་ཕྲིན་ལས་དང་བཅས་པ་ལྷུན་གྲུབ་ཏུ་འབྱུང་རུང་གནམ་སྟོང་གི་ཟླ་བའམ་ཤེལ་འོད་ནང་དུ་ཐིམ་པ་ལྟ་བུའི་དུས་རེད་སྙམ།

དེ་ནས་འོད་གསལ་གཡོ་བ་མེད་པ་ནི།།

བརྒྱད་པ་མི་གཡོ་བ་ཡི་ས་ཐོབ་བོ།།

དེ་ནས་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ནི།།

དགུ་པ་ལེགས་པའི་བློ་གྲོས་ས་ཐོབ་བོ།།

དེ་ནས་ཡེ་ཤེས་སྣང་བ་དེ་ཉིད་ལ།།

ཤེས་པ་ཟིན་ནས་སྣང་བ་ལྷུག་པར་ཤར།།

ཆོས་ཀྱི་སྤྲིན་ལྟར་མཐོང་བ་དེ་ཉིད་ནི།།

བཅུ་པ་ཆོས་ཀྱི་སྤྲིན་གྱི་ས་ཐོབ་བོ།།

ཕྱི་ཡི་ས་བཅུ་ཐོབ་ཚུལ་དེ་ཉིད་ནི།།

དོན་གྱིས་ཐོབ་ཕྱིར་དོད་ཐུབ་སྦྱར་བ་ཡིན།།

བྱང་ཆུབ་སེམས་དཔའི་ས་བཅུད་དངོས་མ་ཡིན།།

ཞེས་གསུངས་ཏེ། འོད་གསལ་གྱི་དགོངས་པ་གཡོ་མེད་དུ་བརྟན་པ་དེ་ས་བརྒྱད་པ་མི་གཡོ་བ་ཡིན། ཚོམ་བུ་ཡོངས་རྫོགས་ཀྱི་དཀྱིལ་འཁོར་ཆ་ཤས་གང་བར་སྣང་བ་དེ་དགུ་པ་ལེགས་པའི་བློ་གྲོས་ཡིན། སྣང་ཤེས་ཚད་ལ་ཕེབས་པའི་འོད་གསལ་གྱི་འཆར་སྣང་ཡོངས་སུ་རྫོགས་པ་དེ་བཅུ་པ་ཆོས་ཀྱི་སྤྲིན་དུ་འཇོག་ཆོག་རྒྱུའི་དོན་ཐོབ་ཀྱི་དོད་དུ་འདི་ནས་རགས་རིམ་གསུངས་པ་ཡིན་ན་བྱང་ཆུབ་སེམས་དཔའི་ས་བཅུ་དངོས་དང་སྦྱར་ན་ད་རུང་སྤངས་རྟོགས་ཀྱི་ཐད་ནས་ཕྲ་ཞིབ་ཀྱིས་མ་བཤད་ན་འདི་ཙམ་གྱིས་འཐུས་པ་མ་རེད། དེས་ན་དངོས་མ་ཡིན་གསུངས་རྒྱུའི་དོན་དེ་ལྟར་འགྲེལ་དགོས་སོ།།

༼༢ གཉིས་པ་ནང་གི་འབྲས་བུ་སྣང་བཞིའི་ས་བཅུ་དྲུག་རྫོགས་ཚུལ།

ནང་གི་ས་སྣང་བཞི་ཡིན། སྣང་བཞི་དེ་བཞི་བཞི་བཅུ་དྲུག་གིས་ཇི་ལྟར་རྫོགས་པ་འདི་ནས་མར་གསུང་ཀྱིན་ཡོད་རེད།

གཉིས་པ་ནང་གི་འབྲས་བུ་སྣང་བཞི་ཡི།།

བཅུ་དྲུག་ས་རྣམས་རྫོགས་པའི་རིམ་པ་ནི།།

ཞེས་གསུངས་ནས་མཚམས་སྦྱར་ཏེ།

ཆོས་ཉིད་མངོན་སུམ་སྣང་བ་མཆེད་པ་མིག།

ཉེ་བར་མཆེད་པ་མིག་གི་དེ་ཁོ་ན།།

ཉིད་དང་ཐོབ་པ་ལུག་རྒྱུད་མཐོང་བ་དང་།།

ཉེར་ཐོབ་དེ་ལ་གོམས་པ་རྙེད་པའོ།།

ཉམས་སྣང་གོང་འཕེལ་སྣང་བ་མཆེད་པ་འོད།།

ཉེ་བར་མཆེད་པ་ཐིག་ལེ་མཐོང་བ་དང་།།

ཐོབ་པ་ཁ་དོག་ལྔར་གསལ་ཉེར་ཐོབ་ནི།།

འགུལ་འཕྲིག་བྱེད་ཅིང་སྣ་ཚོགས་འཆར་བའོ།།

ཞེས་གསུངས་ཏེ། འདི་དག་སྣང་བ་བཞི་པོ་རེ་རེ་བཞིན་དུ་སྣང་བ་དང་མཆེད་པ། ཐོབ་པ། ཉེར་ཐོབ་བཞི་རེས་སྣང་བའི་སོ་མཚམས་ཀྱི་ས་བཅུ་དྲུག་ཏུ་ཕྱེས་ནས་གསུངས་ཚུལ་རེད། ཆོས་ཉིད་མངོན་སུམ་གྱི་ཚེ་ན་སྣང་གཞི་གང་ཡིན་ན་ཆོས་ཉིད་མངོན་སུམ་རེད། མིག་གམ་རྒྱང་ཞགས་ཆུའི་སྒྲོན་མས་སྒོ་ཕྱེ་དུས་དེ་ཁོ་ན་ཉིད་དེ་གང་ཡིན་ན་མཆེད་པ་རེད། ལུག་རྒྱུད་ལ་མཚམས་རེར་འོད་དང་ཐིག་ལེའི་སྒྲ་ཡང་འཇུག་པ་ཡིན་ན་དེ་མཐོང་བ་དེ་ཐོབ་པ། དེ་ལ་གོམས་པ་རྙེད་པ་དེ་ཉེར་ཐོབ། ཉམས་གོང་འཕེལ་གྱི་སྣང་མཆེད་ཐོབ་པ་ཉེར་ཐོབ་རྣམས་འོད་དང་ཐིག་ལེ་ཁ་དོག་སྣ་ཚོགས་སུ་གསལ་ཞིང་འོད་ཟེར་འབར་བ་རྣམས་ལ་བཞག

ཚད་ཕེབས་སྣང་བ་མཆེད་པ་སྐུ་རྐྱང་དང་།།

ཉེ་བར་མཆེད་པ་ཡབ་ཡུམ་ཟུང་འབྲེལ་དང་།

ཐོབ་པ་ཚོམ་བུ་ལྔ་ལྔར་གསལ་བ་དང་།།

ཉེ་བར་ཐོབ་པ་དཀྱིལ་འཁོར་རྫོགས་པའོ།།

ཆོས་ཉིད་ཟད་པའི་སྣང་བ་མཆེད་པ་ནི།།

འོད་གསལ་སྐུ་དང་ཡེ་ཤེས་མི་གནས་ཤིང་།།

ཉེ་བར་མཆེད་པ་སྟོང་པ་གཏད་པ་མེད།།

ཐོབ་པ་བརྗོད་དུ་མེད་ཅིང་ཉེར་ཐོབ་ནི།།

བལྟར་མེད་ཆོས་ཉིད་གང་དུའང་མ་གྲུབ་བོ།།

ཞེས་གསུངས་ཏེ། རིག་པ་ཚད་ཕེབས་ཀྱི་བཞི་བོ་དེ་གང་ཡིན་ན། རིགས་ལྔ་སོ་སོའི་སྐུ་རྐྱང་འཆར་བ་དང་ནི་ཡབ་ཡུམ་ཟུང་འབྲེལ་དུ་སྣང་བ། དེ་ནས་ཚོམ་བུ་སོ་སོར་ཤར་ཡོང་བ་དང་། དཀྱིལ་འཁོར་ཡོངས་སུ་རྫོགས་པར་འཇོག་པ་དང་། དེ་བཞི་བོ་དེ་ཆོས་ཟད་སྐབས་སུ་སྐུ་དང་ཡེ་ཤེས་ཙམ་ལའང་མི་གནས་པ་དང་། གཏད་མེད། བརྗོད་མེད། བལྟར་མེད་པའི་ཆོས་ཉིད་གང་དུའང་མ་གྲུབ་པའི་གནས་ལུགས་མཐོང་བ་གཤིས་ཀྱི་བཞུགས་ཚུལ་ངོ་མ་དང་སྦྱར་ནས་གསུངས་པ་རེད།

དེ་ལྟར་སྣང་བཞི་ས་ནི་བཅུ་དྲུག་པོ།།

རྫོགས་ནས་ཀ་དག་ས་ལ་གཤེགས་པ་ནི།།

མགོན་པོ་རྗོ་རྗེ་འཆང་གི་ས་ཞེས་བྱ།།

ས་འདི་རྣམས་ཀྱང་རྩ་བ་རིག་པ་ཡི།།

འོད་གསལ་སྦྱངས་བགྲོད་མེད་པའི་ས་གཅིག་གིས།།

སྣང་ཆ་གཅིག་ལས་སོ་སོར་དབྱེ་བ་ཡིན།།

དོན་ལ་རིག་པའི་ས་གཅིག་འདི་ཡིན་གྱི།།

སངས་རྒྱས་རྡོ་རྗེ་འཆང་ཆེན་ཐོབ་པ་ལ།།

རྒྱུ་ཡི་ས་ནི་སྒོས་སུ་སྦྱང་མི་དགོས།།

ཐེག་པ་ཐུན་མོང་པ་ལྟར་རྒྱུ་འབྲས་ཀྱི།།

རིམ་པས་ས་རེ་ཐོབ་པའི་ཚུལ་ཉིད་དང་།།

གསང་སྔགས་ཕྱི་ནང་ཇི་བཞིན་བསྐྱེད་རྫོགས་ཀྱིས།།

རྩོལ་སྒྲུབ་བྱས་པས་ས་ཐོབ་ལྟ་བུ་ཡི།།

འདི་ལ་སྦྱངས་ཤིང་བགྲོད་དུ་མེད་པ་སྟེ།།

དོན་ལ་རང་རིག་རྣམ་དག་ས་གཅིག་ལ།།

ཐེག་པ་ཀུན་འདུས་ས་ལམ་རྫོགས་པའོ།།

ཞེས་གསུངས་ཏེ། དེ་ལྟར་སྣང་བ་རྣམ་བཞི་དེར། སྣང་བ་བཅུ་དྲུག་ཏུ་ཕྱེ་བ་ཉིད་ཇི་བཞིན་མངོན་དུ་གྱུར་ཏེ་ངེས་པར་རྟོགས་ཤིང་རྫོགས་པའི་གང་ཟག་དེས་རང་རྒྱུད་ཡེ་ཤེས་སུ་སྨིན་པའི་མགོན་པོ་རྡོ་རྗེ་འཆང་གི་ས་ནོན་པ་ཡིན། དེ་ལྟ་བུའི་གང་ཟག་དེས། སའི་རྣམ་གྲངས་འདི་ལྟར་དུ་བཤད་ཀྱང་རྩ་བ་ངོ་མ་རིག་པ་ཡེ་ནས་འགྱུར་མེད་ཀྱི་འོད་གསལ་སྦྱང་བགྲོད་མེད་པའི་ས་གཅིག་པོ་དེ་ལས་སྣང་ཆའི་ལྡོག་པ་ནས་སོ་སོར་ཕྱེ་བ་ཙམ་ཡིན། དོན་ལ་རིག་པའི་དེ་ཉིད་དང་དེའི་ངོ་བོ་མངོན་དུ་གྱུར་པ་ལ་རྡོ་རྗེ་འཆང་ཆེན་ཐོབ་ཅེས་བརྗོད་པ་ཡིན། རྒྱུ་ཡི་ས་བཅུ་ལོགས་སུ་ཐོབ་འདུག་མི་དགོས་པར་རང་ཤུགས་ཀྱིས་ཐོབ་པ། དཔེར་ན་བྲེ་གསུམ་གྱི་ནང་དུ་བྲེ་དོ་ཤོང་པ་བཞིན་ཡིན་གསུངས་ཡོད། དེས་ན་རྒྱུའི་ཐེག་པ་ལྟར་གྱི་རྒྱུ་འབྲས་ཀྱི་རིམ་པས་ས་ཐོབ་ཚུལ་ཞིག་དང་། སྔགས་ཕྱི་ནང་གི་ཐེག་པ་འོག་མ་རྣམས་བཞིན་དུ་བསྐྱེད་རྫོགས་རྩོལ་སྒྲུབ་ཅན་གྱིས་སྦྱང་བགྲོད་མཚན་མ་ཅན་གྱི་ས་ཞིག་འདི་ལ་གཞན་ནས་བགྲོད་རྒྱུ་མེད། ས་ལམ་བརྩི་བའི་ངལ་བ་ཐང་རེ་ཆད་གསུངས་པ་ལྟར་དུ་དོན་ལ་རང་རིག་རྣམ་དག་གི་ས་གཅིག་པུ་དེ་ལ་ཐེག་པ་ཀུན་འདུས་པས་མི་ཚད་ས་ལམ་ཐམས་ཅད་རྫོགས་པ་ཡིན་གསུངས་པ་རེད། ད་དུང་བཅུ་གཅིག་ཀུན་ཏུ་འོད། བཅུ་གཉིས་མ་ཆགས་པདྨ་ཅན། བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས། བཅུ་བཞི་ཏིང་འཛིན་ཆེན་པོའི་ས། བཅོ་ལྔ་རྡོ་རྗེ་འཛིན་པའི་ས། བཅུ་དྲུག་ཡེ་ཤེས་བླ་མའི་སའི་བར་དུ་གསུངས་རྒྱུ་ཡོད་ཀྱང་། འདི་རྣམས་ཀྱང་རིམ་བགྲོད་ཀྱི་ས་ཞིག་ཐ་དད་པར་ཡོད་པའི་གོ་དོན་ཅན་མ་རེད། གོང་ནས་གསུངས་པ་བཞིན་དོན་ལ་རིག་པའི་ས་གཅིག་པོར་ནང་གསལ་སྐུ་གསུམ་གྱི་ལྡོག་ཆ་ནས་སོ་སོར་ཕྱེས་པ་ཉིད་ཡིན་གསུངས་པ་རེད། དེས་ཞར་བྱུང་སྣང་བཞིའི་ས་ལམ་བགྲོད་ཚུལ་དང་བཅས་པ་བསྟན་ནས། འདི་ནས་མཐར་ཕྱིན་འབྲས་བུའི་རྣམ་བཞག་གསུངས་པ་ནི།

༼༣ གསུམ་པ་མཐར་ཐུག་དོན་གྱི་འབྲས་བུ་འཐོབ་ཚུལ།

ཨེ་མ་ཧོ།

མཐར་ཐུག་དོན་གྱི་འབྲས་བུ་འཐོབ་ཚུལ་ནི།།

ཞེས་མཚམས་སྦྱར་ཏེ།

སྣང་བཞི་གོང་མ་གཉིས་ཀྱི་སྤྲུལ་སྐུ་དང་།།

ཚད་ཕེབས་ལོངས་སྐུ་ཟད་པའི་ཆོས་སྐུ་ཡི།།

སྣང་བ་མཐོང་ནས་སླར་ཡང་ནང་དབྱིངས་སུ།།

ཤེལ་འོད་ནང་དུ་ནུབ་ལྟར་ཐིམ་ནས་ཀྱང་།།

སྐུ་གསུམ་ཡེ་ཤེས་འདུ་འབྲལ་མེད་པར་བཞུགས།།

སླར་ཡང་ཆོས་སྐུའི་དབྱིངས་ལས་མ་གཡོས་བཞིན།།

གཟུགས་སྐུ་གཉིས་ཀྱིས་གང་ལ་གང་འདུལ་གྱིས།།

འགྲོ་བའི་དོན་ནི་འཁོར་བ་མ་སྟོངས་བར།།

བུམ་བཟང་དཔག་བསམ་ཤིང་དང་ནོར་བུ་ལྟར།།

རྟག་པར་རྒྱུན་མི་འཆད་པར་མཛད་པའོ།།

ཞེས་གསུངས་ཏེ། སྣང་བ་གོང་མ་ཆོས་ཉིད་མངོན་སུམ་དང་ཉམས་གོང་འཕེལ་གཉིས་ཀ་སྤྲུལ་སྐུའི་སྣང་བ་དང་། ཚད་ཕེབས་ལོངས་སྐུ། ཆོས་ཟད་ཆོས་སྐུའི་སྣང་བར་གསུངས་པ་འདི་དག་སྐུ་གསུམ་ལམ་སྣང་དུ་འཆར་བའི་ཐུན་མིན་གྱི་བཞེད་པ་ཡིན། འོ་ན་སྐུ་གསུམ་ལམ་སྣང་ཡིན་དུས་འབྲས་བུ་དེ་གང་ཡིན་ཞེ་ན། སླར་ནང་དབྱིངས་སུ་དཔེ་ཤེལ་འོད་ནང་དུ་ནུབ་པ་ལྟར་དུ་ཐིམ་གསུངས་དུས་ཐིམ་ས་དེ་གང་རེད་ཅེ་ན། ཀ་དག་གི་ནང་དབྱིངས་སུ་ཐིམ་སྟེ་དེ་དུས་རིག་པའི་རང་ས་ཟིན་སོང་བས་རྒྱལ་བ་འོད་མི་འགྱུར་བའི་སངས་རྒྱས་སམ་སྟོན་པ་ཀུན་ཏུ་བཟང་པོར་གྱུར་སོང་བ་ཡིན། དབང་པོ་རྣོ་རྟུལ་འབྲིང་གསུམ་གང་ཡིན་ཡང་གྲོལ་བའི་སྐབས་སུ་འབྲས་བུ་ལ་ཁྱད་པར་ཡོད་པ་མ་རེད། དུས་གསུམ་སངས་རྒྱས་ཐམས་ཅད་ངོ་མཉམ་ཐ་དད་མེད་པའི་རང་བཞིན་ཐིག་ལེ་ཉག་གཅིག་ཏུ་སངས་རྒྱས་པ་རེད། དེ་ལྟ་བུའི་གྲོལ་སའི་ཀ་དག་གི་རང་ངོ་ལ་ཡོད་མེད་སོགས་ཀྱི་མཐའ་དང་བྲལ་བས་ན་སྐུ་དང་ཡེ་ཤེས་ལ་སོགས་པའི་སྣང་བ་ཡོད་མེད་གཉིས་ཀའི་མཐའ་ལས་འདས་པ་རེད། འོན་ཀྱང་ཤེལ་རང་ངོ་ལ་འོད་དང་ཁ་དོག་མ་གྲུབ་ཀྱང་དེའི་ངང་ནས་འོད་ལྔའི་འཆར་གཞི་མ་འགག་པ་ལྟ་བུ་ཡིན་གསུངས། རིག་པ་དབྱིངས་སུ་འཁྱིལ་བའི་གནས་ལུགས་ངོ་མ་བོའི་རང་བཞིན་དེ་ཇི་ལྟར་ཡིན་ཞེ་ན། འབྱུང་བ་མ་ལ་ཞ་བ། ཡེ་ཤེས་དབྱིངས་སུ་ཐིམ་པ། ཤེས་རབ་མཁའ་ལ་འདེགས་པ། འོད་གསལ་དབྱིངས་སུ་འཁྱིལ་བ་དང་། རིག་པའི་རང་ས་ཟིན་པ་དང་ལྔས་བསྟན་པ་དེ་ཞིབ་པར་ཀུན་མཁྱེན་ཡབ་སྲས་ཀྱི་གཞུང་ལས་མཁྱེན་དགོས་པ་ཡིན། དེ་ལྟ་བུའི་དགོངས་ཀློང་ཆོས་ཉིད་ཀྱི་དབྱིངས་སུ་འཁྱིལ་སོང་དུས་ངོ་བོ་སྟོང་པ་ལྟར་དུ་གཞལ་ན་ཀ་དག་ནམ་མཁའ་ལྟ་བུ་གང་དུའང་མ་གྲུབ་པས་ན་མཐའ་བྲལ་རྫོགས་པ་ཆེན་པོ་ཆོས་སྐུའི་ཀློང་ཡིན། རྣམ་པ་གསལ་བ་ལྟར་ཏུ་གཞལ་ཡོང་ན་ནང་གསལ་ལྷུན་གྲུབ་ཀྱི་ཡེ་ཤེས་མི་ཟད་རྒྱན་བཀོད་ཀྱི་འབྱུང་གནས་ལ་ཟབ་ཅིང་ཆ་ཕྲ་བའི་གཏིང་གསལ་དུ་བཞུགས་པ་ཡིན། དེའི་ཕྱིར་ན་ཆུ་སྣོད་ཟླ་གཟུགས་ཀྱི་དཔེ་ལྟར་ཆོས་སྐུའི་དབྱིངས་དེ་ལས་མ་གཡོས་བཞིན་དུ་ཕྱི་གསལ་གཟུགས་སྐུ་གཉིས་ཀྱིས་གང་ལ་གང་འདུལ་གྱི་འགྲོ་དོན་འཁོར་བ་མ་སྟོངས་ནམ་མཁའ་མ་ཞིག་གི་བར་དུ། བུམ་བཟང་དཔག་བསམ་ཤིང་དང་ཡིད་བཞིན་གྱི་ནོར་བུ་ལྟར་ཏུ་རྟག་ཁྱབ་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་ཆད་པར་མཛད་པ་ཡིན་ཞེས་དེ་ལྟ་བུའི་གོ་དོན་རེད། འདིའི་སྐབས་སུ་སྐུ་གསུམ་ལམ་སྣང་ཡིན་པ་དང་སྐུ་གསུམ་འབྲས་བུ་ཡང་ཡིན་པ་འདི་དེ་ཙམ་གོ་མི་བདེ་བར་འདུག་སྙམ་ན། ལམ་སྣང་ཡིན་པ་དང་འབྲས་བུ་ཡིན་པ་འགལ་བ་ཅན་མ་རེད། སྤྱིར་དག་བྱའི་རྒྱུ་འབྲས་ལ་བཤད་པ་རེད་མ་གཏོགས་ལྷུན་གྲུབ་རྒྱུ་རྐྱེན་གྱིས་བསྐྱེད་ནས་ཐོབ་པ་ཞིག་སྲིད་པ་མ་རེད། རང་ཉིད་སྒྲུབ་པའི་ལམ་ན་ཡོད་དུས་ཀྱི་འབྲས་བུའི་སྔོན་རོལ་དུ་སྣང་གིན་ཡོད་པ་རེད། སྐུ་གསུམ་གྱི་ལམ་སྣང་སྣང་བཞི་རིམ་པས་བགྲོད་དེ་ལྷུན་གྲུབ་འབྲས་བུའི་སྦུབས་ཀ་དག་གི་ནང་དབྱིངས་སུ་སངས་རྒྱས་སོང་བ་རེད། སངས་རྒྱས་ཚར་ནས་གདུལ་བྱའི་སེམས་ཅན་གྱི་འགྲོ་དོན་མཛད་པའི་སྐབས་སུ་སྐུ་མངོན་པར་སྣང་ནས་དོན་མཛད་དགོས་པས་དེ་ཡང་ལམ་སྣང་ཡིན། དཔེ་སླ་མོ་ཞིག་གིས་འདིའི་སྟེང་བཤད་ན། ཀུན་མཁྱེན་ཆེན་པོའི་གསུངས་ཡོད་རེད། ལྷུན་གྲུབ་ཀྱི་སྦུབས་ཀ་དག་ཆེན་པོ་དེ་དོན་གྱི་འབྲས་བུ་ཁང་བ་འདྲ་ཞིག་ཡིན་པའི་དབང་དུ་བཏང་ན། དེའི་ནང་དུ་ཡར་འཛུལ་དུས་ལམ་རེད་ལ་ཕྱིར་མར་ལ་འབུད་དུས་ཀྱང་ལམ་རེད་མོ། དེ་ན་དེ་གཉིས་གཅིག་ཨེ་རེད་ཟེར་ན། ཕྱི་མ་འདི་མི་སློབ་པའི་ལམ་སྣང་ཡིན་པའི་ཁྱད་པར་འབྱེད་དགོས་གསུངས་པ་རེད། འོན་ཀྱང་ལམ་སྣང་ཡིན་པ་དང་འབྲས་བུ་ཡིན་པ་མི་འགལ་བའི་འབྲེལ་བ་དེ་ཇི་ལྟར་གྲུབ་ན། དེ་གོང་དུ་བཤད་པ་ལྟར་ཡིན། དེ་ཡན་ཆོད་ཀྱིས་འདིའི་བར་དུ་དགེ་བ་ཆ་ཚང་སོང་གྲུབ་ནས།

༼ག༽ གསུམ་པ་ཐ་མར་དགེ་བ་མཇུག་གི་དོན།

གསུམ་པ་ཐ་མར་དགེ་བ་འདིའི་དགོས་པ་རྒྱུ་མཚན་དུ་བྱས་པའི་མཛད་བྱང་དང་ནི་སྨོན་ལམ་གྱིས་མཐའ་བརྒྱན་པ་ལས།

༡༽ དང་པོ་དགོས་པ་རྒྱུ་མཚན་དུ་བྱས་པའི་མཛད་བྱང་།།

ཐེག་མཆོག་རྒྱལ་པོ་འོད་གསལ་ཐོད་རྒལ་གྱི།།

ཤིན་ཏུ་རྟོགས་པར་དཀའ་བའི་གནད་འགགས་རྣམས།།

འོད་གསལ་རྫོགས་པ་ཆེན་པོའི་རྣལ་འབྱོར་པ།།

བྱ་བཏང་ཚོགས་དྲུག་རང་གྲོལ་ཞེས་བྱ་ངས།།

བསྟན་དང་འགྲོ་ལ་ཕན་ཕྱིར་བཤད་པ་ཡིན།།

ཞེས་གསུངས་ཏེ། གང་ཞིག་གང་གི་དོན་དུ་མཛད་པ་པོ་སུས་ཇི་ལྟར་བརྩམས་པའི་ཚུལ་དེས་བསྟན་ཏེ།

༢༽ གཉིས་པ་སྨོན་ལམ་གྱིས་མཐའ་བརྒྱན་པ།

གཉིས་པ་སྨོན་ལམ་ལ་ངེས་གསང་སྙིང་པོའི་བསྟན་པ་བྱེ་བྲག་ཏུ་འཕེལ་བ་དང་ནི་རྒྱལ་བའི་བསྟན་པ་ཡོངས་རྫོགས་སྒོ་ཀུན་ནས་དར་བའི་སྨོན་ལམ་དང་རྣམ་པ་གཉིས་ལས་དང་པོ་ནི།

༡ ངེས་གསང་སྙིང་པོའི་བསྟན་པ་བྱེ་བྲག་ཏུ་འཕེལ་བར་སྨོན་པ།

འདི་ཡིས་སྙིང་པོའི་བསྟན་པ་ལ་ཕན་ནས།།

རི་སུལ་འཁྲུལ་ཞིག་བྱ་བྲལ་གྱིས་ཁེངས་ཤིང་།།

སྐྲ་སེན་སྙིགས་མའི་ལྷག་མར་བཞག་ནས་ཀྱང་།།

དགའ་རབ་འཇམ་དཔལ་བཤེས་གཉེན་ལྟར་འགྱུར་ཤོག།

ཅེས་སྨོན་ནས། གཉིས་པ་ནི།

༢ རྒྱལ་བའི་བསྟན་པ་ཡོངས་རྫོགས་སྒོ་ཀུན་ནས་དར་བར་སྨོན་པ།

རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང་།།

བསྟན་འཛིན་ཚོགས་ཀྱི་ཞབས་པད་བརྟན་པ་དང་།།

འགྲོ་ཀུན་ལམ་བཟང་འདི་ཡི་སྒོར་ཞུགས་ནས།།

སྐུ་གསུམ་དགོངས་པ་མྱུར་དུ་མངོན་གྱུར་ཤོག།།

ཅེས་སོ།།

༣༽ གསུམ་པ་ཇི་ལྟར་བརྩམས་པའི་ཚུལ་ཞིབ་པར་བསྟན་པའི་མཛད་བྱང་།

ཇི་ལྟར་བརྩམས་པའི་ཚུལ་ཞིབ་པར་སླར་ཡང་འདི་ནས་བྱུང་རིམ་དང་བཅས་ཚིག་ལྷུབ་མཛད་བྱང་ངོ་མར་བཀོད་པས་བསྟན་པ་ནི།

ཅེས་འོད་གསལ་རྫོགས་པ་ཆེན་པོའི་ལྷུན་གྲུབ་ཐོད་རྒལ་གྱི་གླུ་དབྱངས་ཏིང་འཛིན་སྒོ་འཕར་བརྒྱ་ཕྲག་ཅིག་ཅར་འབྱེད་པའི་ལྡེའུ་མིག་ཅེས་བྱ་བ་འདི་ནི། དད་གཏོང་ཚུལ་ཁྲིམས་ནོར་གྱིས་ཕྱུག་ཅིང་ཟབ་ལམ་འདི་ལ་ཤིན་ཏུ་མོས་པའི་དད་ལྡན་གྱི་སློབ་མ་མང་པོས་བསྐུལ་ངོར། ཀུན་མཁྱེན་ཆེན་པོའི་མཛོད་བདུན་དང་ཟབ་དོན་རྒྱ་མཚོའི་སྤྲིན་ཕུང་། རྫོགས་ཆེན་མཁའ་འགྲོ་སྙིང་ཐིག མཁྱེན་བརྩེ་རིན་པོ་ཆེས་མཛད་པའི་ཡོན་ཏན་མཛོད་དང་། རྫོགས་ཆེན་ཡེ་ཤེས་བླ་མ། རྒྱལ་དབང་ལྔ་པ་རིན་པོ་ཆེས་མཛད་པའི་རྫོགས་ཆེན་རིག་འཛིན་ཞལ་ལུང་། རྫོགས་ཆེན་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག འོལ་ཁ་རིན་པོ་ཆེའི་གསུང་གི་རྫོགས་ཆེན། ཉི་གྲགས་རྫོགས་ཆེན། རྫོགས་ཆེན་ཀུན་བཟང་སྙིང་ཐིག རྫོགས་ཆེན་ཀུན་བཟང་ཐུགས་ཀྱི་སྙིང་བྱང་། རྫོགས་ཆེན་ཨ་ཏི་ཟབ་དོན། རྫོགས་ཆེན་ཡང་ཟབ་ཤེལ་གྱི་མེ་ལོང་ལ་སོགས་པའི་རྫོགས་ཆེན་དུ་མའི་ཐོད་རྒལ་གྱི་གདམས་པ་རྣམས་ལ་གཞི་བྱས། མཚན་ལྡན་གྱི་བླ་མ་མང་པོའི་ཞལ་ཤེས་དང་། རང་ལ་ཉམས་མྱོང་ཅུང་ཟད་ཡོད་པ་རྣམས་ཀྱིས་ཟུར་བརྒྱན་ཏེ་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་བྱ་བཏང་༧ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །འདིས་ཀྱང་རྒྱལ་བས་བསྔགས་པའི་ལམ་བཟང་རྡོ་རྗེ་ཐེག་པའི་བསྟན་པ་ཕྱོགས་རྣམས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་སྐལ་ལྡན་གདུལ་བྱ་མང་པོ་ལ་ཕན་པ་དཔག་ཏུ་མེད་པ་ཐོགས་པར་གྱུར་ཅིག སརྦ་མངྒ་ལཾ། །དེ་ལྟར་བཀྲ་ཤིས་ཀུན་ཏུ་དགེ་བའི་ཚིག་གིས་མཐའ་བརྒྱན་ཏེ་ཐེངས་འདིའི་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གྱི་གདམས་པ་གཉིས་ཀ་ཞིབ་ཁྲིད་ཁྲིད་སྦྱང་དང་བཅས་པ་གེགས་མེད་ལྷུན་གྲུབ་ཀྱིས་རྣམ་པར་རྒྱལ་བའི་ངང་ནས་ཡོངས་སུ་རྫོགས་པ་རེད། རྫོགས་ཟེར་རྒྱུ་འདི་ཚར་སོང་བའི་དོན་མ་རེད། རྫོགས་ཟེར་རྒྱུ་འདི་ཡོངས་སུ་ཚང་བ། མ་ཚང་བ་གཅིག་ཀྱང་མེད་པ་ཐམས་ཅད་ཡོངས་སུ་ཆ་ཚང་བའི་རྟེན་འབྲེལ་བཟང་པོའི་བརྡ་ཆད་ཅིག་རེད། དེ་ཡན་ཆོད་ཀྱིས་ཐེངས་འདིའི་ཆོས་ཁྲིད་ཡོངས་སུ་གྲུབ་སྟེ། མཚམས་འདི་ནས་དགེ་བ་རྫོགས་པའི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བ་དང་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་ཏེ་གནས་དུས་དགེ་བའི་ཤིས་བརྗོད་ཀྱིས་མཐའ་བརྒྱན་ས་ལ་ཐུག་སོང་བ་རེད། ད་རེས་མདོ་སྨད་ཨ་མདོའི་ཡུལ་གྱི་དགུ་འདུས་པད་མོ་རོང་། དགུ་རོང་ཡབ་སྲས་ཀྱི་གདན་སའི་གནས་འདིར་རང་རེ་འཛོམས་ཏེ་འོད་གསལ་རྫོགས་པ་ཆེན་པོའི་ཀ་དག་ཁྲེགས་ཆོད་དང་ནི་ལྷུན་གྲུབ་ཐོད་རྒལ་གྱི་ཟབ་ཆོས་གདམས་པ་འཆད་ཁྲིད་བྱས་པ་ཡིན་ན། འདི་བཞིན་དུ་མི་མཇེད་འཇིག་རྟེན་གྱི་ཁམས་ཀྱི་འཛམ་གླིང་བྱེ་བ་ཕྲག་བརྒྱ་ནས། ང་པདྨ་སྐལ་བཟང་བྱེ་བ་ཕྲག་བརྒྱ་དང་ཁྱེད་སྐལ་ལྡན་འདུས་པའི་མཆེད་ལྕམ་བྱེ་བ་ཕྲག་བརྒྱ་ཡིས་འདི་ལྟར་ཆོས་ལ་མཉམ་དུ་སྤྱོད་པ་ནས། སྤྲུལ་སྐུའི་ཞིང་ཁམས་མཐའ་ཡས་ཞིང་རྡུལ་དང་མཉམ་པ་ནས་འདི་བཞིན་འོད་གསལ་རྫོགས་པ་ཆེན་པོའི་ཆོས་སྒྲ་རྒྱུན་མི་འཆད་པར་བསྒྲགས་ཏེ། དེ་ལས་ཀྱང་མང་བའི་སྐལ་ལྡན་གྱི་གདུལ་བྱ་བགྲང་ལས་འདས་པ་ཞིག་རིག་འཛིན་རྣམ་བཞིའི་མྱུར་ལམ་ནས་མ་བསྒོམས་མངོན་སངས་རྒྱ་བའི་མྱུར་ལམ་ཟིན་རྒྱུའི་རྟེན་འབྲེལ་གྱི་ཆེ་བ་ཡོད་པ་རེད། རྟེན་འབྲེལ་གྱི་སྙིང་པོ་བདེན་ཚིག་སྨོན་ལམ་གྱིས་མཚམས་སྦྱར་དགོས་པ་ཡིན་ན། ཀུན་རྫོབ་ཆོས་ཅན་རྟེན་འབྲེལ་བསླུ་མེད་ཀྱི་མཐུ་དེ་དོན་དམ་ཆོས་ཉིད་རང་བཞིན་གྱིས་དག་པའི་བདེན་པས་འགྲུབ་པ་རེད། དོ་ཞག་དང་པོ་འུ་ཅག་མང་ཆེ་བ་དེ་སྔོན་ཐུག་མ་མྱོང་བའི་མ་འདྲིས་ཆོས་མཐུན་གྱི་གྲོགས་པོ་མཉམ་གཅིག་གིས་གནས་འདིར་འཚོགས་པ་ཡིན་ན། གསང་ཆེན་རྫོགས་པ་ཆེན་པོའི་མན་ངག་གདམས་ཁྲིད་ཟབ་མོ་ལ་འཆད་ཁྲིད་ཉམས་ལེན་གྱིས་ཆོས་ཀྱི་གྲུ་ཆེན་པོ་ལ་འདི་ལྟར་མཉམ་དུ་ཞུགས་ཏེ། ཕ་གཅིག་སྤུན་ལས་ལྷག་པའི་ཆོས་དམ་ཚིག་གཅིག་པའི་མཆེད་གྲོགས་སུ་འབྲེལ་བ་ཡིན་ན། དུས་ཚོད་ཟེར་བའི་རང་རེའི་མི་ཚེ་དང་མཉམ་དུ་སྐད་ཅིག་ཀྱང་མི་སྡོད་པར་མདུན་ཕྱོགས་སུ་འཁོར་གྱིན་ཡོད་པ་འདི་འགྲོ་མགྱོགས་པོ་རེད། དེའི་ཚེ་ལ་ཟླ་བ་གཅིག་གི་དུས་ཡུན་འདས་པའི་ཕྱོགས་སུ་སོང་ནས། ཉི་མ་དེ་རིང་ནས་ད་ཞག་མཉམ་དུ་འཚོགས་ནས་ཆོས་ཀྱི་དགའ་སྟོན་ལ་མཉམ་དུ་སྤྱོད་པ་དེ། འདས་དོན་རྗེས་དྲན་གྱི་ཡུལ་དུ་འགྲོ་ཚར་བ་རེད། ཡུན་རིང་སོང་ཞིང་སོང་ན་འདི་ལོ་རྒྱུས་ཀྱི་སྣང་བརྙན་གསལ་ལ་མི་གསལ་བ་ཞིག་ཏུ་འགྱུར་རྒྱུ་ཡིན། ཡང་གཅིག་བྱས་ན་དུས་རྒྱུན་གྱི་མི་ཚེའི་བྱ་བཞག་གར་སོང་རྗེས་མེད་དང་མི་འདྲ་བར། འདི་ཆོས་འབྱུང་ལོ་རྒྱུས་ཀྱི་མཚོན་རྟགས་བོད་བསྟན་པ་ཡང་དར་གྱི་སྐབས་ཀྱི་དུས་རབས་ཉེར་གཅིག་པའི་ནང་གི་དེབ་ཐེར་ལེ་ཚན་གསར་བའི་ཟིན་ཐོ་ཞིག་ཏུ་འགྱུར་ནའང་ཐང་། གང་ལྟར་འགྱུར་ཅིང་འགྲོ་བ་འཇིག་རྟེན་གྱི་ཆོས་ཉིད་ཡིན་ན། རྒྱལ་བ་ཀློང་ཆེན་པས། བཟང་པོའི་བླ་མ་འདི་དང་དུས་རྟག་ཏུ། །མི་འབྲལ་འགྲོགས་པར་འདོད་ཀྱང་འབྲལ་བར་ངེས། །བཟའ་ཚང་གཉེན་འབྲེལ་འདི་དང་དུས་རྟག་ཏུ། །མི་འབྲལ་འགྲོགས་པར་འདོད་ཀྱང་འབྲལ་བར་ངེས། །ཞེས་གསུངས་ན། ང་རང་བཟང་པོའི་བླ་མ་ཡིན་ནི་མ་རེད་ད། ཁྱེད་རྣམ་པ་ལས་སྨོན་གཅིག་མཐུན་གྱི་ཆོས་གྲོགས་བཟང་པོ་ཡིན་པའི་སྟབས་ཀྱིས་འདིའི་འདོན་པ་འདི་ཚུར་ཞལ་བསྒྱུར་ཏེ་ཚིག་རྐང་གཉིས་མཐུད་ཁུལ་བྱས་ན། བཟང་པོའི་མཆེད་ལྕམ་དག་དང་ལྷན་གཅིག་ཏུ། །མི་འབྲལ་འགྲོགས་པར་འདོད་ཀྱང་འབྲལ་བར་ངེས། །ཟེར་རྒྱུ་ཅན་པོ་ཡིན་ནི་རེད། ད་ལྟའི་དུས་ཚོད་སྐར་མ་ཁ་ཤས་ཀྱིས་རང་རེ་འདི་བཞིན་འཛོམས་པ་དེ་འདུས་པའི་ཐ་མ་འབྲལ་བ་དང་མཚུངས་པར། དགོན་སྡེ་གཅིག་གི་བླ་གྲྭ། ཡུལ་སྡེ་གཅིག་གི་ཁྱིམ་མཚེས། ཁྱིམ་བཟའ་ཚང་གཅིག་ལ་ལས་ཀྱིས་བསྐོས་སོང་བའི་ཕ་མ་སྤུན་མཆེད་ཡིན་ཡང་འདུས་པ་ཡིན་པས་འབྲལ་བའི་ཆོས། སྐྱེས་པ་ཡིན་པས་འཆི་བའི་རང་བཞིན། ཀུན་མཁྱེན་ཆོས་རྗེས། གྲོགས་དག་ཚེ་ནི་སྟོན་ཁའི་སྤྲིན་ལྟར་གཡོ། །བསགས་པ་འཛད་ཅིང་འདུས་པ་རྣམས་ཀྱང་འབྲལ། །འབྱོར་བ་རྒུད་ཅིང་མི་རྟག་སྙིང་པོ་མེད། །འགྲོ་བ་འདི་དག་མཐའ་བཞིའི་ཆོས་ཅན་དུ། །དེ་རིང་ཉིད་ནས་ངེས་པར་རྟོགས་པར་བྱ། །ཞེས་གསུངས་པ་ལྟར་ཏུ། བསགས་མཐའ་འཛད། འབྱོར་མཐའ་རྒུད། འདུས་མཐའ་འབྲལ། སྐྱེས་མཐའ་འཆི་བའི་རང་བཞིན། ནམ་ཞིག་དུས་ཚོད་ཀྱི་ཐོག་ཏུ་ཐོན་དུས་ང་ཞེས་བཏགས་སའི་གདགས་གཞིའི་ཕུང་ལྔའི་ཚོགས་པ་འདི་ཡང་སོ་སོར་གྱེས་ཏེ་གཅེས་པར་བསྐྱངས་བའི་ལུས་འདི་ཡང་། སྐྲ་སེན་མོ་རི་ལུང་དུ་འཐོར། ཤ་ཁྲག་བྱ་ཁྱི་དང་འབུ་སྲིན་གྱི་ཁ་ཟས་སུ་གྱུར་ནས་རུས་གོང་དཀར་པོའི་ཚོགས་པ་ཞིག་དུས། སེམས་རྣམ་ཤེས་བྱ་སྒྲོ་རླུང་ཁྱེར་ལས་ཀྱིས་རྗེས་སུ་འབྲང་སྟེ་གར་འཁྱར་ངེས་མེད་ཡིན་པའི་བརྡ་ཆོས་རང་རེའི་འདུ་འབྲལ་འདིས་ཀྱང་མཚོན་ཐུབ་པ་རེད། ད་དུང་ཀུན་མཁྱེན་ཆེན་པོས། ཤིང་རྣམས་ཡལ་ག་ལོ་མ་ལྷག་པ་དང། །ཚལ་རྣམས་མེ་ཏོག་འདབ་མ་རྙིང་མཐོང་ནས། །རིང་པོར་མི་ཐོགས་འཆི་བ་དྲན་བྱས་ཏེ། །ཡོན་ཏན་འབྱུང་གནས་དབེན་པ་བསྟེན་པར་མཛོད། །ཅེས་གསུངས་རྒྱུའི་ཞལ་གདམས་རང་རེ་ལ་ལྷག་པར་འབྱོར་བ་རེད། སྲོག་ལྡན་སེམས་ཀྱི་འདུ་ཤེས་རང་སོར་གནས་པ་ཞིག་ཡོད་ཚད་པོས་དོན་གཉེར་བྱེད་རྒྱུ་དེ་བདེ་སྐྱིད་རེད། འོན་ཀྱང་། འཇིག་རྟེན་ས་འདིའི་སྟེང་དུ་རྐང་རྗེས་བཀོད་ཚད་མང་ཆེ་བས། བདེ་སྐྱིད་ཕྱི་ནས་བཙལ་ཏེ་མ་རྙེད་ནས་རེ་ཐག་ཆད་དེ་འགྱོད་བཞིན་འཇིག་རྟེན་ཕྱི་མའི་ལམ་ཆེན་ལ་མི་འདོད་བཞིན་དབང་མེད་དུ་སོང་བ་ཤ་སྟག་རེད། དེས་ན་བདེ་སྐྱིད་ནང་ནས་རྙེད་དགོས། ནང་རང་གི་སེམས་ཀྱི་སྟེང་ནས་རྙེད་དགོས། ཕྱི་རོལ་གྱི་སྣང་བ་བཟང་ངན་ནང་སེམས་ཀྱི་འགྱུར་བག་གིས་བྱས་པ་ཡིན་པས། ནང་སེམས་ཀྱི་གཏེར་སྒོ་ཕྱེ་ཤེས་ན་སེམས་ཉིད་མ་འཁྲུལ་བའི་སངས་རྒྱས། ཡིད་བཞིན་རིན་ཆེན་འཛད་མེད་ཀྱི་མཛོད། འུ་བུ་ཚོའི་ལྷ་མིའི་གནས་ཀྱི་ཟག་བཅས་ཀྱི་བདེ་བ་དོན་ལ་འདུ་བྱེད་ཀྱི་སྡུག་བསྔལ་ལས་མ་འདས་པ་འདི་ལས་ལྡབ་བརྒྱ་འགྱུར་དང་སྟོང་འགྱུར་ཁྲི་འགྱུར་དང་འབུམ་འགྱུར་གྱིས་ལྷག་པའི་ཟག་མེད་ནང་གི་བདེ་བ་དགའ་ཆེན་ཡེ་ཤེས་ཀྱི་རོལ་བར་རྟག་ཏུ་སྤྱོད་ཆོག་གི་ཡོད་པ་རེད། ཟས་ཀྱི་བྲོ་བ་ཁ་ཡིས་མྱོང་ན་དོན་གྱི་འཚོ་བཅུད་ཁོག་ལ་འབབ་དགོས་པ་དེ་བཞིན་དུ། ཆོས་ཀྱི་བྲོ་བ་དེ་ཡང་ཁ་དང་རྣ་བ་གཉིས་ཀས་བཤད་རྒྱུ་ཉན་རྒྱུ་རྐྱང་བ་ཞིག་གིས་མི་ཆོག་པར་ཉམས་ལེན་གནད་ཀྱི་སྙིང་པོ་སེམས་ཀྱི་འཚོ་བཅུད་དུ་འབབ་དགོས་པ་ཡིན། དེ་ཡང་རྗེས་ཕྱིན་ཆོད་ཀྱི་ལས་ཁྲལ་ཞིག་ཏུ་མི་བཞག་པར་ཐད་ཀ་ཐད་ཀྱིས། ཉན་པ་དང་གོ་བ་གཉིས་ཀ་དུས་གཅིག བསམ་པ་དང་བསྒོམ་པ་གཉིས་ཀ་དུས་མཉམ་གྱིས། བསམ་སྤྱོད་དམ་པའི་ལྷ་ཆོས་ལ་དེའི་སྟེང་ནས་འབྲེལ་ཐུབ་སོང་ན། ཐམས་ཅད་སྒོམ་དང་ཉམས་ལེན་ཡིན་པ་རེད། ཡ་རབས་ཀྱི་སྤྱོད་པ་ཤུགས་འབྱུང་ལ་འོང་བ་ཡིན། ལུགས་གཉིས་ཀྱི་སྲོལ་བཟང་ཐམས་ཅད་དེས་འགྲུབ་ཀྱིན་ཡོད་རེད། བྱས་ཚད་ཆོས་རེད། བསམ་ཚད་དགེ་བ་ཡིན་དུས་མི་ལུས་ལན་གཅིག་ལོན་པ་འབྲེལ་ཚད་དོན་དང་ལྡན་པའི་འདུན་མ་ལེགས་པའི་རྩེ་མོར་སོན་ཟེར་བ་དེ་ཡིན། ཆོས་ཀྱི་བརྒྱུད་པ་ཟིན། བླ་མའི་དགོངས་པ་རྫོགས། ཕ་མའི་དྲིན་ལན་ཀྱང་དེས་སོད་པ་ཡིན་ན། དེའི་ཐད་ཚོད་དེ་ལྟར་མ་རྟོགས་པའི་རང་གི་ཁྱིམ་རྒྱུད་ཀྱི་སྔར་འདས་མེས་དང་ཡང་མེས་ཚོའི་གཙོ་བོར་བྱས་པའི་ཆགས་སྡང་རྨོངས་གསུམ་གྱི་བྱ་བས་དུས་འདས་ནས་འདི་སྣང་འཁོར་བའི་འཁྲུལ་སྣང་ལ་སྤྱོད་དེ། ཤི་ཁར་ཆོས་མེད་ལག་སྟོང་དུ་སོང་བའི་སེམས་ཅན་ཚོར། དེ་ཚོས་འདི་འདྲ་བ་རེ་མ་ཤེས་པ་ལ་ཨང་སྙམ་རྒྱུ་དང་། ཆོས་འདི་འདྲ་བ་རེ་གོ་མ་མྱོང་བ་རེ་ཕངས་སྙམ་རྒྱུའི་སྙིང་རྗེ་སྐྱེ་བས་མི་ཚད། དེ་བཞིན་མཐའ་ཡས་ཀྱི་སེམས་ཅན་ལ་བྱམས་སྙིང་རྗེའི་ཤུགས་དེ་ཇེ་ཆེར་སོང་བ་དང་མཉམ་དུ། མཐའ་ཡས་སེམས་ཅན་ལ་ཕན་བདེ་སྒྲུབ་པའི་སྨོན་ལམ་གང་བཏབ་ཀྱང་ཇི་བཞིན་འགྲུབ་པའི་བདེན་ཚིག་གི་མཐུ་ཡང་མངོན་གྱུར་དུ་གྲུབ་སྲིད་པ་རེད། འདིའི་ནང་གི་མང་པོ་ཞིག་ཁྱིམ་ན་གནས་པའི་སྔགས་པ་ཕོ་མོ་རེད། ཁྱིམ་བཟའ་ཚང་གི་བདག་པོས། འཚོ་བ་ཟས་གོས་ཉེར་སྤྱོད་ཀྱི་འདུག་ཆུས་བསྒྲུབ་རྒྱུར་སོ་ནམ་གྱི་བྱ་བཞག་བྱེད་དགོས་པ་རེད། སྡིག་དང་མ་འདྲེས་པའི་ཐོག་ནས་དུས་རབས་དང་མཐུན་པའི་ལས་སྒོ་རེ་གཉེར་ཏེ་ལོངས་སྤྱོད་འབྱོར་བ་དེ་རྒྱས་སུ་ཆུགས། ཕུན་ཚོགས་སྡེ་བཞིའི་འབྱོར་བ་མ་ཚང་ན་མཐོ་རིས་ཀྱི་ལོངས་སྤྱོད་མ་ཚོགས་པ་རེད། འོན་ཀྱང་འཚོ་བའི་ཆ་ཤས་གལ་ཆེན་མེད་མི་རུང་བ་དེ་གང་ཡིན་ཞེ་ན། གཙོ་བོ་དམ་པའི་ཆོས་བསྒྲུབ་པ་དེ་ཡིན། ཆོས་ཀྱིས་འཚོ་བའི་སྐྱེ་བོ་དེ་དགའ་བཞིན་སྐྱིད་བཞིན་དུ་གསོན་པོའི་འཚོ་བ་ཆོག་ཤེས་འཕགས་པའི་ནོར་གྱིས་སེམས་ཁ་གང་བཞིན་སྤྱོད་པས་མི་ཚད། དགའ་བཞིན་སྐྱིད་བཞིན་དུ། དགའ་སྐྱིད་ཀྱི་ངང་ནས་འཆི་བ་ཐར་བའི་གྲོང་སྒོ་རུ་ཤེས་ནས་ཤི་རན་ཁར་སྡུག་གསོག་དགོས་པ་མ་རེད། འགྱོད་པ་མེད་བཞིན་དུ་སྐྱེ་བ་བརྗེ་ལེན་བྱེད་པ་རེད། ཆོས་མེད་ཚང་དེར་ཟས་གོས་ཡོ་བྱད་གནས་ཁང་ནོར་རྫས་ཀྱི་མཐུན་རྐྱེན་ཇི་ལྟར་ཚོགས་རུང་། ད་དུང་ཆོག་མི་ཤེས་པའི་སེམས་ཀྱིས་མེད་སྣང་ཡི་དྭགས་དངོས་ཀྱི་སྡུག་བསྔལ་མྱོང་བཞིན་དུ་རྒས་དུས་དེ་བས་ཀྱང་ལོངས་སྤྱོད་སྡུག་གི་སྣོན་མར་སོང་ནས། རེ་ས་རྒྱབ་རྟེན་སེམས་ཀྱི་གཏད་སོ་བྱེད་ས་གཅིག་ཀྱང་མེད་བཞིན་དུ་མུན་ནག་ཕྱི་མའི་ལམ་ཆེན་ལ་འགྲོ་དགོས། ཡིད་མི་འོང་བའི་རྣམ་སྨིན་རྗེས་ནས་མྱོང་དགོས་རྒྱུ་ཚོ་སྔར་ནས་ཤེས་རྒྱུ་ཞིག་ཡིན་ན་སྙིང་གས་ནས་ཤི་འགྲོ་བའི་ཚོད་ཡིན་ནི་རེད། དེའི་འཕྲོར་རབ་བྱུང་བཙུན་པའི་སྡེ་ཚོགས་འདི་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཡིན་ན། དགེ་འདུན་འདུས་པའི་རྟེན་གཞི་དང་འདུ་སྒོ་དེ་རྒྱས་རྒྱུ་ཅི་ཡོད་གང་ཡོད་རྒྱས་པའི་ཐོག་ཏུ། ཁྱིམ་ཆུང་སྤོང་བའི་ཁྱིམ་ཆེན་དགོན་གཞིས་སྒེར་གྱི་ཆོས་བརྒྱད་ཀྱི་ཕ་མཁར་ལ་མི་ལོག་ས་བོ་ནས་༼མི་འགྱུར་བའི་ཐོག་ནས་༽ རྟག་ཏུ་ཆོས་སྤྱོད་ཉམས་ལེན་ལ་བརྩོན་རྒྱུ་གནད་ཆེན་ཡིན་པ་ཞུ་ཅི་དགོས་རེད། ཁྱད་པར་དེང་སང་གི་དུས་འདི་ལ་ཐུབ་པའི་ལུང་རྟོགས་ཀྱི་བསྟན་པ་གང་ཟག་རང་རྒྱུད་ལ་བཞུགས་པར་རང་ངོས་ནས་གཙང་སྦྲ་དང་བྱི་དོར་དག་ཐེར་མཛད་ན། རེ་རེ་ཚོགས་པའི་ཐུན་མོང་གི་བསྟན་པ་འཇིག་རྟེན་སྲིད་པའི་བླ་ན་མཐོ་བས་མི་ཚད། དེ་དང་མཉམ་དུ་ཆོས་ཚིགས་ཀྱི་ཡུལ་དབུས་བོད་གངས་ཅན་ཆོས་ལྡན་གྱི་ཞིང་ཁམས་འདི། མིང་དོན་མཚུངས་པའི་མི་ཡུལ་གྱི་དག་ཞིང་། འཛམ་གླིང་མིས་སྨོན་ས་ཞིག་ཨེ་རེད་དང་མི་རེད། བླ་གྲྭ་དགེ་འདུན་པས་གཙོ་བོར་བྱས་པའི་བོད་མི་སེར་སྐྱ་ཕོ་མོ་རྒན་གཞོན་ཐམས་ཅད་ཀྱི་བསམ་སྤྱོད་བཟང་ངན་མི་སྤུས་དག་ཞན་ལ་ཐུག་ཡོད་རེད་ཟེར་རྒྱུ་བོ། ཡང་སྒོས་མ་འོངས་ས་འདིའི་བདག་པོ་གཞོན་རབས་ཀྱི་མྱི་ཚོའི་ལས་སྐལ་ཡིན་པས་ན། དེ་བཞིན་མ་མཐོང་འབྱུང་འགྱུར་གྱི་ཕྱི་རབས་གྲོགས་པོ་ཚོར་ལྷག་བསམ་དཀར་པོའི་ཆ་འཕྲིན་དུ་བཞག་པ་ཡིན། ད་སང་དང་གནངས་ལས་མི་འགྱང་བར་རང་རེ་ཕྱོགས་བཞི་མཚམས་བརྒྱད་ནས་མ་བསྡུས་མགྲོན་པོ་ཆོས་གཅིག་གིས་བསྡུས་ཏེ་མཉམ་དུ་འཚོགས་པ་འདི། ཕྱོགས་སོ་སོའི་རང་རང་གི་གནས་ལ་འགྲོ་རན་པ་ཡིན་ན། རང་རེའི་བར་ལ་ས་ཁ་ཐག་རིང་པོའི་ས་ཆ་ཡུལ་ལུང་གིས་ཕྱེ་སོང་རུང་། སེམས་ཁ་ཐག་ཉེ་མོའི་ལུགས་གཉིས་གང་ཐད་ཀྱི་འདུན་མས་གམ་ན་གནས་པ་ཇི་བཞིན་དང་། ཁྱད་པར་དུ་མཆོག་གསུམ་དམ་པའི་བྱིན་མཐུ་ལ་ཉེ་རིང་མེད་པས་ན་དུས་དང་རྣམ་པ་རྒྱུན་དྲུག་ལ། མཆོག་གསུམ་སྐྱབས་བཅོལ་གྱིས་ཚེ་འདི་དང་ཕྱི་མར་བདེ་བའི་སྨོན་འདུན་མི་བརྗེད་ཞུ་རྒྱུ་དང་། རྟེན་འདིར་དཀྱིལ་འཁོར་གཅིག་ཏུ་འཚོགས། མར་མེ་གཅིག་ལ་བལྟས་པའི་སྨོན་ལམ་གྱིས་ཕྱི་མ་ཚོམ་བུ་གཅིག་ཏུ་མངོན་སངས་རྒྱ་རྒྱུའི་སྨོན་ལམ་དེ་བཞིན་དུ་བཏབ་པ་ཡིན། དེ་འཕྲོས་འདིའི་ཉམས་ལེན་ཞག་བརྒྱའི་མཚམས་ལ་འདུག་མཁན་ཐམས་ཅད་ཀྱིས། ཐོག་མར་ཉི་མ་གསུམ་ཙམ་ཞིག་ལ་བར་ཆད་ཞི་བའི་ཆེད་དུ་ཚིག་བདུན་གསོལ་འདེབས་རེ་གསོག་ན། དེ་འཕྲོས་ཉིན་བདུན་ལ་བླ་མའི་རྣལ་འབྱོར་གྱི་གནད་ལ་དྲིལ་ཏེ་རིག་འཛིན་སྤྱིའི་སྲོག་སྔགས་དང་སིདྡྷཱི་བཟླ་བར་བྱས་ཏེ་ཉིན་བདུན་ལ་གཙོ་བོ་བླ་རྣལ་དང་འབྲེལ་བའི་སིདྡྷི་གསོག་ན། དེ་ནས་ལྷག་འཕྲོ་ཡི་ཉིན་དགུ་བཅུ་ཐམ་པ་ཁ་སྐོང་དང་བཅས་པར་དངོས་གཞིའི་ཁྲིད་སྦྱང་མཛད་ན་བསམ་པ་ཡིན། ཁྲིད་སྦྱང་མཛད་ལུགས་ལ་ཡིན་ན་རིགས་གཉིས་སུ་ཕྱེ་ཆོག་གི ལས་དང་པོ་བ་ཁྲིད་ཡིག་འདིའི་སྟེང་ནས་ཐོག་མར་ཉམས་ལེན་མཛད་པ་ཞིག་ཡིན་ན། འདིའི་ལེ་ཚན་རེ་རེ་བཞིན་གྱི་ཁྲིད་རྐང་དུ་ཕྱེས་ཏེ་དུས་ཚོད་དང་མཐུན་པར་ཆ་བགོས་ན་ཆོག་པ་དང་། ཉམས་ལེན་པ་རྙིང་བ་ཚོ་དང་སྙིང་ཐིག་གི་ཁྲིད་ཆེན་གསན་ཚར་ནི་ཚོས་ཡེ་ཤེས་བླ་མའི་ཞག་བརྒྱར་གཞིར་བཟུང་ནས་འདི་ཉིད་ཟུར་གྱི་མན་ངག་གི་ཞལ་ཤེས་སུ་འཛིན་པའམ། ཡང་ན་འདིའི་ཁྲེགས་ཆོད་ཐོད་རྒལ་གཉིས་ཀ་ཟུང་འབྲེལ་གྱིས་ཉིན་རེའི་ཉམས་ལེན་གྱི་ཐུན་ལ་ཁྲེགས་ཆོད་ཐོད་རྒལ་གཉིས་ཀའི་དགོས་གནད་དང་བསྟུན་ཏེ་དུས་ཚོད་སྒྲིག་རྒྱུ་དང་ནི། རྩ་རླུང་བ་ཚོས་དུས་ཚོད་ཟུར་འདོན་རང་གིས་སྙོམ་སྒྲིག་བྱེད་ན་ཆོག ལོ་གསུམ་མཚམས་པས་ཀྱང་ཕལ་ཆེར་དེ་དང་འདྲ་བར་དུས་ཚོད་རྩིས་དྲུག་བརྒྱབ་ན་འགྲིག་རྒྱུ་ཞིག་ཡིན་པ་རེད། དེ་ཚོའི་ཐད་ནས་མཁྱེན་དགོས་དགོངས་ན་ཕལ་ཆེར་དེ་འདྲ་ཞིག་ཡིན་སྙམས། དེ་ལྟར་ན་ཆོས་འདི་འཛིན་ཅིང་ཉམས་སུ་ལེན་པའི་རྡོ་རྗེའི་མཆེད་ལྕམ་རྣལ་འབྱོར་ཕོ་མོ་ཐམས་ཅད་གཞི་ལམ་བྱེས་གསུམ་གར་བྱོན་གར་བཞུགས་ཀྱི་དུས་དང་གནས་སྐབས་ཐམས་ཅད་ལ། རྒྱལ་དབང་པདྨ་ཀ་ར་ལ་སོགས་པ་སྔོན་བྱོན་རྒྱལ་བའི་རྒྱལ་ཚབ་གྲུབ་བརྙེས་རིག་འཛིན་ཐམས་ཅད་ཀྱི་བཀའ་ཡི་སྲུང་མ་སྤྱི་དང་། ཁྱད་པར་དུ་སྲིད་གསུམ་གསལ་བའི་སྤྱན་གཅིག་གིས་སྟོང་གསུམ་ཁྱབ་པར་གཟིགས་པའི་སྔགས་སྲུང་ཨེ་ཀ་ཛ་ཊི། སྤྱན་སྟོང་དྲག་པོའི་སྡང་མིག་གིས་དགྲ་ལ་གཟིགས་པ་གཟའི་དགེ་བསྙེན་ཆེན་པོ་ར་ཧུ་ལ། དེ་བཞིན་དུ་སྲིད་པ་གསུམ་པོར་དབང་བྱེད་པ་ཐེའུ་རང་སྟོང་སྡེའི་དམག་དཔོན་དྲག་རྩལ་ཐོག་ལྟར་མྱུར་བ་དམ་ཅན་རྡོ་རྗེ་ལེགས་པ་རྩལ་ཏེ། བཀའ་སྲུང་མ་གཟའ་རྡོར་གསུམ་གྱིས་དམ་ལྡན་བུ་བཞིན་དུ་སྐྱོང་བའི་མེལ་ཚེ་དང་སྲུང་སྐྱོབ་གཡེལ་བ་མེད་པར་མཛད་ནས་ཆོས་འདི་དར་སའི་ས་ཕྱོགས་ཀུན་ལ་བཀྲ་ཤིས་ལེགས་ཚོགས་ཐམས་ཅད་མ་བསྡུས་གཡང་དུ་འཁྱིལ་བའི་ཕྲིན་བཅོལ་དང་བཅས་ཏེ། དེ་ལྟར་ཆོས་འཆད་ཉན་བགྱིས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱིས་དུས་གསུམ་བསགས་དང་ཡོད་པའི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས། ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས། བསྟན་འཛིན་གྱི་སྐྱེས་བུ་དམ་པ་གང་ན་སུ་བཞུགས་ཐམས་ཅད་ཀྱི་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་དེ་མཐར་ཐུག་སེམས་ཅན་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེར་འགོད་པའི་ཕྱིར། རྗེ་བཙུན་འཇམ་པའི་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུ། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ།། ༈ འཕགས་པའི་རི་ངོགས་དབེན་ཞིང་ཉམས་དགའ་བར། །རིག་དང་མངོན་ཤེས་ཏིང་འཛིན་འགྲུབ་གྱུར་ནས། །དོན་གཉིས་ལྷུན་གྲུབ་བདེ་ཆེན་མཁའ་དབྱིངས་སུ། །ཚེ་འདི་ཉིད་ལ་ཕྱིན་པར་མཛད་དུ་གསོལ། །གཅིག་པུར་བསྲན་ཚུགས་སྒྲུབ་ལ་བརྩོན་པ་དང་། །ཚེ་འདིའི་ཕྱོགས་སུ་སྐད་ཅིག་མི་གཡེངས་ཤིང་། །གོང་མའི་རྗེས་སྙོགས་དངོས་གྲུབ་མཐར་ཕྱིན་ནས། །རྟག་ཏུ་བླ་མ་མཉེས་པར་མཛད་དུ་གསོལ། །དམ་ཚིག་སྡོམ་པ་ཉམས་ཆགས་མེད་པ་དང། །ལྟ་སྒོམ་སྤྱོད་འབྲས་མ་ནོར་དོན་རྟོགས་ནས། །ཉིན་མཚན་འོད་གསལ་ངང་ལས་མི་གཡོ་ཞིང་། །རང་གཞན་དོན་གཉིས་འགྲུབ་པར་མཛད་དུ་གསོལ། །སྣང་སྲིད་རྣམ་དག་བསྐྱེད་རྫོགས་མཐར་ཕྱིན་ནས། །མཁའ་འགྲོ་དམ་ཅན་སྤྲིན་བཞིན་འཐིབས་ནས་ཀྱང་། །དངོས་གྲུབ་རྣམ་གཉིས་ཆར་བཞིན་འབབ་པ་དང་། །འཕྲིན་ལས་རྣམ་བཞི་འགྲུབ་པར་མཛད་དུ་གསོལ། །དག་སྣང་མོས་གུས་ཕྱོགས་མེད་འཆར་བ་དང་། །བྱམས་དང་སྙིང་རྗེ་རྒྱུན་ཆད་མེད་པ་དང་། །ལྟ་སྒོམ་ཉམས་རྟོགས་ཡོན་ཏན་འབར་བ་དང་། །འགྲོ་དོན་ཕྱོགས་མེད་འགྲུབ་པར་མཛད་དུ་གསོལ། །བདག་གི་མོས་དགེ་ཕུན་ཚོགས་འདི་ཡིས་ནི། །འགྲོ་ཀུན་མ་ལུས་ཕྱམ་གཅིག་ཡོངས་གྲོལ་ནས། །བདེ་ཆེན་ལྷུན་གྲུབ་ཀུན་ཏུ་བཟང་པོའི་ཞིང་། །ཚེ་འདི་ཉིད་ལ་ཕྱིན་པར་མཛད་དུ་གསོལ།། ༈ དེང་ནས་བདག་ཀྱང་ནགས་ཚལ་མེ་ཏོག་ཅན། །སྐྱེ་བོས་སྟོང་ཞིང་འབབ་ཆུའི་སྒྲ་གྲགས་ལ། །དབེན་ཞིང་ཡིད་འོང་བྲག་རིའི་དྲུང་འདུག་སྟེ། །དུས་བཞིར་སྙིང་པོ་མེད་ཅེས་སེམས་པ་ཡི། །དགེ་བ་རྒྱན་གྱུར་འཇིག་རྟེན་མིས་བསྐྲུན་པ། །ཀུན་ལས་ཆེས་མཆོག་བདུད་རྩི་ཐོབ་གྱུར་ཅིང་། །མི་རྟག་སྟོང་པའི་སྒྲ་ཆེན་སྒྲོག་པར་ཤོག །སྨན་ཤིང་མེ་ཏོག་ཤང་ཤོང་མཛེས་པ་དེར། །ཆོས་ཚུལ་ཞི་བ་སྤྲིན་གྱི་བླ་བྲེ་ཅན། །རིག་འཛིན་རྒྱལ་བའི་གསེར་གྱི་གློག་འགྱུ་བས། །ཚེ་གཅིག་འོད་གསལ་སྙིང་པོ་འགྲུབ་པར་ཤོག །ཐར་བའི་ཁང་བཟང་རིན་ཆེན་ཕོ་བྲང་ནས། །ཆོས་ཚུལ་ཞི་བ་རྔ་སྒྲའི་དབྱངས་གྲགས་པས། །མ་ལུས་འགྲོ་ཀུན་མ་རིག་གཉིད་སངས་ཏེ། །གདོད་མའི་ས་ལ་མངོན་པར་བྱང་ཆུབ་ཤོག །སྐྱོ་བས་སེམས་པའི་རང་བཞིན་གསལ་བ་ཅན། །ཞི་བའི་ནགས་སུ་གཅིག་པུར་འགྲོ་འདོད་ནས། །སྙིང་ནས་སྨོན་པའི་ཚིག་གི་དབྱངས་སྨྲས་པ། །མོས་དགེ་དག་པས་མྱུར་དུ་འགྲུབ་པར་ཤོག། ༈ ཆོས་ཚུལ་འདི་ཡང་ཉི་ཟླའི་དཀྱིལ་འཁོར་བཞིན། །ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་གྲགས་གྱུར་ཏེ། །བློ་གྲོས་པདྨོ་རབ་ཏུ་རྒྱས་བྱེད་ཅིང་། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག། དེ་ནས་དགུ་རོང་མཆོག་སྤྲུལ་རིན་པོ་ཆེས་བཀའ་དྲིན་གཏང་རག་གི་མཎྜལ་རབ་སྒྲུབ་པའི་མཎྜལ་གྱིས་གཙོས་རབ་འབྲིང་ཐ་མའི་མཎྜལ་འབུལ་བའི་རྣམ་བཤད་དང་འབུལ་ཚན་བཅས་མཇུག་གྲུབ་མཐར། ད་སྤྱིར་བཏང་མཎྜལ་འབུལ་རྒྱུ་འདི་རྟེན་འབྲེལ་བཟང་པོའི་ཆོ་གའི་འགྲོས་ཤིག་རེད། ཐེངས་འདིའི་སྒྲུབ་པའི་མཎྜལ་ཕུལ་བ་འདི་སྤྱིར་བཏང་བ་ཞིག་མ་རེད་བསམ་གྱིན་ཡོད། དུས་འདི་ལ་མ་དགོས་དང་། སྔར་བོད་ལ་གསང་སྔགས་དར་བའི་དུས་ལའང་འདི་འདྲ་མཐོང་བ་དཀོན་པོ་ཡིན་རྒྱུ་རེད་སྙམ། ངས་འདིའི་དམ་བཅའི་སྐོར་ཕྱོགས་སྡོམ་བྱས་པ་འདི་ད་དུང་ཚར་གཅིག་འདོན་བསམ་གྱིན་ཡོད། ཐེངས་འདིའི་སྒྲུབ་པའི་མཎྜལ། ཕུར་བསྙེན་དུང་ཕྱུར་སུམ་ཅུ་སོ་ལྔ། བྱེ་ཆེན་གཉིས། འབུམ་བདུན། རྟ་མགྲིན་དུང་ཕྱུར་བཅུ། བྱེ་བ་གཅིག ས་ཡ་བཞི། འབུམ་གཅིག སིདྡྷི་དུང་ཕྱུར་བཞི་བཅུ་ཞེ་གཅིག བྱེ་བ་དྲུག ས་ཡ་བཞི། འབུམ་གཅིག ཁྲི་བདུན། མ་ཎི་དུང་ཕྱུར་བདུན། བྱེ་བ་གཅིག ས་ཡ་ལྔ། འབུམ་གཉིས། ཁྲི་གསུམ། ཡིག་བརྒྱ་དུང་ཕྱུར་གཅིག བྱེ་བ་གཉིས། ས་ཡ་གསུམ། འབུམ་བདུན། ཁྲི་གསུམ། ས་ཏྭ་དུང་ཕྱུར་གཉིས། བྱེ་བ་གཉིས། ས་ཡ་དགུ། འབུམ་དགུ། རྡོ་རྗེ་གྲོ་ལོད་བསྙེན་པ་དུང་ཕྱུར་གཅིག བྱེ་བ་གཅིག གུ་དྲག་བསྙེན་པ་དུང་ཕྱུར་གཅིག རྟ་ཁྱུང་བསྙེན་པ་དུང་ཕྱུར་གཅིག ས་ཡ་ལྔ། རྩ་གསུམ་དང་ཡི་དམ་ལྷའི་བསྙེན་ཚད་བདུན་ཅུ་དོན་བརྒྱད། ལོ་གསུམ་ཟླ་གསུམ་ཞག་གསུམ་པའི་མཚམས་པ་བརྒྱད་ཅུ་གྱ་དགུ། ཚེ་མཚམས་པ་གཉིས། ལོ་མཚམས་པ་བཅུ་དྲུག ཟླ་མཚམས་པ་དྲུག་བཅུ་རེ་ལྔ། ཞག་བརྒྱ་ཉིས་བརྒྱ་བདུན་བཅུ་དོན་གསུམ། བཀའ་འགྱུར་དག་ཚར་བཅུ་དྲུག ཚེ་ཐར་སྲོག་བསླུ་འབུམ་གསུམ། ཁྲི་གཅིག་སྟོང་བཞི་བརྒྱད་བརྒྱ་ཉེར་དགུ། ཤ་ཚེ་བཅད་བཞི་བཅུ་ཞེ་ལྔ། ཡར་ངོའི་ཚེས་བཅུར་སྨྲ་བཅད་མཁན་གསུམ། མར་མེ་ཁྲི་གཉིས་སྟོང་བཞི་སུམ་བརྒྱ་དང་། བླ་རྣལ་ཐུན་བཞིར་ཆག་མེད། ཐུན་གཉིས་ཆག་མེད། ཚེ་གཅིག་སྒྲུབ་ལ་གཞོལ་མཁན། དུས་ཆེན་དག་ལ་ཤ་མི་ཟ་མཁན། འོད་མཚན་ལྟུང་བཤགས་སྒྲོལ་མ་བཟང་སྤྱོད་བླ་མའི་ལྟ་བ་མཁའ་ལྡིང་ཁྲིད་ཆེན་ལ་སོགས་པ་གསུངས་འདུག ད་རུང་ངའི་ཟུར་ན་འདིའི་ནང་མ་ཕོག་པ་འགའ་རེ་ཡོད་ས་ཡོད་བསམ་རྒྱུ་ཞིག་ཡིན། འདིའི་དེབ་འདི་ཁར་རྩང་ངའི་ལག་ཏུ་ཡོང་བ་རེད། ངས་རྩིས་དྲུག་ཅིག་བརྒྱབ་པ་ཡིན། ལྡེབ་གྲངས་འདི་འདྲ་བའི་སུམ་ཅུ་སོ་ཁ་གྲངས་བཞི་བཅུ་མན་ཆོད་ཅིག་ཡོད་ཐལ། དེ་ལྟར་ཡིན་དུས། ད་འདི་རྨད་དུ་བྱུང་བའི་དོན་དག་ཡ་མཚན་ཅན་ཞིག་རེད། འདིའི་སྔོན་མ་མགོ་ན་ཡོད་རྒྱུའི་སྔགས་པ་འདི་ཚོ་སྔོན་མ་སྣ་ཁྲིད་བྱས་ནས་ཁས་ལེན་མཁན་ཚོ་ཡིན་ས་རེད། ཀོའུ་སྡེའི་སྔགས་པ་ལྕགས་ཐར་ཚེ་རིང་། རྟ་མགྲིན་བསྙེན་པ་དུང་ཕྱུར་གཅིག དེ་འཕྲོས་ཀོའུ་སྡེ་སྔགས་པ་བརྩོན་འགྲུས། ཕུར་བ་དུང་ཕྱུར་གཅིག སིདྡྷི་འབུམ་ཕྲག་བཞི་བརྒྱ། དེ་འཕྲོས་མག་སར་གྱི་སྔགས་པ་པདྨ་ལྷུན་གྲུབ། ཕུར་བ་དུང་ཕྱུར་གཅིག ད་དེ་ལ་སོགས་པ་མདོར་ན་མ་འདྲ་བ་ཡིན་ནི་རེད། དེ་ཇི་ལྟར་བྱས་ན་ལོ་གསུམ་མཚམས་པ་ད་དོན་གྱིས་ཚང་མ་རེད། ཡིན་ན་ཡང་འདིའི་ནང་ལ་ཡི་གེ་ཕོག་དང་མི་ཕོག་གི་ཁྱད་པར་གྱིས་ཡང་ཁ་གྲངས་ཅན་ཞིག་ཕོག་ཡོད་འདུག སྒྲུབ་པའི་མཎྜལ་ཕུལ་བ་དེ་རྒྱལ་བ་དགྱེས་པའི་མཆོད་པ་ངོ་མ་ཡིན། རྟོགས་པའི་བསྟན་པ་དོན་གྱི་སྟེང་ནས་འཛིན་གྱིན་ཡོད་པའི་དངོས་དོན་བཟང་པོ་ངོ་མ་བསླད་མེད་པ་འདི་ལ་དབྱིངས་ན་བཞུགས་པའི་མཆོག་གསུམ་རྒྱལ་བ་སྲས་བཅས་དང་ནི། བརྒྱུད་པའི་བླ་མ་གོང་མ་རྣམ་པ་དང་བཅས་པས་མི་མངོན་ཆོས་ཀྱི་དབྱིངས་ནས་དགྱེས་པའི་བཞད་སྒྲ་དང་བཅས་ཏེ་ཨེ་མ་ཧོ་དང་ཨ་ལ་ལ་ཡིས་ངོ་མཚར་ཤིས་པའི་མེ་ཏོག་འཐོར་བཞིན་ཡོད་པ་ལ་ཐེ་ཚོམ་མི་དགོས། འདིའི་མ་དེབ་འདི་ངས་ཁྱེར་སོང་ནས་འདུས་པ་མང་ཚོགས་ཆེན་པོའི་སྐབས་སུ་དྲིལ་གྱིས་བསྒྲགས་ན། དེའི་ཡི་རང་གི་དགེ་བ་རྐྱང་བ་ཡང་བསམ་གྱིས་ག་ལ་ཁྱབ། ད་དུང་ཡིན་ན་ན་གཞོན་སྔགས་པའི་གྲལ་ནས་ཕུར་པ་རྟ་མགྲིན་གཤིན་རྗེ་སོགས་ཀྱི་བསྙེན་པ་དུང་ཕྱུར་བཟླ་མཁན་མང་པོ་འབུད་རྒྱུའི་ཡིད་ཆེས་བྱེད་ཀྱིན་ཡོད། དེ་ནས་ད་རེས་འདིའི་ཡིག་ཚག་དོ་དམ་བྱེད་པ་མ་འདྲ་བ་ཞིག་རེད་འདུག དེ་དང་མཚུངས་པའི་དངུལ་གཉེར་དོ་དམ། དྲུང་ཡིག་ཚན་པའི་སྒྲ་ཕབ་དང་སྒྲ་བཤུས། ཆོས་ཁྲིད་དང་ཐུན་གྱི་དུང་བརྡ་བཏང་ལུགས། ཇ་མ་ཐབ་སྐོར་གྱི་གཡོས་སྦྱོར་གྱི་ལས་ཀ གཞན་ཡང་ཕྱི་ནང་གི་གཙང་སྦྲ། བདེ་འཇགས་ཀྱི་དོ་དམ། དེ་ནས་ཁྱད་པར་དུ་ཡུལ་ཁྲིམས་དང་བསྟུན་ཤེས་གནང་ཕྱོགས་ཀྱི་སྐོར་ལ་སོགས་པ་བྱ་བའི་སྒྲིག་གཞི་ཐམས་ཅད་ཚགས་སུ་ཚུད་པ་རེད་འདུག དེས་ན་མདོར་ན་ངས་བྱ་བ་གང་ཐད་ནས་བསྔགས་བརྗོད་ཞུས་པ་ཡིན། ངའི་ཆོས་ཁྲིད་གསན་མཁན་ཀྱི་ནང་ན་རབ་ཏུ་བྱུང་བ་མ་ཡིན་པའི་ཁྱིམ་ན་གནས་པའི་ཤེས་ཡོན་ཅན་སློབ་གྲྭ་ཆེ་འབྲིང་གི་དགེ་རྒན་དང་། ཞིབ་འཇུག་པ་དང་། རབ་འབྱམས་པ། ད་རུང་ལས་རིགས་སོ་སོའི་ཆེད་མཁས་མི་སྣ། ཚད་མཐོའི་ཤེས་ཡོན་ཅན་ད་རེས་མང་ཤོས་ཀྱི་ཐེངས་གཅིག་ཡིན། ཡོན་ཏན་ལྡན་པ་ཡོན་ཏན་ལ། །དགའ་ཡི་ཡོན་ཏན་མེད་པ་མིན། །སྦྲང་རྩི་འཛིན་པ་མེ་ཏོག་ལ། །དགའ་ཡི་ཤ་སྦྲང་དེ་ལྟ་མིན། །ཟེར་བ་མིན་ཏེ། སྨྱུག་འཛིན་པ་ཚོ་དང་འཛུམ་མདངས་སྟོན་རེས་བྱེད་པའི་གོམས་གཤིས་ཤིག་སྔར་ནས་ཡོད་པའི་བག་ཆགས་འདྲ་བོ་ད་རུང་དོར་མི་འདུག མདོ་སྨད་ཀྱི་ས་ཆ་འདི། སྨྱུག་རྩེས་ལབ་གླེང་བྱེད་པ་ལ་དུང་བ་ཅན་མང་བའི་ས་ཆ་རེད། རྣམ་པ་ཇི་ལྟར་ཡིན་རུང་གི་ཤེས་ཡོན་ཚད་མཐོ་ཅན་གྱི་རྣམ་དཔྱོད་དང་སྤོབས་པ་ལ་གདེང་འཇོག་དང་བརྩི་མཐོང་བྱེད་ཀྱིན་ཡོད། དེ་འཕྲོས་ཐེངས་འདིའི་དངོས་འབུལ་ཐམས་ཅད་པོ་ཡང་དང་པོར་རྟེན་འབྲེལ་གྱི་དབང་གིས་གཅིག་བླངས་ཏེ། དཀོན་མཆོག་མཉེས་པའི་མཆོད་རྫས་སུ་དངོས་འབྱོར་ཡིད་སྤྲུལ་དང་བཅས་པས་ཕུལ་ཏེ། དེའི་སྟེང་ནས་ཕྱིར་དོ་བདག་ཁོང་སོ་སོ་ལ་འབུལ་བ་ཡིན། འདི་ལ་ཡང་ཟེར་དང་ཡང་བཤད་བྱེད་ཡོང་ས་མེད། ང་ཁྲི་ཐོག་ནས་མར་བབ་ཚར་དུས་ཚང་མ་ཆོས་གྲོགས་འདྲ་མཉམ་གཅིག་མཚུངས་ཡིན་ཡང་། ཁྲི་ཐོག་ན་ཡོད་དུས་རྡོ་རྗེ་སློབ་དཔོན་གྱི་ཞལ་ཚབ་བྱེད་ཀྱིན་ཡོད་པས། དོ་ཞག་ཡང་དང་ཡང་འུ་ཅག་གིས་རྗེས་ཟློས་མཛད་འདུག་རྒྱུའི་གཙོ་བོས་ཇི་ལྟར་སོགས་ཀྱི་ནུས་པ་དོན་ལ་གནས་པ་རེད། ད་རུང་ང་འདི་ལ་ཐོན་དང་ཚུན་ཆོད་ཀྱིས་ས་འདིའི་མང་ཚོགས་ཀྱི་འབུལ་དངུལ་དང་ནི་མཎྜལ། དབང་ཡོན། གཅོད་འབུལ་ལ་སོགས་པའི་སྒོར་མོའི་གྲངས་ཀ་དེ་དམངས་སྒོར་ཉིས་འབུམ་ཆིག་ཁྲི་ལྷག་ཅིག་སྔགས་མང་གིས་དོ་དམ་བདག་གཉེར་བྱེད་ཡོད་པ་འདི། དེ་ཉིན་དབུ་འཛུག་བྱེད་རྒྱུའི་གོས་དཀར་ལྕང་ལོ་ཅན་གྱི་སྡེའི་སྔགས་པའི་སློབ་གླིང་འཛུགས་རྒྱུ་དེའི་གྲ་སྒྲིག་གི་ཐེབས་རྩ་ལ་འཇོག་པ་ཡིན། འདིའི་བྱ་བ་འདི་དུས་ལ་བབས་ན་མི་འགྱང་བར་འགྲུབ་ཀྱང་སྲིད་པ་རེད། གལ་ཏེ་གནས་སྐབས་རྒྱུ་རྐྱེན་མ་ཚོགས་ནས་ལུས་སོང་ན། ད་ལྟའི་མིས་བསྒྲུབ་འོས་པའི་བྱ་བ་འགྲུབ་སོང་སྟེ། བྱ་བའི་སྒྲུབ་འཕྲོ་ལས་རྔ་བཅའ་རྔ་དེ་འཇོག་འོས་པའི་མ་མཐོང་ཕྱི་རབས་ཀྱི་གྲོགས་པོའི་སྔོན་དུ་མི་ནུབ་ལོ་རྒྱུས་ཀྱི་རྡོ་རིང་ལ་བཀོད་བཏང་ན། འབྱུང་འགྱུར་ཕྱི་མའི་དུས་ཤིག་ལ་སྙིང་སྟོབས་ཞུམ་པ་མེད་པ་ཁ་ཤས་ཀྱིས་ལས་ཁུར་ཕྲག་ལ་བླང་འགྲོ་རྒྱུ་རེད། སྐུ་གསུང་ཐུགས་རྟེན་དང་ནི་མཆོད་རྫས་རིགས་འདི་ཚོ་ང་འདུག་སའི་རྟ་མགྲིན་ལྷ་ཁང་གི་ནང་ལ་རྟེན་སྐལ་ལ་བཞག་རྒྱུ་ཡིན། ས་ཆ་འདིའི་བོད་མི་རང་གིས་ཐོན་སྐྱེད་བྱས་པའི་སྣུམ་གཙང་མ་འགྱིག་དམ་ལག་བཟུང་གང་ངའི་མཚམས་གྲོ་ལ་ཁུར་འགྲོ། འདིའི་དངུལ་གྱི་དངོས་པོ་ཕྱིར་ལ་ཕུལ་བ་ཐམས་ཅད་པོ་དོ་དམ་ཕྱག་ལས་དགུ་རོང་རིན་པོ་ཆེས་མཛད་དགོས། ད་ཐེངས་འདིའི་སྒྲུབ་པའི་མཎྜལ་དང་། དངོས་འབུལ་རྒྱ་ཆེན་ཆོས་ཕྱིར་གཏོང་བའི་དགེ་རྩ་དང་ནི། ཟབ་ཁྲིད་གདམས་པར་ཉམས་ལེན་གྱིས་བརྩོན་པ་མཛད་པའི་དགེ་རྩ། གཞན་ཡང་དགེ་སྒྲུབ་སྡིག་སྤོང་གི་ཁས་ལེན་སྣ་ཚོགས་པ་བྱེད་པ། ཆོས་ར་འདི་རྡོག་པས་བརྫིས་ཚད། ཐ་ན་མི་ངོ་མ་འདིར་མ་ཐོན་ཡང་དང་ཞིང་དགའ་བའི་སེམས་ཀྱིས་རྗེས་སུ་ཡི་རངས་དང་བཅས་ཏེ་ཐལ་མོ་ཡ་གཅིག་དང་ལག་གིས་ཕྱག་རྒྱ་ཞིག་བཅས་པ་ཚུན་ཆོད་ཆོས་ཚོགས་འདི་དང་འབྲེལ་བའི་དགེ་རྩ་ཅི་ཡོད་དང་། རང་གཞན་སེམས་ཅན་ཐམས་ཅད་ཀྱིས་དུས་གསུམ་ཀུན་ཏུ་བསགས་པའི་ཟག་བཅས་ཀྱི་དགེ་རྩ་དང་། དུས་གསུམ་རྒྱལ་བ་སྲས་དང་བཅས་པའི་ཟག་མེད་ཀྱི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་ནས་ཀུན་མཁྱེན་རྒྱལ་བ་ཤཱཀྱ་སེངྒེའི་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས། བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྔ་རབས་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས། ད་ལྟར་བཞུགས་པ་ཐམས་ཅད་ཀྱི་སྐུ་ཚེ་ཞབས་པད་མི་འགྱུར་རྡོ་རྗེའི་ཁྲི་ལ་ཡུན་རིང་དུ་བརྟན། རྨད་བྱུང་ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ། དེའི་ཐོག་ལ་བསྟན་པའི་གཞི་མ་དགེ་འདུན་འདུས་པའི་སྡེ་ཡིན་དུས། ཐུགས་མཐུན་ཁྲིམས་གཙང་བསླབ་པ་གསུམ་གྱི་ཡོན་ཏན་ཡར་ངོའི་ཟླ་བ་ལྟར་གོང་ནས་གོང་དུ་འཕེལ། དེ་དང་མཉམ་དུ་འབྱོར་ལྡན་བསྟན་པའི་སྦྱིན་བདག་ཐམས་ཅད་ཀྱི་མངའ་ཐང་ལོངས་སྤྱོད་རྒྱས། འཇིག་རྟེན་གྱི་ཁམས་ཀུན་ཏུ་ཆར་ཆུ་དུས་སུ་འབེབས། ལོ་ཕྱུགས་རྟག་ཏུ་ལེགས། མི་ནད་དང་ཕྱུགས་ནད་ཐམས་ཅད་རྒྱུན་ཆད། ནད་མུག་མཚོན་འཁྲུགས་དང་འབྱུང་བཞིས་འཇིགས་པའི་མིང་ཙམ་ཡང་མེད་པར་ཞི། མདོར་ན་ཡིད་ཅན་འགྲོ་བ་ཐམས་ཅད་ཀྱང་གཞན་ཕན་བྱང་ཆུབ་སེམས་ཀྱིས་རྟག་ཏུ་འཚོ་ཞིང་ཕན་ཚུན་ཕ་མ་དང་སྤུན་སྲིང་ལྟ་བུའི་མཐུན་སེམས་དང་གཅེས་སེམས་ཀྱི་འདུ་ཤེས་ནམ་ཡང་མི་ལྷོད་པའི་ཐོག་ནས། ད་རེས་ཀྱི་ཆོས་ཁྲིད་འདིའི་ཐོག་ལ་དངོས་སུ་ཞུགས་ཚད། ཡི་རང་བྱས་ཚད་དང་བཅས་པའི་མཆོད་ཡོན་ཐམས་ཅད་དང་འབྲེལ་བའི་སྔར་ཤི་རྙིང་པ། ད་ཤི་གསར་བ། ཤི་བོ་ཆོས་མེད་དགེ་མེད། དགེ་བའི་བསགས་རྒྱབ་ཉུང་བ། ཆོས་ཀྱི་ར་མདའ་ཞན་པ། ཤི་བར་དོ་སྐྱབས་མེད་མགོན་མེད་ན་ཆོས་མེད་ལག་སྟོང་ལ་ཡོད་པ་ལ་སོགས་པ་འབྲེལ་ཐོག་ཚེ་འདས་ཕོ་མོ་རྣམས་ཀྱིས་གཙོར་བྱས་པའི་མར་གྱུར་མཐའ་ཡས་པའི་སེམས་ཅན་ཐམས་ཅད་མྱུར་དུ་རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོའི་གོ་འཕང་ཐོབ་པའི་ཕྱིར་དུ། གང་བསྔོ་བྱ་སྔོ་བྱེད་བསྔོ་ཡུལ་དང་བཅས་པ་འཁོར་གསུམ་ཡོངས་སུ་དག་པའི་བསྔོ་བ། མི་བསྔོ་བའི་བསྔོ་བ་ཆེན་པོ་དམིགས་བྲལ་བསམ་བརྗོད་ལས་འདས་པ་རང་བྱུང་ཀུན་ཏུ་བཟང་པོའི་ཐུགས་ཀློང་ཆོས་དབྱིངས་ཐིག་ལེ་ཉག་གཅིག་ཏུ་བཟླུམས་པའི་རྫོགས་པ་ཆེན་པོའི་ཀློང་དུ་བསྔོ་བ་ཡིན་པས་ན་དེའི་ཐུགས་དམིགས་དང་བཅས་ཏེ་ཞལ་འདོན་ལྷན་དུ་གསུངས་མཛོད། འདིས་མཚོན་དུས་གསུམ་བསགས་པའི་དགེ་རྩ་ཀུན། །དྲན་རིག་ཟག་པ་མེད་པའི་ཡེ་ཤེས་ཀྱིས། །འཁོར་གསུམ་ཡོངས་དག་ཆེན་པོར་རྒྱས་བཏབ་ནས། །གནས་ལུགས་རྫོགས་པ་ཆེན་པོའི་ཀློང་དུ་ཨ།། ཞེས་དལ་ཅིག་མཉམ་པར་བཞག་གོ། རྣམ་དཀར་དགེ་ཚོགས་བསོད་ནམས་སྙིང་པོ་འདི། །དམིགས་མཐའ་བྲལ་བའི་སེམས་ཅན་ཡོངས་ལ་བསྔོ། །ཡང་གསང་རྡོ་རྗེ་ཐེག་པའི་དོན་རྟོགས་ནས། །རིག་བདག་བླ་མའི་གོ་འཕང་མྱུར་ཐོབ་ཤོག །དཔལ་ལྡན་བླ་མའི་སྐུ་ཚེ་རབ་བརྟན་ཞིང་། །བསྟན་པའི་སྦྱིན་བདག་མངའ་ཐང་དར་བ་ཡི། །ཆོས་སྲིད་མི་ནུབ་ནོར་བུའི་རྒྱལ་མཚན་བསྒྲེངས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཧྲཱིཿ སྔོན་ཚེ་དེ་བཞིན་གཤེགས་པ་གཙུག་ཏོར་ཅན། །འཕགས་པའི་ཡུལ་དུ་གྲུབ་ཆེན་ཀུ་ཀུ་རུ། །ཁ་བ་ཅན་དུ་དཔལ་ལྡན་ཐང་པ་ཞེས། །པདྨ་རིག་འཛིན་ཞབས་ལ་གསོལ་བ་འདེབས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །ཐུབ་བསྟན་མཛེས་པའི་རྒྱན་གཅིག་ཀློང་ཆེན་པ། །བཤད་སྒྲུབ་བསྟན་པའི་མངའ་བདག་འཇིགས་མེད་གླིང་། །མཚུངས་མེད་བླ་མའི་བསྟན་པ་སྲིད་མཐའི་བར། །བཤད་སྒྲུབ་ཐོས་བསམ་སྒོམ་པས་འཛིན་གྱུར་ཅིག །དཔལ་ལྡན་མཁས་གྲུབ་བྱེ་བའི་གཙུག་གི་རྒྱན། །མདོ་སྔགས་ལུང་རྟོགས་བསྟན་པའི་ཤིང་རྟ་ཆེ། །འཇིགས་བྲལ་སྔ་འགྱུར་རྒྱལ་བ་རྫོགས་ཆེན་པ། །ཤྲཱི་སེང་ཆོས་གྲྭའི་བསྟན་པ་རྒྱས་གྱུར་ཅིག །གངས་རིའི་ར་བས་སོགས། སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་བ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུར། །འདུས་བྱས་ཆོས་རྣམས་དེ་ལྟར་བལྟ།། །།