ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་རིམ་པ་དང་པོའི་ཁྲིད་ཀྱི་ཟིན་བྲིས་ལྷ་རྫས་མེ་ཏོག
༄༅། །ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་རིམ་པ་དང་པོའི་ཁྲིད་ཀྱི་ཟིན་བྲིས་ལྷ་རྫས་མེ་ཏོག་བཞུགས། ན་མོ་གུ་རུ་བཛྲ་དྷ་ར་ཡ། སྐུ་ལྔ་ལྷུན་གྲུབ་ཡེ་ཤེས་རྡོ་རྗེ་ཅན། །དུས་གསུམ་རྒྱལ་བའི་གདུང་འཚོབ་པདྨ་སྐྱེས། །གང་འདུལ་འགྲོ་ངོར་སྣ་ཚོགས་སྤྲུལ་པའི་གར། །ཁྱབ་བདག་དྲིན་ཆེན་བླ་མར་ཤར་ལ་འདུད། །གསང་བ་ཟབ་མོ་བདག་ལྟའི་ཡུལ་མིན་ཡང་། །མཚུངས་མེད་བླ་མའི་བཀའ་གསུང་རྗེས་སྒྲུབ་ཕྱིར། །ཟིན་བྲིས་ལྷ་རྫས་མེ་ཏོག་ཆུང་ངུ་འདི། །གུས་པས་འབུལ་ལ་རྗེས་དགོངས་བྱིན་རླབས་སྩོལ། །འདིར་དཔལ་དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོའི་ཐུགས་བཅུད་བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་རིམ་པ་དང་པོའི་ཁྲིད་ཀྱི་རིམ་པ་མདོར་བསྡུས་སུ་འཆད་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ལ། ཐུན་མོང་ངེས་འབྱུང་གི་བློ་བཅོས་པ་དང། ཐུན་མིན་སྔོན་འགྲོའི་ས་བོན་གདབ་པ་གཉིས་ཀྱི། དང་པོ་ལ་གཉིས། ཐུན་གྱི་སྔོན་འགྲོ་དང་། ཁྲིད་ཀྱི་སྔོན་འགྲོའོ། །དང་པོ་ནི། གནས་དབེན་པར་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད་ནས། རླུང་རོ་བསལ། སྤྱི་བོར་བླ་མ་བསྒོོམས་ཏེ། སངས་རྒྱས་དངོས་མཐོང་གི་མོས་གུས་ཀྱིས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན། བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ། རྗེས་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པར་མོས་ལ་གཤིས་ལུགས་མ་བཅོས་པའི་ངང་ལ་ཅི་གནས་སུ་བཞག དེས་བྱིན་རླབས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བའི་སྒོར་འགྱུར་བས་འདི་ཕྱི་ཐུན་ཐམས་ཅད་ཀྱི་མགོར་གཏོང་བར་བྱའོ། །གཉིས་པ་ནི། གཞུང་རྩ་བར། དལ་འབྱོར་མཆོག་ཐོབ་མི་རྟག་སྐྱོ་ཤས་ཅན༔ ངེས་འབྱུང་དྲག་པོས་རྒྱུ་འབྲས་བླང་དོར་བརྩོན༔ དད་དང་སྙིང་རྗེ་ལྡན་པའི་སྐལ་བཟང་གིས༔ཞེས་གསུངས་པས། འདི་ལ་བཞི། དལ་འབྱོར་རྙེད་དཀའ་བསམ་པ། འཆི་བ་མི་རྟག་པ་བསམ་པ ། འཁོར་བའི་ཉེས་དམིགས་བསམ་པ། ལས་རྒྱུ་འབྲས་བསམ་པའོ། །དང་པོ་ལ། དལ་འབྱོར་ངོས་བཟུང་བ། དེ་རྙེད་དཀའ་ཚུལ། དེ་དོན་ཆེ་བར་བསམ་པ་གསུམ་གྱི། དང་པོ་ནི། བྱང་ཆུབ་སྒྲུབ་པའི་རྟེན་ཕུན་སུམ་ཚོགས་པ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་པའི་སྐབས་འདིར་སྙིང་པོ་ཅི་ལོན་ལ་བརྩོན་པར་བྱ་དགོས་ཏེ། དེ་ལ་དལ་བ་བརྒྱད་ནི། བརྒྱད་སྟོང་འགྲེལ་ཆེན་དུ། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོང་པ། །ལྐུག་པ་འདི་དག་མི་ཁོམ་བརྒྱད། །ཅེས་པ་ལྟར། ངན་སོང་གསུམ་དུ་སྐྱེས་ན་སྡུག་བསྔལ་དོས་དྲག་ཅིང་རྟེན་དམན་པས་ཆོས་མི་ཁོམ། ལྷ་ཚེ་རིང་པོ་ནི་ཐོས་བསམ་གྱི་རྟེན་འདུ་ཤེས་མེད་པ་དང་ལྷ་གཞན་རྣམས་ཀྱང་འདོད་ཡོན་ལ་ཆགས་པ་དང་ཏིང་ངེ་འཛིན་གྱིས་མྱོས་ནས་ཆོས་བྱེད་མི་ཁོམ་པས་འདི་བཞི་ནི་མི་མ་ཡིན་པའི་མི་ཁོམ་པ་ཡིན་ལ། གལ་ཏེ་མིར་སྐྱེས་ཀྱང་སངས་རྒྱས་མ་བྱོན་པའི་ཞིང་དུ་སྐྱེས་པ་དང་། བྱོན་ཀྱང་ཆོས་མ་དར་བའི་ཕྱོགས་མཐའ་འཁོབ་ཀླ་ཀློར་སྐྱེས་པ་དང་། ཆོས་དར་བའི་སར་སྐྱེས་ཀྱང་ཚེ་སྔ་ཕྱི་དང་ལས་འབྲས་དཀོན་མཆོག་མེད་པར་འཛིན་པའི་ལོག་ལྟ་ཅན་དང་། གླེན་ལྐུགས་སུ་གྱུར་པས་བླང་དོར་གྱི་གནས་མི་གོ་བ་སྟེ་མིའི་འགྲོ་བས་བསྡུས་པ་བཞི་བཅས་བརྒྱད་པོ་དང་བྲལ་བ་ནི་དལ་བ་ཡིན་ཏེ། སྡུད་པ་ལས། མི་ཁོམ་བརྒྱད་སྤངས་དེ་ཡི་དལ་བ་རྟག་ཏུ་རྙེད། །ཅེས་གསུངས། འབྱོར་པ་བཅུ་ལས། རང་འབྱོར་ལྔ་ནི། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་པས། བདག་སྤྱིར་མིའི་ལུས་ཐོབ། སྒོས་ཆོས་དར་བའི་ཡུལ་དབུས་སུ་སྐྱེས། དབང་པོ་ལྔ་སོགས་ཚང་བས་བླང་དོར་ཤེས་སུ་རུང་། ཚེ་འདིར་མཚམས་མེད་སོགས་མ་བྱས་པས་ལམ་གྱི་རྟེན་དུ་རུང་། དམ་པའི་ཆོས་འདུལ་བ་སོགས་སངས་རྒྱས་ཀྱི་གསུང་རབ་ལ་དད་པ་དང་ལྡན་པ་སྟེ། ལྔ་པོ་ནི་རང་རྒྱུད་ཀྱིས་བསྡུས་ཤིང་ཆོས་སྒྲུབ་པའི་ཆ་རྐྱེན་ཡིན་པས་རང་འབྱོར་ཞེས་བྱ། གཞན་འབྱོར་ལྔ་ནི། སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེ་རྗེས་འཇུག །གཞན་ཕྱིར་སྙིང་ནི་བརྩེ་བའོ། །ཞེས་པས། སངས་རྒྱས་འཇིག་རྟེན་དུ་བྱོན་དེས་དམ་པའི་ཆོས་གསུངས། དེའི་བསྟན་པ་མ་ནུབ་པར་གནས། བསྟན་པ་ལ་རྗེས་སུ་འཇུག་པ་ཡང་མང་དུ་ཡོད། ཆོས་བྱེད་པ་རྣམས་ལ་གཞན་སྙིང་བརྩེས་མཐུན་རྐྱེན་སྦྱོར་བ་ཡོད་ཅིང་ཁྱད་པར་དགེ་བའི་བཤེས་གཉེན་གྱིས་ཐུགས་བརྩེས་རྗེས་སུ་བཟུང་བ་སྟེ། དེ་ལྔ་ནི་གཞན་རྒྱུད་ཀྱིས་བསྡུས་ཤིང་ཆོས་སྒྲུབ་པའི་ཆ་རྐྱེན་ཡིན་པས་གཞན་འབྱོར་ལྔའོ། །དེ་ལ་དལ་བ་ནི་ངོ་བོ་ཡིན་ལ་འབྱོར་པ་ནི་དེའི་ཁྱད་པར་གྱི་ཆོས་ཏེ། དེ་ལྟར་དལ་འབྱོར་བཅོ་བརྒྱད་ཚང་བའི་ལུས་འདི་ལྟ་བུ་ད་རེས་ལན་གཅིག་རྙེད་པའི་སྐབས་སུ་དམ་པའི་ཆོས་ལ་འབད་དགོས། དེ་ལྟར་མ་འབད་ན་འདི་ལས་བསླུས་པ་གཞན་མེད་སྙམ་དུ་བསམ་པར་བྱ་སྟེ། སྤྱོད་འཇུག་ལས། འདི་འདྲའི་དལ་བ་རྙེད་གྱུར་ནས། །བདག་གིས་དགེ་གོམས་མ་བྱས་ན། །འདི་ལས་བསླུས་པ་གཞན་མེད་དེ། །འདི་ལས་རྨོངས་པ་གཞན་མེད་དོ། །ཞེས་གསུང་པ་བཞིན་ནོ། །གཉིས་པ་དེ་ཉིད་རྙེད་དཀའ་བའི་ཚུལ་ནི། སེམས་ཅན་གྱི་ནང་ན། ངན་འགྲོ་ནི་ས་ཆེན་པོའི་རྡུལ་བཞིན་མང་བས་མཐའ་མེད་ལ། མཐོ་རིས་ནི་སེན་མོའི་རྡུལ་ཙམ་སྟེ་ཤིན་ཏུ་ཉུང་བར་གསུངས། ངན་སོང་གསུམ་ལས་ཉུང་ཤོས་དུད་འགྲོ་སྟེ། དེ་ལ་ཡང་བྱིང་ན་གནས་པ་མཐའི་རྒྱ་མཚོ་སོགས་ན་གནས་པ་ཆེས་མང་། ཁ་འཐོར་བ་ལྷ་དང་མིའི་ནང་ན་གནས་པ་ཆེས་ཉུང་། དེ་ལ་སྟོས་ནས་ཀྱང་། སྤྱིར་མིའི་འགྲོ་བ་ནི་ཆེས་ཉུང་། སྒོས་འཛམ་བུ་གླིང་པའི་མི་ཉུང་། ཡང་སྒོས་ཆོས་ལྡན་གྱི་མི་ལུས་ནི་སྲིད་མཐའ་ཙམ་སྟེ། དེ་ལྟར་ཉུང་བའི་རྒྱུ་ཡང་སེམས་ཅན་གྱི་ནང་ན་སྡིག་པ་བྱེད་པ་ནི་ཆེས་མང་། དགེ་བ་བྱེད་པ་ནི་ཉུང་ཞིང་། དགེ་བའི་ནང་ནས་ཀྱང་མངོན་མཐོར་འཕེན་ནུས་ཀྱི་ཚུལ་ཁྲིམས་སྲུང་བ་ཤིན་ཏུ་དཀོན། དེ་ཡང་མཚམས་སྦྱོར་གྱི་རྐྱེན་འཆི་ཁར་སྨོན་ལམ་གཙོ་ཆེ་བས། དེ་ལྟ་བུའི་རྒྱུ་རྐྱེན་ཚོགས་པ་དཀོན་པའི་ཕྱིར་ཤིན་ཏུ་རྙེད་དཀའ་བའི་དཔེ། བཤེས་སྤྲིང་ལས། རྒྱ་མཚོ་གཅིག་གནས་གཉའ་ཤིང་བུ་ག་དང་། །རུས་སྦལ་འཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱད་པས་བདེ་འབྲས་མཆིས་པར་མཛོད། །ཅེས་གསུངས། ཁྱད་པར་ཆོས་ལྡན་ཀྱི་མི་ལུས་འདི་འདྲ་རྙེད་པ་ནི་སྔོན་དམ་པའི་ཆོས་ལ་དོན་གཉེར་གྱི་འདུན་པ་དང་། སྦྱིན་སོགས་བསོད་ནམས་མང་པོ་བསགས་པའི་མཐུ་ལས་བྱུང་བས་ན། ད་རེས་རྙེད་པར་དཀའ་བའི་ལུས་སེམས་ཀྱི་རྟེན་ཕུན་སུམ་ཚོགས་པ་ཐོབ་པའི་དུས་འདིར་གཏན་གྱི་བདེ་བའི་ཕྱིར་ཆོས་རྣམ་དག་ཅིག་ཅི་ནས་བསྒྲུབ་པར་བྱའོ་སྙམ་དུ་བསམ་མོ། །གསུམ་པ་རྙེད་པ་དོན་ཆེ་བར་བསམ་པ་ནི། དེ་ལྟ་བུའི་རྟེན་ཕུན་སུམ་ཚོགས་པ་འདི་ཐོབ་ན། གནས་སྐབས་སུ་སྐྱེས་བུ་ཆུང་ངུའི་ལམ་གྱི་འབྲས་བུ་མངོན་པར་མཐོ་བའི་རྟེན་གྱི་འབྱོར་པ་མཐའ་དག་དང་། འབྲིང་གི་ལམ་ཐེག་པ་འོག་མའི་མྱང་འདས་དང་། ཆེན་པོའི་ལམ་བླ་ན་མེད་པའི་བྱང་ཆུབ་ཀྱང་དཀའ་བ་མེད་པར་སྒྲུབ་ནུས། རྟེན་འདི་ལྟ་བུ་མ་ཐོབ་ན་ཐར་པ་ལྟ་ཅི་འཁོར་བའི་བདེ་བ་ཙམ་ཡང་སྒྲུབ་པའི་ཐབས་མེད། དེས་ན་ད་རེས་དལ་འབྱོར་ལ་སྙིང་པོ་ལོན་པ་ཞིག་ཅི་ནས་བྱའོ་སྙམ་དུ་སྙིང་ཐག་པ་ནས་བསམ་དགོས་ཏེ། སྤྱོད་འཇུག་ལས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིན་ཆད་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་གསུངས་པ་བཞིན་ནོ། །གཉིས་པ་འཆི་བ་མི་རྟག་པ་བསམ་པ་ལའང་གསུམ། ངེས་པར་འཆི་བ་བསམ་པ། ནམ་འཆི་ཆ་མེད་བསམ་པ། འཆི་བ་ལ་ཅིས་ཀྱང་མི་སྟོངས་པར་བསམ་པ་གསུམ་ལས། དང་པོ་ནི། ནམ་ཞིག་འཆི་བ་འོང་སྙམ་པ་ཐམས་ཅད་ལ་ཡོད་ཀྱང་། རེ་ཞིག་མི་འཆི་བར་རེ་བའི་བློ་ངན་དེ། འཆི་ཁ་ཚུན་ཆད་ལ་འབྱུང་། བློ་ངན་དེས་བསླུས་ནས་ཚེ་འདིའི་རྣམ་གཡེང་ལ་འབྱམས། ཕྱི་མའི་དོན་བསྒྲུབ་པ་ལ་ཕྱི་བཤོལ་ལེ་ལོའི་དབང་དུ་འགྲོ་བས་འདི་ལྟར་མི་རྟག་པ་བསྒོམ་པ་གལ་ཆེ་སྟེ། དེ་ཡང་སྲིད་པ་ན། ལུས་ཅི་འདྲ་ཞིག་བླང་བ་དང་། གནས་གྲོགས་གང་ལ་བརྟེན་ཀྱང་འཆི་བ་ལས་མ་འདས། ས་སྟེང་གི་འགྲོ་བ་སྔར་བྱུང་བ། ད་གཟོད་འབྱུང་འགྱུར། ད་ལྟ་དངོས་སུ་ཡོད་པ་འདི་ཐམས་ཅད་འཆི་བ་ལས་མ་འདས། བྱེ་བྲག་རང་རེའི་མཐོང་ཆོས་སུའང་དགྲ་གཉེན་བར་མའི་འགྲོ་བ་ཅི་ཙམ་ཞིག་ཤི་དེས་ན་བདག་ལ་མི་འཆི་བའི་བློ་གདེང་ཅི་ཞིག་ཡོད་དེ། མདོ་ལས། བྱུང་དང་འབྱུང་བར་འགྱུར་བ་ཇི་སྙེད་པ། །ཀུན་གྱིས་ལུས་འདི་གཏོང་ནས་འགྲོ་བ་དང་། །དེ་ཀུན་འཇིག་པར་མཁས་པས་རྟོགས་བགྱི་སྟེ། །ཆོས་ལ་གནས་བགྱི་ངེས་པར་སྤྱད་པ་སྤྱོད། །ཅེས་གསུངས། དེས་ན་སྤྱིར་འཆི་བ་ལས་མ་འདས། བྱེ་བྲག་ལོ་དང་ཟླ་བ་ཞག་དང་ཟ་མ་སྐད་ཅིག་རེ་རེས་ཀྱང་སྡོད་པ་མེད་པར་འཆི་བ་ལ་ཇེ་ཉེར་སོང་བས་སྔར་དེ་ཙམ་ཞིག་འདས། ད་ཡང་བསྣོན་པ་མེད་ཅིང་བར་མ་ཆད་དུ་འགྲིབ་པ་ཡིན་ཏེ། སྤྱོད་འཇུག་ལས། ཉིན་མཚན་སྡོད་པ་ཡོངས་མེད་པར། །ཚེ་འདིར་རྟག་ཏུ་གོད་འགྱུར་ཞིང་། །སྣོན་པ་གུད་ནས་འོང་མེད་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར། །ཞེས་གསུངས། དེས་ན་དང་པོར་གཞོན་པའི་དུས་སུ་ནི་བསམ་པ་མ་རྙེད་པས་ཆོས་མ་བྱུང་། མཐར་རྒས་ནས་ཆོས་བྱེད་ལོ་བྱས་ཀྱང་ལུས་སེམས་ཀྱི་སྟོབས་ཟད་པས་བོགས་སྐྱེད་མི་འབྱུང་། དེའི་བར་གྱི་ཕྱེད་ནི་གཉིད་ཀྱིས་འདས་ཕྱེད་ཀྱང་འགྲོ་འདུག་བྱ་བྱེད་སོགས་དོན་མེད་འབའ་ཞིག་གིས་དུས་འདའ་བས་ཆོས་བྱེད་པའི་སྐབས་ཅུང་ཟད་ཀྱང་མི་འདུག་པའི་ཚུལ་བསམ་ནས་ཆོས་ལ་བརྩོན་འགྲུས་བརྩོམ་པར་བྱའོ། །གཉིས་པ་ནམ་འཆི་ཆ་མེད་བསམ་པ་ནི། སྤྱིར་སྒྲ་མི་སྙན་པ་མ་གཏོགས་འགྲོ་བ་གཞན་གྱི་ཚེ་ལ་ངེས་པ་མེད། བྱེ་བྲག་འཛམ་བུ་གླིང་པའི་ཚེ་ལ་ངེས་པ་མེད། ཡང་སྒོས་སྙིགས་མ་ལྔ་བདོ་བའི་ཚེ་ལ་ངེས་པ་མེད་ཅིང་། དེང་སང་གཏེར་ལུང་རྣམས་ནས་སུམ་ཅུ་ཁར་རལ་དུ་གསུངས། གལ་ཏེ་སྔོན་གྱི་དགེ་བའི་མཐུས་ཚེ་ལོ་དྲུག་ཅུ་བདུན་ཅུ་ཙམ་དུ་འཕངས་སུ་སྲིད་ཀྱང་། དེ་རིང་ནས་བརྩི་རྒྱུ་མིན། སྔར་དེ་ཙམ་འདས། །ད་ཇི་ཙམ་ཐུབ་ཚོད་མི་ཕོག་རྒན་གཞོན་བར་མ་ངེས་མེད་ཀྱིས། གློ་བུར་དུ་ཤི་བ་མཐོང་ཐོས་སུ་གྱུར་པ་རྣམས་ལ་བརྟགས་ནའང་། རང་ཅག་ཀྱང་དེའི་རང་བཞིན་ལས་མ་འདས། སང་གནང་དང་འོ་སྐོལ་གྱི་ཚེ་ཕྱི་མ་གང་སྔ་མི་ཤེས་པས། ཚེ་འདིའི་བྱ་བྱེད་ཀྱིས་ཅི་བྱ། ལུས་ནི་ཆུ་བུར་ལྟར་ཉམ་ཆུང་། དབུགས་ནི་ན་བུན་ལྟར་ཡར་སྐྱེན། སེམས་ལ་རང་དབང་མ་ཐོབ་པས་གར་འགྲོ་བརྟོལ་མེད། འཆི་བའི་རྐྱེན་ནི་བསམ་གྱིས་མི་ཁྱབ། འཚོ་བའི་རྐྱེན་དུ་རེ་བ་རྣམས་ཀྱང་འཆི་རྐྱེན་དུ་འགྱུར་བ་ཆེས་མང་། དཔེ་རླུང་གསེབ་ཀྱི་མར་མེ་དང་འདྲ་སྟེ་ནམ་མཆི་ཆ་མེད་སྙམ་དུ་བསམ་པར་བྱ་སྟེ། ཇི་སྐད་དུ། དེ་རིང་ཁོ་ནར་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །ཞེས་དང་། ཀླུ་སྒྲུབ་ཀྱིས། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པའི་རྐྱེན་ནི་ཉུང་ཟད་ཅིག །དེ་དག་ཉིད་ཀྱང་འཆི་བའི་རྐྱེན། །དེས་ན་རྟག་ཏུ་ཆོས་མཛོད་ཅིག །ཅེས་གསུངས་པ་བཞིན་ནོ། །གསུམ་པ་འཆི་བ་ལ་ཆོས་མ་གཏོགས་ཅིས་ཀྱང་མི་ཕན་པར་བསམ་པ་ནི། དེ་ལྟ་བུའི་འཆི་བ་དེ་ཐོག་བབ་ཏུ་བྱུང་བའི་ཚེ། བསགས་པའི་ནོར་གྱིས་མི་ཕན་ཏེ་ཁྱེར་དབང་མེད། འགྲོགས་པའི་གཉེན་གྱིས་མི་ཕན་ཏེ་ཁྲིད་དབང་མེད། བརྩིགས་པའི་མཁར་གྱིས་མི་ཕན་ཏེ་སྡོད་དབང་མེད། ཐ་ན་ལྷན་ཏུ་སྐྱེས་པའི་ཤ་རུས་ཀྱང་ཤུལ་དུ་བཞག་ནས་རང་གཅིག་པུར་བར་དོར་རྟེན་མེད་དུ་འཁྱམས་དགོས། དེ་དུས་རྗེས་སུ་འབྲང་བ་ནི་རང་གི་བསགས་པའི་ལས་དགེ་སྡིག་གཉིས་པོ་ཁོ་ན་སྟེ། རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱིས་བསྙེན་ནས་རྒྱལ་པོ་འགྲོ་གྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གང་ནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །ཞེས་གསུངས། དེས་ན་ཕྱི་ནང་སྣོད་བཅུད་ཀྱི་འགྱུར་བ་ཐམས་ཅད་རང་ལ་མི་རྟག་པ་སྟོན་པའི་བརྡར་ངེས་ཤེས་བསྐྱེད་ནས་ཚེ་འདིའི་བྱ་བྱེད་ཐམས་ཅད་ནི་ཟིན་དུས་མེད་ཅིང་དོན་ཆུང་། འཆི་དུས་ཕན་ཆད་ཕན་པའི་ཆོས་གཤའ་མ་ཞིག་མི་བྱེད་རེ་སྙམ་དུ་ཞེ་དམ་དྲག་པོས་ཆོས་ལ་བརྩོན་པ་སྒེག་མོའི་མགོ་ལ་མེ་ཤོར་བ་ལྟ་བུ་རེ་ཅིས་ཀྱང་བྱེད་དགོས་ཏེ། བཤེས་སྤྲིང་ལས། མགོའམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་བཟློག་སླད་བགྱི་བ་བཏང་ནས་ཀྱང་། །ཡང་སྲིད་མེད་པར་བགྱིད་སླད་འབད་འཚལ་ཏེ། །དེ་བས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཞེས་དང་། ཀུན་མཁྱེན་ཆོས་རྗེས། ཚེ་ འདི་མི་རྟག་འཇིམ་པའི་བུམ་པ་འདྲ། །སང་དང་འཇིག་རྟེན་ཕྱི་མའི་སྣང་བ་གཉིས། །སྔོན་ལ་གང་བྱུང་ངེས་པ་མེད་པས་ན། །དེ་རིང་ཉིད་ནས་དམ་པའི་ཆོས་མཛོད་ཅིག །ཅེས་གསུངས་པ་བཞིན་ནོ། །གསུམ་པ་འཁོར་བའི་ཉེས་དམིགས་བསམ་པ་ལ་གསུམ། ངན་སོང་གསུམ་གྱི་སྡུག་བསྔལ་བསམ་པ། མཐོ་རིས་ཀྱི་སྡུག་བསྔལ་བསམ་པ། སྡུག་བསྔལ་གསུམ་གྱི་རང་བཞིན་སྤྱིར་བསམ་པའོ། །དང་པོ་ནི། དེ་ལྟར་རང་དབང་མེད་པར་ཤི་བས་མི་ཆོག སྐྱེ་བ་ལེན་དགོས། དེ་ཡང་བདེ་འགྲོ་དང་ངན་འགྲོ་གཉིས་ལས་མ་འདས། དེ་གཉིས་སུ་ལས་དཀར་ནག་གང་གིས་འཕངས་པའི་རྗེས་སུ་འགྲོ་བ་ལས་རང་དབང་མེད། བདག་གིས་ཚེ་འདིར་ཡང་སྡིག་པ་མི་དགེ་བ་ཇི་སྙེད་ཅིག་བསགས། དེར་མ་ཟད་ཚེ་རབས་སྔ་མ་རྣམས་སུ་བསགས་པའི་བག་ཆགས་ཀུན་གཞི་ལ་བཞག་པ་སད་འགྱུར་ཡང་ཆེས་མང་བས་ངན་སོང་དུ་མི་སྐྱེ་བའི་གདེང་ཚད་ཅི་ཞིག་ཡོད། དེར་སྐྱེས་ནས་སྡུག་བསྔལ་གྱི་རྣམ་པ་ཇི་འདྲ་ཞིག་མྱོང་བར་འགྱུར་སྙམ་དུ་བསམ་དགོས་ཏེ། ཀླུ་སྒྲུབ་ཀྱིས། རབ་ཏུ་ཚ་ཞིང་གྲང་བ་ཡི། །དམྱལ་བ་ཉི་མ་གཅིག་བཞིན་དྲན། །བཀྲེས་སྐོམ་དག་གིས་རིད་པ་ཡི། །ཡི་དྭགས་དག་ཀྱང་དྲན་པར་བྱ། །རྨོངས་པའི་སྡུག་བསྔལ་རབ་མང་བའི། །བྱོལ་སོང་ལྟ་ཞིང་དྲན་པར་བྱ། །དེའི་རྒྱུ་རྣམ་སྤང་བདེ་རྒྱུ་སྤྱད། །ཅེས་གསུངས་པ་ལྟར། དང་པོ་དམྱལ་བའི་སྡུག་བསྔལ་བསམ་པ་ལ་བཞི་ལས། དང་པོ་ཚ་ད མྱལ་གྱི་སྡུག་བསྔལ་བསམ་པ་ནི། དེ་ལ་གནས་ཀྱི་ཁྱད་པར་ལྕགས་བསྲེགས་ཀྱི་ས་གཞི་རི་རོང་ངམ་གྲོག་ཅན། མེ་ལྕེ་ཁྲུ་གང་ཙམ་རྟག་ཏུ་འབར་ཞིང་ཟངས་ཞུན་དང་འགྱུར་བྱེད་ཀྱི་ཁུ་བ་འབབ་པ། ལྕགས་བསྲེགས་ཀྱི་སྡོང་པོ་མེ་འབར་བས་གཏམས་པ་གདུག་པའི་བྱ་དང་གཅན་གཟན་དང་དམྱལ་སྲུང་གཤེད་མ་མི་བསྲུན་པ་དུ་མས་གང་བ། ལྕགས་བསྲེགས་ཀྱི་རྩིག་པ་དང་མེ་འོབས་ཀྱིས་བསྐོར་བ། དེ་ཡང་བསྐལ་པ་འཇིག་དུས་ཀྱི་མེ་ལས་ཚ་ཞིང་། དེ་ལས་འོག་མ་འོག་མ་བཞི་འགྱུར་གྱིས་ཚ་བར་གསུངས། དེར་སྐྱེ་བའི་བར་དོ་རྣམས་ཆར་རླུང་གིས་དེད་པས་གྲང་བའི་རྣམ་པར་ཤར་བའི་ཚེ་ཚ་དམྱལ་གྱི་གནས་མཐོང་ནས། དེར་དྲོ་བར་ཤེས་ཏེ་སྲེད་པས་རྒྱུགས་པ་ན་དེར་ཚུད་པའི་སྐད་ཅིག་ལ་གཉིད་སད་པ་ལྟར་སྐྱེ་བར་འགྱུར་ཞིང་། དེ་ཡང་རེག་པ་ཚོར་ངེས་རྐྱེན་ལུས་འཇམ་ཞིང་མཉེན་པས་ལུས་སེམས་གཉིས་ཀའི་ཆ་ནས་བཟོད་སྲན་ཆུང་བས་ཀྱང་སྡུག་བསྔལ་ལྷག་པར་ཆེའོ། །བྱེ་བྲག་སོ་སོའི་སྡུག་བསྔལ་གྱི་ཁྱད་པར་ནི། ཡང་སོས་རྣམས་ཕན་ཚུན་མཐོང་བའི་ཚེ་དགྲའི་འདུ་ཤེས་ཀྱིས་ཞེ་སྡང་དྲག་པོ་སྐྱེས་ཏེ་ལས་དབང་གིས་མཚོན་ཆ་སྣ་ཚོགས་ལག་ཏུ་བྱུང་བ་བསྣུན་རེས་བྱས་པས་སྡུག་བསྔལ་དྲག་པོ་དང་བཅས་ཏེ་བརྒྱལ་ཞིང་འགྱེལ་བ་ན། ནམ་མཁའ་ནས་ཡང་སོས་པར་གྱུར་ཅིག་ཅེས་པའི་སྒྲ་བྱུང་བའམ། རླུང་གྲང་མོ་ལངས་པས་སླར་སོས་ཏེ་སྔར་ལྟར་སྡུག་བསྔལ་མི་བཟོད་པ་ལས་མ་ཟད་ཀྱི་བར་དུ་མྱོང་ངོ་། །དེ་བཞིན་དུ་ཐིག་ནག་པ་རྣམས་ནི། དམྱལ་སྲུང་རྣམས་ཀྱིས་ལུས་ལ་ཐིག་ནག་པོ་བཞིའམ་བརྒྱད་ལ་སོགས་པ་དུ་མ་བཏབ་ནས་དེའི་སྟེང་དུ་སོག་ལེ་དང་སྟ་གྲི་སོགས་ཀྱིས་འདྲལ་བ་དང་གཤོག་པས་སྡུག་བསྔལ་ལོ། །བསྡུས་འཇོམས་རྣམས་ནི། ལྕགས་ཀྱི་རི་ར་ལུག་དང་སྟག་སེང་ལ་སོགས་པའི་གདོང་པ་ལྟ་བུའི་བར་དུ་ལུས་བཅུག་ནས་བཙིར་བ་དང་། ལྕགས་ཀྱི་ཐོ་གཏུན་ཆེན་པོས་ཏིལ་བཞིན་དུ་འཚེར་བ་དང་། ལྕགས་བསྲེགས་ཀྱི་ཕ་བོང་ཆར་དུ་འབབ་པས་བརྡུང་ཞིང་ཕྱེ་མར་འཇོམས་པས་སྡུག་བསྔལ། ངུ་འབོད་པ་རྣམས་ནི། འཇིགས་སྐྲགས་གིས་གནས་འཚོལ་བ་ན། ལྕགས་ཀྱི་ཁང་པ་མཐོང་ནས་དེར་ཞུགས་མ་ཐག་སྒོ་ཟུམ་ཞིང་ཕྱི་ནང་ཀུན་ནས་མེ་འབར་བས་ངུ་ཞིང་འོ་དོད་འབོད་ཀྱང་སྐྱབས་མི་རྙེད་པས་སྡུག་བསྔལ། ངུ་འབོད་ཆེན་པོ་རྣམས་ནི། གཞན་སྔར་དང་འདྲ་བ་ལས་ལྕགས་ཁང་ཉིས་རིམ་དུ་བསྲེགས་པས་ཤིན་ཏུ་སྡུག་བསྔལ། ཚ་བ་པ་རྣམས་ནི། ལྕགས་ཀྱི་ཕྲུ་བ་དཔག་ཚད་དུ་མ་ཡོད་པ་མེ་འབར་བའི་ནང་དུ་སྲེག་པ་དང་། ལྕགས་ཀྱི་གསལ་ཤིང་མེ་འབར་བས་བཤང་ལམ་ནས་སྤྱི་བོར་ཐལ་བྱུང་དུ་ཕུག་པས་ནང་ཁྲོལ་སོགས་ཐམས་ཅད་ཚིག་པས་སྡུག་བསྔལ། རབ་ཏུ་ཚ་བ་རྣམས་ནི། ལུས་གསལ་ཤིང་རྩེ་གསུམ་པས་བཤང་ལམ་ནས་སྤྱི་བོ་དང་ཕྲག་པ་གཉིས་སུ་ཕུག་པ་དང་། ལྕགས་ཀྱི་ལེབ་མ་མེ་འབར་བས་དཀྲི་ཞིང་ལྕགས་ཟངས་འགྱུར་བྱེད་ཁོལ་མའི་ནང་དུ་སྤྱི་ཚུགས་སུ་འཚོད་པ་སོགས་ཀྱིས་སྡུག་བསྔལ། མནར་མེད་པ་རྣམས་ནི། ལྕགས་བསྲེགས་ཀྱི་ས་གཞིར་ཕྱོགས་ཀུན་ནས་མེ་རབ་ཏུ་འབར་བས། ལུས་ཀྱི་ཤ་རུས་རྐང་གི་བར་སྲེག་ཅིང་ལུས་དང་མེ་དབྱེར་མི་ཕྱེད་པར་འབར་བས་སྨྲེ་སྔགས་འབྱིན་པ་ལས་སེམས་ཅན་དུ་མངོན་པ་ཙམ་དང་། གཞན་ཡང་ལྕགས་ཀྱི་ཞིབ་མར་མདག་མེ་འབར་བ་དག་ལྷན་ཅིག་རྔོད་པ་དང་། ལྕགས་བསྲེགས་ཀྱི་རི་ཆེན་པོ་ལ་འབབ་འཛེག་བྱེད་དུ་འཇུག་པ་དང་། ལྕེ་ཕྱུང་སྟེ་ལྕགས་བསྲེགས་ཀྱི་གཞི་ལ་བརྒྱངས་ནས་ཕུར་བུས་འདེབས་པ་དང་། པགས་པ་བཤུ་བ་དང་། ཁ་འབྱེད་དཔྱད་ཀྱིས་ཕྱེས་ཏེ་ལྕགས་ཀྱི་ཐོ་ལུམ་དང་ཟངས་ཞུན་ལྡུད་པས་ཁ་དང་ལྐོག་མ་ནང་ཁྲོལ་ཐམས་ཅད་འཚིག་པ་སོགས་ཀྱི་སྡུག་བསྔལ་བཟོད་ཐབས་མེད་པ་མྱོང་བས་དེ་ལས་མནར་རྒྱུ་གཞན་མེད་པས་མནར་མེད་ཞེས་བྱའོ། །དེ་རྣམས་ཀྱི་ཚེ་ཚད་ཀྱི་ཁྱད་པར་ནི། མཛོད་ལས། ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །ཞེས་པས། མི་ལོ་ལྔ་བཅུ་ལ་རྒྱལ་ཆེན་རིགས་བཞིའི་ཞག་གཅིག དེ་བརྩིས་པའི་རང་ལོ་ལྔ་བཅུ་ཐུབ། དེ་ཡོངས་རྫོགས་ཡང་སོས་ཀྱི་ཞག་གཅིག་ཏུ་བྱས་པའི་རང་ལོ་ལྔ་བརྒྱ་ནི་ཡང་སོས་པའི་ཚེ་ཚད་ཡིན་ལ། འོག་མ་རྣམས་ལོ་གྲངས་ཉིས་འགྱུར་ཉིས་འགྱུར་དུ་འཕེལ་ཞིང་། ཞག་གྲངས་ཀྱང་ཉིས་འགྱུར་གྱིས་རིང་བས་གོང་མ་གོང་མའི་བཞི་འགྱུར་འོག་མ་འོག་མ་ལ་ཡོད་ཅིང་། རབ་ཏུ་ཚ་བ་བར་བ སྐལ་ཕྱེད་དང་། མནར་མེད་པ་བར་བསྐལ་གཅིག་ཏུ་གནས་པར་གསུངས་སོ། །གཉིས་པ་གྲངས་དམྱལ་གྱི་སྡུག་བསྔལ་ནི། གནས་ཀྱི་ཁྱད་པར་ཉི་ཟླ་སོགས་མེད་པའི་མུན་ཁྲོད་གངས་དང་འཁྱགས་པའི་གཅོང་རོང་རླུང་དང་བུ་ཡུག་ཤིན་ཏུ་གྲང་བས་ཀུན་ཏུ་ཁེབ་པ་དེ་ཡང་གོང་མ་གོང་མ་ལས་འོག་མ་འོག་མ་རྣམས་བདུན་འགྱུར་གྱིས་གྲང་བར་བཤད། དེར་སྐྱེ་བའི་བར་དོ་རྣམས་མེ་ནང་དུ་འཚིག་པ་ལྟ་བུའི་སྣང་བ་ཤར་བས། གྲང་དམྱལ་གྱི་གནས་རྣམས་མཐོང་བས། དེ་ལ་སྲེད་པས་རྒྱུགས་པས་དེ་ཉིད་དུ་སྐྱེ་བར་འགྱུར་ཞིང་། སྡུག་བསྔལ་གྱི་ཁྱད་ནི། ཆུ་བུར་ཅན་ནི། རླུང་དང་བུ་ཡུག་གི་གྲང་བས་བཏབ་པས་ལུས་ཆུ་བུར་ཧྲམ་ཧྲམ་པས་གང་བས་འཁུམས་ཏེ་སྡུག་བསྔལ་ལོ། །ཆུ་བུར་རྡོལ་བ་ཅན། གྲང་དྲགས་པས་ཆུ་བུར་ཡང་རྡོལ་ཏེ་དེའི་ནང་སྐྱེས་པའི་ལྕགས་ཀྱི་འབུ་མཆུ་རྣོན་གྱིས་པགས་པ་འདྲལ་ཞིང་། ཁྲག་དང་ཆུ་སེར་འཛག་པའང་འཁྱགས་པར་འགྲོ་བས་སྡུག་བསྔལ། ཨ་ཆུ་ཟེར་བ། སྐད་ཤིབ་ཤིབ་པོས་འབྲུ་ངག་ཅན་ཅུང་ཟད་ཙམ་ཐོན་པས་སྨྲེ་སྔགས་འདོན་པ། ཀྱི་ཧུད་ཟེར་བ། དེ་བས་ཀྱང་གྲང་བས་འབྲུ་ངག་མི་ཐོན་པར་ཉེན་སྐད་ཤིབ་ཤིབ་པོས་འདོན་པ། སོ་ཐམ་ཐམ་པ་དེ་བས་ཤིན་ཏུ་གྲང་བས་སྐད་མི་ཐོན་པར་ལུས་འདར་བས་ཉམ་ཐག་ཅིང་སོ་འདར་རྡེབ་པའོ། །ཨུཏྤལ་ལྟར་གས་པ། དེ་བས་ཀྱང་གྲང་བའི་ཤུགས་ཀྱིས་པགས་པ་སྔོན་པོར་གྱུར་ཏེ་ཁ་ལྔའམ་དྲུག་ཏུ་གྱེས་ནས་གས་པ། པདྨ་ལྟར་གས་པ་ནི། སྔོ་བ་ལས་ཀྱང་ཐལ་ནས་དམར་པོར་གྱུར་ཏེ་ཁ་བཅུའམ་དེ་བས་ཀྱང་མང་བར་གས་པ། པདྨ་ཆེན་པོ་ལྟར་གས་པ་ནི། གྲང་བའི་མཐར་ཐུགས་པས་པགས་པ་ཤུས་ནས་ཤིན་ཏུ་དམར་བ་ཁ་བརྒྱའམ་སྟོང་ལ་སོགས་པར་གས་པས་སྡུག་བསྔལ་བཟོད་ཐབས་མེད་དེ། ཚེ་ཚད་ཀྱི་ཁྱད་པར་ཡང་། མཛོད་ལས། ཏིལ་སྦྱངས་ནང་ནས་ལོ་བརྒྱ་ཞིག །ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཚད་ཡིན། །གཞན་གྱི་ཚེ་ནི་ཉི་ཤུའི་འགྱུར། །ཞེས་པས། ཡུལ་མ་ག་དྷཱའི་ཁལ་བརྒྱད་ཅུ་འགྲོ་བའི་སྣོད་ཏིལ་སྦྱངས་ཞེས་པ་ཏིལ་གྱིས་ཕྱུར་བུར་བཀང་སྟེ། ལོ་བརྒྱ་བརྒྱ་ན་ཏིལ་གཅིག་ཕྱུང་བས་ཏིལ་ཐམས་ཅད་ཟད་པ་ན་ཆུ་བུར་ཅན་གྱི་ཚེ་ཚད་དང་། དེ་ལས་འོག་མ་འོག་མ་ཉི་ཤུའི་འགྱུར་གྱིས་རིང་བར་གསུངས་སོ། །གསུམ་པ་ཉེ་འཁོར་བ་ནི། ཚ་དམྱལ་བརྒྱད་པོ་ཐམས་ཅད་ཀྱི་ཕྱོགས་བཞི་པོ་རེ་རེ་ན་ཡང་། མེ་མ་མུར་གྱི་འོབས་སོགས་བཞི་བཞི་ཡོད་པས་བཅུ་དྲུག་སྟེ། ཚ་དམྱལ་དངོས་གཞི་ལས་ཐོན་པའམ། དེ་ཉིད་དུ་སྐྱེས་ཀྱང་རུང་སྟེ། ཕྱོགས་གང་དུ་བྲོས་ཀྱང་མདག་མེ་འབར་བའི་འོབས་ཏུ་ཚུད་དེ། རྐང་པ་བཞག་མ་ཐག་ཤ་པགས་ཐམས་ཅད་སྲེག་ཅིང་བཏེགས་ན་ཡང་འཚོ་བ་དང་། དེ་ལས་ཐར་ཡང་རོ་མྱགས་ཀྱི་འདམ་རྫབ་ཤིན་ཏུ་དྲི་ང་བར་བྱིང་ནས་སྲིན་བུ་མཆུ་རྣོན་རྣམས་ཀྱིས་ཤ་པགས་རུས་པའི་བར་ཕུག་སྟེ་ཟ་བ་དང་། དེ་ལས་ཐར་ཡང་སྤུ་གྲིའི་གཏམས་པའི་ལམ་ལ་སླེབ་སྟེ་རྐང་པ་བཞག་མ་ཐག་དུམ་བུར་གཅོད་ཅིང་ཡང་འཚོ་བ་དང་། རལ་གྲི་ལོ་མའི་ནགས་ཚལ་དུ་ཕྱིན་ཏེ་དེའི་གྲིབ་མ་ལ་འཁོད་པ་ན་ལས་རླུང་གིས་བསྐྱོད་པས་རལ་གྲིའི་ཆར་བབས་ཏེ་ལུས་དུམ་བུར་གཅོད་ཅིང་འགྱེལ་བ་ན་ཁྱི་རྣམས་ཀྱིས་རུབ་སྟེ་ཟ་བ་དང་། ལྕགས་ཀྱི་ཤལ་མ་ལིའི་ཚལ་མཐོང་ནས་དེར་བྲོས་ཏེ་འབབས་འཛེགས་བྱས་པས་ཚེར་མ་རྣོན་པོ་སོར་བཅུ་དྲུག་པ་ཡས་མན་དུ་བལྟ་བ་ལས་ལུས་ཁྲོལ་ཚགས་བཞིན་ཕུག་ནས་ཁྭ་སོགས་བྱ་ལྕགས་མཆུ་ཅན་གྱིས་མིག་འབྲུ་ཞིང་ཤ་འཐོག་པ་སོག་ཀྱིས་སྡུག་བསྔལ། དེ་ལས་ཐར་ཡང་ཚ་བས་གདུངས་པས་ཆུ་ཀླུང་འབབས་པ་མཐོང་སྟེ་དེར་རྒྱུགས་པ་ན་འགྱུར་བྱེད་ཀྱི་ཆུ་བོ་རབ་ཏུ་ཚ་བའི་ནང་དུ་ལྷུངས་ཏེ། གཏིང་དུ་སོང་བས་ཤ་རུས་བྱེ་ཞིང་སྟེང་དུ་ཐོན་པ་ན་ཡང་སྐྱེ་ཞིང་ནུབ་པ་དང་། འབྲོས་པར་འདོད་ཀྱང་འགྲམ་གཉིས་དམྱལ་སྲུང་གཏུམ་པོ་རྣམས་ཀྱིས་སྲུང་ཞིང་འབྲོས་སུ་མི་སྟེར་བ་སོགས་ཀྱིས་སྡུག་བསྔལ་ཏེ། དེ་དག་ལས་སྤུ་གྲི་དང་། ནགས་ཚལ་དང་། ཤལ་མ་ལི་རྣམས་རིགས་གཅིག་ཏུ་བསྡོམས་པས་ཉེ་འཁོར་བ་བཞི་སྟེ། འདི་དག་ལ་ཚེ་ཚད་ནི་ངེས་པ་མ་བཤད་ཀྱང་སོ་སོར་ལོ་བརྒྱ་སྟོང་དུ་གནས་དགོས་པ་ཡིན་ནོ། །བཞི་པ་ཉི་ཚེ་བ་ནི། དམྱལ་བ་དངོས་གཞིའི་ཉེ་འཁོར་དང་། རྒྱ་མཚོའི་འགྲམ། ས་འོག་དང་། ས་སྟེང་སོགས་ངེས་མེད་དུ་གནས། སྡུག་བསྔལ་ཀྱི་ཁྱད་པར། མེས་སྲེག་པ། འཁྱགས་ཤིང་གས་པ། གཤེད་མས་གསོད་ཅིང་ཟ་བ་སོགས་དང་། ཉིན་མཚན་བདེ་སྡུག་འགྱུར་བ་སོགས་སྣ་ཚོགས་མ་ངེས་པ་ཡོད་དོ། །བཤེས་སྤྲིང་ལས། འདི་ན་ཉིད་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ཡིན་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ཡི། །འོལ་ཡང་མི་མཆི་ཆར་ཡང་མི་ཕོད་དོ། །ཞེས་གསུངས། དེ་ལྟ་བུའི་སྡུག་བསྔལ་གྱི་རྒྱུ་ནི་སྲོག་གཅོད་པ་སོགས་རང་གི་ཉེས་པར་སྤྱོད་པ་ཁོ་ན་ཡིན་པས་བསྒྲིམས་ཏེ་སྤང་བར་བྱའོ། །གཉིས་པ་ཡི་དྭགས་ཀྱི་སྡུག་བསྔལ་བསམ་པ་ནི། ཡི་དྭགས་རྩ་བའི་གནས་འཛམ་གླིང་འདིའི་འོག་དཔག་ཚད་ལྔ་བརྒྱ་འདས་པ་ན་ཡོད་ཅིང་། ཁ་འཐོར་བ་ས་གཞི་རི་ཀླུང་ཐམས་ཅད་ལ་ཁྱབ་པར་ཡོད། དེ་ལ་དྲན་པ་ཉེར་བཞག་ལས་རིགས་སོ་དྲུག་ཏུ་གསུངས་ཀྱང་བསྡུ་ན་གསུམ་ལས། ཕྱིའི་སྒྲིབ་པ་ཅན་ནི། བཀྲེས་བསྐོམ་གྱིས་ཉེན་པས་ཁ་ལུས་ཐམས་ཅད་སྐམ་ཞིང་རིད་པ། མ གྲིན་པ་དང་ཡན་ལག་ཕྲ་བ། སྐྲ་འཛིངས་པ། ཟས་སྐོམ་འཚོལ་ཕྱིར་ཀུན་ཏུ་རྒྱུགས་ཀྱང་མི་རྙེད་ཅིང་། རྒྱང་རིང་པོ་ནས་ཟས་དང་ཆུ་ཀླུང་ལྗོན་ཤིང་སོགས་མཐོང་ཡང་། དེར་ཕྱིན་པ་ན་ཕལ་ཆེར་ཤུལ་ཙམ་ཡང་མེད་པ་དང་རྣག་ཁྲག་དང་སོལ་བ་སོགས་སུ་སྣང་བ་དང་། དེ་ལྟར་མ་གྱུར་ཀྱང་། སྐྱེས་བུ་གོ་མཚོན་ཐོགས་པས་བསྲུང་ཞིང་སྤྱོད་དབང་མེད་པ་སོགས་ཀྱིས་སྡུག་བསྔལ། ནང་གི་སྒྲིབ་པ་ཅན་ནི། ཁ་ཁབ་མིག་ཙམ། མགྲིན་པ་རྟ་རྔ་ཙམ། ལྟོ་བ་ཡུལ་ལྗོངས་ཙམ། ཟས་སྐོམ་མི་རྙེད་ཅིང་ཅུང་ཟད་རྙེད་ཀྱང་ཁར་མི་ཚུད། ཚུད་ཀྱང་ཟས་རྣམས་མགྲིན་ཕུགས་སུ་སྟོར། སྐོམ་རྣམས་ཁ་ཡི་དུག་གིས་སྐམ། ཅུང་ཟད་མིད་ཀྱང་མགྲིན་པ་ནས་མི་ཐར། ཐར་ཡང་ལྟོ་བ་མི་ཁེངས་པ་སོགས་ཀྱིས་སྡུག་བསྔལ། ཟས་སྐོམ་གྱི་སྒྲིབ་པ་ཅན་རྣམས་ནི། བཟའ་བཏུང་ཁོང་དུ་སོང་ཚད་མེ་འབར་བར་འགྱུར་ནས་ནང་ཁྲོལ་སོགས་སྲེག་པ་དང་། བཤང་གཅི་དང་རྣག་ཁྲག་སོགས་མི་གཙང་ཞིང་དྲི་ང་བ་དང་། དུག་དང་མེ་མདག་སོགས་ངན་པ་དང་དུཿཁ་བ སྐྱེད་པ་ཁོ་ན་ཟ་དགོས་པ་སོགས་ཀྱིས་སྡུག་བསྔལ། དེ་ཐམས་ཅད་སྤྱི་མཐུན་དུ་རྟག་ཏུ་བཀྲེས་སྐོམ་གྱིས་ཉེན་ཞིང་གོས་དང་བྲལ་བ་དང་། སོས་ཀ་ཟླ་བས་ཀྱང་འཚིག་ཅིང་དགུན་ཉི་མས་ཀྱང་གྲང་བ་དང་། རྟག་ཏུ་འཚོལ་འགྲོས་ཀྱིས་ངལ་ཞིང་ཆད་པ་དང་། ཉམ་ཞན་པས་རུས་ཚིགས་འཁྲོགས་ཏེ་མེ་འབར་བ་དང་། ཕན་ཚུན་དགྲར་གྱུར་པས་འཆིང་བ་དང་། བརྡེག་པ་དང་། གསོད་པའི་འཇིགས་པ་དང་། གཏད་ས་མེད་པར་འཇིགས་སྐྲག་ཆེན་པོས་འགྲོ་བ་སོགས་སྡུག་བསྔལ་དོས་དྲག་ལ་ཡུན་རིང་བར་མྱོང་དགོས་ཏེ། ཚེ་ཚད་མཛོད་ལས། ཟླ་བ་ཉིན་ཞག་གིས་ལྔ་བརྒྱ། ཞེས་དང་། བཤེས་སྤྲིང་ལས། ལྔ་སྟོང་དག་དང་ཁྲིར་ཡང་འཆི་མི་འགྱུར། །ཞེས་པས། མིའི་ཟླ་བ་གཅིག་ལ་ཞག་གཅིག་ཏུ་བྱས་པའི་རང་ལོ་ལྔ་བརྒྱ་སྟེ་མི་ལོ་ཁྲི་དང་ལྔ་སྟོང་དུ་གནས་པ་ཡིན་ནོ། །དེ་ལྟ་བུའི་སྡུག་བསྔལ་གྱི་རྒྱུ་སེར་སྣ་འཇུར་གེགས་སོགས་ཡིན་པས་བསྒྲིམས་ཏེ་བག་ཡོད་པར་བྱའོ། །གསུམ་པ་དུད་འགྲོའི་སྡུག་བསྔལ་བསམ་པ་ནི། དུད་འགྲོ་བྱིང་ན་གནས་པ་རྒྱ་མཚོ་ཆེན་པོ་ན་ཡོད། སྐྱོབ་པའི་རྟེན་དང་གནས་མེད་པས་རླབས་ཀྱིས་བདས་ཏེ་ངེས་མེད་དུ་འཁྱམས། ཕན་ཚུན་གཅིག་ལ་གཅིག་ཟ་སྟེ། ཆེ་བས་ཆུང་བ་མིད་པ་དང་། ཆུང་བས་ཆེ་བའི་ལུས་ཕུག་སྟེ་ཟ་བ་དང་། ཀླུ་རྣམས་ནི་བྱེ་ཚན་གྱིས་ཉིན་རེ་བཞིན་བསྲེག་ཅིང་མཁའ་ལྡིང་གིས་ཟ་བ་སོགས་རྟག་ཏུ་དགྲ་བྱུང་གིས་དོགས་པའི་འཇིགས་སྐྲག་གི་སྡུག་བསྔལ་བཟོད་ཐབས་མེད། ཁ་འཐོར་བ་ལྷ་དང་མིའི་ཡུལ་ན་ཡོད་པ་འདི་རྣམས་ཡིན། མིས་བདག་ཏུ་མ་བཟུང་བ་རྣམས་ནི་དགྲ་བྱུང་གིས་དོགས་པའི་འཇིགས་སྐྲག་གིས་རྟག་ཏུ་མནར་བས་སེམས་ལ་བདེ་བ་མེད་ཅིང་བྱ་དང་གཅན་གཟན་གྱིས་ཟ་བ་དང་། མི་རྣམས་ཀྱིས་དབང་མེད་དུ་གསོད་པ་དང་། བདག་ཏུ་བཟུང་བ་རྣམས་ཀྱང་སྤུ་འབྱིན་པ་དང། སྣ་འབིག་པ་དང་། བརྡེག་ཅིང་བསྐུལ་བ་དང་། ཁུར་ལྕི་བས་མནར་བ་དང་། ཤ་དང་ཁྲག་དང་པགས་པ་དང་། རུས་པའི་ཕྱིར་གསོད་པ་དང་། གླེན་ཞིང་གཏི་མུག་པས་བླང་དོར་མི་ཤེས་པས་འཐོམ་སྟེ་སྡུག་བསྔལ་བ་དང་། གཞན་ཡང་བཀྲེས་སྐོམ་ཚ་གྲང་ངལ་དུབ་སོགས་དམྱལ་བ་དང་ཡི་དྭགས་ཀྱི་སྡུག་བསྔལ་དང་འདྲ་རུང་དུ་ཡོད་དེ་མཐོང་ཆོས་མངོན་གྱུར་བཞིན་ནོ། །ཚེ་ཚད་ནི། དུད་འགྲོ་རྣམས། མཆོག་རིང་བསྐལ་པའོ། །ཞེས་པས་ཚེ་རིང་བ་རྣམས་བསྐལ་པ་ཙམ་ཐུབ་ཅིང་། ཐུང་བ་ངེས་མེད་དུ་བཤད་དོ། །དེ་ལྟར་ངན་འགྲོའི་སྡུག་བསྔལ་བསམ་པ་ནི། ད་ལྟ་མེ་ནང་དུ་མཛུབ་མོ་བཅུག་ནས་ཡུན་ཙམ་སྡོད་པ་དང་། དགུན་གྲང་སྒང་འཁྱགས་སྦུབས་སུ་གཅེར་བུར་སྡོད་པ་དང་། ཉིན་ཞག་ཁ་ཡར་བཟའ་བཏུང་མེད་པ་དང་། ལུས་ལ་སྦྲང་བུ་དང་འཇི་ཤིག་གིས་སོ་བཏབ་པ་ཙམ་ཡང་བཟོད་དཀའ་ན། ངན་སོང་གསུམ་ཀྱི་སྡུག་བསྔལ་ཇི་ལྟར་བཟོད་སྙམ་དུ་ད་ལྟའི་རང་ཉམས་ལ་དཔགས་ནས་འཇིགས་སྐྲག་གིས་སྐྱོ་ཤས་ངེས་འབྱུང་དྲག་པོས་བསྐུལ་ནས་དལ་འབྱོར་དོན་ཡོད་པར་བྱའོ། །གཉིས་པ་མཐོ་རིས་ཀྱི་ཉེས་དམིགས་བསམ་པ་ནི། བསོད་ནམས་ཆ་མཐུན་ཀྱི་དགེ་བའི་ལས་ལམ་ཆུང་འབྲིང་ཆེན་པོར་བསགས་པས་འབྲས་བུ་མི་དང་འདོད་ལྷ་དང་ཁམས་གོང་མའི་ལྷར་རིམ་གྱིས་སྐྱེས་ནས་དེ་དང་དེའི་གནས་སྐབས་ཀྱི་བདེ་འབྲས་ལ་སྤྱོད་ཀྱང་འགྱུར་ཞིང་མི་རྟག་པས་འཁོར་བའི་གནས་རིས་མཐོ་དམན་གང་ཡང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཏེ། དེ་ལ་དབྱེ་ན། མིའི་སྡུག་བསྔལ་བསམ་པ། ལྷ་མིན་གྱི་སྡུག་བསྔལ་བསམ་པ། ལྷའི་སྡུག་བསྔལ་བསམ་པ་དང་གསུམ་ལས། དང་པོ་ནི། སྤྱིར་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཚད་མེད་དེ། སྐྱེ་བའི་ཚེ་མའི་མངལ་དོག་ཅིང་མུན་ནག་དྲི་ང་བ་ཚ་གྲང་གི་འགྱུར་ལྡོག་བཟོད་དཀའ་བ་དེར་ཟླ་བ་བགྲངས་ནས་སྡོད་དགོས། དེ་ནས་བཙའ་རན་པ་ན་ལུས་མགོ་མཇུག་ལྡོག་སྟེ་འཇུར་མིག་ནས་དྲངས་པ་ལྟ་བུ་དང་། རེག་པས་ཚེར་ལྕག་བྲབ་པ་ལྟ་བུ་དང་། ལག་ཏུ་བླངས་ཚེ་བྱེའུ་ཁྲས་ཁྱེར་བ་ལྟ་བུའི་སྡུག་བསྔལ་ཡོད་པར་འདུག དེ་ནས་རིམ་གྱིས་རྒས་པའི་ཚེ། ཁ་དོག་ཉམས་པས་ལུས་ཀྱི་མདོག་མི་སྡུག་པས་སྔོ་ནག་ཐལ་ཁ། མགོ་དཀར། དབང་པོའི་བཀྲག་ཤོར། དབྱིབས་ཉམས་པས་སོ་གོག ལུས་སྒུར་ཞིང་ཡན་ལག་འཁྱོགས། ཤ་སྐམ། པགས་པ་ལྷོད། གདོང་བྱད་གཉེར་མས་གང་། མཐུ་ཉམས་པས་ལྡང་བ་དཀའ། འགྲོ་ན་འཁྱོར། འདུག་ན་བུབ། སྨྲ་ན་ལྡབ་ལྡིབ་ཏུ་འགྱུར། དབང་པོ་ཉམས་པས་མིག་མི་གསལ་ཞིང་རྣ་བ་འོན། ལོངས་སྤྱོད་ཉམས་པས་ཁ་ཟས་ཉུང་ན་བཀྲེས། མང་ན་མི་འཇུ་བ་སོགས་འདོད་ཡོན་ལ་སྤྱད་དུ་མེད་ཅིང་། ཀུན་གྱིས་ཡིད་དུ་མི་འོང་། སྔོན་ལས་འཕྲལ་རྐྱེན་གྱིས་ནད་ཀྱིས་ཐེབ་པའི་ཚེ། ཚོར་བ་མི་བཟད་པའི་ཟུག་རྔུ་ལྡང་ཞིང་ལུས་རྒུད། འདོད་པའི་བཟའ་བཏུང་དང་གཉིད་སོགས་ལ་སྤྱོད་དབང་མེད། མི་འདོད་པའི་སྨན་དང་གཏར་སྲེག་སོགས་བརྟེན་དགོས་པ་དང་། འཆི་བར་དོགས་པའི་སྡུག་བསྔལ་མཐའ་མེད། འཆི་བའི་ཚེ་སྨན་དཔྱད་རིམ་གྲོ་ཅི་བྱས་ཀྱང་མ་ཕན་པར། སྔར་འབད་པས་བསྒྲུབས་པའི་ལོངས་སྤྱོད་དང་དབང་ཐང་འཁོར་གྲོགས་ཐམས་ཅད་དང་ཕངས་ཤིང་སྡུག་པའི་ལུས་ཀྱང་བཞག་སྟེ་གནད་གཅོད་ཀྱི་སྡུག་བསྔལ་དྲག་པོ་དང་བཅས་ཏེ་འཆི་ཞིང་དབང་མེད་དུ་བར་དོར་འཁྱམས་པར་འགྱུར། བྱེ་བྲག་སྡུག་བསྔལ་བཞི་པོ་དེ་ཤས་ཆུང་བའི་བར་སྐབས་སུ་ཡང་། ལོངས་སྤྱོད་མངའ་ཐང་སོགས་ཚེ་འདིའི་བདེ་འབྱོར་ཕྲ་མོ་བསྒྲུབ་པའི་དོན་དུ་ལུས་སྲོག་ཐེད་ལ་བོར་ནས་དཀའ་བ་ཇི་སྙེད་ཅིག་བྱས་ཀྱང་འདོད་པའི་དོན་མ་འགྲུབ་པའི་སྡུག་བསྔལ། ཚ་གྲང་བཀྲེས་སྐོམ་ནད་གདོན་དགྲ་ཇག་སོགས་ཡིད་དུ་མི་འོང་བའི་རྐྱེན་དང་འཕྲད་པའམ་འཕྲད་དུ་དོགས་པས་སྡུག་བསྔལ། གཉེན་གྲོགས་འཁོར་འདབས་ལོངས་སྤྱོད་སོགས་དགའ་བདེ་སྐྱིད་པའི་དཔལ་དང་བྲལ་བའི་སྡུག་བསྔལ། མདོར་ན་ཟག་བཅས་ཀྱི་ཕུང་པོ་འདི་གྲུབ་ཕྱིན་ཆོད་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཏེ་འབྱོར་ལྡན་རྣམས་འཁོར་དང་ལོངས་སྤྱོད་ཇི་ཙམ་ཆེ་བ་ལྟར། དེ་དག་བསྲུང་བའི་སྡུག་བསྔལ་ཡང་ཆེ་ལ། དབུལ་པོ་རྣམས་ཟས་གོས་སོགས་འདོད་པའི་ཡོན་ཏན་བཙལ་ཡང་མ་རྙེད་པར་ཕོངས་པའི་སྡུག་བསྔལ་དང་ལྡན་པ་སྟེ། སྐྱེས་རབས་ལས། གཅིག་ནི་བསྲུང་བས་ཉོན་མོངས་ལ། །གཉིས་པ་འཚོལ་བས་ཤ་ཐང་ངོ་། ཕྱུག་གམ་ཡང་ན་དབུལ་ཡང་རུང་། །གང་ནའང་དགའ་བ་མེད་པར་འགྱུར། །ཞེས་གསུངས་པ་ལྟར་རང་ཅག་གིས་མངོན་དུ་གྱུར་པ་འདི་ཀས་མཚོན་ནོ། །གཉིས་པ་ལྷ་མིན་སྡུག་བསྔལ་བསམ་པ་ནི། རྒྱུ་མཐུན་གྱི་འབྲས་བུས་ལྷའི་ཕུན་ཚོགས་མཐོང་ནས་དེ་ལ་ཕྲག་དོག་གི་གདུང་བ་མི་བཟོད་པས། དུས་དུས་སུ་ལྷ་དང་འཐབ་པས། ལྷ་མིན་རྣམས་བསོད་ནམས་ཆུང་བས་གསོད་པ་དང་རྡེག་པ་དང་། ཡན་ལག་གཅོད་འདྲལ་སོགས་ཀྱི་སྡུག་བསྔལ་དྲག་པོ་འགྱུར་ཞིང་དེའི་ལྷ་རྣམས་ནི་མགོ་བོ་དང་སྐེད་པ་མ་ཆད་ན་གནད་དུ་ཕོག་ཀྱང་སླར་འཚོ་ལ། ལྷ་མིན་རྣམས་ནི་མི་ལྟར་གནད་དུ་ཕོག་པས་འཆི་སྟེ། ཤི་བའི་གཟུགས་བརྙན་གསེར་གྱི་ས་གཞིའི་སྟེེང་དུ་ཀུན་སྣང་ཞེས་པའི་མཚོ་ལ་ཤར་བས་དམག་མ་ལོག་པའི་གོང་ནས་ཉེ་དུ་རྣམས་མྱ་ངན་གྱིས་གདུང་བར་བཤད་ཅིང་། ལྷ་མིན་ཕལ་ཆེར་ནག་ཕྱོགས་ཡིན་པས་ཆོས་ལ་མི་དགའ། འགའ་ཞིག་མོས་སུ་ཆུག་ཀྱང་རྣམ་སྨིན་གྱི་སྒྲིབ་པ་ཅན་ཡིན་པས་ཁྱད་པར་རྟོགས་པའི་གནས་མེད་དོ། །གསུམ་པ་ལྷའི་སྡུག་བསྔལ་བསམ་པ་ལ་གཉིས། འདོད་པའི་ལྷ་དང་། ཁམས་གོང་མའི་སྡུག་བསྔལ་ལོ། །དང་པོ་འདོད་པའི་ལྷ་རྣམས་ནི། འདོད་ཡོན་ལ་བག་མེད་དུ་སྤྱད་པས་གཡེངས་ཏེ་ཚེ་ཟད་པ་མ་ཚོར་བར་འཆི་འཕོ་བ་ལ་ཐུག་ཙ་ན། ལུས་ཀྱི་མདངས་མི་སྡུག་པ་དང་། སྟན་ལ་མི་དགའ་བ་དང་། མེ་ཏོག་གི་ཕྲེང་བ་རྙིང་པ་དང་། གོས་ལ་དྲི་མ་ནག་པོ་ཆགས་པ་དང་། ལུས་ལ་སྔོན་མེད་པའི་རྔུལ་འབྱུང་བ་སྟེ་འཆི་ལྟས་ལྔ་ལྷ་ཡི་ཞག་བདུན་གྱི་གོང་དུ་འབྱུང་བས་འཆི་འཕོའི་སྡུག་བསྔལ་དོས་དྲག་ལ་ཡུན་རིང་། དེའི་ཚེ་རང་གི་ལྷ་མོ་དང་འཁོར་རྣམས་ཀྱིས་སྤངས་ཏེ་ལྷ་གཞན་གྱི་དྲུང་དུ་སོང་བས་སྡུག་བསྔལ་དང་ཡིད་མི་བདེ་བ་ཆེར་བསྐྱེད་ཅིང་། ཁྱད་པར་ལྷའི་དཔལ་འབྱོར་ལ་ཆགས་ཀྱང་དབང་མེད་དུ་འབྲལ་བར་ཤེས། ཤི་ནས་ལྷར་སྐྱེ་བ་ནི་སྲིད་པ་ཙམ་སྟེ་མིར་སྐྱེ་བའང་ཉུང་། ཕལ་ཆེར་ངན་སོང་དུ་སྐྱེ་བས། དེའི་སྡུག་བསྔལ་བཟོད་དཀའ་ཡུན་རིང་དུ་མྱོང་དགོས་པར་ཤེས་ནས་སྡུག་བསྔལ་བཟོད་གླགས་མེད་པར་འབྱུང་སྟེ། དྲན་ཉེ་ལས། ལྷ་ཡི་གནས་ནས་ལྟུང་བ་ན། །སྡུག་བསྔལ་རབ་ཏུ་སྐྱེ་བ་གང་། །དེ་ལ་སེམས་ཅན་དམྱལ་བ་ཡིས། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་གསུངས། གཞན་ཡང་ལྷ་བསོད་ནམས་ཆེ་བ་རྣམས་མཐོང་ནས་བསོད་ཆུང་རྣམས་སེམས་ཁོང་དུ་ཆུད་པ་དང་། མཐུ་ཆེ་བས་ཆུང་བ་རྣམས་གནས་ནས་བསྐྲོད་པ་དང་། ཁྱད་པར་རྒྱལ་ཆེན་རིགས་བཞི་དང་སུམ་ཅུ་རྩ་གསུམ་པ་རྣམས་ལྷ་མ་ཡིན་དང་འཐབ་ཅིང་རྩོད་པ་དང་། ལུས་མཚོན་གྱིས་རྨས་པ་དང་གསོད་པ་སོགས་ཀྱི་སྡུག་བསྔལ་དྲག་པོ་ཡོད་དོ། །གཉིས་པ་ཁམས་གོང་མའི་སྡུག་བསྔལ་བསམ་པ་ནི། གཟུགས་གཟུགས་མེད་གཉིས་ན་སྡུག་བསྔལ་མངོན་གྱུར་པ་མེད་ཀྱང་འདུ་བྱེད་ཀྱི་སྡུག་བསྔལ་ཁོ་ནའི་རང་བཞིན་ལས་མ་འདས་པ་དང་། ཏིང་ངེ་འཛིན་གྱིས་མྱོས་པ་ལྟར་གྱུར་པས་སོ་སྐྱེ་རྣམས་ཡོན་ཏན་གོང་འཕེལ་དུ་འགྲོ་བ་མེད་ཅིང་། ཏིང་ངེ་འཛིན་གྱི་རོ་མྱོང་བ་དེ་དང་འབྲལ་མི་ཕོད་ཅིང་། དེས་རང་རང་གི་ཏིང་འཛིན་དེ་ལས་ཉམས་ནས་འཆི་བའང་ཡོད། སྒོས་སུ་དེར་གནས་པའི་སོ་སྐྱེ་རྣམས་སྔོན་ལས་ཀྱི་འཕེན་པ་ཟད་པ་ན་སླར་ངན་སོང་སོགས་འདོད་ཁམས་རྣམས་སུ་སྐྱེ་བ་ཉིང་མཚམས་སྦྱོར་བར་འགྱུར་ཏེ། བཤེས་སྤྲིང་ལས། ལྷ་ཡུལ་འདོད་བདེ་ཤིན་ཏུ་ཆེན་པོ་དང་། །ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡི། །སྡུག་བསྔལ་རྒྱུན་མི་ཆད་པ་བརྟེན་འཚལ་ལོ། །ཞེས་གསུངས། དེས་ན་ཁམས་གསུམ་འཁོར་བའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཏེ། གནས་གང་དུ་གནས་ཀྱང་སྡུག་བསྔལ་གྱི་གནས། གྲོགས་སུ་དང་འགྲོགས་ཀྱང་སྡུག་བསྔལ་གྱི་གྲོགས། ལོངས་གང་ལ་སྤྱད་ཀྱང་སྡུག་བསྔལ་གྱི་ལོངས་སྤྱོད་ལས་མ་འདས་ཏེ། རྒྱུད་བླ་མ་ལས། མི་གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ལ་བདེ་བ་མེད། །དེ་ཡི་སྡུག་བསྔལ་རྟག་ཏུ་མེ་མཚོན་རྒྱ་ཚ་ལ་སོགས་རེག་སྐྱེས་བཞིན། །ཞེས་གསུངས་པ་བཞིན་ཤེས་པར་བྱའོ། །གསུམ་པ་སྡུག་བསྔལ་གསུམ་གྱི་རང་བཞིན་བསམ་པ་ནི། སྤྱིར་འཁོར་བའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་ཀྱི་རྒྱུ་འབྲས་ལ་སྤྱོད་པ་ཤ་སྟག་སྟེ། ཁ་ཅིག་སྔོན་གྱི་སྦྱིན་འབྲས་ཕྲ་མོས་འཕངས་པའི་དབང་གིས་ལྷ་དང་མི་ཡི་གནས་སོགས་སུ་སྐྱེས་ཤིང་འཁོར་དང་ལོངས་སྤྱོད་སོགས་ཕུན་སུམ་ཚོགས་པ་ལྟར་སྣང་ཡང་བསམ་པ་མི་དགེ་བས་ཟིན་ཅིང་སྦྱོར་བ་སྡིག་པ་འབའ་ཞིག་ལ་སྤྱོད་པའི་དབང་གིས་ཕྱི་མ་ངན་སོང་དམྱལ་བ་ནས་ཐར་དུས་མེད་པའི་སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་པ་དང་། གང་དག་ངན་སོང་གསུམ་སོགས་འབྲས་བུ་སྡུག་བསྔལ་གྱི་རྣམ་པ་སྣ་ཚོགས་པ་དོས་དྲག་ལ་ཡུན་རིང་དུ་སྤྱོད་པ་སྟེ། དེ་ཡང་མདོར་བསྡུ་ན་རྣམ་པ་གསུམ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ་ནི། སྐྱེས་ཙམ་ཉིད་ནས་སྡུག་བསྔལ་དུ་ཤེས་ཤིང་ཀུན་གྱིས་ཡིད་དུ་མི་འོང་ཞིང་མི་འདོད་པ་ཚ་གྲང་བཀྲེས་སྐོམ་སོགས་ཚོར་བ་སྡུག་བསྔལ་ཏེ། འདི་གཙོ་བོར་ངན་སོང་གསུམ་ནའོ། །འགྱུར་བའི་སྡུག་བསྔལ་ནི། འདོད་པར་ཚེ་དང་ལོངས་སྤྱོད་སོགས་ནས་ཟག་བཅས་ཀྱི་བསམ་གཏན་གྱི་བདེ་བ་ཚུན་ཆོད་མཐར་འགྱུར་ཞིང་མི་རྟག་པས། དེའི་ཚེ་སྡུག་བསྔལ་གྱི་རྒྱུར་འགྱུར་བས་ཚོར་བ་བདེ་བའི་ཆ་ཐམས་ཅད་ཡིན་ཏེ་གཙོ་བོར་མི་དང་འདོད་ལྷ་རྣམས་སོ། །ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ནི། སྡུག་བསྔལ་དེ་གཉིས་ཀའི་གཞི་འདུ་བྱེད་ཉེར་ལེན་ཀྱི་ཕུང་པོ་ཙམ་འདི་སྡུག་བསྔལ་ཐམས་ཅད་ཀྱི་བསྐྱེད་གཞི་ཡིན་ཏེ། འདི་ལས་སྐྱེ་རྒ་སོགས་སྡུག་བསྔལ་ཐམས་ཅད་རིམ་ཅན་དུ་འབྱུང་ཞིང་འདུ་བྱེད་པས་ན། འདི་ཚོར་བ་བཏང་སྙོམས་ཁོ་ན་དང་ལྡན་པའི་ཚེ་འདུ་བྱེད་ཀྱི་སྡུག་བསྔལ་ཁོ་ནའི་མིང་ཐོབ་པ་ཡིན་ཏེ། གཙོ་བོར་བསམ་གཟུགས་བཞི་ནའོ། །དེའི་ཕྱིར་མདོ་ལས། ཚོར་བ་གང་ཅི་ཡང་རུང་བ་དེས་ན་ཐམས་ཅད་སྡུག་བསྔལ་བའོ། །ཞེས་གསུངས། འདི་ལས་མ་ཐར་ན་གཞན་གཉིས་ལས་ཐར་པའི་སྐབས་མེད་དེ་ཤིང་སྡོང་གི་རྩ་བ་མ་བཅད་ན་ལོ་འདབ་བཅད་ཀྱིས་མི་ལང་བ་བཞིན་ཤེས་པར་བྱའོ། །བཞི་པ་ལས་རྒྱུ་འབྲས་བསམ་པ་ལ། ལས་འབྲས་སྤྱིར་བསམ་པ། བྱེ་བྲག་ཏུ་བསམ་པ། ཞར་བྱུང་དད་པའི་རང་བཞིན་ལ་བསམ་ནས་བདེན་བཞིའི་འགག་བསྡུ་བ་དང་གསུམ་ལས། དང་པོ་ནི། སྤྱིར་ཀུན་སློང་བསམ་པ་བཟང་ཞིང་སྦྱོར་བ་གཞན་ལ་ཕན་པའི་རྒྱུར་འགྱུར་པའི་དགེ་བའི་ལས་ཀྱིས་འབྲས་བུ་བདེ་བ་དང་། ཀུན་སློང་ཉོན་མོངས་དུག་གསུམ་སྦྱོར་བ་གཞན་ལ་གནོད་པའི་རྒྱུར་གྱུར་པའི་མི་དགེ་བའི་ལས་ཀྱིས་འབྲས་བུ་སྡུག་བསྔལ་ཏེ་དཀར་ནག་གི་ལས་འབྲས་མི་བསླུ་བར་སོ་སོར་སྨིན་ཚུལ་བསམ་གྱིས་མི་ཁྱབ་པར་སངས་རྒྱས་ཀྱིས་གསུངས་པས་དེ་ཐམས་ཅད་ལ་བླང་དོར་བྱེད་དགོས། ལས་དགེ་སྡིག་གང་ཡིན་ཡང་རུང་། རྒྱུ་ལས་ཀྱི་དུས་ན་ཆུང་ངུ་ལས་མེད་ཀྱང་འབྲས་བུ་རྣམ་སྨིན་གྱི་དུས་ན་འཕེལ་ཆེ་སྟེ། འགྱུར་ཆུང་ཤོས་བརྒྱ་འགྱུར་སྟོང་འགྱུར་དུ་འཕེལ། འགྱུར་ཆེ་བ་ལ་ཚད་བཟུང་དུ་མེད། ནས་སོགས་འབྲུ་ས་བོན་གྱི་འཕེལ་བསྐྱེད་བཞིན་ནོ། དེས་ན་རང་གིས་བསགས་པའི་ལས་དེ་གཉེན་པོས་མ་བཅོམ་ན། འབྲས་བུ་མ་སྨིན་གྱི་བར་དུ་ཆུད་འཛའ་བ་མི་སྲིད་པས་བླང་དོར་གྱི་གནས་ལ་གཟབ་པ་གལ་ཆེ་སྟེ། མདོ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་བྱེ་བྲག་ཏུ་བསམ་པ་ལ། མི་དགེ་བ་སྤང་བྱར་བསམ་པ། དགེ་བ་བསྒྲུབ་བྱར་བསམ་པ། ལུང་མ་བསྟན་དགེ་བར་བསྒྱུར་བ་གསུམ་ལས། དང་པོ་ནི། གོང་སྨོས་ལྟར་བསམ་སྦྱོར་གྱི་དབང་གིས་སུས་སྤྱད་ཀྱང་སྡིག་པར་འགྱུར་བ་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་། གང་གིས་སྡོམ་པ་བླངས་པ་དེ་ལས་འགལ་ཏེ་ལོག་པར་སྤྱད་ན་སྡིག་ཏུ་འགྱུར་བ་བཅས་པའི་ཁ་ན་མ་ཐོ་བ་སྟེ། དེས་ན་འཁོར་བའི་སྡུག་བསྔལ་ཐམས་ཅད་རྒྱུ་མི་དགེ་བ་ལས་བྱུང་མོད། མི་དགེ་བ་དེ་ལ་རྣམ་གྲངས་མང་ཡང་བླང་དོར་གྱི་གནས་ལ་གལ་ཆེ་བ་ཆེ་ལོང་ཙམ་དུ་བ སྡུ་ན་བཅུ་སྟེ། དེ་ལ་ལུས་ཀྱི་ལས་གསུམ་ལས། སྲོག་གཅོད་པ་ནི། སྲོག་གཅོད་འདོད་ཀྱིས་གསད་བྱ་མ་ནོར་བར་བསད་པ། མ་ཤི་བར་གསོད་སེམས་ལས་བློ་མ་ལྡོག་པའོ། །མ་བྱིན་པར་ལེན་པ་ནི། གཞན་གྱི་ནོར་མ་བྱིན་པར་འཕྲོག་པའམ་བརྐུས་པ་སོགས་གང་ཡང་རུང་སྟེ་རང་གིས་ཐོབ་བློ་སྐྱེས་པའོ། །འདོད་པས་ལོག་པར་གཡེམ་པ་ནི། ཡུལ་མ་ཡིན་པ་གཞན་གྱིས་བདག་ཏུ་བཟུང་བའི་བུད་མེད། བདུན་བརྒྱུད་ཚུན་ཆད་ཀྱི་ཉེ་དུ་དང་། གཞན་གྱིས་གླ་རྔན་མ་བྱིན་པའི་སྨད་འཚོང་མ། ཕ་མ་རྒྱལ་པོ་སོགས་གཞན་གྱིས་བསྲུང་བ། ཚངས་སྤྱོད་ཀྱི་སྡོམ་པས་བསྲུངས་པ་རྣམས་སོ། །དུས་མ་ཡིན་པ་ནད་བུ་ཅན་དང་། མྱ་ངན་ཅན་དང་། སྦྲུམ་མ་དང་། ཟླ་མཚན་འབབ་པ་དང་། ནམ་ཡང་འདོད་པས་མ་ངོམས་པ་སོགས་སོ། །གནས་མ་ཡིན་པ་མཆོད་རྟེན་དང་གཙུག་ལག་ཁང་དང་། ཇོ་མོ་མང་པོའི་དབུས་དང་བསྒྲོད་བྱ་ལ་གནོད་པའི་ས་གཞི་འབར་འབུར་སྲ་མཁྲེགས་ཅན་སོགས་སོ། །ལམ་མ་ཡིན་པ་སྐྱེ་གནས་ལས་གཞན་པའི་སྒོར་བརྟེན་པ་རྣམས་སོ། །དེ་དག་ནི་ཁྱིམ་པའི་དབང་དུ་བྱས་ཀྱི། ཚངས་སྤྱོད་རྣམས་ནི་མི་ཚངས་པར་སྤྱོད་པ་ཅི་འདྲ་ཞིག་བརྟེན་ཀྱང་ལོག་གཡེམ་མོ། །ངག་གི་བཞི་ལས། རྫུན་སྨྲ་བ་ནི། གཞན་བསླུ་སེམས་ཀྱིས་འདུ་ཤེས་བསྒྱུར་ནས་ཤེས་བཞིན་དུ་མི་བདེན་པར་སྨྲས་པ། ཕ་རོལ་པོས་དོན་གོ་ནའོ། །འདི་ངག་གི་རིག་བྱེད་ཙམ་དུ་མ་ཟད། ལུས་ཀྱི་བརྡས་ཀྱང་དེར་འགྱུར་བ་ཡོད་དོ། །ཕྲ་མ་ནི། མིར་གྱུར་པ་མཐུན་པའི་འགྲོ་བ་གཉིས་དབྱེ་འདོད་ཀྱིས་དཀྲུགས་བྱེད་ཀྱི་ཚིག་སྨས་ཤིང་ཕ་རོལ་གྱིས་དོན་གོ་ནའོ། །ཚིག་རྩུབ་ནི། དངོས་སུ་ཐོས་པར་དེའི་སྐྱོན་བརྗོད་པ་སོགས་ཞེ་ལ་འཕོག་པའི་ཚིག་སྨྲས་ཤིང་དེས་གོ་ནའོ། །ངག་འཁྱལ་ནི། དེ་གསུམ་མ་ཡིན་པ་གཞན་མ་ཁ་གསག་གླུ་དང་ཟློས་གར་དམག་དང་ཚོང་དང་ཆགས་པའི་གཏམ་ལ་སོགས་པ་དང་། ལྟ་ལོག་གི་ཆོས་ཀྱི་གཏམ་སྨྲ་བ་སོགས་སོ། །ཡིད་ཀྱི་ལས་གསུམ་ལས། བ རྣབ་སེམས་ནི། གཞན་གྱི་གནས་ཁང་ལོངས་སྤྱོད་འཁོར་གཡོག་སོགས་རང་གིར་བྱེད་འདོད་པའི་བསམ་པ་གཏིང་ཚུགས་པར་བྱེད་པའོ། །གནོད་སེམས་ནི། གཞན་ལ་གནོད་པ་བྱེད་འདོད་པས་སྡུག་བསྔལ་འབྱུང་བར་གྱུར་ཅིག་སྙམ་པའི་བསམ་པ་གཏིང་ཚུགས་པའོ། །ལོག་ལྟ་ནི། ལས་འབྲས་མི་བདེན་པ་དང་། ཚེ་སྔ་ཕྱི་དང་། དཀོན་མཆོག་གསུམ་སོགས་མེད་པར་འཛིན་པ་དམ་པོ་འཆང་བ་ཡིན་ནོ། །དེ་ལྟར་བཅུ་པོ་ནི་ལས་ལམ་རྫོགས་པའི་དབང་དུ་བྱས་ཀྱི། བསམ་བཞིན་མ་ཡིན་པར་ནོར་ཏེ་བསད་པ་སོགས་བཅུ་པོའི་ཕྱོགས་མཐུན་ཐམས་ཅད་ཀྱང་སྤོང་བ་ལ་ནན་ཏན་དུ་བསླབ་པར་བྱའོ། །མི་དགེ་བ་དེ་དག་གི་འབྲས་བུ་ནི་གསུམ་སྟེ། རྣམ་སྨིན་དང་། རྒྱུ་མཐུན་དང་། བདག་པོའི་འབྲས་བུའོ། །དང་པོ་ནི། མི་དགེ་བ་དེ་དག་ཀྱང་ཀུན་སློང་དྲག་ཞན་ལ་སོགས་པའི་བྱེ་བྲག་གིས་ཆེ་འབྲིང་ཆུང་གསུམ་དུ་འགྱུར་ལ། དེ་ཡང་ཆེ་བས་དམྱལ་བ། འབྲིང་གིས་ཡི་དྭགས་ཆུང་བས་དུད་འགྲོར་སྐྱེ་བ་ཡིན་ཏེ། སྔར་བཤད་པའི་སྡུག་བསྔལ་རྣམས་མྱོང་བར་འགྱུར་རོ། །གཉིས་པ་ལ་མྱོང་བ་རྒྱུ་མཐུན་ནི། སྲོག་བཅད་པས་ཚེ་ཐུང། བརྐུས་པས་ལོངས་སྤྱོད་ཆུང་། ལོག་གཡེམ་གྱིས་དགྲ་མང་། རྫུན་གྱིས་སྐུར་བ་མང་། ཕྲ་མས་གྲོགས་དང་འཁོན། ཚིག་རྩུབ་ཀྱིས་མི་སྙན་པ་ཐོས། ངག་འཁྱལ་གྱིས་ངག་མི་བཙན། བརྣབ་སེམས་ཀྱིས་རེ་བ་མི་འགྲུབ། གནོད་སེམས་ཀྱིས་འཇིགས་པ་བསྐྱེད། ལོག་ལྟས་གླེན་ཅིང་གཏི་མུག་པར་འགྱུར་རོ། །བྱེད་པ་རྒྱུ་མཐུན་ནི། སྔར་ལས་དེ་དང་དེ་བྱས་པས། ཕྱིས་ཀྱང་དེ་དང་དེ་ལ་དགའ་བའོ། །གསུམ་པ་བདག་པོའི་འབྲས་བུ་ནི། ཕྱི་རོལ་ཡུལ་ལ་སྨིན་པར་འགྱུར་ཏེ། སྲོག་གཅོད་ཀྱིས་འབྲུ་དང་སྨན་སོགས་མཐུ་ཆུང་། བརྐུས་པས་ལོ་ཉེས། ལོག་གཡེམ་གྱིས་ས་ཕྱོགས་རྡུལ་དང་ཁུག་སྣ་ཆར་རྡུལ་གྱིས་འཁྲིགས། རྫུན་སྨྲས་པས་ས་ཕྱོགས་དྲི་ང་ཞིང་ལྗན་ལྗིན་གྱིས་གང་། ཕྲ་མས་ས་གཞི་གཡང་ས་དང་ངམ་གྲོག་རད་རོད་དུ་འགྱུར། ཚིག་རྩུབ་ཀྱིས་ཐང་སྐྱ་བོ་དང་ཚེར་མ་དང་ཚ་སྒོ་ཅན་དུ་འགྱུར། བཀྱལ་པས་ནམ་ཟླ་དུས་བཞི་ཚུལ་མིན་དུ་འགྱུར། བརྣབ་སེམས་ཀྱིས་འབྲུ་ཕྲ་བ་དང་ངན་པར་འགྱུར། གནོད་སེམས་ཀྱིས་རོ་བཅུད་བཟང་པོ་རྣམས་ངན་པ་འགྱུར། ལོག་ལྟས་འབྲུ་རྣམས་ཉུང་ངུ་ནས་གཏན་མེད་ཀྱི་བར་དུ་འགྱུར་བ་སོགས་སོ། །དེ་ལྟར་རྒྱུ་མཐུན་དང་བདག་པོའི་འབྲས་བུ་འདི་རྣམས་སྐྱེ་བ་དེ་དང་ཕྱི་མའི་བར་སྐབས་མ་ངེས་པར་འབྱུང་བའོ། །གཉིས་པ་དགེ་བ་བསྒྲུབ་བྱར་བསམ་པ་ནི། སྤྱིར་གདུལ་བྱའི་རྒྱུད་ཀྱི་སྤང་བྱ་ཉོན་མོངས་པའི་གཉེན་པོ་བརྒྱད་ཁྲི་བཞི་སྟོང་སོགས་ཀྱི་གཉེན་པོོ་བླང་བྱ་དགེ་བའི་ལས་བསམ་གྱིས་མི་ཁྱབ་ཀྱང་རགས་པ་ཆེ་ལོང་དུ་བསྟན། སྔར་བསྟན་པའི་མི་དགེ་བ་བཅུ་པོ་དེ་ཡིད་ཀྱིས་སྤངས་ནས་ལུས་ངག་གིས་སླར་ལོག་པའི་སྤོང་སེམས་སྤྱོད་ལམ་དང་བཅས་པ་དེ་ཡིན། དེ་ལ་མི་དགེ་བཅུ་ཡིད་ཀྱིས་སྤངས་པའི་གོ་དོན་ནི། མི་དགེ་བ་དེ་རྣམས་ཀྱི་ཉེས་དམིགས་མཐོང་བས་སྐྱོན་ཅན་དུ་ཤེས་ནས་ནམ་དུ་ཡང་མི་འདོད་པ་ཡིན། ལུས་ངག་གིས་སླར་ལོག་པ་ནི། དེ་དག་བྱས་ན་གནས་སྐབས་སུ་ཁེ་ཆེ་ཞིང་འབད་མེད་དུ་བྱེད་ཐུབ་པའི་སྐབས་བྱུང་ཡང་ཡིད་ཀྱིས་སྤངས་པ་དེ་དྲན་པས་བྱ་བ་དེ་ལ་འཇུག་པར་མི་ནུས་པ་སྟེ། ལུས་ངག་གི་བདུན་པོ་ལ་ནི་འདི་གཉིས་ཀ་ཚང་དགོས་ལ། ཡིད་ཀྱི་གསུམ་ནི་ཡིད་ཀྱིས་སྤང་བ་ཁོ་ནས་ཆོག དེ་ལྟ་བུའི་སྤོང་སེམས་ནི་མི་དགེ་བའི་གཉེན་པོར་འགྱུར་ཞིང་སྡོམ་པའི་ཚུལ་ཁྲིམས་ཀྱི་ངོ་བོའང་ཡིན་ཏེ། ཇི་སྐད་དུ། སྤོང་བའི་སེམས་ནི་ཐོབ་པ་ལ། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། །ཅེས་སོ། དེ་ལྟ་བུའི་སྤོང་སེམས་འཕེན་ཤུགས་ཆེ་བ་ཡོད་ན། གཉིད་རྨུགས་དང་རྣམ་གཡེང་སོགས་ཀྱིས་བར་ཆོད་ཀྱང་། རྐྱེན་དེ་དམིགས་པའི་ཚེ་ཉེས་སྤྱོད་དུ་ཤེས་ནས་སྡོམ་པར་འགྱུར་ཏེ། འདི་ནི་སྔར་གྱི་འཕེན་ཤུགས་དེའི་ས་བོན་གྱི་མཐུ་ལས་བྱུང་བ་ཡིན་ནོ། །དེས་ན་མི་དགེ་བཅུ་སྤོང་བའི་སེམས་པ་ས་བོན་དང་བཅས་པ་ནི་དགེ་བ་བཅུ་ཡིན་ཞིང་། དེར་མ་ཟད་དགེ་བ་ཆོས་སྡུད་ཀྱི་དབང་དུ་བྱས་པའི་གཞན་གྱི་སྲོག་སྐྱོབ་པ་སོགས་མཐུན་ཕྱོགས་བཅུ་པོ་སྒྲུབ་པ་དང་། གཞན་ཡང་ཆོས་སྤྱོད་བཅུ་སོགས་སྒོ་གསུམ་གྱི་དགེ་བའི་ལས་ལ་ཅི་ནུས་སུ་བརྩོན་པར་བྱའོ། །དགེ་བཅུའི་འབྲས་བུ་ཡང་གསུམ་སྟེ། རྣམ་སྨིན་དང་། རྒྱུ་མཐུན་དང་། བདག་པོའི་འབྲས་བུའོ། །དང་པོ་ནི། དགེ་བ་དེ་དག་ཀྱང་སྦྱོར་དངོས་མཇུག་གསུམ་ཐམས་ཅད་དགེ་སེམས་ཀྱིས་ཟིན་པ་དང་། མ་ཟིན་པ་ལས་དགེ་བའི་སྟོབས་ཆེ་འབྲིང་ཆུང་གསུམ་དུ་འགྱུར་བས། ཆེན་པོས་ཁམས་གོང་མའི་ལྷ་དང་། འབྲིང་གིས་འདོད་པའི་ལྷ་དང་། ཆུང་ངུས་མིར་སྐྱེ། དགེ་བ་ཡིན་ཀྱང་བསམ་པ་མ་དག་པ་སོགས་ཀྱིས་ནི་ལྷ་མིན་དུ་སྐྱེ་བར་མདོ་ལས་བཤད་དོ། །གཉིས་པ་རྒྱུ་མཐུན། མྱོང་བ་རྒྱུ་མཐུན་སྔར་མི་དགེ་བའི་སྐབས་སུ་བཤད་པ་དེ་ཉིད་འདིར་མཐུན་ཕྱོགས་སུ་གྱུར་པ་སྟེ། རིན་ཆེན་ཕྲེང་བ་ལས། ཚེ་རིང་འབྱོར་པ་དགྲ་སྤངས་དང་། །བསྟོད་དང་གྲགས་མང་སྙན་པའི་གཏམ། །ཚིག་བཙུན་བསམ་པ་འགྲུབ་པ་དང་། །ཡིད་བདེ་བ་དང་བློ་གྲོས་འཕེལ། །འདི་དག་དགེ་བའི་རྒྱུ་མཐུན་བཅུ། །ཞེས་སོ། །བྱེད་པ་རྒྱུ་མཐུན་ནི་སྔར་གང་བྱས་དེ་ལ་ཕྱིས་ཀྱང་འཇུག་སྤྲོ་ཞིང་དགའ་བའོ། །གསུམ་པ་བདག་འབྲས་ནི་ཡུལ་ལ་སྨིན་ཏེ། མཐུ་ཆེ་ལོ་ལེགས་ཉམས་དགའ་བ། །མཐོ་དམན་སྙོམས་དང་ཞིང་ས་གཤིན། །རྩི་ཤིང་རྒྱས་དང་དུས་ཚིགས་རན། །འབྲུ་སྦོམ་རོ་ཞིམ་འབྲས་བུ་རྒྱས། །དགེ་བ་བཅུ་ཡི་བདག་འབྲས་ཡིན། །ཞེས་སོ། །དེ་ལྟར་དགེ་བ་བཅུ་ལ་གནས་པ་ནི་འདི་ཕྱི་ཀུན་ཏུ་བདེ་བའི་རྒྱུ་ཡིན་པས་ཅི་ནས་ཀྱང་བསྒྲུབ་པར་བགྱིའོ་སྙམ་དུ་བསམ་པ་གལ་ཆེའོ། །གསུམ་པ་ལུང་མ་བསྟན་པའི་ལས་ནི། ཀུན་སློང་དགེ་མི་དགེའི་བསམ་པ་གང་གིས་ཀྱང་མ་ཟིན་ཅིང་། འབྲས་བུ་བདེ་སྡུག་གང་དུའང་ལུང་བསྟན་དུ་མེད་པའི་ལས་ཟས་ཟ་བ་དང་འགྲོ་འཆག་ལ་སོགས་པའོ། །དེས་ནི་དལ་འབྱོར་དོན་མེད་སྟོང་ཟད་དུ་དུས་འདའ་བར་བྱེད་པའི་ཕྱིར་དེ་ཉིད་དགེ་བར་བསྒྱུར་བ་གལ་ཆེ་བས། བདག་གིས་སྤྱོད་ལམ་འདི་དག་ཐ་མལ་དོན་མེད་དུ་མི་འགྱུར་བར། ད་ཕྱིན་ཅི་ནས་ཀྱང་དགེ་བ་ལ་བསྒྱུར་བ་བྱའོ་སྙམ་དུ་མདོ་སྡེ་རྣམས་ལས་གསུངས་པ་ལྟར་སྤྱོད་ཡུལ་ཡོངས་དག་གི་སྨོན་པ་སྤྱི་དང་ཁྱད་པར་དུ་སྒོ་གསུམ་གྱི་བྱ་བྱེད་ཐམས་ཅད་བྱང་ཆུབ་སེམས་ཀྱིས་ཟིན་པར་བྱ་སྟེ། བཞི་བརྒྱ་པ་ལས། བསམ་པ་བྱང་ཆུབ་སེམས་ལྡན་ལ། །དགེ་བའམ་གལ་ཏེ་མི་དགེའང་རུང་། །ཐམས་ཅད་དགེ་ལེགས་ཉིད་འགྱུར་ཏེ། །གང་ཕྱིར་ཡིད་བདེའི་དབང་གྱུར་ཕྱིར། །ཞེས་དང་། སྤྱོད་འཇུག་ལས། དེང་ནས་བརྩམས་ཏེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་ཆད་པ་དུ་མ་ཞིག །ནམ་མཁའ་མཉམ་པར་རབ་ཏུ་འབྱུང་། །ཞེས་གསུངས་པ་ལྟར་ཁ་ཕྱིར་བལྟས་སུ་མ་སོང་བར་བློ་རྩེ་ནང་དུ་བཀུག་སྟེ་ཅི་བྱས་དགེ་བའི་ལས་ལམ་དུ་འགྱུར་བའི་ཐབས་ལ་བརྩོན་པར་བྱའོ། །གསུམ་པ་དད་པའི་རང་བཞིན་ལ་བསམ་སྟེ་བདེན་བཞིས་འགག་བསྡུ་བ་ནི། སློབ་དཔོན་དཔའ་བོས། དད་པ་འཁོར་ལོ་རིན་པོ་ཆེ། །ཉིན་མཚན་དགེ་བའི་ལམ་ལ་འདྲེན། །ཞེས་གསུངས་པ་ལྟར། རྒྱུ་འབྲས་ཡིད་ཆེས་ཀྱི་དད་པ་བརྟན་པོ་ཡོད་ན་དེ་ཉིད་དོན་གཉེར་གྱི་འདུན་པ་ཤུགས་ལ་འབྱུང་བས། དགེ་སྡིག་བླང་དོར་ལ་བརྩོན་པ་ཚུལ་བཞིན་དུ་བྱེད་པར་འགྱུར་བའི་ཕྱིར། ཐོག་མར་དད་པ་ཉིད་གལ་ཆེ། དེ་ལ་དད་པ་མེད་པའི་སྐྱོན་ནི། རྒྱ་མཚོའི་གཏིང་གི་ཕ་ཝོང་དང་འདྲ་སྟེ་ཆོས་ཀྱིས་རང་རྒྱུད་ལ་མི་ཕན། མཉེན་པ་མེད་པའི་གྲུ་དང་འདྲ་སྟེ་འཁོར་མཚོའི་ཕ་རོལ་དུ་མི་བགྲོད། ལོང་བ་ལྷ་ཁང་དུ་ཕྱིན་པ་དང་འདྲ་སྟེ་ཚིག་དོན་ངོ་མི་འཕྲོད། ས་བོན་མེས་ཚིག་པ་དང་འདྲ་སྟེ་བྱང་ཆུབ་ཀྱི་མྱུ་གུ་མི་འཁྲུང། གཡང་མོ་འཁོར་དོང་དུ་ཚུད་པ་དང་འདྲ་སྟེ་སྡུག་བསྔལ་ཀྱི་གནས་ནས་མི་ཐར། ལག་སྡུམ་གསེར་གླིང་དུ་ཕྱིན་པ་དང་འདྲ་སྟེ་དལ་འབྱོར་སྟོང་ལོག་ཏུ་འགྲོ་བའི་སྐྱོན་ཡོད་དེ། མདོ་ལས། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་ནི་མི་འབྱུང་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་གསུངས། གང་ལ་དད་པ་ཡོད་པའི་ཡོན་ཏན་ནི། ཞིང་ས་གཤིན་པོ་དང་འདྲ་སྟེ་དཀར་པོའི་ལོ་ཏོག་ཐམས་ཅད་འཕེལ། ཡིད་བཞིན་གྱི་ནོར་བུ་དང་འདྲ་སྟེ་རང་གཞན་གྱི་དགོས་འདོད་ཐམས་ཅད་འབྱུང་། ཁྲིམས་ཆགས་པའི་རྒྱལ་པོ་དང་འདྲ་སྟེ་བདག་གཞན་བདེ་སྐྱིད་ལ་འགོད། གེགས་ཡོད་པའི་མཁར་ཟིན་པ་དང་འདྲ་སྟེ་ཉེས་པས་མི་གོས་ཤིང་ཡོན་ཏན་ཐམས་ཅད་སྡུད། ཆུ་བོ་ཆེན་པོའི་གཟིངས་དང་འདྲ་སྟེ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལས་སྒྲོལ། འཇིགས་སར་སྐྱེལ་མ་དང་འདྲ་སྟེ་འཁོར་བ་དང་ངན་སོང་གི་འཇིགས་པ་ལས་སྒྲོལ་བར་བྱེད་དོ། །དེས་ན། ལས་འབྲས་ཡིད་ཆེས་ཀྱི་དད་པ་བསྐྱེད་པ་གལ་ཆེ་སྟེ། ཚོམ་ལས། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་གང་ལ་ཡོད་གྱུར་པ། །དེ་ནི་བསྐལ་པ་སྟོང་དུ་ཡང་། །ངན་འགྲོ་འགྲོ་བར་མི་འགྱུར་རོ། །ཞེས་གསུངས། ཡིད་ཆེས་བསྐྱེད་པའི་ཡུལ་ནི་བདེན་པ་བཞི་སྟེ། དེ་ཉིད་དཔེར་མཚོན་ན། ནད་སྐྱེད་པའི་རྒྱུ་ཟས་སྤྱོད་བརྟེན་པ་ནི་ཀུན་འབྱུང་། དེས་ནད་ཀྱི་ཟུག་རྔུས་མནར་བ་ནི་སྡུག་བསྔལ། དེའི་གཉེན་པོ་སྨན་དཔྱད་དང་ཟས་སྤྱོད་བསྟེན་པ་ནི་ལམ་བདེན། དེས་ནད་མེད་པའི་བདེ་བ་སོར་ཆུད་པ་ནི་འགོག་བདེན་ཏེ། དཔེ་དེས་མཚོན་པ། སེར་སྣས་འཇུར་གེགས་བྱེད་པ་ནི་ཀུན་འབྱུང་། དབུལ་ཞིང་ཕོངས་པར་གྱུར་པ་ནི་སྡུག་བསྔལ། སྦྱིན་པ་གཏོང་བ་ནི་ལམ་བདེན། དེས་མ་འོངས་པ་ན་དབུལ་བའི་སྡུག་བསྔལ་སྤོང་བ་ནི་འགོག་བདེན་ནོ། །ཚུལ་དེས་རྒྱུ་འབྲས་ཀྱི་འགྲོས་ཀུན་ཤེས་པར་བྱའོ། །མདོར་ན་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་འོད་གསལ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ཡང་དེ་ཉིད་ལྷན་ཅིག་སྐྱེས་པའི་མ་རིག་པས་ངོ་མ་ཤེས། ཀུན་ཏུ་བརྟགས་པའི་མ་རིག་པས་རིས་སུ་བཅད་པས་ཕུང་པོ་ལ་གང་ཟག་དང་ཆོས་སུ་བདག་ཏུ་བཟུང་བའི་དབང་གིས་ཆགས་སོགས་ཉོན་མོངས་པ་ཐམས་ཅད་སྐྱེས་ཤིང་དེས་ལས་དགེ་མི་དགེ་མི་གཡོ་བའི་ལས་གསུམ་མངོན་པར་འདུ་བྱས་པས། འབྲས་བུ་ཁམས་གསུམ་གྱི་སྣོད་བཅུད་ཕུང་ཁམས་སོགས་མངོན་པར་གྲུབ་པ་སྟེ། དེ་ལྟ་བུའི་ཀུན་འབྱུང་གི་ལས་དང་། སྡུག་བདེན་ཀྱི་མཚན་ཉིད་སྔར་བཤད་པས་ཤེས་ལ། དེའི་གཉེན་པོར། རྒྱུ་རིགས་སད་པ་དང་། རྐྱེན་དགེ་བའི་བཤེས་གཉེན་གྱིས་ཟིན་པ། ཐབས་དེའི་གདམས་ངག་ལ་བརྟེན་ནས། ཐེག་པ་ཆེན་པོའི་སེམས་བསྐྱེད་ཅིང་བདག་མེད་པ་གཉིས་ཀྱི་དོན་ལ་གོམས་པའི་ཐབས་ཤེས་ཟུང་འབྲེལ་གྱི་ལམ་ཚང་ལ་མ་ནོར་བ་ཐར་པ་ཆ་མཐུན་གྱི་དགེ་རྩ་བསྐྱེད་པས་རིམ་གྱིས་སྦྱང་བྱ་མེད་སྣང་གློ་བུར་བ་འཁོར་བའི་ཆོས་དྲི་མ་མཐའ་དག་དང་བྲལ་བས། མཐར་འབྲས་འགོག་བདེན་མཐར་ཐུག་གཞི་ལ་ཡོད་པའི་སངས་རྒྱས་སྐུ་གསུམ་མཛད་པ་ཕྲིན་ལས་དང་བཅས་མངོན་དུ་བྱེད་པ་ནི་དག་པའི་རྒྱུ་འབྲས་རྟེན་འབྱུང་ཟབ་མོའི་ཁྱད་ཆོས་ཏེ་དེ་ལྟར་ཤེས་ནས་ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་པ་བླ་ན་མེད་པ་ལ་བརྩོན་པ་ཅིས་ཀྱང་གལ་ཆེ་སྟེ། བཅོམ་ལྡན་འདས་ཀྱིས། ངས་ནི་ཁྱོད་ལ་ཐར་བའི་ལམ་བསྟན་གྱིས། །ཐར་པ་རང་ལ་རགས་ལས་ཤེས་པར་གྱིས། །ཞེས་རྗེས་སུ་གདམས་པར་མཛད་པ་བཞིན་ནོ། །དེས་ཐུན་མོང་ངེས་འབྱུང་གི་བློ་བཅོས་པའི་ཁྲིད་ཟིན། །། །༈ གཉིས་པ་ཐུན་མིན་སྔོན་འགྲོའི་ས་བོན་གདབ་པ་ནི། གཞུང་རྩ་བར། ཚེ་འདིར་མཆོག་ཐུན་དངོས་གྲུབ་ཐོབ་འདོད་ན༔ དབང་གིས་རྒྱུད་སྨིན་དམ་ཚིག་རྣམ་དག་པས༔ ལམ་གྱི་རྩ་བ་སྐྱབས་སུ་འགྲོ་བ་དང༔ ལམ་གྱི་སྙིང་པོ་བྱང་ཆུབ་སེམས་གཉིས་བསྐྱེད༔ ལམ་གྱི་མཐར་ཐུག་རྡོ་རྗེ་ཐེག་པ་ཡི༔ ཉམས་རྟོགས་སྐྱེ་བའི་འགལ་རྐྱེན་སྡིག་སྒྲིབ་ཀུན༔ རྡོ་རྗེ་སེམས་དཔའི་རྣལ་འབྱོར་ཟབ་མོས་སྦྱངས༔ མཐུན་རྐྱེན་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཕྱིར༔ སྐུ་གསུམ་ཞིང་ཁམས་རྒྱ་མཚོའི་མཎྜལ་འབུལཿ ཁྱད་པར་ལམ་རྣམས་ཀུན་ཀྱི་སྙིང་པོ་ནི༔ མོས་གུས་བླ་མའི་རྣལ་འབྱོར་གནད་དུ་བསྣུན༔ ཞེས་གསུངས་པས་འདི་ལ་ལྔ། ཐར་པའི་ལམ་གྱི་རྩ་བ་སྐྱབས་སུ་འགྲོ་བ། ཐམས་ཅད་མཁྱེན་པའི་ལམ་གྱི་སྙིང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ། འགལ་རྐྱེན་སྡིག་སྒྲིབ་སྦྱོང་བ་རྡོ་རྗེ་སེམས་དཔའི་སྒོམ་བཟླས། མཐུན་རྐྱེན་ཚོགས་གཉིས་རྫོགས་པར་བྱེད་པ་མཎྜལ། རྡོ་རྗེ་ཐེག་པའི་ལམ་གྱི་མཐར་ཐུག་བྱིན་རླབས་བླ་མའི་རྣལ་འབྱོར་བསྒོམ་པའོ། །དང་པོ་ནི། དལ་འབྱོར་ལ་སྙིང་པོ་ལེན་པའི་ལམ་ཐམས་ཅད་ཀྱི་རྩ་བ་སྐྱབས་སུ་འགྲོ་བ་ཉིད་ཡིན་ཏེ། ཇི་སྐད་དུ། སྡོམ་པ་ཀུན་ལ་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་གསུངས། དེ་ཡང་ཡུལ་གང་ལ་སྐྱབས་སུ་འགྲོ་ན། གནས་སྐབས་སུ་རྒྱུ་ཡི་ཡུལ་ནི་གཞན་རྒྱུད་ལ་བྱོན་ཟིན་པའི་དཀོན་མཆོག་གསུམ་སྟེ། དེས་འཁོར་བའི་འཇིགས་པ་ལས་སྐྱོབ་ཅིང་ཐར་པ་བླ་ན་མེད་པའི་འབྲས་བུ་ལ་འགོད་ནུས་པའི་ཕྱིར། འཇམ་དཔལ་རྣམ་པར་རོལ་བའི་མདོ་ལས། འཇིགས་འགྱུར་འཇིགས་པ་སེལ་མཛད་ཅིང་། །སྐྱབས་མེད་སྐྱོབ་པའི་སངས་རྒྱས་དང་། །ཆོས་དང་ཚོགས་ཀྱི་དགེ་འདུན་ལ། །དེ་རིང་སྐྱབས་སུ་འགྲོ་བར་གྱིས། །ཞེས་གསུངས། དེ་ལ་སངས་རྒྱས་ནི་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད། ཆོས་ཐེག་པ་ཆེན་པོའི་ཆོས་ཞི་བ་འདོད་ཆགས་དང་བྲལ་བ་འགོག་ལམ་གྱིས་བསྡུས་པ། དགེ་འདུན་ནི་བྱང་ཆུབ་སེམས་དཔའི་དགེ་འདུན་འཕགས་པ་ཕྱིར་མི་ལྡོག་པ་རྣམས་སོ། །འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ལས་ནི། དེ་གསུམ་གྱི་སྟེང་དུ་བྱིན་རླབས་ཞུ་བའི་ཡུལ་བླ་མ། དངོས་གྲུབ་ཞུ་བའི་ཡུལ་ཡི་དམ། ཕྲིན་ལས་སྒྲུབ་པའི་གྲོགས་ཆོས་སྐྱོང་ཡེ་ཤེས་པ་རྣམས་བསྣན་ཏེ་དྲུག་བསྐོར་དུ་མཛད་ནའང་། དོན་དུ་བླ་མ་ནི་དཀོན་མཆོག་ཀུན་འདུས། ཡིད་དམ་ནི་སངས་རྒྱས། མཁའ་འགྲོ་ཆོས་སྐྱོང་ཡེ་ཤེས་པ་རྣམས་དགེ་འདུན་ཀྱི་ནང་ཚན་དུ་འདུ་བ་ཡིན། གཞན་ཡང་དེ་ཉིད་མཚོན་པའི་བརྡར་གྱུར་སྐུ་གཟུགས་གླེགས་བམ་མཆོད་རྟེན་སོགས་དང་ཐེག་ཆེན་ཚོགས་སྦྱོར་ལ་གནས་པའི་དགེ་འདུན་དང་ཉན་རང་སོགས་ཐེག་པ་ཆེ་ཆུང་གི་སྐྱེ་འཕགས་ཐམས་ཅད་དོ། །མཐར་ཐུག་དོན་དམ་པའི་སྐྱབས་ནི་སངས་རྒྱས་ཆོས་ཀྱི་སྐུ་འབའ་ཞིག་སྟེ་དེ་ནི་སློབ་ལམ་གྱི་རྟོགས་པ་མཐར་ཕྱིན་པ་ཡིན་པའི་ཕྱིར། རྒྱུད་བླ་མ་ལས། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་གོ །ཞེས་སོ། །དེ་ལྟ་བུའི་སངས་རྒྱས་ཆོས་ཀྱི་སྐུ་དེ་མ་འོངས་པ་ན་རང་རྒྱུད་དུ་གྲུབ་པར་འདོད་པ་མདོ་ལམ་ཀྱི་འབྲས་བུའི་སྐྱབས་འགྲོ་དང་། སེམས་ཉིད་ད་ལྟ་ནས་སངས་རྒྱས་པའི་རང་བཞིན་དཀོན་མཆོག་ཀུན་འདུས་སུ་ཤེས་པར་བྱ་བ་ནི་ཐུན་མིན་རྡོ་རྗེ་ཐེག་པའི་ལུགས་སོ། །གང་ཟག་གང་སྐྱབས་སུ་འགྲོ་ན་སྤྱིར་སྐྱེས་བུ་གསུམ་གྱི་ལམ་ལ་སློབ་པར་འདོད་པ་མཐའ་དག་དང་། ཁྱད་པར་སྐབས་འདིར་ཐེག་པ་ཆེན་པོའི་རིགས་ཅན། དེ་ལས་ཀྱང་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ལ་འཇུག་པར་འདོད་པའོ། །རྒྱུ་ཅིའི་ཕྱིར་འགྲོ་ན། སྤྱིར་འཁོར་བའི་སྡུག་བསྔལ། བྱེ་བྲག་ཐེག་ཆེན་པ་ལ་རང་དོན་ཡིད་བྱེད། ཁྱད་པར་གསང་སྔགས་པ་རྣམས་ལ་ཐ་མལ་འཁྲུལ་འཛིན་གྱི་འཇིགས་པ་སྟེ་གསུམ་ལས་སྐྱོབ་པའི་སླད་དུ་སྐྱབས་སུ་འགྲོ། དུས་ཇི་ཙམ་དུ་འགྲོ་ན། འདི་ནས་བྱང་ཆུབ་ཀྱི་བར་ཏེ་མཐར་ཐུག་སྐྱབས་གསུམ་རང་རྒྱུད་ལ་མངོན་དུ་གྱུར་གྱི་བར་དུའོ། །ཚུལ་ཇི་ལྟར་འགྲོ་ན། སངས་རྒྱས་ལ་སྟོན་པར་ཁས་ལེན་ཏེ་རང་གི་མི་ཤེས་པར་ཐར་ལམ་ཟབ་མོ་སྟོན་པ་པོ་དེ་ཡིན་པའི་ཕྱིར། ཆོས་ལ་ལམ་དུ་ཁས་ལེན་ཏེ། སངས་རྒྱས་ཀྱིས་ཇི་སྐད་བསྟན་པའི་ཆོས་དེ་ཉམས་སུ་བླངས་པས་འཇིགས་པ་ཀུན་ལས་ཐར་ཞིང་མཐར་འབྲས་ལ་དངོས་སུ་སྦྱོར་བའི་ཕྱིར། དེས་ན་ཐུན་མིན་རྡོ་རྗེ་ཐེག་པའི་སྐབས་འགའ་ཞིག་ཏུ། རྩ་དག་པ་སྤྲུལ་སྐུར་སྦྱང་། རླུང་དག་པ་ལོངས་སྐུར་སྦྱང། ཐིག་ལེ་དག་པ་ཆོས་སྐུར་སྦྱང་བ་དང་། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མེད་པའི་དོན་ལ་རྟོགས་གོམས་གྱི་སྦྱོར་བ་མཐར་ཕྱིན་པར་དམ་དུ་བཅའ་བ་ལ་སྐྱབས་འགྲོར་འཇོག་པའི་གནད་ཀྱང་འདི་ཡིན་ཏེ་ཐེག་པ་རིམ་དགུའི་ལམ་གྱི་ཆོས་ཐམས་ཅད་བརྟེན་བྱར་དམ་བཅས་པས་སོ། །དགེ་འདུན་ལ་གྲོགས་སུ་བརྟེན་ཏེ། དེ་རྣམས་ཀྱི་མཛད་སྤྱོད་ཀྱི་རྗེས་སུ་སློབ་པས་འདོད་པའི་སར་ཕྱིན་པར་བྱེད་པའི་ཕྱིར་རོ། །དེ་ཡང་རང་ཉིད་མངོན་མཐོ་དང་ཞི་བདེ་དོན་གཉེར་ཙམ་གྱི་ཆེད་དུ་སྐྱབས་སུ་འགྲོ་བ་ནི། ཐེག་པ་ཆུང་འབྲིང་གི་ལམ་ཡིན་པས་དེ་ལས་ལྡོག་སྟེ། ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱིས་ཟིན་པས་རང་གཞན་སེམས་ཅན་ཐམས་ཅད་སྲིད་པ་ལས་སྒྲོལ་བའི་སྐྱབས་དཔུང་རམ་ཟླ་ཞུ་བ་དང་ཐེག་ཆེན་ལམ་གྱི་བར་ཆད་མཐའ་དག་ཞི་བའི་ཕྱིར་སྐྱབས་སུ་འགྲོ་དགོས་པ་ཡིན་ཏེ། མདོ་རྒྱན་ལས། དེ་ནི་དེ་དངོས་འདོད་པས་ཁས་ལེན་དེ་ཡང་སྙིང་རྗེ་ལས་རིགས་བྱ། །ཞེས་གསུངས། དེ་ལྟར་ཡུལ་དེ་གསུམ་ལ་སྐྱབས་སུ་སོང་ཞིང་ཁས་བླངས་པའི་ཤུགས་ཀྱིས། སྤང་བྱ་མི་མཐུན་པའི་ཕྱོགས་འཇིག་རྟེན་གྱི་ལྷ་མཐུ་བོ་ཆེ་དང་། འཚེ་བ་དང་བཅས་པའི་ཆོས་དང་། ལྟ་སྤྱོད་མི་མཐུན་པའི་གྲོགས་མུ་སྟེགས་བྱེད་སོགས་སྤང་བར་དོན་གྱིས་ཁས་བླངས་གྲུབ་པ་ཡིན་ནོ། །དེ་ལྟར་གོ་དོན་སྤྱིར་ངེས་པར་བྱས་ནས་བསྒོམ་ཚུལ་དམིགས་རིམ་དངོས་ནི། ས་ཕྱོགས་འདི་ཉིད་དག་པའི་ཞིང་ཁམས་བཀོད་པ་ཚད་མེད་པས་བརྒྱན་པ་ཡངས་ཤིང་རྒྱ་ཆེ་བར། མདུན་གྱི་ནམ་མཁར་དཔག་བསམ་གྱི་ལྗོན་ཤིང་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་ལོ་མ་མེ་ཏོག་འབྲས་བུ་སོགས་བཀོད་པ་ཕུན་སུམ་ཚོགས་པ་རྒྱ་ཁྱོན་ནམ་མཁའི་དབྱིངས་ཁྱབ་པ། ཡལ་ག་དབུས་དང་ཕྱོགས་བཞིར་གྱེས་པའི་དབུས་ཀྱི་ལྟེ་བར། སེང་ཁྲི་པདྨ་ཉི་མའི་གདན་ལ་ངོ་བོ་རང་གི་རྩ་བའི་བླ་མ་ཉིད་རྣམ་པ་ཨོ་རྒྱན་དུས་གསུམ་མཁྱེན་པ་སྣང་སྲིད་ཟིལ་གནོན་གྱི་ཆ་བྱད་ཅན་དུ་བཞུགས་པ་ལ་མཐའ་སྐོར་དུ་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ། མདུན་གྱི་ཡལ་གར་ཡི་དམ་རྒྱུད་སྡེ་བཞི་དྲུག་གི་ལྷ་ཚོགས་ཞི་བ་དང་ཁྲོ་བོའི་རྣམ་འགྱུར་མཐའ་ཡས་པ། གཡས་ཀྱི་ཡལ་གར་སྟོན་པ་ཐུབ་པའི་དབང་པོ་སོགས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་མཆོག་གི་སྤྲུལ་སྐུའི་རྣམ་པ་ཅན། རྒྱབ་ཀྱི་ཡལ་གར་ངོ་བོ་འགོག་ལམ་གྱིས་བསྡུས་པའི་ཆོས་དཀོན་མཆོག་རྣམ་པ་གླེགས་བམ་བྲག་རི་བརྩེགས་པ་ལྟ་བུ། གཡོན་གྱི་ཡལ་གར་བྱང་ཆུབ་སེམས་དཔའ་དང་འཕགས་པ་ཉན་རང་སོགས་ཐེག་པ་ཆེ་ཆུང་གི་དགེ་འདུན། མཐར་བསྐོར་བར་མཚམས་ཀུན་ཏུ་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་གཏེར་བདག་དཀར་ཕྱོགས་སྐྱོང་བ་རྣམས་སྤྲིན་ཕུང་གཏིབ་པ་ལྟ་བུར་མངོན་སུམ་བཞིན་དུ་བཞུགས་པར་གསལ་བཏབ་པའི་སྤྱན་སྔར། རང་གི་གཡས་སུ་ཕ། གཡོན་དུ་མ། མདུན་དུ་གནོད་བྱེད་སོགས་དགྲ་གཉེན་རིས་སུ་མ་ཆད་པའི་སེམས་ཅན་ཐམས་ཅད་ཁྲོམ་ཚོགས་པ་བཞིན་འཁོད་པས། ཐམས་ཅད་ཀྱིས་ལུས་གུས་པའི་སྒོ་ནས་ཕྱག་འཚལ་ཞིང་ཐལ་མོ་སྦྱར། ངག་གུས་པའི་སྒོ་ནས་སྐྱབས་འགྲོའི་ཚིག་འུར་དིར་གྱིས་སྒྲོགས། ཡིད་གུས་པའི་སྒོ་ནས་བདག་སོགས་སེམས་ཅན་ཐམས་ཅད་ཅི་མཛད་ཁྱེད་རང་ཤེས། དུས་འདི་ནས་བཟུང་སྟེ་ནམ་བྱང་ཆུབ་མ་ཐོབ་ཀྱི་བར་དུ། འདི་ཕྱི་ཚེ་རབས་ཀུན་ཏུ་སྐྱབས་དང་རེ་ས་ཁྱེད་རྣམས་ལས་གཞན་མེད་སྙམ་པའི་གདུང་ཤུགས་དྲག་པོས་མཆི་མ་ཐོན་པས། ན་མོཿ བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ སོགས་སྐྱབས་འགྲོའི་ཚིག་འབུམ་ཐེར་ཁ་སྐོང་བཅས། འདིའི་སྐབས་སམ་འོག་གི་ཡན་ལག་བདུན་པའི་སྐབས་གང་རུང་དུ་ཕྱག་འབུམ་ཐེར་ཡང་འགྲུབ་ན་མཆོག་ཏུ་འགྱུར། མཐར་ཐུན་བསྡུ་བ་ན་སླར་ཡང་མོས་གུས་དུང་དུང་བ་ཞིག་བྱས་པའི་རྐྱེན་གྱིས་སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་རྣམས་བྱང་ཞིང་དག་ནས་དག་པའི་ཞིང་ཁམས་སུ་འུར་དིར་གྱིས་སོང་བར་བསམ། ཚོགས་ཞིང་རྣམས་འོད་དུ་ཞུ་ནས་གཙོ་བོ་གུ་རུ་རིན་པོ་ཆེ་ཉིད་ལ་ཐིམ། དེ་འོད་དུ་ཞུ་ནས་རང་ལ་བསྟིམས་ཏེ་སྐྱབས་ཡུལ་དང་རང་སེམས་ཐ་དད་དུ་འཛིན་པའི་ཞེན་རྟོག་སྤངས་ནས་བརྗོད་བྲལ་རྣམ་པར་མི་རྟོག་པའི་ངང་ལ་ཅི་གནས་སུ་འཇོག་པ་ནི་གནས་ལུགས་དོན་དམ་པའི་སྐྱབས་འགྲོ་སྟེ། དེ་ལས་ལངས་ནས་དགེ་བ་བསྔོ་བ་དང་སྤྱོད་ལམ་ཐམས་ཅད་དོན་ཡོད་པར་བྱ་ཞིང་དགག་སྒྲུབ་ཆ་མཐུན་གསུམ་སོགས་སྐྱབས་འགྲོའི་བསླབ་བྱ་དང་མ་འགལ་བར་རྟག་ཏུ་དྲན་ཤེས་བཞིན་བག་ཡོད་ཀྱིས་ཟིན་པར་བྱའོ། །དེ་ལྟར་སྐྱབས་སུ་སོང་བའི་ཕན་ཡོན་ཀྱང་། མདོ་ལས། སྐྱབས་སུ་སོང་བའི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ནས། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་དང་། གང་ཞིག་གསུམ་ལ་སྐྱབས་འགྲོ་བ། །དེ་ཡིས་མྱུར་དུ་སངས་རྒྱས་ཐོབ། །ཞེས་གསུངས་སོ། །གཉིས་པ་ཐམས་ཅད་མཁྱེན་པའི་ལམ་གྱི་སྙིང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཁྲིད་ལ་གསུམ། སྨོན་སེམས་བསྐྱེད་པ། ཚོགས་བསགས་པ། འཇུག་པ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་བའོ། །དང་པོ་ནི། ནམ་འཆི་ཆ་མེད་ཀྱི་ཚེ་ཐུང་འདི་ལ་དལ་འབྱོར་ལ་སྙིང་པོ་ལེན་པའི་ཐབས་ཐམས་ཅད་ཀྱི་སྙིང་པོ་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཉིད་ཡིན་ཏེ། བྱང་ཆུབ་སེམས་འགྲེལ་ལས། བྱང་ཆུབ་སེམས་ནི་མ་བསྐྱེད་པར། །སངས་རྒྱས་ནམ་ཡང་མི་ཐོབ་ཅིང་། །འཁོར་བར་རང་གཞན་དོན་སྒྲུབ་པའི། །ཐབས་གཞན་ཡོད་པ་མ་ཡིན་ནོ། །ཞེས་གསུངས། དེ་ལ་བྱང་ཆུབ་སེམས་ཀྱི་ངོ་བོ་ནི། གཞན་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པ་སྟེ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་སོ། །དེ་ཡང་ཆེད་དུ་བྱ་བ་སེམས་ཅན་ཐམས་ཅད་རྫོགས་པའི་བྱང་ཆུབ་ཐོབ་པའི་ཕྱིར། རྒྱུ་བྱམས་པ་དང་སྙིང་རྗེ་རླབས་པོ་ཆེ་ལས་བྱུང་བ། གྲོགས་སེམས་ཅན་མ་ལུས་པའི་དོན་གྱི་ཁུར་ཆེན་རང་ཉིད་ཀྱིས་ཁྱེར་བའི་སྙིང་སྟོབས་ཀྱི་ལྷག་བསམ་དང་ལྡན་པས། ངོ་བོ་འགྲོ་ཀུན་སྒྲོལ་ནུས་པའི་རྫོགས་བྱང་ཐོབ་པར་འདོད་པ་སྟེ། འདི་ལའང་བློ་སྟོབས་ཀྱི་ཁྱད་པར་གྱིས། སྔོན་ལ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སར་བཀོད་ནས་རྗེས་ལ་རང་ཉིད་སངས་རྒྱས་པར་འདོད་པ་རྫི་བོ་ལྟ་བུའམ་དཔེ་མེད་པའི་སེམས་བསྐྱེད། རང་གཞན་སེམས་ཅན་ཐམས་ཅད་དུས་མཉམ་པར་སངས་རྒྱས་ཐོབ་པར་འདོད་པ་མཉེན་པ་ལྟ་བུའམ་ཡེ་ཤེས་དམ་པའི་སེམས་བསྐྱེད། རང་ཉིད་སྔོན་ལ་སངས་རྒྱས་ནས་སེམས་ཅན་ཐམས་ཅད་གཟོད་སངས་རྒྱས་ཀྱི་ས་ལ་འགོད་པར་འདོད་པ་རྒྱལ་པོ་ལྟ་བུའམ་འདོད་ཆེན་པོའི་སེམས་བསྐྱེད་གསུམ་སྟེ། གསུམ་ཀའང་སྙིང་རྗེས་སེམས་ཅན་དང་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པ་གཉིས་སུ་འདུའོ། །དེ་ལའང་དབྱེ་ན་དབྱེ་སྒོ་མང་ཡང་བསྡུ་ན་སྨོན་འཇུག་གཉིས། དེ་ཡང་འགྲོ་བར་ཆས་པ་ལྟར་སངས་རྒྱས་ཐོབ་པར་འདོད་པ་ནི་སྨོན་པ་དང་། འགྲོ་བཞིན་པ་ལྟར་སངས་རྒྱས་སྒྲུབ་པའི་ཐབས་བྱང་ཆུབ་ཀྱི་སྤྱོད་པ་ལ་དངོས་སུ་སྦྱོར་བ་ནི་འཇུག་པ་སེམས་བསྐྱེད་དེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་པར་ཤེས་པར་བྱ། །ཞེས་སོ། །སེམས་དེ་ཇི་ལྟར་བསྐྱེད་པའི་ཚུལ་དངོས་ནི། སྤྱིར་ཆོས་ཀྱི་དབྱིངས་ཀྱིས་གར་ཁྱབ་ནམ་མཁས་ཁྱབ། ནམ་མཁས་གར་ཁྱབ་སེམས་ཅན་གྱིས་ཁྱབ། དེ་ཐམས་ཅད་ཚེ་རབས་ཐོག་མེད་ཀྱི་ཕ་མ་ཤ་སྟག་ཡིན། ཕ་མ་མ་བྱས་པ་ནི་གཅིག་ཀྱང་མེད། དེ་ཚེ་ད་ལྟའི་རྩ་བའི་ཕ་མ་བཞིན་དུ། དང་པོ་ལུས་བསྐྱེད། བར་དུ་སྲོག་བྱིན། ཐ་མ་འཇིག་རྟེན་བསྟན་པ་སོགས་སྒོ་དུ་མ་ནས་རང་གི་ནུས་ཚོད་ཀྱི་ཕན་ཚད་མེད་པ་བཏགས། གནོད་པ་ཚད་མེད་པ་ལས་སྐྱབས། མི་མཉམ་པ་དང་མཉམ་དུ་བཅུག མཉམ་གཉིས་ནང་ནས་གོང་དུ་ཅི་ཐོན་གྱིས་མདོར་ན་རང་གི་སྲོག་ལས་ཀྱང་གཅེས་པར་བསྐྱང་བའི་དྲིན་ཆེན་ཤ་སྟག་ཡིན། འདི་ཐམས་ཅད་འདོད་པ་བདེ་བ་འདོད་ཀྱང་ཐབས་ལ་མི་མཁས་པས་བསྒྲུབ་པ་སྡུག་བསྔལ་གྱི་རྒྱུ་ཁོ་ན་ལ་སྤྱོད་པའི་དབང་གིས། བདེ་བས་ཕོངས་ཤིང་སྡུག་བསྔལ་གྱིས་ཉམ་ཐག་པའི་སེམས་ཅན་འདི་རྣམས་སྙིང་རེ་རྗེ། ད་སྙིང་རྗེ་ཞེས་བཞག་པས་ཅི་ཕན། བདག་གིས་འདི་རྣམས་ཀྱི་དོན་བྱ་དགོས། ད་ལྟ་དེའི་ནུས་པ་བདག་ལ་མི་འདུག་པས། སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཞན་དོན་དུ་བྱང་ཆུབ་མཆོག་ཏུ་ཐུགས་ཇི་ལྟར་བསྐྱེད་པ་དེ་བཞིན་དུ། བདག་གིས་ཀྱང་ཉི་མ་དེ་རིང་ནས་བཟུང་སྟེ། ཇི་སྲིད་འཁོར་བ་མ་སྟོང་གི་བར་དེ་སྲིད་དུ་མཐའ་ཡས་པའི་འགྲོ་བ་སྒྲོལ་བའི་ཁུར་ཆེན་པོ་བ གོས་ཏེ། རྐྱེན་ཅི་ལྟ་བུ་བྱུང་ཡང་མི་ལྡོག་པར་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ་སྙམས་པས། སྔར་སྨྲོས་པ་ལྟ་བུའི་ཚོགས་ཞིང་གསལ་བཏབ་སྟེ། ཧོཿ སྔོན་གྱི་རྒྱལ་བ་སྲས་དང་བཅས་རྣམས་ཀྱིས༔ སོགས་སེམས་བསྐྱེད་ཀྱི་ཚིག་འབུམ་ཕྲག་སོགས་གྲངས་བསགས། གཉིས་པ་ཚོགས་བསགས་པ་ནི། ཚོགས་ཞིང་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བ་དང་། དངོས་སུ་འབྱོར་པ་དང་ཡིད་ཀྱིས་སྤྲུལ་པའི་ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད་པ་དང་། ཚེ་རབས་ཐོག་མ་མེད་པ་ནས་ད་ལྟའི་ལུས་རྟེན་འདིའི་བར་བསགས་པའི་སྡོམ་པ་གསུམ་གྱི་བཅས་འགལ་སོགས་བཅས་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་སྡིག་པ་མི་དགེ་བའི་ལས་ཅི་བགྱིས་པ་ཐམས་ཅད་གནོང་འགྱོད་ཀྱི་བསམ་པས་བཤགས་ཤིང་ཕྱིན་ཆད་བསྡམས་པ་དང་། འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་བླ་ན་ཡོད་པ་དང་བླ་ན་མེད་པའི་དགེ་བའི་རྩ་བ་ཇི་སྙེད་པ་ཀུན་ལ་སྙིང་ནས་དགའ་བས་རྗེས་སུ་ཡི་རང་བ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་དགེ་བའི་བཤེས་གཉེན་སོགས་རང་དོན་གྲུབ་ནས་གཞན་དོན་རླབས་པོ་ཆེ་མཛད་པར་ནུས་པ་རྣམས་ལ་མཐའ་ཡས་པའི་གདུལ་བྱ་རྒྱ་མཚོར་ཐུགས་བརྩེ་བས་དགོངས་ཏེ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ་བ་དང་དེ་དག་གི་གཟུགས་སྐུ་བསྐལ་པ་བྱེ་བ་བསམ་ཡས་སུ་མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་དང་། དེ་དག་གིས་མཚོན་ཏེ་བདག་གིས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཇི་སྙེད་མཆིས་པ་དེ་ཐམས་ཅད། སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་བསྔོས་པ་ལྟར། བདག་གིས་ཀྱང་འགྲོ་ལ་ཕན་པའི་ཕྱིར་བླ་ན་མེད་པའི་བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བར་བགྱིའོ་སྙམ་པའི་འདུན་པ་དྲག་པོས། ༀ་ཨཱཿཧཱུྃ་ཧྲཱིཿ རིག་འཛིན་པདྨ་འབྱུང་གནས་ལ་སོགས་པའི༔ ཞེས་སོགས་ཚོགས་བསགས་ཡན་ལག་བདུན་པ་ཉིད་ཁྲི་འབུམ་གང་འགྲུབ་ཏུ་གྲངས་བསགས། གསུམ་པ་ནི། རྒྱལ་སྲས་ཞི་བ་ལྷས། སེམས་ཅན་ཀུན་གྱི་ཀླད་ནད་ཙམ། །བསལ་ལོ་སྙམ་དུ་བསམ་ན་ཡང་། །ཕན་འདོགས་བསམ་པ་དང་ལྡན་ཞིང་། །བསོད་ནམས་དཔག་མེད་ཐོབ་གྱུར་ན། །སེམས་ཅན་དཔག་ཏུ་མེད་པ་ཡི། །བདེ་དོན་བརྩོན་པ་སྨོས་ཅི་དགོས། །ཞེས་དང་། དཔལ་སྦས་ཀྱིས་ཞུས་པའི་མདོ་ལས། གང་ཞིག་ཕྱོགས་བཅུའི་སངས་རྒྱས་ལ། །དམིགས་ནས་ཐལ་མོ་སྦྱར་བྱས་ཏེ། །ཕྱག་འཚལ་དེ་བཞིན་མཆོད་བྱེད་དམ། །བསོད་ནམས་དག་ལ་ཡི་རང་ཞིང་། །སྡིག་པ་དག་ཀྱང་འཆགས་པར་བགྱིད། བསྐུལ་དང་གསོལ་བ་འདེབས་གྱུར་པ། །དེ་ཡི་བསོད་ནམས་ཕུང་པོ་ནི། །ནམ་མཁའ་གང་བར་རྟག་ཏུ་འབྱུང་། །ཞེས་གསུངས་པས། གཞན་དོན་དུ་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཡན་ལག་བདུན་པ་འབུལ་བའི་བསོད་ནམས་ཀྱི་ཕུང་པོ་ནི་དཔག་ཏུ་མེད་ཅིང་ཚད་མེད་པས། དེ་ལྟར་བསགས་པས་མཚོན་བདག་རྒྱུད་ཀྱི་རྒྱུ་དགེ་བ་དང་འབྲས་བུ་བདེ་བའི་ཆ་ཇི་མཆིས་པ་དེ་ཐམས་ཅད་ཕངས་པ་མེད་པར་སེམས་ཅན་ལ་བྱིན་པས་སེམས་ཅན་ཐམས་ཅད་བདེ་བའི་མཆོག་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག་སྙམ་པའི་བྱམས་པ་དང་། སེམས་ཅན་གཞན་དེ་དག་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་སྡུག་བསྔལ་རྒྱུ་འབྲས་ཐམས་ཅད་བདག་ལ་སྨིན་ནས་ད་ཕྱིན་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་སྙམ་པ་སྙིང་རྗེ། དེ་ལྟར་སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དམ་པ་དེ་ལས་དུས་ནམ་ཡང་འབྲལ་བར་མ་གྱུར་ཅིག་སྙམ་དུ་སྨོན་པ་དགའ་བ། དགྲ་གཉེན་སོགས་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་མཉམ་པ་ཉིད་དུ་གནས་པས་དེ་ལྟ་བུའི་དོན་རྟོགས་པའི་བློ་ཕྱོགས་ལྷུང་དང་བྲལ་བའི་མཉམ་པ་ཆེན་པོས་རྒྱལ་བའི་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་བསླབ་པར་བགྱིའོ་སྙམ་པའི་འདུན་པ་དྲག་པོས། བསོད་ནམས་འདི་ཡིས་འགྲོ་ཀུན་བདེ་དང་ལྡན༔ སོགས་ཚིག་ཅི་འགྲུབ་ངག་ཏུ་བརྗོད། དེ་ཡང་རྒྱས་པར། སྨོན་པ། ཚོགས་བསགས། འཇུག་པ་བཅས་སོ་སོར་འབུམ་ཐེར་རེ། འབྲིང་སོ་སོར་ཁྲི་རེ་སོགས་གང་འགྲུབ། བསྡུ་ན་སྨོན་སེམས་ཁོ་ནར་འཇུག་པའང་དོན་གྱིས་འདུ་བས་དེ་ཉིད་ཁྲི་སོགས་གང་འགྲུབ་གྲངས་བས གས་པར་གསུངས། མཐར་ཚོགས་ཞིང་རྣམ ས་རང་ལ་བསྡུས་ཏེ། སེམས་བསྐྱེད་ཀྱི་ཡུལ་སེམས་ཅན། སྐྱེད་པོ་རང་ཉིད། ཇི་ལྟར་བསྐྱེད་པའི་ཚུལ་བཅས་འཁོར་གསུམ་རང་བཞིན་མེད་པར་ཤེས་པའི་ངང་ནས། དོན་དམ་སེམས་བསྐྱེད་ངོ་བོ་སྤྲོས་བྲལ་རྣམ་པར་མི་རྟོག་པའི་ངང་ལ་མཉམ་པར་བཞག་ཅིང་དགེ་བ་བསྔོ། ཐུན་མཚམས་ཀུན་ཏུ་ཡང་བྱང་ཆུབ་སེམས་ཀྱི་ཕན་ཡོན་བསླབ་བྱ་རྣམས་རྗེས་སུ་དྲན་པའི་སྒོ་ནས་སྤྱོད་ཡུལ་དོན་ཡོད་པར་བྱའོ། །གསུམ་པ་རྡོར་སེམས་བསྒོམ་བཟླས་ནི། སྲིད་པའི་གནས་རིས་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཞིང་། དེའི་རྩ་བ་ལས་ཉོན་ཀུན་འབྱུང་ལ་ཐུག་སྟེ། རིན་ཆེན་ཕྲེང་བ་ལས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ། །ཞེས་དང་། སྤྱོད་འཇུག་ལས། སྡུག་བསྔལ་ཡིད་མི་བདེ་བ་དང་། །འཇིགས་པ་རྣམ་པ་སྣ་ཚོགས་དང་། །འདོད་པ་རྣམས་དང་བྲལ་བ་ནི། །སྡིག་པ་སྤྱོད་ལས་འབྱུང་བར་འགྱུར། །ཞེས་སོ། །དེས་ན་དེ་སྦྱོང་བའི་ཐབས་ལ་མྱུར་དུ་བརྩོན་དགོས་ཏེ། བདག་གི་སྡིག་པ་མ་བྱང་བར། །སྔོན་དུ་འགུམ་པར་འགྱུར་དུ་མཆི། །ཇི་ལྟར་འདི་ལས་ངེས་ཐར་བར། །མྱུར་བའི་ཚུལ་གྱིས་བསྐྱབ་ཏུ་གསོལ། །ཞེས་གསུངས། ཇི་ལྟར་སྦྱོང་བ་བྱེད་པའི་ཐབས་སམ་གཉེན་པོ་ནི་མཐོལ་བཤགས་ཏེ། ཉེས་པ་བྱས་པ་གསངས་ཤིང་སྦས་ན་སྡིག་པའི་ས་བོན་བཏབ་པ་ལ་གཡོ་སྒྱུའི་ཆུ་ལུད་འཛོམས་པ་དང་འདྲ་བས་ཇེ་འཕེལ་དུ་འགྱུར། མ་གསངས་ཤིང་སྐྱོན་དུ་ཤེས་པས་བསྒྲགས་ན་ཅུང་ཟད་སྟོབས་ཆུང་ངུ་འགྲོ་ཞིང་ནམ་ཡང་འཕེལ་བར་མི་འགྱུར། དེའི་ཕྱིར་བཤགས་ཡུལ་གྱི་སྤྱན་སྔར་མ་སྦས་པར་སྨྲ་བ་ནི་མཐོལ་བ་ཡིན་ལ། འགྱོད་པ་དྲག་པོས་ལས་དེ་སྐྱོན་དུ་ཁས་ལེན་པ་ནི་བཤགས་པ་སྟེ། རང་ཉིད་སྐྱོན་དང་བཅས་པས་གནོང་ཞིང་ངོ་ཚ་ནའང་གསོང་པོར་སྨྲ་བའི་སྒོ་ནས་བཤགས་ཡུལ་རྣམས་ཀྱི་བརྩེ་བས་རྗེས་སུ་བཟུང་སྟེ། ལས་འདི་དག་པར་མཛད་དུ་གསོལ་ཞེས་སྙིང་ཐག་པ་ནས་བརྗོད་པ་ནི་བཤགས་པའི་དོན་ཡིན་ལ། དེ་ལའང་ཁྱད་ཆོས་གཉེན་པོ་སྟོབས་བཞི་ཚང་དགོས་ཏེ། ཆོས་བཞི་བསྟན་པའི་མདོ་ལས། བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ། །བཞི་གང་ཞེ་ན་འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང་གཉེན་པོ་ཀུན་ཏུ་སྤྱོད་པ་དང་། སོར་ཆུད་པའི་སྟོབས་དང་། རྟེན་གྱི་སྟོབས་སོ། །ཞེས་གསུངས། དེ་ལྟར་གཉེན་པོ་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་ན་ཚེ་འདིར་སྡིག་པ་ཐམས་ཅད་བྱང་ངེས་པའི་ཤེས་བྱེད་ཀྱང་། ཀླུ་སྒྲུབ་ཀྱིས། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལ། །ཕྱིས་ནས་བག་དང་ལྡན་བར་གྱུར་དེ་ཡང་། །ཟླ་བ་སྤྲིན་བྲལ་ལྟ་བུ་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་གསུངས། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་སྐབས་སྡིག་སྒྲིབ་ཐམས་ཅད་བྱ་བརྒྱ་འུར་གཅིག་གིས་དེད་པའི་དཔེས་རྩད་ནས་སྦྱོང་བར་བྱེད་པ་བླ་མ་རྡོ་རྗེ་སེམས་པའི་བསྒོམ་བཟླས་ཉིད་ཡིན་ཞིང་། འདི་ལ་སྟོབས་བཞིའི་ཚུལ་མཐའ་དག་ཚང་བ་ཡིན་ཏེ། ཐོག་མར་རྟེན་གྱི་སྟོབས་ལྷ་གསལ་གདབ་པ་ནི། སྐྱབས་སེམས་སྔོན་དུ་འགྲོ་བས། རང་ཐ་མལ་དུ་གནས་པའི་སྤྱི་བོར་པད་ཟླའི་སྟེང་དུ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་ཅན། བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པས་རང་འོད་ཀྱི་ཡུམ་རྡོ་རྗེ་སྙེམ་མ་དཀར་མོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་མཚན་དཔེའི་ལང་ཚོ་ཡོངས་སུ་རྫོགས་ཤིང་དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། ཡབ་རྡོར་སྐྱིལ་དང་ཡུམ་པདྨའི་སྐྱིལ་ཀྲུང་གིས་འཇའ་ཟེར་ཐིག་ལེ་འོད་ཕུང་གི་ཀློང་ན་བཞུགས་པར་གསལ་བཏབ། རྣམ་པར་སུན་འབྱིན་པའི་སྟོབས་ནི་སྔར་བྱས་ཀྱི་སྡིག་ལྟུང་རྣམས་ལ་ཁོང་དུ་དུག་སོང་བ་ལྟ་བུའི་ངོ་ཚ་དང་འཇིགས་སྐྲག་གིས་གནོང་འགྱོད་དྲག་པོ་བསྐྱེད་པ་དང་། སྡོམ་པའི་སྟོབས་ནི་ཕྱིན་ཆད་སྲོག་ལ་བབ་ཀྱང་དེ་ལྟ་བུའི་སྡིག་པའི་ལས་མི་བགྱིད་དོ་སྙམ་པ་སྔོན་དུ་འགྲོ་བས། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། ཡི་གེ་བརྒྱ་པ་རྒྱས་བསྡུས་ཀྱི་སྔགས་བཟླས་པའི་རྐྱེན་ཀྱིས། བླ་མ་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་སྲོག་ཧཱུྃ་དཀར་པོའི་མཐའ་བསྐོར་དུ་ཡི་གེ་བརྒྱ་པའི་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་བསལ། ཚུར་འདུས་ས་བོན་སྔགས་ཕྲེང་དང་བཅས་པ་ལས་བདུད་རྩི་དཀར་པོ་འོ་མའི་རྒྱུན་ལྟ་བུ་བབ། རང་གི་སྤྱི་བོ་ཚངས་པའི་སྒོ་ནས་ཞུགས། ཕུ་ཆུ་དྲག་པོས་ཐལ་བ་བདས་{བརྡས}པ་ལྟར་སྡིག་སྒྲིབ་ཉམས་ཆག་ཉེས་ལྟུང་ཐམས་ཅད་རྣམ་པ་རྣག་ཁྲག་དང་སྲོག་ཆགས་དུད་ཁུ་སོལ་ཁུའི་རྣམ་པས་དབང་པོའི་སྒོ་དང་བ་སྤུའི་བུ་ག་ཚུན་ཆད་ནས་ཕྱིར་ནག་ཉིལ་གྱིས་ཐོན་ནས་བྱང་ཞིང་དག་སྟེ་ལུས་ཤེལ་གོང་དག་པ་ལྟར་ཕྱི་གསལ་ནང་གསལ་དྲི་མ་མེད་པར་གྱུར་པའི་ནང་བདུད་རྩི་འོ་མའི་རྒྱུན་ལྟ་བུས་དཀར་མེར་གྱིས་གང་བས། ཉམས་རྟོགས་ཡོན་ཏན་ཐམས་ཅད་རྩོལ་མེད་དུ་རྒྱུད་ལ་སྐྱེ་བར་མོས་ཏེ། ངག་ཏུ། ཨཱཿ བདག་གི་སྤྱི་བོར་པད་ཟླའི་སྟེང༔ སོགས་དང་། ཁྱད་པར་ཡི་གེ་བརྒྱ་བ་འབུམ་ཕྲག་ཁ་སྐོང་བཅས་འགྲོ་ངེས་དང་། ཡིག་དྲུག་ཅི་ནུས་བཟླ། མཐར་ཐུན་ལས་ལྡང་བ་ན་སྤྲོ་ཞིང་ནུས་ན། ཧོཿ ཐུགས་རྗེ་ཆེན་པོ་བཅོམ་ལྡན་རྡོ་རྗེ་སེམས༔སོགས་སྨྲེ་བཤགས་དང་། མི་ནུས་ན། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །སོགས་ཀྱིས་གསོལ་བ་བཏབ་པས། རྡོ་རྗེ་སེམས་དཔའ་ཞལ་འཛུམ་པ་དང་བཅས་ཏེ། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཐམས་ཅད་དག་པ་ཡིན་ནོ། །ཞེས་གནང་བ་བྱིན་ཏེ་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་རང་ལ་ཐིམ་པས་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དམ་ཚིག་ཉམས་ཆག་སོར་ཆུད་པར་བསམས་ལ། གནས་ལུགས་མ་བཅོས་པའི་ངང་ལ་མཉམ་པར་འཇོག་པ་ནི་སྒྲིབ་སྦྱོང་གི་མཆོག་སྟེ། མདོ་ལས། གང་གིས་འགྱོད་ཚངས་བྱེད་འདོད་ན། །དྲང་པོར་འདུག་ལ་ཡང་དག་ལྟོས། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །འདི་ནི་འགྱོད་ཚངས་མཆོག་ཡིན་ནོ། །ཞེས་སོ། །དེ་ལྟར་བརྩོན་པའི་ཕན་ཡོན་ཡང་། མདོ་ལས། གང་གིས་སྡིག་པའི་ལས་བྱས་པ། །དགེ་བས་འགེགས་པར་བྱེད་པ་སྟེ། །སྤྲིན་བྲལ་ཉི་མ་ཟླ་བ་ལྟར། །འཇིག་རྟེན་འདི་ན་ཀུན་ཏུ་གསལ། །ཞེས་དང་། དགོངས་པ་ཚིག་གསུམ་པའི་རྒྱུད་ལས། རྡོ་རྗེ་སེམས་དཔའ་བསྒོམས་ནས་ནི། །སྔགས་ཀྱང་རབ་ཏུ་བཟླ་བྱེད་པ། །དེ་ཡིས་སྡིག་ཀུན་བྱང་ནས་ནི། །རྡོ་རྗེ་སེམས་དཔའ་འདྲ་བར་འགྱུར། །ཞེས་གསུངས་པ་བཞིན་ནོ། །བཞི་པ་མཐུན་རྐྱེན་ཚོགས་རྫོགས་པར་བྱེད་པ་མཎྜལ་ནི། ལས་འབྲས་སྨིན་ཚུལ་ལ་ཡིད་ཆེས་པའི་སྒོ་ནས། དགེ་ཚོགས་རླབས་པོ་ཆེ་དུས་མྱུར་བ་ཉིད་དུ་འགྲུབ་པའི་ཐབས་ཟབ་མོ་མཎྜལ་འབུལ་བ་ལ་བརྩོན་པར་བྱ་བ་གལ་ཆེ་སྟེ། རྒྱུད་ལས། སངས་རྒྱས་ཞིང་ཁམས་ཐམས་ཅད་ལ། །སྟོང་གསུམ་ཞིང་ཁམས་མ་ལུས་པ། །འདོད་པའི་ཡོན་ཏན་བརྒྱན་པ་ཡིས། །མཆོད་ན་སངས་རྒྱས་ཡེ་ཤེས་རྫོགས། །ཞེས་དང་། མདོ་ལས། བསོད་ནམས་ལྡན་པའི་མི་ཡི་བསམ་པ་ཀུན་ཀྱང་འགྲུབ། །ཅེས་གསུངས། དེ་ཡང་སྤྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲུབ་པ་བླ་ན་མེད་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡིན་ཏེ། དེ་གཉིས་ཀྱིས་མཐར་འབྲས་སངས་རྒྱས་སྐུ་གསུམ་ལ་སྒྲིབ་པའི་དྲི་མ་མཐའ་དག་བསལ་ནས་རང་གཞན་གྱི་དོན་གཉིས་ཕུན་སུམ་ཚོགས་པའི་རྟེན་སྐུ་གཉིས་མངོན་དུ་བྱེད་པ་ཡིན་ལ། ཁྱད་པར་སྔོན་འགྲོའི་སྐབས་འདིར། མཎྜལ་གྱི་སྒོ་ནས་ཚོགས་གཉིས་བསགས་པ་ལ་འབད་དགོས་ཏེ། སྔ་མའི་བསགས་ཁྱབ་ཁྱད་པར་ཅན་ཡོད་ན་མ་གཏོགས། རང་རྒྱུད་ལ་དགེ་ཚོགས་བསགས་པའི་གཞི་རྟེན་ཞིག་མེད་ན་དགེ་བའི་བག་ཆགས་ཡོད་ཀྱང་འཕྲལ་དུ་ས ད་མི་ནུས་པས་ལམ་དངོས་གཞིའི་ཉམས་མྱོང་འཕྲལ་དུ་སྐྱེ་དཀའ་ཞིང་། ཅུང་ཟད་སྐྱེས་ནའང་བུལ་ལ་རླབས་ཆུང་བ་དང་འཕེལ་བསྐྱེད་མི་འབྱུང་། དགེ་ཚོགས་ཁྱད་པར་ཅན་གསར་དུ་སྒྲུབ་ན་དེས་རིགས་ཁམས་དགེ་བའི་བག་ཆགས་སད་པས་ཉམས་རྟོགས་མྱུར་དུ་སྐྱེ་ཞིང་སྟོབས་ཆེ། དེའི་ཕྱིར་བྱ་སླ་ལ་དོན་ཆེ་ཞིང་ཚོགས་གཉིས་མྱུར་དུ་རྫོགས་པའི་ཐབས་ཟབ་མོ་མཎྜལ་འབུལ་བ་ལ་བརྩོན་པར་བྱའོ། །དེ་ལ་ཐོག་མར་སྒྲུབ་པའི་མཎྜལ་ཚོམ་བུ་ལྔ་བཀོད་དེ་གོང་དུ་སྨོས་པའི་ཚོགས་ཞིང་སྐྱབས་ཡུལ་ལྟར་གསལ་བཏབ། དེ་ནས་མཆོད་པའི་མཎྜལ་རྒྱུ་གསེར་དངུལ་སོགས་རིན་པོ་ཆེ་མཆོག་ཡིན་ན་སོར་བཞི་ལས་མི་ཆུང་བ་དང་། འཁར་བ་ལྟ་བུ་ཡིན་ན་མཐོ་གང་ལས་མི་ཆུང་བ་དང་། རྫ་ཤིང་སོགས་རྒྱུ་དམན་པ་ལས་བྱས་ན་ཁྲུ་གང་ལས་མི་ཆུང་བར་གསུངས་ཤིང་། དེ་ཡང་མ་འབྱོར་ན་གཡམ་ལེབ་སོགས་ཀྱང་རུང་། ཚོམ་བུའི་རྒྱུ་རབ་རིན་པོ་ཆེ། འབྲིང་སྨན་སྤོས། ཐ་མ་འབྲུ་སོགས་ཏེ། དེ་ཡང་འབྱོར་ན་ཁ་གསོ་ཙམ་མ་ཡིན་པར་རེ་རེ་བཞིན་བརྗེ། མ་འབྱོར་ན་ཁ་གསོ་ཙམ་བྱ་བ་ལས་འོས་མེད། གང་ལྟར་ཡང་དངོས་པོ་གཙང་ཞིང་སེར་སྣ་སོགས་ཀྱིས་མ་སྦགས་པ་གལ་ཆེའོ། །འབུལ་ཚུལ་དངོས་ནི། ལུས་ཀྱི་ཚོམ་བུ་དང་། ངག་གི་འབུལ་ཚིག ཡིད་ཀྱི་དམིགས་པ་གསུམ་ཕྲུགས་གཅིག་ཏུ་བྱ་བའི་ཚུལ་གྱིས། ཕྱི་སྣོད་འཇིག་རྟེན་གླིང་བཞི་རི་རབ་ཉི་ཟླ་བྱེ་བ་ཕྲག་བརྒྱ་ནང་བཅུད་ལྷ་མིའི་འབྱོར་ཚོགས་བསམ་གྱིས་མི་ཁྱབ་པས་ཕྱུར་བུ་བཀང་ཞིང་། དེ་རེ་རེ་ལས་ཀྱང་འཇིག་རྟེན་ཀྱི་ཁམས་རྒྱ་མཚོའི་རྡུལ་གྱི་གྲངས་སྙེད་དུ་བློས་སྤྲུལ་ཏེ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྨོན་ལམ་ལྟར་འབུལ་བ་ཕྱི་ཡི་མཎྜལ། རང་གིས་བདག་ཏུ་བཟུང་བའི་ཕུང་ཁམས་སྐྱེ་མཆེད་གཅེས་རྒུ་དམར་རྒུའི་ལོངས་སྤྱོད་དུས་གསུམ་དུ་བསགས་པའི་དགེ་ཚོགས་དང་བཅས་ཏེ་ཕངས་པ་མེད་པར་རང་གཞན་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པའི་ཆེད་དུ་ལྟོས་པ་མེད་པར་འབུལ་བ་ནང་གི་མཎྜལ། དེ་ཐམས་ཅད་འཁོར་གསུམ་མི་དམིགས་པའི་ལྟ་བས་རྒྱས་ཐེབས་པ་གསང་བའི་མཎྜལ་ཏེ། དེ་གསུམ་བློ་ཆེན་ཕྲུགས་གཅིག་ཏུ་འབུལ་བའམ་མི་ནུས་ན་རེས་མོས་ཀྱི་ཚུལ་གྱིས། ༀ་ཨཱཿཧཱུྃ༔ བདག་དང་མཐའ་ཡས་སེམས་ཅན་གྱི༔ སོགས་མཎྜལ་རྒྱས་པ་སྔགས་བཅས་འབུམ་ཐེར་རེ་རེ། མ་གྲུབ་ན་ཁྲི་ཙམ་དང་། བསྡུས་པ་སྒྲོལ་མའི་སྐབས་སུ་གསུངས་པ། ༀ་ཨཱཿཧཱུྃ༔ ཁམས་གསུམ་སྣོད་བཅུད་སོགས་སྔགས་དང་བཅས་འབུམ་ཕྲག་འགྲོ་ངེས་སུ་གྲངས་བསགས། ཉམས་རྟོགས་ཡོན་ཏན་ཁྱད་པར་ཅན་རང་གཞན་གྱི་རྒྱུད་ལ་བསྐྱེད་པ་དང་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པ་སོགས་འདོད་པའི་དོན་ལ་གསོལ་བ་གདབ། མཐར་ཚོགས་ཞིང་མཆོད་རྫས་དང་བཅས་པ་རང་ལ་བསྡུས་ནས་མི་དམིགས་པའི་ངང་དུ་མཉམ་པར་བཞག རྗེས་དགེ་བ་བསྔོ་ཞིང་ཐུན་མཚམས་རྣམས་སུའང་ཕྱག་བསྐོར་མཆོད་སྦྱིན་སོགས་ཚོགས་གསོག་གི་སྒོ་དུ་མ་ལ་འབད་པར་བྱའོ། །དེ་ལྟར་ཕུལ་བའི་ཕན་ཡོན་ཡང་། རྒྱུད་ལས། དགེ་དོན་མཎྜལ་བརྩམ་པ་བརྩོན་འགྲུས་ཏེ། །འབུ་སྲིན་སེམས་ཅན་བསལ་བ་བཟོད་པའི་མཆོག །ག་དར་བྱི་དོར་བྱང་ཆུབ་ཚུལ་ཁྲིམས་ཏེ། །སྨན་དང་དྲི་ཡི་སྐྱང་ནུལ་སྦྱིན་པ་ཡིན། །མེ་ཏོག་ཕུད་བུ་བཀོད་པ་ཤེས་རབ་བོ། །དེ་ཉིད་ལྷ་རུ་བསམ་པ་བསམ་གཏན་ཏེ། །སྤྱན་དྲངས་བཞུགས་ཕྱག་མཆོད་བསྐོར་ཐབས་སུ་ཤེས། །སྒྲིབ་གཉིས་སྦྱངས་ཤིང་ཚོགས་གཉིས་རྫོགས་ཏེ་སྟོབས། །དེ་ཡི་འབྲས་བུ་ཐོབ་པ་ཡེ་ཤེས་སོ། །འགྲོ་བའི་དོན་དུ་ཤེས་པ་སྨོན་ལམ་ཉིད། །མཎྜལ་དོན་གྱིས་ཕ་རོལ་ཕྱིན་རྫོགས་འགྱུར། །དེ་ཕྱིར་དེ་ཉིད་དོན་ལ་བརྩོན་པར་འབད། །ཅེས་གསུངས་པ་བཞིན་ནོ། །ལྔ་པ་རྡོ་རྗེ་ཐེག་པའི་ལམ་གྱི་མཐར་ཐུག་བྱིན་རླབས་བླ་མའི་རྣལ་འབྱོར་བསྒོམ་པ་ལ། ཕྱི་གསོལ་འདེབས་ཀྱི་ཚུལ་དུ་བསྒྲུབ་པ། ནང་བསྙེན་པའི་ཚུལ་དུ་བསྒྲུབས་ཅིང་དབང་བླང་བ། གསང་བ་ལས་སྦྱོར་གྱི་ཚུལ་དུ་སྤྲོས་མེད་དོན་གྱི་བླ་མའི་རྣལ་འབྱོར་དང་གསུམ་ལས། དང་པོ་ནི། ཐར་པའི་མཆོག་འགོག་བདེན་མཐར་ཐུག སངས་རྒྱས་སྐུ་གསུམ་མཛད་པ་ཕྲིན་ལས་དང་བཅས་པའི་ཡོན་ཏན་དང་། དེ་ཐོབ་བྱེད་ལམ་གྱི་མཐར་ཐུག་བླ་མའི་བྱིན་རླབས་ཞུགས་པ་ལ་རག་ལས་པའི་ཚུལ་ཤེས་ནས་མོས་གུས་བླ་མའི་རྣལ་འབྱོར་ལ་བརྩོན་པར་བྱ་དགོས་ཏེ། ཕལ་པོ་ཆེ་ལས། བྱང་ཆུབ་སེམས་དཔའི་སྨོན་ལམ་ཐམས་ཅད་དགེ་བའི་བཤེས་གཉེན་ལས་འབྱུང་ངོ་། །ཞེས་དང་། དགོངས་འདུས་ལས། བསྐལ་པ་སྟོང་གི་སངས་རྒྱས་ལས། །བླ་མ་གཉན་པར་ཤེས་པར་བྱ། །ཅི་ཕྱིར་བསྐལ་པའི་སངས་རྒྱས་རྣམས། །བླ་མ་དག་ལ་བསྟེན་ནས་འབྱུང་། །ཞེས་དང་། ཀླུ་སྒྲུབ་ཀྱིས། རི་དབང་རྩེ་ནས་འགའ་ཞིག་ལྷུང་གྱུར་ན། །ལྷུང་བར་མི་བྱ་སྙམ་ཡང་ལྷུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། །གྲོལ་བར་མི་བྱ་སྙམ་ཡང་གྲོལ་བར་འགྱུར། །ཞེས་སོ། །དེས་ན་སྤྱིར་ཐེག་པ་ཆེན་པོའི་ལམ་གྱི་ཡོན་ཏན་མཐའ་དག་བདག་རྐྱེན་དགེ་བའི་བཤེས་གཉེན་ལ་རག་ལས་ཤིང་། ཁྱད་པར་གསང་སྔགས་བླ་མེད་ཀྱི་སྐབས་འདིར་བླ་མའི་སྐུ་གསུང་ཐུགས་ཀྱི་རྣམ་པ་ཡིད་ལ་བྱེད་ཅིང་། དེ་ལ་དམིགས་ནས་མོས་གུས་རྒྱུན་མི་ཆད་པར་རྣལ་འབྱོར་དུ་བྱེད་པ་འདི་ལམ་གྱི་དངོས་གཞིའི་ཉམས་ལེན་གྱི་རྩ་བ་ཡང་ཡིན། དེའི་རྒྱུ་མཚན་རང་གི་རྩ་བའི་བླ་མ་ཉིད་མདོ་རྒྱུད་ཀུན་ནས་སངས་རྒྱས་དངོས་སུ་བསྟན་ཞིང་། ཡོན་ཏན་གྱི་ངོས་ནས་སངས་རྒྱས་ཐམས་ཅད་དང་གཉིས་སུ་མ་དམིགས་ཀྱང་། རང་ལ་བཀའ་དྲིན་གྱི་ངོས་ནས་སངས་རྒྱས་ལས་ཀྱང་ལྷག་པར་མངོན་སུམ་དུ་གྲུབ་ཅིང་། ལུང་ལས་ཀྱང་གསུངས་ཏེ། རྡོ་རྗེ་མེ་ལོང་ལས། རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་གཙོ། །བླ་མ་སངས་རྒྱས་ཀུན་དང་མཉམ། །ཞེས་དང་། ནམ་མཁའ་དྲི་མ་མེད་པའི་མདོ་ལས། ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ལ་སྣང་བ་མ་ཡིན་གྱི་དགེ་བའི་བཤེས་གཉེན་ནི་སྣང་བས་ཆོས་སྟོན་ཅིང་ཐར་པའི་ས་བོན་འདེབས་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ལས་དགེ་བའི་བཤེས་གཉེན་ལྷག་པར་ཟུངས་ཤིག ཅེས་དང་། གསང་འདུས་ལས། ཁམས་རྣམས་དང་ནི་ཕྲིན་ལས་དག །རང་བཞིན་མཉམ་པ་ཉིད་ཀྱི་ཕྱིར། །བླ་མ་སངས་རྒྱས་ཀུན་དང་མཉམ། །འགྲོ་བ་གང་ལ་ལམ་སྟོན་ཕྱིར། །སངས་རྒྱས་ཉིད་ལས་མཆོག་ཏུ་འཕགས། །ཞེས་སོ། །དེས་ན་རང་གི་རྩ་བའི་བླ་མ་ཉིད་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་ཐག་ཆོད་པས། ཅི་མཛད་འགྲོ་བ་འདུལ་བའི་ཕྲིན་ལས་སུ་མཐོང་བ། བྱས་པ་གཟོ་བའི་བཀའ་དྲིན་རྗེས་སུ་དྲན་པ་བློ་སྣ་མོས་གུས་ཀྱིས་འཕྲོག་པས་གདུང་ཤུགས་ཀྱིས་རིག་པ་སྒྱུར་ནུས་པ། ཡང་ཡང་མ་བརྗེད་པར་དྲན་པས་ཐ་མལ་གྱི་སྣང་བ་འགོག་ནུས་པ་སྟེ་ཁྱད་པར་བཞི་ལྡན་གྱི་མོས་གུས་དྲག་པོས་བླ་མའི་རྣལ་འབྱོར་ལ་བརྩོན་པར་བྱ་སྟེ། དེ་ལ་ཐོག་མར་རྟེན་གསལ་གད བ་པ་ནི། རང་མདུན་ནམ་མཁར་མཆོད་སྤྲིན་རྒྱ་མཚོའི་དབུས༔ ཞེས་སོགས་བརྗོད་ཅིང་། རང་ཉིད་གང་དུ་གནས་པའི་ས་ཕྱོགས་འདི་ཉིད་ཐ་མལ་གྱི་རྣམ་པ་ཅན་མ་ཡིན་པར་འོག་མིན་པདྨ་དྲྭ་བའི་ཞིང་གི་བཀོད་པ་ཡོངས་སུ་རྫོགས་པའི་མདུན་གྱི་ནམ་མཁར་ཕུལ་བྱུང་མཆོད་སྤྲིན་རྒྱ་མཚོས་མངོན་པར་གཏིབས་པའི་དབུས་སུ། སེང་ཁྲི་པདྨ་ཉི་ཟླ་བརྩེགས་པའི་གདན་གྱི་སྟེང་དུ། ངོ་བོ་སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ཉིད། རྣམ་པ་ཨོ་རྒྱན་ཐོད་ཕྲེང་རྩལ། དཀར་དམར་མདངས་ལྡན་ཞལ་གཅིག་ཕྱག་གཉིས་པ། ཞལ་ཁྲོ་འཛུམ་དང་སྐུ་གཟི་བྱིན་དཔལ་དུ་འབར་བ། དབུ་ལ་པད་ཞྭ་དང་སྐུ་ལ་གསང་ཕོད་ཆོས་གོས་ཟབ་བེར་གསོལ་བ། ཕྱག་གཡས་རྡོ་རྗེ་དང་གཡོན་ཐོད་བུམ་བདུད་རྩིའི་གང་བ་བསྣམས་པ། མཆན་ཁུང་གཡོན་དུ་གསང་བའི་ཡུམ་སྦས་ཚུལ་གྱིས་ཁ་ཊྭཱྃ་ཀ་ལ་འཁྱུད་པ། ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་འཇའ་འཚོན་འོད་ལྔའི་ཀློང་ན་བཞུགས་པ། སྐུ་ཡི་གནས་རྣམས་ལས་རབ་འབྱམས་རྩ་བ་གསུམ་གྱི་དཀྱིལ་འཁོར་མཐའ་ཡས་པའི་སྤྲིན་ཕུང་མངོན་པར་སྤྲོ་ཞིང་སྡུད་པ། སྣང་སྲིད་ཐམས་ཅད་བླ་མའི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན། སྐྱབས་གནས་དཀོན་མཆོག་རྩ་གསུམ་རྒྱ་མཚོའི་དཀྱིལ་འཁོར་གྱི་འཁོར་ལོས་ཏིལ་གྱི་གོང་བུ་བཞིན་ཡོངས་སུ་ཁྱབ་པར་མོས་ལ་གསལ་གདབ། དེ་ནས་བྱིན་རླབས་མྱུར་དུ་འཇུག་པའི་ཕྱིར། མོས་གུས་གདུང་ཤུགས་དྲག་པོས་གསོལ་འདེབས་བར་ཆད་ལམ་སེལ་ཉིད་ཁྲི་དང་སྟོང་སོགས་གང་འགྲུབ་དང་། བསྡུས་པ་དུས་གསུམ་སངས་རྒྱས་མ་ཉིད་འབུམ་ཕྲག་འགྲོ་ངེས་བྱ། དེ་ཡང་ཐུན་མགོར་བར་ཆད་ལམ་སེལ་ཉེར་གཅིག་ནས་བདུན་ཡན་གང་རིགས་དང་། དེ་ནས་བསྡུས་པ་བསགས། སྤྲོ་ན། བདེ་ལྡན་ཞིང་མགོན་སོགས་བརྒྱུད་པའི་གསོལ་འདེབས་ཀྱང་བྱའོ། །གཉིས་པ་ནང་བསྙེན་པའི་ཚུལ་དུ་སྒྲུབ་བ་དབང་བླང་དང་བཅས་པ་ནི། དེ་ལྟར་མོས་གུས་དྲག་པོས་གསོལ་བ་བཏབ་པས་ལྷ་ཚོགས་རྣམས་ཀྱི་སྐུ་ཡི་གནས་གསུམ་ནས་འཇའ་འོད་ཐིག་ལེ་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པ་གྲངས་མེད་པ་ཉི་ཟེར་གྱི་རྡུལ་ལྟར་བྱུང་ནས་རང་ལ་ཐིམ་པས་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ་ལ། བཛྲ་གུ་རུའི་བསྙེན་པ་རབ་བྱེ་བ། འབྲིང་འབུམ་ཕྲག་བཅུ་གཉིས། ཐ་མ་འབུམ་ཕྲག་བཞི་བཟླ། ཐུན་བསྡུ་བ་ན། དཔལ་ལྡན་བླ་མའི་སྐུ་ཡི་གནས་བཞི་ནས༔ སོགས་ཀྱིས་འཁོར་གྱི་རྩ་བ་གསུམ་སྐྱབས་གནས་ཀུན་འདུས་བླ་མ་ཨོ་རྒྱན་ཆེན་པོ་ལ་ཐིམ། དེའི་སྐུ་ཡི་གནས་སྤྱི་མགྲིན་སྙིང་ལྟེ་བཞི་ནས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་ངོ་བོ་འོད་ཟེར་དཀར་དམར་མཐིང་ཀ་སྣ་ཚོགས་པའི་མདོག་ཅན་བྱུང་། རང་གི་གནས་བཞི་ལ་ཐིམ་པས། བུམ་གསང་ཤེར་ཡེ་དེ་ཁོ་ན་ཉིད་ཀྱི་དབང་བཞི་ཐོབ། སད་རྨི་གཉིད་འཐུག་སྙོམ ས་འཇུག་གི་སྒྲིབ་པ་བཞི་དག བསྐྱེད་རིམ་གཏུམ་མོ་ཕོ་ཉའི་རྣལ་འབྱོར་དང་འོད་གསལ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་འབྲས་བུ་སྤྲུལ་སྐུ་ལོངས་སྐུ་ཆོས་སྐུ་ངོ་བོ་ཉིད་སྐུ་བཞི་ཐོབ་པའི་སྐལ་བ་ཅན་དུ་བྱས་པར་མོས་ལ་དབང་དོན་ལ་མཉམ་པར་བཞག གསུམ་པ་གསང་བ་ལས་སྦྱོར་གྱི་ཚུལ་དུ་སྤྲོས་མེད་དོན་གྱི་བླ་མའི་རྣལ་འབྱོར་ནི། བླ་མ་ཨོ་རྒྱན་ཆེན་པོ་ཉིད༔ སོགས་ཏེ་སླར་ཡང་མོས་གུས་དུང་བ་བྱས་པའི་རྐྱེན་གྱིས་བླ་མ་ཨོ་རྒྱན་ཆེན་པོ་ཉིད་རང་གི་སྤྱི་བོར་བྱོན་ཏེ་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་རང་ལ་ཐིམ་པས་བླ་མའི་གསང་བ་གསུམ་དང་རང་གི་སྒོ་གསུམ་དབྱེར་མེད་ཆུ་ལ་ཆུ་བཞག་པ་བཞིན་དུ་འདྲེས་པའི་ཤེས་རིག་མ་བཅོས་པའི་ངོ་བོ་དུས་གསུམ་གྱི་སྤྲོས་པ་དང་བྲལ་བའི་རིག་སྟོང་གཉུག་མའི་རང་ཞལ་བལྟས་ལ་མཉམ་པར་བཞག དེ་ནས་དངོས་གཞིའི་བསྐྱེད་རྫོགས་ལ་བསླབ་པའམ། སྤྱོད་ལམ་ལ་འཇུག་པའི་སྐབས་ཡིན་ན། ཧོཿ ཆོས་དབྱིངས་རོལ་པ་ཆེན་པོའི་དཀྱིལ་འཁོར་དུ༔ སོགས་ཀྱིས་དགེ་བའི་རྩ་བ་བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་ཞིང་སྨོན་ལམ་རྣམ་པར་དག་པས་རྒྱས་གདབ་པ་དང་། ཐུན་མཚམས་ཐམས་ཅད་དུ་མོས་གུས་བླ་མའི་ལམ་ཁྱེར་དང་མ་བྲལ་བར་ཆོས་དང་མཐུན་པའི་སྤྱོད་པས་དུས་འདའ་བར་བྱའོ། །དེ་ལྟར་བརྩོན་པའི་ཕན་ཡོན་ཡང་། ཀུན་འདུས་རིན་པོ་ཆེའི་རྒྱུད་ལས། གང་གིས་བསྐལ་པ་འབུམ་བྲག་ཏུ། །ལྷ་སྐུ་འབུམ་ཕྲག་བསྒོམ་པ་པས། །བླ་མ་ཅུང་ཟད་དྲན་པ་མཆོག །བསོད་ནམས་འདི་ནི་ཕ་འཐའ་ཡས། །ཞེས་སོ། །དེ་ཡང་སྐྱབས་འགྲོ་ནས་བླ་མའི་རྣལ་འབྱོར་ཡན་རང་རང་གི་ཉམས་ལེན་གང་ཡིན་དེ་ཐུན་གྱི་དངོས་གཞིར་བྱས་ནས་ཐུན་རེ་རེ་བཞིན་སྤྱིར་སྔོན་འགྲོ་ཚར་རེ་འགྲོ་བར་བྱ། བསྙེན་སྒྲུབ་དཀྱུས་འགྲེ་ཙམ་གྱི་སྐབས་སྔོན་འགྲོ་མདོར་བསྡུས་པ་ལ་མོས་ན། ཐོག་མར་སྐྱབས་འགྲོའི་ཁྲི་དང་སྦྲགས་པའི་ཕྱག་དེ་མཚུངས་གྲུབ་ན་ལེགས། སེམས་བསྐྱེད་ཅི་ནུས། ཡིག་བརྒྱ་ཁྲི་མཎྜལ་རྒྱས་བསྡུས་གང་རིགས་ཁྲི། བླ་མའི་རྣལ་འབྱོར་ཕྱི་སྒྲུབ་གསོལ་འདེབས་བསྡུས་པ་ཁྲི། བར་ཆད་ལམ་སེལ་སྟོང་ཕྲག་ཙམ་གྲུབ་ན་བྱ། ནང་སྒྲུབ་བཛྲ་གུ་རུ་བཞི་འབུམ། གསང་སྒྲུབ་དགོངས་པ་སྐྱོང་བ་ཐུན་ཐམས་ཅད་ཀྱི་མཇུག་ཏུ་བྱ་གསུངས། དེས་ཐུན་མིན་གྱི་སྔོན་འགྲོའི་ཁྲིད་ཟིན་ཏོ། །། །༈ གཉིས་པ་དངོས་གཞིའི་ཁྲིད་ལ་གསུམ། སྐུ་བསྐྱེད་རི མ་ཕྱག་རྒྱའི་ཁྲིད་། གསུང་བཟླས་པ་སྔགས་ཀྱི་ཁྲིད། ཐུགས་འོད་གསལ་རྫོགས་རིམ་གྱི་ཁྲིད་དོ། །དང་པོ་ནི། གཞུང་རྩ་བར། ཀུན་རྫོབ་དོན་དམ་ཆོས་རྣམས་ཐམས་ཅད་ཀུན༔ བདེན་གཉིས་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེཿ དེ་བཞིན་ཉིད་དབྱིངས་སྟོང་ཆེན་རྣལ་འབྱོར་གྱིས༔ འཆི་བ་འོད་གསལ་གནས་ལུགས་མངོན་དུ་འགྱུར༔ ཞེས་སོགས་གསུངས་ཏེ། འདི་ལ་གསུམ། རྒྱུ་ཏིང་ངེ་འཛིན་གསུམ་གྱིས་ཁོག་ཕུབ་པ། འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ། དམིགས་པའི་གཙོ་བོ་ལྷའི་སྣང་ཞེ ན་ལ་བསླབ་པའོ། །དེའི་དང་པོ་ལའང་གསུམ་གྱི། དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། འདི་ལྟར་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རང་བཞིན་མཉམ་པ་ཉིད་བདེན་གཉིས་ཟུང་འཇུག་ལྷག་པའི་ཆོས་སྐུ་ཆེན་པོར་ཡེ་ནས་སངས་རྒྱས་པའི་རང་བཞིན་ཡིན་པ་ལ་དེ་ལྟར་ཤེས་པའི་ངེས་ཤེས་ཀྱིས་གསལ་བཏབ་སྟེ་ཟུང་འཇུག་སྤྲོས་པ་དང་བྲལ་བའི་ངང་ལ་མཉམ་པར་འཇོག་པ་སྟེ། འཆི་བ་དག་པ་ཆོས་སྐུའོ་སྙམ་དུ་ང་རྒྱལ་བཟུང་། འདིས་འཆི་སྲིད་དག ཆོས་སྐུ་མངོན་བྱེད་ཀྱི་ས་བོན་གསོས་ཐེབས། ལམ་གོང་མ་རྫོགས་རིམ་དོན་གྱི་འོད་གསལ་རྒྱུད་ལ་སྐྱེ་བའི་གཞི་འདིང་བའི་སྨིན་བྱེད་དུ་འགྱུར། གཉིས་པ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི། སྟོང་ཉིད་དེའི་ངང་ལས་མ་གཡོས་བཞིན་དུ། དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་མཁའ་ཁྱབ་ཏུ་བསྒོམ། བར་དོ་དག་པ་ལོངས་སྐུའོ་སྙམ་དུ་ང་རྒྱལ་འཛིན། འདིས་བར་སྲིད་དག འབྲས་བུ་ལོངས་སྐུར་རྫོགས་པའི་རྟེན་འབྲེལ་སྒྲིག འོད་གསལ་ལས་ཟུང་འཇུག་གི་ལྷར་ལྡང་བའི་རྒྱུ་སྙིང་རྗེ་ཆེན་པོའི་གཞི་འདིང་བའི་སྨིན་བྱེད་དུ་འགྱུར། གསུམ་པ་རྒྱུ་ཡི་ཏིང་ངེ་འཛིན་ནི། སྟོང་པ་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པའི་རང་རྩལ་རང་སེམས་ཡི་གེ་ཧྲཱིཿདཀར་པོ་གསལ་བརྟན་གྱི་ཉམས་དང་ལྡན་པར་བསྒོམ། སྐྱེ་གནས་དག་པ་སྤྲུལ་སྐུའོ་སྙམ་དུ་ང་རྒྱལ་འཛིན། འདིས་སྐྱེ་སྲིད་དག འབྲས་བུ་ལོངས་སྐུ་ལས་སྤྲུལ་སྐུར་བཞེངས་པའི་རྟེན་འབྲེལ་སྒྲིག རྫོགས་རིམ་བདེ་རླུང་ལས་ལྷ་སྐུར་ལྡང་བའི་སྨིན་བྱེད་དུ་འགྱུར་རོ། །གཉིས་པ་རྟེན་དང་བརྟེན་པའི་ལྷ་བསྐྱེད་པ་ནི། གཞུང་རྩ་བར། བརྫུས་སྐྱེས་སྦྱོང་ཕྱིར་སྐད་ཅིག་དྲན་རྫོགས་དང༔ དྲོད་སྐྱེས་སྦྱོང་ཕྱིར་ས་བོན་སྤྲོ་བསྡུས་བསྐྱེད༔ མངལ་སྐྱེས་སྦྱོང་ཕྱིར་ས་བོན་ཕྱག་མཚན་སྐུ༔ སྒོང་སྐྱེས་སྦྱོང་ཕྱིར་རྒྱུ་འབྲས་ཧེ་རུ་ཀ༔ ཀུན་ཀྱང་རྟེན་དང་བརྟེན་པའི་དཀྱིལ་འཁོར་དང༔ ཞལ་ཕྱག་མཚན་ཉིད་ཡོངས་སུ་རྫོགས་པར་གསལ༔ ཞེས་གསུངས་པས་སྤྱིར་སྐྱེ་གནས་བཞིའི་བག་ཆགས་སྦྱང་བའི་ཕྱིར་རྒྱུད་སྡེ་ཆེན་པོ་རྣམས་ནས་གསུངས་པ་ལྟར། འདིར་ཡང་བསྐྱེད་ཚུལ་བཞིར་གསུང་ཏེ། དང་པོ་རྫུས་སྐྱེས་སྦྱོང་བྱེད་སྐད་ཅིག་དྲན་རྫོགས་ནི། ཐེག་པ་འོག་མ་ལྟར་རིམ་བསྐྱེད་ཀྱི་རྩོལ་བ་མེད་པར། མ་བསྐྱེད་ལྷུན་རྫོགས་ཀྱི་དཀྱིལ་འཁོར་རྩོལ་བྲལ་ཨ་ཏིའི་ལྟ་དགོངས་དང་ལྡན་པས་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་ཆུ་ལས་ཉ་འཕར་བའི་ཚུལ་དུ་སྐད་ཅིག་དྲན་རྫོགས་སུ་བསྐྱེད་པ་སྟེ། སློབ་དཔོན་དྲིལ་བུ་པས། སེམས་ཅན་བརྫུས་ཏེ་སྐྱེས་པ་བཞིན། །ས་བོན་མེད་པར་རྣམ་པར་བསྒོམ། །ཞེས་སོ། །གཉིས་པ་དྲོད་གཤེར་སྐྱེས་སྦྱོང་བྱེད་སྤྲོས་མེད་ཀྱི་བསྐྱེད་ཚུལ་ནི། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་ལུང་ཆེན་ཨ་ནུའི་ལྟ་དགོངས་དང་ལྡན་པས་སྙིང་པོ་བརྗོད་པ་ཙམ་གྱིས་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྒོམ་པ་སྟེ། བང་མཛོད་འཕྲུལ་ལྡེ་ལས། ཨ་ནུ་ཡོ་གའི་ཐེག་པར་ནི། །སྙིང་པོ་ཙམ་ཞིག་བརྗོད་བྱས་པས། །མ་བསྐྱེད་རྫོགས་པའི་ཚུལ་དུ་བསྒོམ། །ཞེས་སོ། །གསུམ་པ། མངལ་སྐྱེས་སྦྱོང་བྱེད་རྡོ་རྗེའི་ཆོ་ག་སུམ་བསྐྱེད་ནི་འོག་ཏུ་འཆད་པར་བྱ་བ་ཡིན་པས་འདིར་མ་སྤྲོས་སོ། །བཞི་པ་སྒོང་སྐྱེས་སྦྱོང་བྱེད་བསྐྱེད་ཚུལ་རྒྱས་པ་བདག་སྲས་གཞན་སྲས་ཀྱི་ཆོ་ག་ལས་བདག་སྲས་ནི། བདག་སྔོན་གྱི་སངས་རྒྱས་ཡིན་པའི་ཕྱིར་བདག་གི་སྲས་སུ་གཞན་བྱ་བ་ཞེས་གསུངས་པས། བདག་ཅེས་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ཏེ། དེ་ནི་ཐོག་མ་དང་ཐ་མ་མེད་པའི་སངས་རྒྱས་ཡིན་པའི་ཕྱིར། སངས་རྒྱས་ཐམས་ཅད་དེ་ལས་སྤྲུལ་པར་བྱ་བ་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དེའི་སྲས་སུ་བྱ་བ་སྟེ། བསྒོམ་ཚུལ། ཏིང་འཛིན་རྣམ་གསུམ་བསྒོམ་རྗེས་ས་བོན་དང་ཕྱག་མཚན་ལས་ནམ་མཁར་རྒྱུ་ཡི་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ་བསྒོམ་པའོ། །གཞན་སྲས་ནི། རིགས་མི་ནུབ་ཅིང་ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར། གཞན་གྱི་སྲས་སུ་བདག་བྱ་བ་ཞེས་གསུངས་པས། བྱང་ཆུབ་སེམས་ཀྱི་རང་བཞིན་དེ་ཡེ་ནས་སངས་རྒྱས་པ་ཡིན་ཀྱང་། དགེ་བའི་བཤེས་གཉེན་གྱིས་བྱིན་གྱིས་མ་བརླབས་ཤིང་། རང་རིག་པའི་ཡེ་ཤེས་ཅན་དུ་མ་གྱུར་ན། སངས་རྒྱས་ཉིད་དུ་སྣང་བར་མི་འགྱུར་བའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ཀྱི་སྲས་སུ་བདག་བྱ་བ་སྟེ། བསྒོམ་ཚུལ། ནམ་མཁའི་ཧེ་རུ་ཀའི་ཐུགས་ཀ་ནས་ས་བོན་རྣམས་སྤྲོས་པས་རིམ་པར་འབྱུང་བཞི་རིམ་བརྩེགས་རི་རབ་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པའི་རྗེས་སུ་རྒྱུའི་ཧེ་རུ་ཀ་ཉིད་གདན་ལ་བབས་པ་ཞུ་བ་གླུས་བསྐུལ་གྱི་སྒྲས་འོད་དུ་ཞུ་ནས་བྱང་ཆུབ་སེམས་ཀྱི་ཐིག་ལེར་གྱུར་པ་ལས་འབྲས་བུའི་ཧེ་རུ་ཀའི་སྐུར་བསྐྱེད་ནས་ཡབ་ཡུམ་མཁའ་གསང་མཉམ་པར་སྦྱོར་བའི་སེམས་སྤྲིན་ལས་འཁོར་གྱི་ལྷ་རྣམས་མངལ་འབྱིན་གྱི་ཚུལ་དུ་བསྒོམ་པའོ། །འདི་ལའང་རྒྱུད་སྡེ་དང་སྒྲུབ་སྡེའི་དབང་གིས་བསྒོམ་ཚུལ་རྒྱས་འབྲིང་བསྡུས་གསུམ་ལས། ད་རེས་བཤད་པ་ནི་སྒྲུབ་སྡེའི་ལུགས་བསྐྱེད་ཚུལ་འབྲིང་པོའི་དབང་དུ་བྱས་པ་ཡིན་ནོ། །དེ་ལྟ་བུའི་བསྒོམ་ཚུལ་བཞི་པོ་གང་ཟག་གི་བློ་རིམ་དང་མཐུན་པར་ཇི་ལྟར་བསྒོམ་པའི་རིམ་པ་ཡང་། ཀུན་མཁྱེན་ཆོས་རྗེས། དེ་ལྟར་བསྒོམ་ཚུལ་རྣམ་པ་བཞི་ཉིད་ཀྱང་། །གཙོ་བོར་སྐྱེ་བ་གང་བསྡུས་དེ་བསྒོམ་ལ། །བག་ཆགས་སྦྱོང་ཕྱིར་ཀུན་གྱིས་དེ་བཞིན་བསྒོམ། །ཁྱད་པར་ལས་དང་པོ་ཡི་སྒོང་སྐྱེས་བཞིན། །ཅུང་ཟད་བརྟན་པས་མངལ་སྐྱེས་བཞིན་བསྒོམ་ལ། །བརྟན་པ་ཆེ་བས་དྲོད་གཤེར་སྐྱེས་བཞིན་བསྒོམ། །ཤིན་ཏུ་གོམས་པ་ཡང་རབ་བརྟན་པ་ཡིས། །བརྫུས་སྐྱེས་བཞིན་དུ་སྐད་ཅིག་དཀྲོང་བསྐྱེད་བྱ། །ཞེས་གསུངས་པ་བཞིན་ནོ། །དེ་ལས་སྐབས་འདིར་མངལ་སྐྱེས་སྦྱོང་བྱེད་རྡོ་རྗེའི་ཆོ་ག་སུམ་བསྐྱེད་ལྟར་འཆད་པ་ལ་གསུམ། རྟེན་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པ། བརྟེན་པ་ལྷ་གཙོ་འཁོར་བསྐྱེད་པ། གནས་གསུམ་བྱིན་གྱིས་བརླབས་ཤིང་དབང་བསྐུར་རྒྱས་གདབ་པའོ། །དང་པོ་ནི། ནམ་མཁར་གནས་པའི་རྒྱུ་ཡི་ས་བོན་ཧྲཱིཿཡིག་ལས་ཡི་གེ་རྃ་ཡྃ་ཁྃ་གསུམ་འཕྲོས། སྣོད་བཅུད་ཀྱི་དངོས་ཞེན་སྦྱངས། ཚུར་འདུས་རྡོ་རྗེ་སྲུང་བའི་གུར་ཁང་ཡངས་ཤིང་རྒྱ་ཆེ་བར་གྱུར་པའི་ནང་དུ། སླར་ཡང་ཨེ་ཡཾ་རཾ་བཾ་ལཾ་རྣམས་ཆད་པ་ལས་འོག་ནས་རིམ་བཞིན། ནམ་མཁའ། རླུང་། མེ། ཆུ། སའི་དཀྱིལ་འཁོར་རི་རབ་དང་བཅས་པ། དེ་སྟེང་དུ་ཡི་གེ་བྷྲཱུཾ་འཕྲོས་པ་ལས་ཡེ་ཤེས་རིན་པོ་ཆེའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། རྒྱུ་འབྲས་ཀྱི་རྟ་བབས་སོགས་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་འོག་མིན་པདྨ་དྲྭ་བའི་ཞིང་ཁམས་ཆེན་པོ་འཇའ་ཟེར་ཐིག་ལེ་འོད་ཕུང་འཕྲོ་བའི་ནང་ཁོངས་སུ། རིན་ཆེན་ཟུར་བརྒྱད། པདྨ་འདབ་བཞིའི་ལྟེ་བར་སེང་ཁྲི་པདྨ་ཉི་ཟླའི་གདན་དང་བཅས་པ་གསལ་བར་བསྒོམ་པ་སྟེ། འདི་ཕྱིན་གྱི་སྦྱང་བྱ་སྦྱོང་བྱེད་དང་རྣམ་པའི་ཁྱད་པར་སོགས་ཞིབ་པར་རྡོ་རྗེ་འཆང་ཀོང་སྤྲུལ་རིན་པོ་ཆེས་མཛད་པའི་བསྙེན་སྒྲུབ་སྤྱིའི་གནད་བསྡུས་རབ་གསལ་ནོར་བུའི་སྒྲོན་མེ་དང་། དེའི་ཟུར་འདེབས་ཁོ་བོས་བྱས་པའི་རབ་གསལ་ནོར་བུའི་མེ་ལོང་དུ་གསལ་བས་འདིར་མ་སྨོས་པ་རྣམས་དེ་བཞིན་ཤེས་པར་བྱའོ། །གཉིས་པ་ནི། རྒྱུའི་ཡི་གེ་ཧྲཱིཿཡིག་གདན་སྟེང་བབས་པ་གསུང་ཡིག་འབྲུའི་ཆོ་ག དེ་རིགས་ཀྱི་ཕྱག་མཚན་རྡོ་རྗེར་གྱུར་པ་ཐུགས་ཕྱག་མཚན་གྱི་ཆོ་ག དེ་ལས་འོད་ཟེར་འཕྲོ་འདུས་དོན་གཉིས་བྱས། འོད་ཀྱི་གོང་བུར་གྱུར་པ་ལས་བདག་ཉིད་ལྷར་གསལ་བ་ནི་སྐུ་ཡོངས་སུ་རྫོགས་པའི་ཆོ་ག་སྟེ། དེ་ཡང་གདོད་ནས་འཆིང་གྲོལ་ལས་འདས་པའི་རང་བྱུང་རིག་པའི་ཡེ་ཤེས་ཉིད་རྣམ་པ་རྟགས་ཀྱི་ཕྱག་རྒྱར་ཤར་བ་བདེ་གཤེགས་ཀུན་འདུས་པདྨ་འབྱུང་གནས། སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་གཉིས་ཞི་འཛུམ་ཁྲོས་པའི་ཉམས་ལྡན། དབུ་ལ་དབང་ཞུ་པདྨ་མཐོང་གྲོལ་དང་། སྐུ་ལ་གསང་ཕོད་ཆོས་གོས་བེར་ཕྱམ་སུམ་བརྩེགས་སུ་གསོལ་བ། ཕྱག་གཡས་སྡིགས་འཛུབ་ཀྱི་ཕྱག་རྒྱས་རྡོ་རྗེ་རྩེ་ལྔ་པ་གདེངས་པ། གཡོན་མཉམ་བཞག་གི་ཕྱག་རྒྱས་ཀ་པཱ་ལ་བདུད་རྩིས་གང་བ་ཚེ་བུམ་ནོར་བུས་བརྒྱན་པ་འཛིན་ཅིང་། གསང་བའི་ཡུམ་མཆོག་མནྡ་ར་སྦས་པའི་ཚུལ་གྱིས་ཁ་ཊྭཱཾ་གྲུ་མོར་འཆང་བ། ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་འཇའ་ཟེར་ཐིག་ལེ་འོད་ལྔའི་ཀློང་ན་བཞུགས་པ། དེའི་སྤྱི་བོར་པད་སྡོང་ཉི་ཟླའི་གདན་གྱི་སྟེང་དུ། ལོངས་སྐུ་སྤྱན་རས་གཟིགས་དཀར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱོར་ཞིང་གཡས་འོག་མས་ཤེལ་ཕྲེང་དང་། གཡོན་འོག་མས་པད་དཀར་གྱི་སྡོང་བུ་བསྣམས་པ་དེའི་སྤྱི་བོར་པད་ཟླའི་སྟེང་དུ། ཆོས་སྐུ་སྣང་བ་མཐའ་ཡས་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་མཉམ་བཞག་གི་སྟེང་དུ་བདུད་རྩིའི་བུམ་པ་བསྣམས་པ། ལོངས་སྤྲུལ་གཉིས་ཀའང་དར་དང་རིན་པོ་ཆེ་སོགས་ལོངས་སྤྱོད་རྫོགས་པའི་རྒྱན་ཆས་ཡོངས་སུ་རྫོགས་ཤིང་ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱི་རོལ་གྱི་པདྨ་འདབ་བཞིའི་གེ་སར་ལ། ཤར་དུ་རྒྱལ་བའི་གདུང་འཛིན་སྐུ་མདོག་དཀར་པོ། གཡས་རལ་གྲི་དང་གཡོན་ལྕགས་ཀྱུ་འཛིན་པ། ལྷོར་སྨྲ་བའི་སེང་གེ་དཀར་གསལ་ཆོས་འཆད་ཀྱི་ཕྱག་རྒྱས་གླེགས་བམ་འཛིན་པ། ནུབ་ཏུ་སྐྱེས་མཆོག་ཚུལ་བཟུང་སེར་པོ་གཡས་རྡོ་རྗེ་དང་། གཡོན་མཉམ་བཞག་གིས་རིན་པོ་ཆེའི་སྒྲོམ་བུ་འཛིན་པ། བྱང་དུ་བདུད་ཀྱི་གཤེད་ཆེན་དཀར་སྨུག་གཡས་བསྙེན་ཕུར་སྐུ་ལ་བརྟེན་ཞིང་། གཡོན་ལས་ཕུར་བགེགས་ལ་གཟིར་བ། དེའི་ཕྱི་རིམ་གྱི་རིན་ཆེན་ཟུར་བརྒྱད་ལ། ཤར་དུ་འཛམ་གླིང་རྒྱན་མཆོག་མཐིང་ག་ཕྱག་གཉིས་ཀྱིས་ལས་ཕུར་འཛིན་ཅིང་། བསྙེན་ཕུར་སྐུ་ལ་འཆང་བ། ལྷོར་པདྨ་འབྱུང་གནས་མཐིང་གསལ་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་ཅིང་ལྷ་ལྕམ་དཀར་མོ་དང་འཁྲིལ་བ། ནུབ་ཏུ་ཁྱད་པར་འཕགས་པའི་རིག་འཛིན་དཀར་གསལ་ཕྱག་གཡས་རྡོ་རྗེས་ལམ་བསྟན་ཞིང་། གཡོན་པས་ཁ་ཊྭཱཾ་རྩེ་གསུམ་གྱི་འཁར་བ་མཛད་པ། བྱང་དུ་རྫུ་འཕྲུལ་མཐུ་ཆེན་དམར་སྨུག་རྡོ་རྗེ་དང་ཕུར་བུ་འཛིན་པ། ཤར་ལྷོར་རིག་འཛིན་རྡོ་རྗེ་དྲག་པོ་རྩལ་དམར་ནག་རྡོ་རྗེ་དང་སྡིག་པ་འཛིན་ཅིང་ཡུམ་རྡོ་རྗེ་ཕག་མོ་དང་འཁྲིལ་བ། ལྷོ་ནུབ་ཏུ་སྐལ་ལྡན་འདྲེན་མཛད་མཐིང་ནག་རྡོ་རྗེ་དང་དུང་ཁྲག་འཛིན་པ་ཡུམ་གནམ་ཞལ་མ་དང་སྦྱོར་བ། ནུབ་བྱང་དུ་རཀྴ་ཐོད་ཕྲེང་སྨུག་ནག་རྡོ་རྗེ་དང་དུང་ཁྲག་འཛིན་པ་ཡུམ་མཐིང་འོད་འབར་མ་ལ་འཁྱུད་པ། བྱང་ཤར་དུ་བདེ་ཆེན་རྒྱལ་པོ་དམར་གསལ་རྡོར་དྲིལ་འཛིན་ཅིང་ཡུམ་ལ་འཁྱུད་པ། དེ་ཐམས་ཅད་ཀྱང་ཡེ་ཤེས་ཆེན་པོའི་རང་རྩལ་གང་འདུལ་ཞི་བ་དང་ཁྲོ་བོའི་རྣམ་འགྱུར་རྒྱན་དང་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པ། ཕྱི་རོལ་གྱི་སྒོ་བཞི་པ ད་ཉིའི་གདན་ལ་དཔའ་བོ་གིང་བཞི་ཡབ་ཡུམ་ལས་བཞིའི་མདོག་ཅན་གཡས་རང་རྟགས་ཀྱིས་མཚན་པའི་གྲི་གུག་དང་གཡོན་ཐོད་པ་འཛིན་པ་རིན་པོ་ཆེ་དང་རུས་པས་བརྒྱན་པ་བརྐྱང་བསྐུམ་གར་སྟབས་ཀྱིས་བཞེངས་པ་གཞན་ཡང་ཕྱི་ནང་བར་མཚམས་ཀུན་ཏུ་བླ་མ་རིག་འཛིན་རྩ་གསུམ་ཆོས་སྲུང་རྒྱ་མཚོའི་ཚོགས་ནམ་མཁའ་ལ་སྤྲིན་གཏིབ་པའམ་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་གང་འདུལ་སྒྱུ་འཕྲུལ་དྲྭ་བའི་བཀོད་པ་རྣམ་འགྱུར་བསམ་གྱི་མི་ཁྱབ་པས་ཡོངས་སུ་གང་བར་བསྒོམ་པའོ། །གསུམ་པ་ནི། {གཉིས་པ་ནི། } དེ་ལྟར་གསལ་བའི་ལྷ་ཚོགས་རྣམས་ཀྱི་སྤྱི་བོར་ས་ཆུ་དག་པ་སྐུ་རྡོ་རྗེའི་རང་བཞིན་ༀ་དཀར་པོ། མགྲིན་པར་མེ་རླུང་དག་པ་གསུང་རྡོ་རྗེའི་ངོ་བོ་ཨཱཿདམར་པོ། ཐུགས་ཀར་མཁའ་སེམས་དག་པ་ཐུགས་རྡོ་རྗེའི་རང་བཞིན་ཧཱུྃ་མཐིང་ག་རྣམས་གསལ་ཞིང་དེ་ལྟར་སྒོ་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་གདོད་ནས་གྲུབ་པ་ལ། ནམ་མཁའ་གང་བའི་དབང་ལྷ་རྣམས་ཀྱིས་དབང་བསྐུར་བས་ཉོན་མོངས་པ་ལྔ་སྦྱངས། ཡེ་ཤེས་ལྔ་རྒྱུད་ལ་སྐྱེས། ཕུང་ལྔ་རྣམ་པར་དག་པ་རང་རིགས་གཙོ་བོར་གྱུར་པའི་བདེ་གཤེགས་རིགས་ལྔས་དབུ་བརྒྱན་ནས་དབང་ལྷ་རྣམས་གཉིས་མེད་དུ་ཐིམ་པར་མོས། སྤྲོོ་ན་ལས་གཞུང་ལྟར་སྤྱན་འདྲེན་མཆོད་བསྟོད་བྱ་ཞིང་མི་སྤྲོ་ན་གདོད་ནས་དམ་ཡེ་དབྱེར་མེད་དུ་རྟོགས་པའི་ལྟ་བས་རྩིས་ཟིན་པར་བྱས་ན་ཆད་སྐྱོན་དུ་མི་འགྱུར་ཏེ། བརྟག་གཉིས་ལས། ལྷ་ཉིད་རང་ལ་རང་ཉིད་ལྷ། །རང་དང་ལྷན་ཅིག་སྐྱེས་པ་ལ། །སྤྱན་འདྲེན་བཞུགས་གསོལ་འདི་མི་དགོས། །རང་སེམས་བླ་མ་ལྷ་རུ་གསལ། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་དམིགས་པའི་གཙོ་བོ་ལྷའི་སྣང་ཞེ ན་ལ་བསླབ་པ་ནི། གཞུང་རྩ་བར། དེ་ལ་ཐོག་མར་རིམ་གྱིས་གོམས་པའི་ཕྱིར༔ བདག་ཉིད་ཕྱག་རྒྱ་གཅིག་པའི་སྐུར་བསྒོམ་ལ༔ རྣམ་པ་གསལ་བ་འཇའ་ཚོན་ལྟ་བུ་སྟེ༔ རབ་ཀྱིས་རང་བཞིན་ཡོངས་གྲུབ་ཆེན་པོར་བལྟ༔ འབྲིང་གིས་སྤྱི་དང་བྱེ་བྲག་མ་འདྲེས་གསལ༔ ཐ་མས་ཏིང་འཛིན་དགོངས་པ་མི་འགྱུར་གཟེར༔ མཚན་ཉིད་ཚང་བའི་བྲིས་སྐུ་མདུན་དུ་དགྲམ༔ དེ་ལ་ཡིད་མིག་རླུང་གསུམ་རྩེ་གཅིག་གཏད༔གསལ་སྣང་ཤར་ན་བྱིང་རྒོད་སྐྱོན་སྤངས་ལ༔ ལྷ་སྐུ་སྣང་སྟོང་ཟུང་འཇུག་ངང་དུ་བཞག༔ རྣམ་རྟོག་རྙོག་མ་ཞི་བའི་ཉམས་མྱོང་སྐྱེ༔ སྐབས་སུ་ངལ་གསོ་ཤེས་པ་རྣལ་དུ་དབབ༔ སྐབས་སུ་ཏིང་འཛིན་རོལ་རྩལ་ཅིར་ཡང་བསྒྱུར༔ ཐུན་རེར་ལྷ་ཡི་གསལ་སྣང་ཚད་དུ་འདོན༔ ཐུན་རེར་སྙིང་པོ་སྔགས་ཀྱི་གཟེར་ཆེན་གདབ༔ ཐུན་རེར་ལྷ་དང་རང་སེམས་རོ་མཉམ་བཞག༔ཐུན་རེར་འོད་ཟེར་སྤྲོ་བསྡུའི་ཆོ་འཕྲུལ་བསྒྲུབ༔ དུས་ཀུན་ལྷ་དང་དབྱེར་མེད་ང་རྒྱལ་བཟུང༔གཞི་འབྲས་ཟུང་འཇུག་ལམ་གྱིས་མཚམས་སྦྱོར་ཕྱིར༔ ཐ་མལ་སྣང་ཞེན་འགོག་པའི་རྣམ་དག་བསྒོམ༔ ཞེས་གསུངས་ཏེ། འདི་ལ་གསུམ། རྣམ་པ་གསལ་བ། ང་རྒྱལ་བརྟན་པ། རྣམ་དག་དྲན་པའོ། །དང་པོ་ནི། འདི་ལྟར་སྣང་ཞིང་སྲིད་པས་བསྡུས་པའི་ཕྱི་ནང་སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ཐམས་ཅད་གདོད་ནས་ཡོངས་གྲུབ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་གནས་པ་ཉིད། རྣམ་པ་གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རོལ་གར་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་སྣང་བ་ཉིད་རྣམ་པ་གསལ་བ་ཆུ་ཟླ་ལྟ་བུའི་ཚུལ་གྱིས་བསྒོམ་ཞིང་སྤྱི་བྱེ་བྲག་ལ་སེམས་འཛིན། དམིགས་པ་བློ་ཡུལ་དུ་གསལ་དཀའ་ན། བྲིས་སྐུ་ཚད་དང་ལྡན་པ་ཞིག་མདུན་དུ་དགྲམ་སྟེ་དེ་ཉིད་ལ་དམིགས་རྟེན་བྱས་ཏེ་བསྒོམ། བྱིང་རྒོད་ཀྱི་སྐྱོན་བསལ། སྐབས་སྐབས་སུ་ལྷ་སྐུ་རང་སེམས་ཀྱི་རྩལ་དུ་ཤེས་པའི་ངང་བསྐྱངས་ལ་ངལ་གསོ་བ་སོགས་བསྐྱེད་རིམ་སྤྱི་ལས་གསུངས་པ་བཞིན་བརྩོན་པ་དྲག་པོས་བསྒོམ་སྟེ་གསལ་བརྟན་གྱི་ཉམས་སྐྱེས་པ་ན་ཏིང་ངེ་འཛིན་ལ་རྩལ་སྦྱོང་བའི་ཕྱིར་སྣང་སྤྱོད་ཐམས་ཅད་ལྷ་སྐུའི་ཕྱག་རྒྱར་སྤྲོ་ཞིང་བསྡུ་བ་སོགས་དག་པ་རབ་འབྱམས་ལྷ་ཡི་འཁོར་ལོར་འཆར་བའི་ཐབས་ལ་རྒྱས་གདབ་ཅིང་རྩལ་སྦྱོང་བ་ལ་འབད་པར་བྱའོ། །གཉིས་པ་ང་རྒྱལ་བརྟན་པ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་རིག་པའི་རྩལ་མདངས་ལས་གཞན་དུ་མ་གྲུབ་པས་རང་སེམས་སྤངས་པའི་ཕ་རོལ་ན་ལྷ་མེད་ཅིང་། ལྷ་སྤངས་པའི་ཕ་རོལ་ན་སེམས་མེད། སེམས་དང་ལྷ་སྐུ་གཉིས་མེད་གཤིས་བདེ་བ་ཆེན་པོ་ཡེ་ནས་འཆིང་གྲོལ་ལས་འདས་པ་ནི་རང་བྱུང་དོན་གྱི་པདྨ་རྒྱལ་པོ་ཡིན་པ་ལ་ཡིན་པར་ཤེས་པའི་ངེས་ཤེས་ཀྱི་ང་རྒྱལ་བརྟན་པོ་གཞན་རྐྱེན་གྱིས་འཕྲོག་ཏུ་མེད་པ་ལམ་དུ་ཁྱེར་ཤེས་ཤིང་ནུས་ན་ཡང་དག་པའི་ཉེ་ལམ་ཡིན་པའི་ཕྱིར་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་འབྲས་དུས་ཀྱི་བླ་མ་སྐུ་གསུམ་འཁོར་དང་བཅས་པ་ནི་ངའོ་སྙམ་དུ་བསྒོམ་པར་བྱའོ། གསུམ་པ་རྣམ་དག་དྲན་པ་ནི། བསྐྱེད་རིམ་རང་རྒྱུད་པར་མི་གོལ་ཞིང་ཡང་དག་པའི་ཡེ་ཤེས་སུ་བསྒྱུར་བའི་ཕྱིར་དོན་རྟགས་ཀྱི་རྣམ་དག་འདི་ལྟར་དྲན་པར་བྱ་སྟེ། དེའང་གཞི་དུས་སུ་སེམས་ཅན་ཀྱི་ཕུང་ཁམས་སྐྱེ་མ ཆེད་སོགས་རྟོག་ཚོགས་ཀུན་ཡེ་ནས་རྣམ་པར་དག་པ་ལྷ་སྐུའི་ཕྱག་རྒྱར་གནས་པ་དང་། འབྲས་དུས་སུ་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེ་གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རོལ་པ་སྲིད་པ་ཇི་སྲིད་བར་སྟོན་པ་ཉིད་རྟགས་སུ་མཚོན་པ་དཀྱིལ་འཁོར་གྱི་གཙོ་མཆོག་པདྨ་རྒྱལ་པོ་སྟེ། གཞི་ཡི་ཆོས་ཐམས་ཅད་སྤྲོས་བྲལ་ཐིག་ལེ་ཉག་གཅིག་ཏུ་རྫོགས་པའི་ཞལ་གཅིག ལམ་གྱི་ཆོས་ཀུན་ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་ཕྱག་གཉིས། འབྲས་བུའི་ཆོས་ཀུན་སྲིད་ཞི་རོ་མཉམ་དུ་རྟོགས་ཤིང་མཐའ་གང་ལའང་མི་གནས་པས་ཞབས་གཉིས་རྒྱལ་པོ་རོལ་སྟབས་མཛད་པ། གཟུང་འཛིན་གཉིས་སྣང་གི་སྒྲིབ་པས་མ་གོས་ཤིང་སྙིང་རྗེ་ཆེན་པོས་འགྲོ་ལ་རྗེས་སུ་ཆགས་པའི་སྐུ་མདོག་དཀར་ལ་དམར་པའི་མདངས་ཆགས་པ། མཐའ་ཡས་པའི་གདུལ་བྱ་རྒྱ་མཚོ་ལ་གང་འདུལ་གྱི་བཀོད་པ་ཚད་མེད་པར་སྟོན་པས་ཞལ་ཞི་འཛུམ་ཁྲོ་བོའི་ཉམས་ལྡན་གཟི་བྱིན་དཔལ་དུ་འབར་བ། ཁྱིམ་པའམ་འཁོར་བའི་ཆོས་ཀུན་མ་སྤངས་ལམ་དུ་ཁྱེར་བས་ཆེ་བའི་ཡོན་ཏན་ལྷུན་གྱིས་རྫོགས་པའི་གསང་གོས་དཀར་པོའི་སྟེང་དུ། རྒྱུད་ལུང་མན་ངག་གི་གསང་བའི་མཛོད་གསུམ་འཆང་བའི་ཟབ་ཆེན་སྔོ་ཁྲའི་སྐུ་བེར། མཚན་རྟོག་ཐམས་ཅད་འགྱུར་མེད་བདེ་བ་ཆེན་པོར་སྡོམ་པའི་རྡོ་རྗེའི་སྐུ་རེག་གིས་བཅིང་བ། སྡེ་སྣོད་གསུམ་གྱི་བསྟན་པའི་མངའ་བདག་བསླབ་གསུམ་ཡོངས་སུ་རྫོགས་ཤིང་སྨོན་འཇུག་གི་ལམ་མཐར་ཕྱིན་པའི་ཆོས་གོས་དམར་པོ་གསེར་གྱི་ཧ་རིས་ཅན་དང་། འགྲོ་བ་ཐམས་ཅད་དབང་དུ་བསྡུད་ཅིང་ཟིལ་གྱིས་གནོན་པའི་ཟབ་བེར་སྨུག་པོ་གསོལ་བ། དབང་གི་ཆུ་བོ་ཆེན་པོ་བཞི་རྫོགས་པའི་དབང་རྟགས་པད་ཞུ་མཐོན་མཐིང་ཐེག་པ་རིམ་དགུ་རྫོགས་པའི་རྡོ་རྗེའི་ཏོག་གིས་མཛེས་ཤིང་དབྱིངས་རིག་དབྱེར་མེད་སྐུ་ལྔ་ལྷུན་གྱིས་གྲུབ་པའི་མེ་ལོང་རྨ་བྱ་དར་ཚོན་སོགས་ཀྱིས་བརྒྱན་པ་དབུ་ལ་གསོལ་བ། བུམ་པའི་དབང་རྫོགས་པའི་བརྡར་ལྷ་རྟོག་དབྱེར་མི་ཕྱེད་པའི་སྣང་སྟོང་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཕྱག་གཡས་ཀྱིས་ནམ་མཁའ་ལ་གདེངས་པ། གསང་དབང་རྫོགས་པའི་བརྡར་སྟོང་ཉིད་དབྱིངས་ཀྱི་ཀ་པཱ་ལ་བྱང་ཆུབ་སེམས་ཀྱི་བདུད་རྩིས་གང་བ་ཕྱག་གཡོན་པས་མཉམ་བཞག་གིས་འཛིན་པ། དེའི་སྟེང་དུ་ཤེར་དབང་རྫོགས་པའི་བརྡར་བདེ་སྟོང་དགའ་བཞིའི་ཡེ་ཤེས་མཚོན་པའི་བཅུད་ཀྱིས་གཏམས་པའི་འཆི་མེད་ཚེ་ཡི་བུམ་པ། བཞི་པའི་དབང་རྫོགས་རྩོལ་བྲལ་ལྷུན་གྱིས་གྲུབ་པའི་ཡིད་བཞིན་ནོར་བུས་ཁ་བརྒྱན་པ། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཆེན་དབྱིངས་ཀྱི་ཕྱག་རྒྱ་ཡུམ་སྦས་ཚུལ་གྱིས་ཁ་ཊྭཱཾ་ཀ་མཆན་གཡོན་ན་བརྟེན་པ། དེ་ཡང་རིག་པ་རྩལ་གྱི་དབང་རྫོགས་པའི་མཚོན་རྟགས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་མམ་རྣམ་ཐར་གསུམ་མཚོན་པའི་ཡར་རྩེ་གསུམ་དང་། སྐུ་གསུམ་མཚོན་པའི་མི་མགོ་སྐམ་རློན་རྙིང་གསུམ། ཐབས་ཤེས་ཟུང་དུ་འཇུག་པས་འགྲོ་བ་འདུལ་བའི་དར་དཔྱངས་སོགས་སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པ། སྟོབས་བཅུ་མི་འཇིགས་བཞིའི་ཡོན་ཏན་རྫོགས་ཤིང་ཆེ་བཙན་འགྲན་ཟླ་བྲལ་བའི་སེང་གེའི་ཁྲི་དང་། ཆགས་སོགས་ཉེས་པའི་སྐྱོན་གྱིས་མ་གོས་པའི་པདྨ་དང་ཐབས་ཤེས་བདེ་སྟོང་ཟུང་དུ་འཇུག་པའི་ཉི་མ་དང་ཟླ་བའི་གདན་ལ་བཞུགས་པའོ། །དེའི་དབུ་གཙུག་ཏུ་གཞི་དུས་སུ་ལུས་ཀྱི་རྩ་ཁམས་ཡི་གེ་སྤྲིན་གྱི་འཁོར་ལོར་གནས་ཤིང་སྒྲ་གྲགས་བརྗོད་པ་ཐམས་ཅད་གྲགས་སྟོང་སྐྱེ་མེད་གསུང་རྡོ་རྗེའི་ངོ་བོར་གནས་པ་དང་། འབྲས་དུས་སུ་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་ཡི་གནས་རྣམས་ནས་ཡི་གེ་འཁོར་ལོའི་སྤྲིན་ཆེན་པོ་སྤྲོས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་གནས་རིས་དྲུག་གི་འགྲོ་བའི་སྒྲིབ་པ་སྦྱང་ཞིང་གང་འདུལ་གྱི་ཆོས་སྒོ་རབ་འབྱམས་བསམ་གྱིས་མི་ཁྱབ་པ་ཉིད་སྟོན་པ་གསུང་རྡོ་རྗེའི་ངོ་བོ་སྤྱན་རས་གཟིགས་འཁོར་བ་དོང་སྤྲུགས། ཉེས་པའི་སྐྱོན་གྱིས་མ་གོས་པས་སྐུ་མདོག་དཀར་པོ། སྐུ་དང་ཡེ་ཤེས་རོ་གཅིག་པ་ཞལ་གཅིག་ཚད་མེད་བཞིས་འགྲོ་བ་འདུལ་བའི་ཕྱག་བཞིའི་དང་པོ་གཉིས་འཁོར་འདས་ཀྱི་ཆོས་ཀུན་མཉམ་པར་སྦྱོར་བའི་སྟོང་པ་ཉིད་ཀྱི་ཕྱག་རྒྱ་ཐུགས་ཀར་ཐལ་མོ་སྦྱར་བ། འོག་མ་གཉིས་འགྲོ་ལ་ཆོས་སྒྲ་སྒྲོགས་པ་དང་ཉེས་སྐྱོན་གྱིས་མ་གོས་པས་ཤེལ་ཕྲེང་དང་པད་དཀར་འཛིན་པ། སྲིད་ཞི་མཉམ་ཉིད་དུ་རྟོགས་པའི་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་། སྡུག་བསྔལ་གྱི་གདུང་བ་སེལ་བའི་དར་གྱི་སྟོད་གཡོགས་དང་། ཉོན་མོངས་པའི་དྲི་མས་མ་གོས་པའི་ཤམ་ཐབས་གསོལ་བ། ཆེ་བའི་ཡོན་ཏན་རྫོགས་ཤིང་དགོས་འདོད་ཀྱི་རེ་བ་སྐོང་བའི་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཡེ་ཤེས་ལྔ་རྫོགས་རིགས་ལྔའི་དབུ་རྒྱན་གསོལ་ཞིང་། སྙིང་རྗེ་ཆེན་པོའི་རྟགས་སུ་རི་དྭགས་ཀྱི་པགས་པ་ཕྲག་གཡོན་ན་འཆང་བའོ། །དེའི་དབུ་གཙུག་ཏུ། གཞིའི་དུས་སུ་རིག་པ་བྱང་ཆུབ་ཀྱི་སེམས་ཡེ་ན ས་བཅིང་གྲོལ་ལས་འདས་ཤིང་ཟག་པ་མེད་པའི་ཡོན་ཏན་གྱི་ཆོས་ཀུན་གྱི་རྟེན་དུ་གྱུར་པ་དང་། འབྲས་དུས་སུ་སྒྲིབ་པ་ཀུན་ལས་གྲོལ་བའི་དབྱིངས་ཟག་མེད་ཉིད་སྐུ་དང་ཡེ་ཤེས་ཀུན་གྱི་འཆར་གཞིར་གྱུར་པས་རིགས་ཀྱི་བདག་པོ་ཐུགས་རྡོ་རྗེ་ཆོས་སྐུ་ཚེ་དཔག་མེད། འགྲོ་ལ་རྗེས་སུ་ཆགས་པའམ་སོ་སོར་རྟོགས་པའི་ཡེ་ཤེས་མཚོན་བྱེད་སྐུ་མདོག་དམར་པོ། སྤྲོས་བྲལ་ཐིག་ལེ་ཉག་གཅིག་གི་ཞལ་གཅིག དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པའི་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་གང་བའི་བུམ་པ་འཛིན་པ། སྲིད་ཞིའི་མཐའ་ལ་མི་གནས་པའི་ཞབས་རྡོར་དཀྱིལ། ཚོགས་བརྒྱད་གནས་སུ་དག་ཅིང་ཡེ་ཤེས་ལྔ་མངོན་དུ་གྱུར་པས་དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེ་བཞིན་དུ་གཞི་དུས་སུ་སྐྱེ་མཆེད་བཅུ་གཉིས་ཀྱི་རྟོག་པ་གནས་སུ་དག་ཅིང་། འབྲས་དུས་སུ་རྟེན་འབྲེལ་བཅུ་གཉིས་ལུགས་ལྡོག་ཏུ་རྣམ་པར་དག་པའི་ངོ་བོ་བདེན་དོན་བཅུ་གཉིས་ཀྱི་རྟོགས་པ་མངོན་དུ་གྱུར་པའི་གུ་རུ་བཅུ་གཉིས་དང་། གཞི་དུས་སུ་རྟག་ཆད་མུ་བཞིའི་རྟོག་པ་གནས་སུ་དག་ཅིང་། འབྲས་དུས་སུ་བདུད་བཞི་དབྱིངས་སུ་བཅོམ་ཞིང་ཕྲིན་ལས་བཞིས་འགྲོ་བ་འདུ ལ་བའི་སྒོ་སྐྱོང་དཔའ་བོ་ཡབ་ཡུམ་བཞི་སོགས་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རྣམ་དག་དྲན་པ་ཇི་ལྟར་ནུས་ནུས་སྦྱར་ཏེ་དོན་གྱི་མདོ་འགག་ནི། གཉུག་མ་ཆོས་ཉིད་ཀྱི་སྟེང་ན་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་མཐའ་དག་རང་བཞིན་ལྷུན་གྲུབ་ཏུ་བཞུགས་པ་ལས། ཡོན་ཏན་རྣམས་མཚན་མ་རྟགས་ཀྱི་ཕྱག་རྒྱ་རྟེན་དང་བརྟེན་པའི་རྣམ་པར་ཤར་བས་གཞི་ལམ་འབྲས་བུའི་ཆོས་ཀུན་དབྱེར་མེད་གདོད་ནས་རྣམ་པར་དག་པའི་མཚན་ཉིད་ཅན་དུ་ཤེས་པར་བྱའོ། །དེ་ཡང་དག་པ་ནི་མངོན་རྟོགས་ནམ་སྒོམ་པའི་ཚེ་དྲན་པར་བྱ་དགོས་མོད། ཁྱད་པར་སྐབས་འདིར་དག་པ་དེ་རྣམས་ལ་དེ་དང་དེར་མོས་པ་ཤུགས་དྲག་པོ་རེ་བཞག་པའི་མཐར། ལྷའི་གསལ་སྣང་དང་ང་རྒྱལ་སྦྲེལ་བའི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་འཇོགདེ་ལྟར་བསྒོམ་པའི་ལྷ་སྐུ་དེའང་སྣང་ལ་རང་བཞིན་མེད་པ། བདེ་ལ་ཞེན་པ་མེད་པ། གསལ་ལ་རྟོག་པ་མེད་པ། ཆོས་སྐུའི་ངོ་བོ། ལོངས་སྐུའི་རྣམ་པ། སྤྲུལ་སྐུའི་རྣམ་འཕྲུལ་བསམ་མི་ཁྱབ་པའི་བདག་ཉིད་བདེ་གསལ་སྟོང་པ་ཉིད་ལ་བསླབས་པས་ཚོགས་གཉིས་མྱུར་དུ་རྫོགས། རིམ་གྱིས་གོམས་པས་གཡོ་ཐོབ་གོམས་བརྟན་མཐར་ཕྱིན་གྱི་ཉམས་ལྔ་རྫོགས་ཏེ། དང་པོ་ཡིད་ཀྱི་ཡུལ། བར་དུ་དབང་པོའི་ཡུལ། ཐ་མ་ལྷ་ཉིད་གྱད་དུ་གྱུར་ཏེ་གཞན་ངོར་སྣང་ནུས་པའི་གསལ་བ་གསུམ་མཐར་ཕྱིན་ཏེ་འཁོར་འདས་ཀུན་གྱི་སྟོང་སྲོག་འཕྲོག ངག་ལ་བདེན་ཚིག་གྲུབ། རླུང་སེམས་དྭངས་མའི་སྐུར་སྨིན་ཏེ། རྣམ་སྨིན་རིག་འཛིན་གྱི་རྟེན་ལ་བརྟེན་ནས་ཕྱག་རྒྱའི་རིག་འཛིན་ལ་སྦྱོར་བར་འགྱུར་ཏེ། རྩ་བར། དེ་ལྟར་རྩེ་གཅིག་ཉམས་སུ་བླངས་པ་ལས༔ གཡོ་ཐོབ་གོམས་བརྟན་མཐར་ཕྱིན་ཉམས་སྐྱེ་ཞིང༔ གསལ་བ་གསུམ་ལྡན་ཕྱག་རྒྱ་དངོས་དང་མཇལ༔ ངག་གི་བདེན་གྲུབ་དགོངས་པ་འཕོ་འགྱུར་མེད༔ ཅེས་གསུངས་སོ། །དེས་སྐུ་བསྐྱེད་རིམ་ཕྱག་རྒྱའི་ཁྲིད་ཟིན། གཉིས་པ་གསུང་བཟླས་པ་སྔགས་ཀྱི་ཁྲིད་ལ། སྐུ་གསུམ་བསྙེན་པ། སྤྱི་དྲིལ་སྒྲུབ་པ། ལས་ལ་སྦྱར་བ་སྟེ་གསུམ། དེའི་དང་པོ་ལའང་གསུམ། ཆོས་སྐུ་ལ་བརྟེན་ནས་བདག་དོན་བྱིན་རླབས་བསྡུ་བ། ལོངས་སྐུ་ལ་བརྟེན་ནས་གཞན་དོན་ཕྲིན་ལས་མཁའ་ཁྱབ། སྤྲུལ་སྐུ་ལ་བརྟེན་ནས་བདག་གཞན་གཉིས་མེད་བསྐྱེད་རྫོགས་ཟུང་འཇུག་གི་བཟླས་པའོ། །དང་པོ་ནི། ཛབ྄་ཁང་དབྱེ་བ་དང་། ཛབ྄་བསྐུལ་སྔོན་དུ་འགྲོ་བས་བདག་མདུན་གྱི་སྤྱི་བོའི་རིགས་བདག་ཚེ་དཔག་མེད་ཀྱི་ཐུགས་ཀའི་ཧྲཱིཿཡིག་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། རང་གི་བླ་ཚེ་ཆད་ཉམས་ཡར་བ་དང་། ཕྱི་ས་ཆུ་མེ་རླུང་གི་འབྱུང་བཅུད། ནང་ཁམས་གསུམ་འགྲོ་བའི་ཚེ་བསོད་དབང་སྟོབས། གསང་བ་སངས་རྒྱས་བྱང་སེམས་ཀྱི་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཡོན་ཏན་ཐམས་ཅད་བདུད་རྩི་ཁ་དོག་སྣ་ལྔའི་རྣམ་པར་བསྡུས་ཏེ་ཕྱག་གི་བུམ་པར་ཞུ་ཞིང་ཁོལ་བ་རང་གི་སྤྱི་བོ་ནས་བརྒྱུད། ལུས་ཀུན་གང་བས་སྒྲིབ་བཞི་དག་ཅིང་དབང་དང་དངོས་གྲུབ་ཐོབ། འཆི་མེད་རྡོ་རྗེའི་སྲོག་གྲུབ་པར་མོས་ལ་བཟླས་པ་བྱའོ། །གྲངས་ཀྱི་ཚད་ནི་འབུམ་ཕྲག་བཞིའམ་བཅུ་གཉིས། རྟགས་ཀྱི་ཚད་ནི། དངོས་སུ་ཞལ་མཐོང་གསུང་ཐོས་ཏིང་ངེ་འཛིན་གྱི་དྲོད་རྙེད་པ་དང་། དངོས་ཉམས་ཅི་རིགས་པར་ཉི་ཟླ་ཤར་བ་དང་སྐུ་གསུང་ཐུགས་རྟེན་རྙེད་པ། བདུད་རྩི་བཏུང་བ་ཆུ་བོ་རྒྱས་པ་སོགས་གསུངས་སོོ། །གཉིས་པ་ནི། འགྲོ་འདུལ་འཕགས་པའི་ཐུགས་ཀར་པད་ཟླའི་སྟེང་དུ། དབུས་སུ་ཧྲཱིཿདཀར་པོ། འདབ་མ་དྲུག་ལ་ཡིག་དྲུག་གི་སྔགས་ཀྱིས་མཚན་པར་གསལ་བཏབ་ནས། ཛབ྄་བཟླས་པའི་རྐྱེན་གྱིས། ཧཱུྃ་ལས་མེ་ལོང་ཡེ་ཤེས་ཀྱི་ངོ་བོ་འོད་མཐིང་ནག་དམྱལ་བའི་ཡུལ་དུ་འཕྲོས། རྒྱུ་ཞེ་སྡང་དང་འབྲས་བུ་ཚ་གྲང་གི་སྡུག་བསྔལ་སྦྱངས། སྣོད་བཅུད་ཐམས་ཅད་རྡོ་རྗེ་རིགས་ཀྱི་འཕགས་པའི་སྐུ་དང་ཞིང་ཁམས་སུ་གྱུར་པར་མོས། དེ་བཞིན་དུ་མེ་ལས་མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོ་འོད་ཟེར་སེར་པོས་ཡི་དྭགས་ཀྱི་སེར་སྣ་དང་བཀྲེས་སྐོམ་སྦྱངས། སྣོད་བཅུད་རིན་ཆེན་སེམས་དཔའི་ཞིང་ཁམས་སུ་གྱུར། པད་ལས་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ་འོད་དཀར་པོས་དུད་འགྲོའི་གཏི་མུག་དང་གླེན་ལྐུག་སོགས་སྦྱངས། བདེ་གཤེགས་རིགས་ཀྱི་འཕགས་པའི་ཞིང་ལ་སྦྱར། ཎི་ལས་སོར་རྟོགས་ཡེ་ཤེས་ཀྱི་འོད་དམར་པོས་མིའི་འདོད་ཆགས་དང་བྲེལ་ཕོངས་སོགས་སྦྱངས། པདྨ་སེམས་དཔའི་ཞིང་དུ་གྱུར། མ་ལས་བྱ་གྲུབ་ཡེ་ཤེས་ཀྱི་འོད་ལྗང་གུས་ལྷ་མིན་གྱི་ཕྲག་དོག་དང་འཐབ་རྩོད་སྦྱངས། ལས་ཀྱི་སེམས་དཔའི་ཞིང་དུ་གྱུར། ༀ་ལས་འོད་གསལ་ཡེ་ཤེས་ཀྱི་རང་བཞིན་འོད་དཀར་པོས་ལྷ་ཡི་ང་རྒྱལ་དང་འཕོ་ལྟུང་སྦྱངས། རིགས་འདུས་འཕགས་པའི་སྐུ་དང་ཞིང་ཁམས་སུ་གྱུར། ཧྲཱིཿལས་དབྱེར་མེད་ཡེ་ཤེས་ཀྱི་ངོ་བོ་འོད་ཟེར་མཐའ་ཡས་པ་འཕྲོས་པས། སེམས་ཅན་ཐམས་ཅད་ཀྱི་ལས་ཉོན་སྡུག་བསྔལ་སྦྱངས། ཐམས་ཅད་འགྲོ་འདུལ་འཕགས་པའི་སྐུར་གྱུར་ཏེ། སྣང་གྲགས་དྲན་རྟོག་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་སུ་གྱུར་ནས་འཁོར་བ་དོང་སྤྲུགས་ཀྱི་མཛད་པ་མཐར་ཕྱིན་པར་མོས་ལ་ཡིག་བདུན་བཟླ། གྲངས་བྱེ་བ་གཅིགརྟགས་དངོས་ཉམས་རྨི་ལམ་དུ་འཕགས་པའི་ཞལ་མཐོང་བ་དང་སྙིང་རྗེ་ཕྱོགས་མེད་དུ་སྐྱེ་བ་སོགས་གསུངས་སོ། །གསུམ་པ་ནི། རང་ཉིད་རིགས་འདུས་མ་ཧཱ་གུ་རུའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གསེར་གྱི་རྡོ་རྗེ་རྩེ་ལྔའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧྲཱིཿཡིག་དཀར་པོ་འོད་འབར་བ། དེའི་མཐར་བཛྲ་གུ་རུའི་སྔགས་ཕྲེང་ཁ་དོག་དཀར་པོ་རང་སྒྲ་དང་བཅས་གཡས་བསྐོར་བར་མེད་དུ་འཁོར་བ་ལ་སེམས་བཟུང་བ་ཟླ་བ་སྐར་ཕྲེང་ལྟ་བུ་སྟེ་ལྷའི་རྒྱུད་བསྐུལ་བ་བསྙེན་པའི་དགོངས་པ། དེ་ལས་སྔགས་ཕྲེང་གཉིས་པ་བར་མ་ཆད་དུ་འཕྲོས་ཞལ་ནས་ཐོན། མདུན་གྱི་ཡེ་ཤེས་སེམས་དཔའི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད་ལྟེ་བ་ནས་ཐོན། རང་གི་ལྟེ་བ་ནས་ཞུགས་ཏེ་ཐུགས་ཀ་ནས་སྔར་ལྟར་འཁོར། འོད་ཟེར་གྱི་དྭངས་བཅུད་ཐུགས་ཀྱི་ཐིག་ལེར་འཁྱིལ་བས་བདེ་བ་ཆེན་བོའི་ཡེ་ཤེས་བརྟན་ཅིང་དངོས་གྲུབ་རྣམ་པ་གཉིས་རང་དབང་དུ་གྱུར་པར་བསྒོམ་པ་མགལ་མེའི་འཁོར་ལོ་ལྟ་བུ་སྟེ་ལྷ་དང་བདག་ཉིད་ཉེ་བར་བསྙེན་པའི་དགོངས་པ། སྔགས་འཁོར་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། སངས་རྒྱས་ཀྱི་ཞིང་རབ་འབྱམས་རྣམས་སུ་ཁྱབ། ཕྱི་ནང་གསང་བའི་མཆོད་སྤྲིན་དུ་གྱུར་པ་རྣམས་ཀྱིས་རྩ་གསུམ་རྒྱལ་བ་སྲས་བཅས་མཆོད་པས་མཉེས། གསང་བ་གསུམ་གྱི་བྱིན་རླབས་ཐམས་ཅད་བསྡུས་ཏེ་རང་ལ་ཐིམ་པས་སྒྲིབ་པ་གཉིས་བྱང་ཚོགས་གཉིས་རྫོགས། དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ། འོད་ཟེར་སླར་འཕྲོས། ཁམས་གསུམ་སེམས་ཅན་ཐམས་ཅད་ལ་ཕོག་པས་ལས་དང་ཉོན་མོངས་པའི་སྒྲིབ་པ་བག་ཆགས་བཅས་སྦྱངས་པར་མོས་པ་ནི་རྒྱལ་པོའི་ཕོ་ཉ་སྤྲོ་བ་ལྟ་བུ་སྟེ་དངོས་གྲུབ་སྒྲུབ་པ་ལ་དབང་བའི་དགོངས་པ། དེའི་མཐར་ཕྱི་སྣོད་ཀྱི་འཇིག་རྟེན་འོག་མིན་རྡོ་རྗེའི་ཞིང་ཁམས། ནང་བཅུད་དུ་སྣང་བ་ཐམས་ཅད་དཀྱིལ་འཁོར་གྱི་ལྷ། བརྟན་གཡོའི་སྒྲ་སྐད་ཐམས་ཅད་སྔགས་ཀྱི་རང་སྒྲ་དྲན་རྟོག་མ་ལུས་པ་རང་བྱུང་ཡེ་ཤེས་ཆེན་པོའི་རོལ་པ་སྟེ། སྣང་སྲིད་གཞིར་བཞེངས་ཆེན་པོའི་ངང་དུ་བཟླ་བ་ནི་བུང་བ་ཚང་ཞིག་པ་ལྟ་བུའི་རྣལ་འབྱོར་ཅེས་དངོས་གྲུབ་མངོན་དུ་བྱ་བ་སྒྲུབ་པ་ཆེན་པོའི་དགོངས་པ་སྟེ་ཛབ྄་དགོངས་རྣམ་པ་བཞི་པོ་རྒྱུད་ཀྱི་ལུགས་ལྟར་ན་ཕྱག་རྒྱ་གཅིག་པ། ཕྱག་རྒྱ་སྤྲོས་བཅས། ཚོམ་བུ་ཚོགས་སྒྲུབ་ལ་གཙོ་བོར་སྦྱོར་ཞིང་། དེ་རྣམས་ཀྱང་སྔ་མ་ལ་ཏིང་ངེ་འཛིན་གྱི་གསལ་སྣང་གྲུབ་ནས་ཕྱི་མ་ལ་རིམ་གྱིས་འཇུག་པར་གསུངས་ཀྱང་། འདིར་གུ་རུ་རིན་པོ་ཆེའི་མན་ངག་གི་དགོངས་པས་བསྙེན་སྒྲུབ་རྣམ་བཞིའི་ཛབ྄་དགོངས་སྟན་ཐོག་གཅིག་དྲིལ་དུ་བྱ་བ་ཉིད་བྱིན་རློབས་དངོས་གྲུབ་གྱི་རྟགས་མཚན་མྱུར་དུ་འབྱུང་བའི་ཟབ་མོའི་གནད་དུ་གདམས་པར་མཛད་པ་ལྟར་བྱ་གསུངས། གྲངས་ཀྱི་ཚད་ནི། རིགས་འདུས་རྩ་བསྙེན་བཛྲ་གུ་རུ་ཉིད་འབུམ་ཕྲག་བཅུ་གཉིས། རྟགས་ཀྱི་ཚད་ནི། དངོས་ཉམས་རྨི་ལམ་གང་རུང་དུ་ཞལ་མཐོང་གསུང་ཐོས། ལུས་ལ་བདེ་བ། ངག་ལ་ནུས་པ། སེམས་ལ་རྟོགས་པ་སྐྱེ། དཔའ་བོ་མཁའ་འགྲོ་འདུ་བ་རྣམས་སུ་གསུངས་སོ། །གཉིས་པ་སྤྱི་དྲིལ་དུ་བསྒྲུབ་པ་ནི། དེ་ལྟར་བསྙེན་པ་སྔོན་དུ་སོང་ནས། བདག་དང་མདུན་དཀྱིལ་ཛབ྄་ཁང་དང་བཅས་པའི་ལྷ་ཐམས་ཅད་ལས་རང་འདྲ་བའི་སྐུ་ནམ་མཁའ་གང་བར་སྤྲོས་ཏེ། དེ་རྣམས་ཀྱིས་རྡོ་རྗེའི་གླུ་གར་དང་། ཐུགས་འོད་གསལ་གྱི་དགོངས་པ་ལས་མ་གཡོས་བཞིན་དུ། ཡོན་ཏན་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པ་སྤྲོས་ཏེ་ཞིང་རབ་འབྱམས་ཀྱི་རྒྱལ་བ་སྲས་དང་བཅས་པ་ལ་མཉེས་མཆོད་ཕུལ། འཕྲིན་ལས་འགྲོ་བ་རྣམས་གང་ལ་གང་འདུལ་གྱི་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པས་སེམས་ཅན་གྱི་སྒྲིབ་པ་སྦྱངས། བྱང་ཆུབ་སེམས་ཀྱི་བདུད་རྩིས་དབང་བསྐུར་བས། དེེ་ཐམས་ཅད་རྩ་བ་གསུམ་གྱི་ཕྱག་རྒྱར་སད་པར་མོས་ལ། སྐབས་སྐབས་སུ་དབྱངས་ཀྱི་རྟ་ལ་བསྐྱོན་ནས། ཐོད་ཕྲེང་རྩལ་གྱི་བཟླས་པ་འབུམ་ཕྲག་བཞི་སོགས་ཅི་ནུས་བཟླ། སྤྲོ་ན་ནང་ཟབ་མོ་ཧཱུྃ་གི་སྒྲུབ་པ་དང་གསང་བ་བདེ་ཆེན་གྱི་བཟླས་པའང་བྱ་སྟེ་དམིགས་རིམ་ནི་ཛབ྄་ཀྱི་བཀོལ་བྱང་བཞིན་ནོ། །གསུམ་པ་ལས་སྦྱོར་གྱི་བཟླས་པ་ནི། སྤྲོ་ན་བྱེ་བྲག་སོ་སོའི་སྒྲུབ་པ་བཀོལ་བྱང་བཞིན་ལ་དཀྱུས་ཙམ་དུ་ལས་བྱང་གཞུང་གསལ་ལྟར། བདག་མདུན་གཙོ་བོའི་ཐུགས་ཀ་ནས་འོད་འཕྲོས། དཔའ་བོ་རིགས་བཞིའི་ཐུགས་རྒྱུད་བསྐུལ། དེ་ཐམས་ཅད་ལས་སྤྲུལ་པ་ཡང་སྤྲུལ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པས་ཞི་རྒྱས་དབང་དྲག་གི་ལས་ཐམས་ཅད་ལྷུན་གྱིས་འགྲུབ་པར་མོས་ལ། ཧ་རི་ནི་སའི་བཟླས་པ་སྒྲུབ་པའི་བཅུ་ཆ་ཙམ་བཟླའོ། །དེ་ལྟར་བཟླས་པ་ཐམས་ཅད་ཀྱི་སྐབས་སུ་གཙོ་བོར་ལྷ་སྔགས་ཆོས་ཉིད་གསུམ་དབྱེར་མེད་པར་ཤེས་པའི་ངང་གྲགས་སྟོང་སྐྱེ་མེད་འཛིན་མེད་ཀྱི་ངང་དུ་འཕྲོ་འདུ་སོགས་ཀྱི་དམིགས་པ་ལས་སེམས་གཞན་དུ་མ་ཡེངས་པར་གསལ་ཞིང་དག་པར་བཟླ་བ་གལ་ཆེ་སྟེ། བདེ་མཆོག་འབྱུང་བའི་རྒྱུད་ལས། སྔགས་ཉིད་རྣལ་འབྱོར་མ་ཡི་གཟུགས། །རྣལ་འབྱོར་མ་ཉིད་སྔགས་ཀྱི་གཟུགས། །ཅི་སྟེ་གོ་འཕང་མཆོག་འདོད་པས། །དེ་གཉིས་དབྱེ་བར་མི་བྱའོ། །ཞེས་དང་། ཨོ་རྒྱན་ཆེན་པོས། མ་ཡེངས་ཏིང་འཛིན་ལྡན་པས་བཟླ། །གཞན་དུ་ཡེངས་པར་གྱུར་པ་ནི། །བསྐལ་བར་བཟླས་ཀྱང་འབྲས་མི་འབྱིན། །ཞེས་གསུངས། དེ་ལྟར་བརྩོན་པས་ཐུན་གྱི་དངོས་གཞིར་ཅི་འགྲུབ་བཟླས་མཐར་མཆོད་བསྟོད་དང་། གསོལ་འདེབས་བར་ཆད་ལམ་སེལ་འདོན། ནོངས་བཤགས་དང་དབང་ལེན་ཛབ྄་ཁང་རང་ལ་བསྡུ་བ་སོགས་བསྙེན་ཡིག་ལས་གསུངས་པ་ལྟར་བྱ་སྟེ། མདོར་ན་རྩ་བའི་བཀོལ་བྱང་ལས། འདི་དག་ཀུན་གྱི་ཛབ྄་དགོངས་ལ༔ བདག་ཉིད་དམ་ཚིག་དཀྱིལ་འཁོར་དང ༔ མདུན་བསྐྱེད་ཡེ་ཤེས་དཀྱིལ་འཁོར་པ༔ གཉིས་ཀའི་ཐུག་ཀར་སྔགས་ཕྲེང་བཀོད༔ བདག་ལས་འོད་འཕྲོས་མདུན་བསྐྱེད་བསྐུལ༔ དེ་ལས་འོད་ཟེར་སྤྲོ་བསྡུ་ཡིས༔ ཇི་སྐད་བཤད་པའི་དངོས་གྲུབ་སྒྲུབ༔ མཐར་ནི་བདག་ཉིད་ཐུགས་ཀར་བསྡུ༔ དེ་ལྟ་བུ་ཡི་རྣལ་འབྱོར་ནི༔ ཏིང་འཛིན་གསལ་བས་རབ་བསྒྲུབས་ན༔ དཀྱིལ་འཁོར་འཁོར་ལོ་དངོས་སུ་མཐོང༔ རྡོ་རྗེའི་སྔགས་ཀྱི་སྒྲ་ཐོས་ཤིང༔ བརྟུལ་ཞུགས་སྤྱོད་པའི་དྲོད་ཚད་རྙེད༔ ཐ་མ འང་རྨི་ལམ་སྣང་བ་རུ༔ གོང་དུ་བཤད་པའི་རྟགས་རྣམས་དང༔ སོ་སོའི་ལས་རྣམས་འགྲུབ་པ་ཡིན༔ མཚན་མ་ཐོབ་པར་གདོན་མི་ཟ༔ ཞེས་གསུངས་པ་བཞིན་ནོ། །དེས་གསུང་བཟླས་པ་སྔགས་ཀྱི་ཁྲིད་ཟིན། གསུམ་པ་ཐུགས་འོད་གསལ་རྫོགས་རིམ་གྱི་ཁྲིད་ནི། གཞུང་རྩ་བར། མཐར་ཐུག་འོད་གསལ་ཉེར་བསྡུའི་རྣལ་འབྱོར་ནི༔ ཧཱུྃ་ཧཱུྃ་ཧཱུྃ་གིས་སྣོད་བཅུད་རང་ལུས་བཅས༔ རིམ་གྱིས་ཐུགས་སྲོག་ཧྲིཿཡིག་བར་དུ་ཐིམ༔ དེ་ཡང་མི་དམིགས་འོད་གསལ་གཉུག་མའི་ངང༔འདས་པ་འགགས་ཤིང་མ་འོངས་མ་སྐྱེས་པ༔ ད་ལྟའི་ཤེས་པ་ཟང་ཐལ་ངང་ཉིད་དུ༔ སེམས་ཀྱིས་སེམས་ལ་བལྟ་བའི་ཚུལ་དུ་བཞག༔ དེ་ཚེ་རྣམ་པར་རྟོག་པ་ཅི་ཤར་ཡང༔ ཐམས་ཅད་སེམས་ཉིད་གཅིག་གི་རོལ་པ་སྟེ༔ ནམ་མཁའི་རང་བཞིན་འཕོ་འགྱུར་མེད་པ་ལྟར༔ སེམས་ཉིད་ཀུན་ཁྱབ་འཕོ་འགྱུར་མེད་པར་རྟོགས༔ འདི་ནི་ཐེག་པའི་མཐར་ཐུག་རྫོགས་པ་ཆེ༔ རང་བྱུང་སེམས་སྡེའི་དགོངས་པ་བླ་ན་མེད༔ དོན་གྱི་རྣལ་འབྱོར་འདི་ལ་སུས་སྤྱོད་པ༔ གསང་བའི་རྟགས་དང་ཡོན་ཏན་མཐའ་ཡས་འབྱུང༔ ཉམས་དང་རྟོགས་པའི་རྩལ་ཆེན་རིམ་གྱིས་རྫོགས༔ ཀུན་བཟང་པདྨའི་ཡེ་ཤེས་ཐོབ་པར་འགྱུར༔ ཞེས་གསུངས་པས། མཐར་ཐུན་བསྡུ་བའི་ཚེ་དམ་ཡེ་དབྱེར་མེད་ཀྱི་བསྡུ་བྱའི་དཀྱིལ་འཁོར་གསལ་བཏབ་ནས། ཧཱུྃ་གསུམ་བརྗོད་པའི་རྐྱེན་གྱིས་སྣང་སྲིད་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་གཞལ་ཡས་ཁང་དང་ལྷ་ལ་ཐིམ། ལྷ་རྣམས་རིམ་གྱིས་གཙོ་བོ་ལ། གཙོ་བོ་ཐུགས་སྲོག་རྡོ་རྗེ་ལ། དེ་ཧྲཱིཿཡིག་ལ། དེ་ཡང་རིམ་གྱིས་མི་དམིགས་པའི་དབྱིངས་སུ་ཐིམ་པའི་རང་ངོ་ལ་ཅེར་{ཆེར}གྱིས་བལྟས་ཏེ་སྣང་རིག་ངོས་བཟུང་དང་བྲལ་བའི་ངང་དེར་མཉམ་པར་འཇོག་པ་སྟེ། དེ་ཡང་རྣམ་རྟོག་སྔ་མ་འགགས། ཕྱི་མ་མ་སྐྱེས་པའི། ད་ལྟའི་ཤེས་པ་ཟང་ཐལ་སྨྲ་བརྗོད་ལས་འདས་པ། ངོ་བོ་སྟོང་པས་དམིགས་སུ་མེད་པ། རང་བཞིན་གསལ་བས་ལྷུན་གྱིས་གྲུབ་པ། ཐུགས་རྗེ་ཀུན་ཁྱབ་འགགས་པ་མེད་པ་སྟེ། ཡེ་ནས་སྐུ་གསུམ་འདུ་འབྲལ་མེད་པའི་དགོངས་པ། གཞན་ནས་མ་བཙལ་བའི་ཆོས་ཉིད། རིག་པ་རང་བྱུང་གི་ཡེ་ཤེས། རྒྱ་ཆད་ཕྱོགས་ལྷུང་དང་བྲལ་པ་ནམ་མཁའ་ལྟ་བུ། ཚིག་གིས་མི་མཚོན་པས་བརྗོད་དུ་མེད་པ། རྣམ་ཤེས་ཀྱིས་མི་ཤེས་པས་བསམ་དུ་མེད་པ། མཐའ་ལ་མི་གནས་པས་སྤྲོས་བྲལ་མཉམ་པ་ཆེན་པོ། ངོ་བོ་དུས་གསུམ་དུ་འཕོ་འགྱུར་མེད་ཅིང་། རང་བཞིན་སྐྱོན་ཡོན་གྲུབ་བསལ་ལས་འདས་པ། རང་བབས་གཉུག་མའི་གཤིས་ལུགས། ཐ་སྙད་ཀྱི་ཤེས་བརྗོད་ཀྱི་ཡུལ་ལས་འདས་ཀྱང་། ཡིན་མིན་ཡོད་མེད་སོགས་རེ་དོགས་བདེན་འཛིན་གྱི་ཞེན་པས་མ་བསླད་པར། ཁོ་ཐག་ནང་ནས་ཆོད་པའི་ད་ལྟའི་ཤེས་རིག་བཟོ་བཅོས་དང་བྲལ་བ་འདི་ཀ་རང་བྱུང་དོན་གྱི་པདྨ་འབྱུང་གནས་དངོས་ཡིན་པས། དེ་ཉིད་ཡིད་དཔྱོད་དང་ཕོ་ཚོད་དུ་མ་སོང་བར་རྩ་གདར་ལེགས་པར་བཅད་ནས་མངོན་སུམ་དུ་ངོ་འཕྲོད་པར་བྱས་ཏེ། དེ་ལས་གཞན་པའི་བསྒྲུབ་བྱའི་ལྷ་དང་བསྒོམ་བྱའི་ཆོས་སྒྲུབ་བྱེད་ཀྱི་མཁན་པོ་སོགས་གཞན་གང་ན་ཡང་མེད་པར་ཐག་བཅད་ནས། དེའི་ངང་ལས་ཤར་བའི་རྩལ་སྣང་བཟང་ངན་གང་ཡིན་ཡང་འདྲ་སྟེ། ཆོས་ཉིད་དེའི་ངང་ལས་བྱུང་ཞིང་། དེའི་ངང་དུ་གནས། དེའི་ངང་དུ་གྲོལ་བས་ནམ་མཁའི་འཇའ་ཚོན་ནམ་ཆུ་ཡི་རྦ་རླབས་བཞིན་དུ་རང་ཤར་རང་གྲོལ་གཤིས་ལ་ཕན་གནོད་མེད་པར་གདེང་བཅས་ཏེ་རང་བབས་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ་བརྩོན་པར་བྱ་སྟེ། ཀུན་བྱེད་ལས། ཀྱེ། ང་ནི་ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས། །ང་ལ་སྒྲོ་སྐུར་བྱ་བའི་ཡུལ་མེད་པས། །གང་ལའང་སེམས་པར་མ་བྱེད་སྒོམ་མ་བྱེད། །སྒོ་གསུམ་མ་བཅོས་ཇི་བཞིན་ལྷུག་པར་ཞོག །ཇི་ལྟར་ཤར་ཡང་རང་བཞིན་ངང་གིས་གྲོལ། །སྐྱེ་མེད་ནམ་མཁའ་ལྟ་བུར་ཕྱོགས་འདས་པ། །རང་བཞིན་རྫོགས་པ་ཆེན་པོར་ཤེས་པར་གྱིས། །ཞེས་དང་། མ་བཅོས་རྣལ་མ་ཀུན་གྱི་ཆོས་ཉིད་ཡིན། །ཆོས་ཉིད་ལས་ནི་སངས་རྒྱས་གུད་ན་མེད། །སངས་རྒྱས་མིང་དུ་བཏགས་པ་བླ་དྭགས་ཡིན། །ཆོས་ཉིད་བྱ་བ་གཞན་མེད་རང་སེམས་ཏེ། །རང་སེམས་མ་བཅོས་ཆོས་ཀྱི་སྐུ་རུ་བཤད། །མ་བཅོས་པ་ལ་ཡེ་ནས་སྐྱེ་མེད་པས། །སྐྱེ་མེད་དོན་ལ་བཙལ་ཞིང་སྒྲུབ་ཏུ་མེད། །བཙལ་ཞིང་སྒྲུབ་པས་བྱར་མེད་འགྲུབ་མི་འགྱུར། །ཞེས་དང་། བྱར་མེད་འདི་ལ་གང་གནས་པ། །ལུས་ནི་གང་ཟག་ལྷ་མི་ཡང་། །དགོངས་པ་ཆོས་ཉིད་སངས་རྒྱས་ཡིན། །ཞེས་གསུངས། དེ་ལས་ལྡང་པའམ་སྤྱོད་ལམ་ལ་འཇུག་པའི་སྐབས། དེ་ལ་ཕཊ་ཕཊ་ཕཊ་ཅེས་བརྗོད་པ་ཡིས༔ རང་དང་སྣོད་བཅུད་དཀྱིལ་འཁོར་འཁོར་ལོར་བལྟ༔ བསྐྱེད་དང་རྫོགས་པ་ཟུང་འཇུག་ངང་ཉིད་ནས༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་གོང་དུ་སྤེལ༔ ཞེས་གསུངས་པ་ལྟར། ཕཊ་གསུམ་གྱིས་ལྷར་ལྡང་སྟེ་སྣང་སྤྱོད་ཐམས་ཅད་སྐུ་དང་ཡེ་ཤེས་ཆེན་པོའི་རོལ་པར་ལམ་དུ་ཁྱེར་ཞིང་། ཐུན་མཚམས་ཀུན་ཏུ་ཡང་བསྐྱེད་རྫོགས་གང་བསྒོམ་གྱི་ལམ་ཁྱེར་ལ་བརྩོན་པས་མཉམ་བཞག་རྗེས་ཐོབ་ཏུ་ཁྱེར་ཞིང་རྩ ལ་སྦྱང་བ་ལ་བསླབ་པར་བྱའོ། །དེ་ལྟར་རིམ་པ་དང་པོའི་ཉམས་ལེན་གྱི་ཁྲིད་ཀྱི་ཟིན་ཐུན་འདི་ནི་རྡོ་རྗེ་འཆང་རྣམ་གཉིས་ཀྱི་ཞལ་སྔ་ནས་བསྩལ་པའི་སྔོན་འགྲོའི་ངག་འདོན་དང་། བསྙེན་སྒྲུབ་ཀྱི་ཟིན་བྲིས་གཉིས་ཀྱི་དགོངས་པ་གཞིར་བཞག་ཐོག ཞལ་གདམས་སྙིང་བྱང་ལས་བྱུང་བའི་ཡང་ཏིག་ཡེ་ཤེས་ཟང་ཐལ་གྱི་བསྐྱེད་རིམ་ཉིད་རྩ་བར་བཟུང་། ལས་བྱང་རྒྱས་བསྡུས་དང་ཛབ྄་ཀྱི་བཀོལ་བྱང་སོགས་ལས་ཉེར་མཁོ་བླང་ཞིང་སྔོན་བྱོན་དམ་པ་རྣམས་ཀྱི་གསུང་གིས་ཟུར་བརྒྱན་ཏེ་བྲིས་པ་ཡིན་ལ། འདིའི་མཚམས་ཐུན་མོང་གི་རྫོགས་རིམ་དོན་ཏིག་བདེ་ཆེན་ཟང་ཐལ་ནས་གསུངས་པ་ལྟར་བླ་མ་ཡང་དག་ཧེ་རུ་ཀའི་རྫོགས་རིམ་ཆོས་དྲུག་ཉིད་སྦྲེལ་ཏེ་འཆད་པར་འོས་ཀྱང་ཁོ་བོས་སྔར་འདི་ཉིད་ཀྱི་ཟབ་ཁྲིད་ཀྱི་བརྒྱུད་པ་མ་ཐོབ་པས་འབྲི་བར་མ་ནུས་ལ། ཐུན་མིན་རྫོགས་པ་ཆེན་པོ་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གྱི་ལམ་ཉམས་སུ་ལེན་ཚུལ་ནི། རྗེ་བླ་མ་རྡོ་རྗེ་འཆང་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་བསྩལ་པའི་ཁྲིད་ཡིག་ཐིག་ལེ་གསེར་ཞུན་ལྟར་ཤེས་པར་བྱའོ། །སྨྲས་པ། ཨོ་རྒྱན་དུས་གསུམ་མཁྱེན་པའི་ཞལ་གྱི་ལུང་། །རྒྱུད་ལུང་མན་ངག་བྱེ་བའི་སྙིང་པོའི་བཅུད། །ཀུན་དང་མཐུན་ཞིང་ཀུན་ལས་ཁྱད་འཕགས་པའི། །གྲོལ་བ་དྲུག་ལྡན་གདམས་པའི་གསང་མཛོད་རྨད། །འོན་ཀྱང་བདག་བློ་ཆོས་ཀྱི་དུལ་མིན་པས། །གཞན་ལ་ཟབ་མོའི་གདམས་ཁྲིད་ཇི་ལྟར་འབོག །ནེ་ཙོའི་པདྨེ་ལྟ་བུའི་ཁ་བཤད་འདི། །ཅོལ་ཆུང་པདྨ་བི་ཛའི་རང་གཤིས་ལགས། །དེ་སླད་ཚུལ་འདི་བདག་སྐལ་འཚམ་མིན་ཡང་། །རིགས་བདག་མཚུངས་མེད་མཆོག་སྤྲུལ་རིན་པོ་ཆེའི། །བཀའ་ལུང་གསེར་གྱི་ཅོད་པཎ་སྤྱི་བོ་རུ། །ཕེབས་གང་ལྡོག་ཏུ་མ་ནུས་ཚུལ་འདི་བགྱིས། །ཚིག་དོན་པདྨའི་སྣལ་མ་ཆེས་ཕྲ་ཡང་། །དད་དམ་གཙང་མའི་རྫིང་བུ་ལས་འཁྲུངས་ཕྱིར། །དགྱེས་སྤྱན་བུང་བ་གཞོན་ནུའི་འབབས་སྟེགས་སུ། །གནང་ནས་ཉེས་བཤད་རྙོག་མ་བགྲུང་བར་མཛོད། །ཚུལ་འདིར་སྔོན་བྱོན་དམ་པའི་ཞལ་ལུང་བཅུད། །ཅུང་ཟད་བཏུས་པའི་ལེགས་ཆ་གང་མཆིས་པའི། །རྩ་བ་འདི་ལས་འཕྲོས་པའི་ལེགས་བཤད་ཀྱི། །སྣང་བའི་སྒོ་འཕར་བརྒྱ་ཕྲག་དབྱེ་བར་གསོལ། །དེ་ལས་བྱུང་བའི་རབ་དགེ་དྲི་མེད་ཀྱིས། །འཁོར་ལོའི་མགོན་གྱི་ཞབས་པད་ཡུན་བརྟན་ཞིང་། །བསྟན་པ་དར་རྒྱས་བཤད་སྒྲུབ་ཆོས་འཁོར་བསྐོར། །མཁའ་ཁྱབ་འགྲོ་ཀུན་རྣམ་གྲོལ་མཆོག་ཐོབ་ཤོག །ཅེས་པའང་འཇམ་མགོན་རྡོ་རྗེ་འཆང་རྣམ་གཉིས་ཡང་སྤྲུལ་དང་བཅས་པའི་ཞབས་པད་གཙུག་ན་བསྙེན་པའི་སྐལ་བཟང་ཉམས་སུ་མྱོང་བའི་བན་རྒན་རིགས་འདུས་པདྨའི་མྱུ་གུ་རྩལ་གྱིས་རང་གནས་ཞེ་ཆེན་ཡང་དབེན་བདེ་མཆོག་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་དུ་སྦྱར་བའི་ཡི་གེ་པ་ནི་རང་སློབ་ཐུབ་བསྟན་ཆོས་འཕེལ་ཏེ། འདིས་ཀྱང་ངེས་གསང་སྙིང་པོའི་བསྟན་མཆོག་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག མངྒ་ལཾ། དགེའོ། །དགེའོ། །དགེའོ། །།