ཆོས་རྒྱལ་རྣམ་གསུམ་གྱི་གཏོར་འབུལ་འཕྲིན་བཅོས་དང་བཅས་པ།
༈ ཆོས་རྒྱལ་རྣམ་གསུམ་གྱི་གཏོར་འབུལ་འཕྲིན་བཅོལ་དང་བཅས་པ་བཞུགས་སོ། །འཇམ་དཔལ་དཔའ་བོ་ཁྲོས་པའི་ཟློས་གར་མཁན། །གཤིན་རྗེའི་གཤེད་པོ་མི་ཡི་རྣམ་རོལ་པ། །ཆོས་ཀྱི་རྒྱལ་པོ་བློ་བཟང་རྒྱལ་བའི་བཀའ། །བདེན་པའི་དངོས་པོ་དེང་འདིར་གྲུབ་པར་མཛོད། །ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་ན། །སྒོ་མེད་ལྕགས་མཁར་ཆེན་པོ་བཅུ་དྲུག་ནང༌། །དགེ་སྡིག་ལས་ཀྱི་ཤན་འབྱེད་སྟངས་འཛིན་པ། །ཆོས་ཀྱི་རྒྱལ་པོ་ཕྱི་ནང་གསང་གསུམ་པོ། །ཡུམ་ཆེན་མ་
མོ་ནག་པོ་ཙ་མུཎྜཱི། །ཕོ་བརྒྱད་མོ་བརྒྱད་གཤིན་རྗེའི་ཕོ་ཉར་བཅས། །སྔོན་གྱི་གཡར་དམ་གཉན་པོ་ཉེར་དགོངས་ཏེ། །རྣལ་འབྱོར་འཕྲིན་ལས་སྒྲུབ་ཕྱིར་གཤེགས་སུ་གསོལ། །དགྲ་བོའི་ཤ་ཁྲག་རུས་པ་ལས་བྱུང་བའི། །མཆོད་ཡོན་ཉེར་སྤྱོད་སོགས་དང་ཁྱད་པར་དུ། །དམར་ཆེན་གཏོར་མ་རི་བོ་ལྟར་སྤུངས་ནས། །འབུལ་ལོ་གཏུམ་དྲག་རྔམ་པའི་ཚུལ་གྱིས་རོལ། །སྔོན་ཚེ་བཅོམ་ལྡན་རྡོ་རྗེ་འཇིགས་མཛད་ཀྱིས། །སྤྱི་བོར་དམ་ཚིག་རྡོ་རྗེའི་རྒྱ་བཀོད་དེ། །དུས་མཐར་ང་ཡི་བསྟན་པ་སྲུངས་ཤིག་ཅེས། །ཇི་ལྟར་བཀའ་བསྒོས་དམ་བཅས་དུས་ལ་བབས། །དགེ་ལྡན་བསྟན་ལ་འཚེ་བའི་བདུད་རིགས་ཀུན། །མི་བཟད་དུས་ཀྱི་ཞགས་པས་སྐེ་བཅིངས་ཏེ། །ཞིང་ཆེན་དབྱུག་པས་ཐལ་བར་བརླག་བྱས་ནས། །མཐར་བྱེད་ཞལ་གྱི་མེ་དཔུང་ནང་དུ་སྟོབ། །དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང༌། །དགེ་འདུན་ཐུགས་མཐུན་བཤད་སྒྲུབ་བྱ་བ་རྒྱས། །བདག་སོགས་འགྲོ་ཀུན་དགེ་ལ་གེགས་མེད་དུ། །སྤྱོད་པའི་སྡོངས་གྲོགས་གཡེལ་བ་མེད་པར་མཛོད། །སྟོབས་ཆེན་གཤིན་རྗེའི་རྒྱལ་པོ་འཁོར་བཅས་ཀྱིས། །ཨ་ཏི་ཤ་དང་བློ་བཟང་གྲགས་པ་ཡི། །བསྟན་ལ་གནོད་པའི་དགྲ་བགེགས་ཚར་ཆོད་ལ། །བསྟན་དང་བསྟན་འཛིན་བུ་བཞིན་སྐྱོང་བར་མཛོད། །ཅེས་ཆོས་ཀྱི་རྒྱལ་པོ་ཕྱི་ནང་གསང་གསུམ་གྱི་གཏོར་འབུལ་འདི་ནི་དད་ལྡན་དགེ་སློང་དཀོན་མཆོག་བསྟན་པས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །