ཟབ་མོ་ནཱ་རོའི་ཆོས་དྲུག་གི་ཉམས་ལེན་ཐུན་ཆོས་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་དོན་ཁྲིད།
ཟབ་ལམ་ནཱ་རོ་ཆོས་དྲུག་གི །འཕྲུལ་འཁོར་ཟིན་བྲིས་མཐོང་ཙམ་གྱིས། །ཁོང་ཆུད་དོན་དང་ལྡན་པ་ཡི། །གསུང་རྒྱུན་གོ་བདེ་རབ་གསལ་བཞུགས། །
ༀ་སྭསྟི་པྲ་ཛ་བྷྱཿ མཆོག་ཏུ་མི་འགྱུར་ཆོས་དབྱིངས་ཡེ་ཤེས་ཁམས། །བདེ་བ་ཆེན་པོའི་རང་བཞིན་འདུས་མ་བྱས། །སྒྱུ་འཕྲུལ་རྡོ་རྗེའི་རྣམ་པར་རོལ་པ་ནི། །ཅིར་ཡང་སྟོན་པ་དོན་བརྒྱུད་བླ་མར་འདུད། །རྣམ་དག་ངེས་དོན་བཀའ་གསང་ཟབ་མོའི་ཆོས། །བླ་ན་མེད་པའི་རྒྱུད་སྡེའི་ཡང་སྙིང་གང་། །རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར། །ཡེ་ཤེས་མངོན་སུམ་རྒྱུད་སྨིན་གྲོལ་བ་ཡི། །རིམ་གཉིས་དངོས་གྲུབ་མྱུར་ལམ་མཐར་ཐུག་མཆོག །པཎ་ཆེན་ནཱ་རོའི་ཆོས་དྲུག་ཅེས་གྲགས་པ། །གྲུབ་ཐོབ་སྐར་ཚོགས་
ལྟ་བུ་གཤེགས་པའི་ཤུལ། །སྐལ་ལྡན་ཚེ་གཅིག་སངས་རྒྱས་ཐོབ་པའི་ཐབས། །གཞུང་དོན་ཁྲིད་རིམ་སྔོན་བྱོན་གོང་མ་ཡི། །བཀའ་ལས་གསལ་ཞིང་འདིར་ནི་ལུས་སྦྱོང་གི །འཕྲུལ་འཁོར་ཕྱག་ལེན་ཁུངས་བཙུན་གོ་བདེ་བར། །རྡོ་རྗེའི་དམ་ཚིག་ལྡན་པའི་སློབ་མ་ལ། །ཕན་ཕྱིར་བཀོད་ལ་ཆོས་བདག་ཌཱ་ཀི་ཡིས། །བཀའ་ཡི་གནང་བ་སྩོལ་ལ་བྱིན་གྱིས་རློབས། །དེ་ཡང་བསམ་གཏན་ཚེར་མས་དབེན་པའི་གནས། །བདེ་བའི་གདན་འཁོད་དང་པོ་ཐུན་མོང་གི །སྔོན་འགྲོར་བློ་སྦྱངས་དེ་ནས་ཐུན་མིན་གྱི། །
སྔོན་འགྲོ་བསགས་སྦྱངས་ཆོས་རྣམས་ནན་ཏན་འབད། །དེ་ནས་དངོས་གཞི་གཏུམ་མོ་ལམ་གྱི་གཞུང་། །སྒྱུ་ལུས་ལམ་གྱི་བོགས་འདོན་རྨི་ལམ་ནི། །ལམ་གྱི་ཚོད་འཛིན་འོད་གསལ་ལམ་སྒྲོན་མེ། །དེ་ལྟར་རྩ་བ་བཞི་དང་ཡན་ལག་ནི། །བར་དོ་ལམ་གྱི་བསུ་མ་འཕོ་བ་ནི། །ལམ་གྱི་སྐྱེལ་མར་གསུངས་ཕྱིར་དེ་ཀུན་གྱི། །སྙིང་པོ་གཏུམ་མོའི་ཉམས་ལེན་གཞིར་བྱས་ཏེ། །རྩ་རླུང་ཐིག་ལེ་གནད་དུ་བསྣུན་པ་ཡི། །ཟག་མེད་ཏིང་འཛིན་ཡེ་ཤེས་བསྐྱེད་ཕྱིར་དུ། །རྡོ་རྗེའི་ལུས་ལ་འཁྲུལ་འཁོར་འདི་ལྟར་བྱ། དང་པོ་ཆོས་དྲུག་ནང་གི་བླ་མའི་རྣལ་འབྱོར་དབང་ལེན་བཅས། དེ་ནས་སྟོང་ར་བསྐྱེད་སྔགས། ༀ་ཨཱཿ ཧཱུྃ་ཀཱ་ཡ་སོགས། རང་ལུས་རྡོ་རྗེ་སོགས། དེ་ནས་རྩ་སྦྱོང་། ལུས་ཀྱི་ནང་དབུས་སོགས། ༈ སྔོན་འགྲོ་རླུང་སྐྱོན་སེལ་བའི་འཁྲུལ་འཁོར་ནི། །རླུང་བཟུང་མི་དགོས་ལུས་གནད་ཆོས་བདུན་བཅས། །ལག་མཐིལ་གཉིས་ཀྱིས་རྐང་མཐིལ་ཤེད་ཀྱིས་བྱུག །ལན་གསུམ་དང་བཅས་ལག་གཉིས་འཁྱུད་པའི་རྒྱ། །བཀྲོལ་དང་རྡོར་སྐྱིལ་བཤིག་པ་དུས་མཉམ་བཅས། །ལག་གཉིས་
བརླ་གཡས་དཔྱི་མགོར་ཐལ་རྡེབ་བཅས། །ཕྱིར་བྱུག་རྐང་པ་བརྐྱངས་ནས་ལོང་བུ་བསྡམས། འདིར་སོར་རྩེ་ནས་བསྐོར་མི་དགོས། །ནང་ནས་ཡར་བྱུག་རྐང་པ་བསྐུམ་པ་བཅས། །དེ་བཞིན་གཡས་གསུམ་དང་ནི་གཡོན་གསུམ་བྱ། །རྡོར་སྐྱིལ་དཔུང་བརྒྱང་ལག་གཉིས་ཐལ་བརྡབ་དང་། །འཕུར་བ་མདུན་དུ་འཕང་བ་གསུམ་ཡོད། དང་བཅས་ལན་གསུམ་ལག་གཡས་ཀྱིས། །གཡོན་ངོས་ཕྲག་དཔུང་ཕྱིར་བྱུག་ལག་མགོ་ནས། །ནང་ལ་མཆན་ཁུང་བར་དུ་ཡར་བྱུག་འཕྲལ། །ལག་གཡས་ཤེད་བརྐྱང་དེ་ལྟར་ལན་གསུམ་དང་། །གཡས་གསུམ་བྱ་ཞིང་ལག་གཉིས་རྡོར་སྐྱིལ་ཐད། །ཕྱིར་བསྟན་ལག་གཉིས་བསྒྲིགས་ནས། ཡར་ཁྱེར་མཆན་རྡེབ་བརྒྱབ་ནས་སུ། །མདུན་དུ་བརྐྱང་ཞིང་ལག་གཡས་དཔྲལ་བ་དང་། །གཡོན་གྱིས་ལྟག་པ་ནས་བསྐོར་སྔར་བཞིན་དུ། །མཆན་རྡེབ་དང་གསུམ་དང་འཕེན་པ་གསུམ། བཅས་ལན་གསུམ་མགོ་འཕུར་བྲེར། །མགོ་འཕུར་གསུམ་མཆན་རྡེབ་དགོས། ལག་མཐིལ་གདོང་ལ་གདོང་འཕུར་གསུམ་ལ་མཆན་རྡེབ་མེད། ཕྱིར་བྱུག་ལྐོག་མའི་
ཐད། །ཐལ་རྩེ་སྤྲད་པ་ཕྱིར་བསྟན་དེ་འདྲ་གསུམ། །ལག་མཐིལ་ཐལ་མོ་གཉིས་མར་བྱུག་དགོས། གཡོན་སྟེང་གཡས་འོག་རེས་མོས་ཀྱིས། །ནུ་འཕུར་གཡས་གསུམ་གཡོན་གསུམ་ཁུ་ཚུར་གཉིས། །མདུན་རྒྱབ་རེས་མོས་ཕྱིར་བྱུག་གསུམ་བྱེད་པ། །དེ་ཡིས་དྲུག་ཚང་ཁུ་ཚུར་མཛུབ་སྐོར་གྱིས། །གཡས་གཡོན་ཁུ་ཚུར་གྱིས་མཁལ་མ་འཕུར་བ་ལས་གཞན་མེད། མཁལ་འཕུར་གསུམ་བྱ་དེ་ནས་རླུང་། རླུང་རོ་བསལ་བས་སོགས། །འབུད་པ་དགུ་ཕྲུག་ཁུ་ཚུར་གཉིས་སྦུབ་ཅིང་། །བརླར་བཞག་ལག་གཡོན་པུས་སྟེང་ནས་ཡར་ཁྱེར། །མཆན་རྡེབ་མདུན་བརྐྱང་ཁུ་ཚུར་མཛུབ་སྐོར་བཅས། །གྲུ་མོ་ཐད་བརྒྱང་མཛུབ་མོས་སྣ་གཡོན་བཀག །གཡས་ནས་རྔུབ་ཅིང་འབུད་པ་གསུམ་རེ་བྱ། །མཆན་རྡེབ་མདུན་བརྐྱང་བརླར་བཞག་དེ་བཞིན་དུ། །གཡས་ཀྱིས་ཚར་མཚམས་ཁུ་ཚུར་གཉིས་བརླར་སྦུབ། །སྣ་བུག་གཉིས་ནས་རྔུབ་དགང་དགང་ཚེ་ཁུ་ཚུར་ཁ་གྱེན་བསྟན། འབུད་གསུམ་བྱ། ཁུ་ཚུར་གྱེན་བསྟན་བུམ་ཅན་ཅི་ནུས་བཟུང་། ༈ །དེ་ནས་རྩ་ཁྲུས་ཡན་ལག་ལྔ་སྦྱོང་ནི། །
ལུས་གནད་དང་བཅས་རླུང་བཟུང་ཁུ་ཚུར་གཉིས། །པུས་སྟེང་ཡར་ཁྱེར་མཆན་རྡེབ་མདུན་བརྐྱང་འཕྲལ། །བྲང་རྡེག་མཆན་རྡེབ་གོང་བཞིན་གསུམ་བྱ་ཞིང་། །ལག་གཡས་གཡོན་གྱི་ཕྲག་དཔུང་ཕྱིར་བྱུག་ནས། །མཁྲིག་མའི་མཚམས་ནས་ནང་ནས་མཆན་ཁུང་བར། །ཡར་བྱུག་ལག་གཡས་ཤེད་བརྐྱང་དེ་ལྟར་གྱི། །གཡས་གསུམ་གཡོན་གསུམ་དང་པོ་གཡོན་གསུམ། དེ་ནས་གཡས་གསུམ་ཡིན། རེས་མོས་མིན། བྱ་ཞིང་ཐལ་བརྡབ་འཕུར། །ལན་གསུམ་དང་ནི་པུས་སྟེང་ཐལ་མོ་གཉིས། །ཕྱིར་བསྟན་ཕྱིར་འཕེན་ཉམས་བཅས། ཡར་ཁྱེར་མཆན་རྡེབ་དང་མདུན་བརྐྱང་། །ལག་གཡས་དཔྲལ་བ་གཡོན་པས་ལྟག་པ་བསྐོར། །གོང་བཞིན་མཆན་རྡེབ་དང་བཅས་ལན་གསུམ་བྱ། །མདུན་རྒྱབ་དབུ་མ་ཤེད་པ་དེ་ཡིན། རེས་མོས་ཕྱིར་བྱུག་གསུམ་གྱི་རྗེས། །སྐྱིལ་ཀྲུང་བཤིག་ཅིང་ལག་གཉིས་བརླ་གཡས་ཀྱི། །དཔྱི་མགོར་ཐལ་བརྡབ་དང་བཅས་ཕྱིར་བྱུག་ནས། །རྐང་བརྐྱང་མཐིལ་ནས་ནང་ན་ཡར་བྱུག་དུས། །རྐང་པ་བསྐུམ་ཞིང་དེ་ལྟར་ལན་གསུམ་
རྗེས། །ལག་གཡོན་རྐང་གཡས་རྒྱབ་དང་མཐིལ་ནས་བཟུང་། ཁུ་ཚུར་གཡས་ཀྱིས་པུས་མོ་མནན་ནས་སུ། །མིག་གིས་གཡས་གཡོན་གྱེན་བལྟ་སྔར་ཇི་བཞིན། དཔྱི་མཐོར་ཐལ་རྡེབ་བཅས། །གཡོན་ལའང་གོང་ལྟར་བྱས་རྗེས་རྡོར་སྐྱིལ་བཅའ། །ལག་གཉིས་སར་བཙུགས་ཁུ་ཚུར་མཐེ་བོང་བཅས། རིམ་ཀྱིས་འབེབས་ཆུང་གསུམ། །རྡོར་དཀྱིལ་བཀྲོལ་ཞིང་ཧ་སྤྲུགས་འཕུར་འདོན་བྱ། ལུས་པོ་ཕང་ལོའི་སྟེང་ལག་མཐིལ་གྱིས་མནན་ཏེ་སི་ལི་ལི་སྤྲུགས། ཧ་སྤྲུགས་རྐྱང་པ་མ་གཏོགས་ལག་འཕུར་མེད། རྩ་གསུམ་འདུས་མདོར་སོགས། ༈ ནཱ་རོའི་དྲུག་བསྐོར་ལུས་གནད་རླུང་བཟུང་བཅས། །ལག་གཉིས་ཁུ་ཚུར་ཁ་སྦུབ་པུས་སྟེང་བཞག །ཕོ་བ་གཡས་གསུམ་གཡོན་གསུམ་བསྐོར་ནས་སུ། །ཁུ་ཚུར་སྔོན་ལྟར་དཔུང་བརྒྱང་རོ་སྟོད་གཡས། །གཡོན་བཅས་རེས་མོས་ཁྱུད་པ་ལན་དྲུག་བྱེད། ཁུ་ཚུར་གྱེན་བསྟན་བརླར་བཞག་མགྲིན་པ་གཡས། །གཡོན་བཅས་གསུམ་གསུམ་བསྐོར་ཞིང་མགོ་དགྱེ་དགུ། །གསུམ་དང་རྡོར་སྐྱིལ་བཤིག་ལ་གཞོགས་གཡོན་ཕབ། །ལག་གཡོན་ཁུ་ཚུར་ནུ་ཐད་
བཞག་ལག་གཡས། །གྱེན་བརྐྱང་བསྐུམ་དང་མཆན་རྡེབ་མཉམ་བསྒྲིགས་ཀྱིས། །རྐང་གཡས་གྱེན་བརྐྱང་བསྐུམ་པས་འཕོངས་བརྡེག་བྱ། །དེ་ལྟར་ལན་གསུམ་དེ་ནས་གཞོགས་གཡས་ཕབ། །གོང་ལྟར་བྱས་རྗེས་རྡོར་སྐྱིལ་ཁུ་ཚུར་གཉིས། །མདུན་ཐོག་མར་ལག་གཡས་མདུན་་གཡོན་རྒྱབ་སེ་རལ་ཁ་རེས་མོས་དེ་བཞིན་ཕྱི་ནང་ཡར་བྱུག་གསུམ་རོ་སྟོད་ལ་མར་བྱུག སྨད་ལ་གསུམ་མཐར་འབེབས་ཆུང་གདན་འབེབས། གསུམ་དང་རྡོར་སྐྱིལ་བཤིག །ཧ་སྤྲུགས་གསིག་དང་འཕུར་འདོན་སོགས་བྱའོ། ༈ །སོ་བདུན་མ་ལ་ལུས་གནད་བཅའ་རླུང་བཟུང་། །ལག་གཉིས་ཁུ་ཚུར་ཁ་སྦུབ་པུས་སྟེང་བཞག །ཕོ་སྐོར་དང་པོ་གཡས་གཡོན་གསུམ་རེ་པུས་གཡས་སྟེང་། །གཡས་ཀྱི་ཁུ་ཚུར་སྟེང་དུ་གཡོན་པ་བརྩེགས། །ཕོ་སྐོར་གཡས་གཡོན་གསུམ་རེ་གཡོན་པུས་སྟེང་། །གཡོན་གྱི་ཁུ་ཚུར་སྟེང་དུ་གཡས་པ་བརྩེགས། །ཕོ་སྐོར་དང་པོ་གཡས་དེ་ནས་གཡོན་གཡས་གཡོན་གསུམ་རེ་དང་ཁུ་ཚུར། པུས་སྟེང་དུ་བཞག་པའང་སྣང་། །བརླར་བཞག་གྱེན་བསྟན་ལག་
གཡས་མགོར་གཡོན་བསྐོར། །མཆན་རྡེབ་མདུན་བརྐྱང་དེ་འདྲ་གསུམ་བྱ་ཞིང་། །གཡོན་གྱི་ཁུ་ཚུར་མགོ་ལ་གཡས་བསྐོར་གྱིས། །ཞགས་འཕེན་སྔར་ལྟར་རྗེས་ལ་མདུན་བརྐྱང་འཕྲལ། །གཡས་ཀྱི་ཐལ་མོ་གཡོན་མཐིལ་ཐལ་རྡེབ་བཅས་ཁུར་བྱས་ལ། དཔུང་བྲང་བར། །བྱུག་ནས་གཡོན་དཔུང་བརྒྱང་བ་གཡས་གཡོན་རེས་མོས་གསུམ་གསུམ་བྱ། མདའ་འགེང་ཚུལ། །གཡས་མཆན་རྡེབ་ནས་སླར་ཡང་གཡས་མཐིལ་གྱིས། །བྲང་ནས་དཔུང་གཡོན་ལག་མཐིལ་བྱུག་འཕྲལ་གཡས། །དཔུང་བརྒྱང་གཡོན་མཆན་རྡེབ་སོགས་གོང་བཞིན་དུ། །དྲུག་གི་རྗེས་ལ་དཔུང་གཡོན་མདུན་བརྐྱང་ལ། །དཔུང་ནང་གཡས་ཀྱི་ཁུ་ཚུར་ཡར་མར་ཤད། གཡོན་གྱི་དཔུང་པ་ནང་ནས་གཡས་འཆང་ཁས་ཡར་ཤད་མར་ཤད་གསུམ། །གསུམ་དང་གཡས་དང་པོ་མར་ཤད། དེ་ནས་ཡར་ཤད། ཡང་མར་ཤད་པ་སྟེ་གསུམ་ཡིན། གཡས་ལ་དེ་བཞིན་འབེབས་ཆུང་གསུམ། །རྡོར་དཀྱིལ་བཀྲོལ་ཞིང་ཧ་སྤྲུགས་འཕུར་འདོན་བྱེད། །སྐབས་འདིར་རླུང་བཟུང་འབེབས་ཆུང་རླུང་ཁུག་གཅིག་ལ་བར་འདེབས་ཅི་ནུས་བྱ། གང་ནུས་བྱ།
རྩ་གསུམ་འཁོར་ལོ་དྲུག་སོགས། ༈ དེ་ནས་ནཱ་རོའི་ཡན་ལག་ལྔ་སྦྱོང་ནི། །ལུས་གནད་དང་བཅས་རླུང་བཟུང་ཁུ་ཚུར་གཉིས། ཁ་སྦུབ་པུས་སྟེང་བཞག་ལ་ཕོ་སྐོར་གཡས། །གསུམ་དང་གཡོན་གསུམ་ཁུ་ཚུར་གྱེན་བསྟན་བརླར། །བཞག་ཅིང་མགྲིན་པ་དང་པོ་གཡས་གསུམ་དེ་ནས་གཡོན་གསུམ་བསྐོར། །མགྲིན་པ་གཡས་ཀྱོག་གཡོན་ཀྱོག་གསུམ་གསུམ་དང་། །མགོ་བོ་དགྱེ་དགུ་གསུམ་རེས་མོས་དྲུག་ཡིན། བཅས་ཁུ་ཚུར་གཉིས། །གྱེན་གཞར་ཐད་བརྐྱང་གཡས་ཀྱི་ཁུ་ཚུར་གྱིས། །ཕྲག་གོང་བརྡེག་ལ་གཡོན་པའང་དེ་ལྟར་བརྡེག །དང་པོ་གཡས་ཀྱི་ཁུ་ཚུར་ཕྲག་པར་རྒྱག །གཡོན་ལ་རྒྱག །ཕྲག་རྡེག་གསུམ་གྱི་མཇུག་ཏུ་མཆན་རྡེབ་གསུམ་ཡོད། སླར་ཡང་གཡས་ཀྱིས་བརྡེག་བཅས་ལག་གཉིས་ཀ །མཆན་རྡེབ་མདུན་བརྐྱང་གསུམ་བྱ་ཐད་བརྐྱང་ནས། །གཡོན་གཡས་ཕྲག་རྡེབ་མཆན་རྡེབ་སོགས་སྔར་ལྟར། །རྡོར་སྐྱིལ་བཀྲོལ་འཕྲལ་ཙོག་པུར་ལག་གཡོན་སར། །བཙུགས་ནས་རྐང་གཡས་མཐེ་བོང་ལག་གཉིས་ཀྱིས། །བཟུང་ནས་མདུན་བརྐྱང་བསྐུམ་པ་གསུམ་
བྱས་ལ། །ལག་གཡས་སར་བཙུགས་གཡོན་གྱིས་དེ་ལྟར་བྱ། །ཙོག་པུར་ཙོག་པུའི་དོན་བར་འབེབས་ཡིན་པས་སྐྱིལ་ཀྲུང་ཡར་བཏེག་ཚེ་ཙོག་པུ་ཞེས་བརྡ་ཙམ་ལས་གཞན་མེད། རྐང་བསྣོལ་ལག་གཉིས་འཁྱུད་རྒྱའི་ཚུལ། །གྱེན་འཕགས་ལག་གཉིས་ཐད་བརྐྱང་སེམས་སྐྱིལ་བྱ། །བར་འབེབས་གསུམ་མཐར་ཧ་སྤྲུགས་འཕུར་འདོད་བྱ། ༈ །དེ་ནས་མཻ་ཏྲིའིི་ཡན་ལག་ལྔ་སྦྱོང་ནི། །ལུས་གནད་རླུང་བཟུང་ཁུ་ཚུར་གཉིས་ཁ་སྦུབ། །བརླར་བཞག་མགྲིན་པ་གཡས་གསུམ་གཡོན་གསུམ་བསྐོར། །མགྲིན་པ་གཡས་ཀྱོག་གཡོན་ཀྱོག་གསུམ་གསུམ་དང་། ཐོག་མར་གཡས་༡༢༣ གཡོན་ལ་༡༢༣ །མགོ་བོ་དགྱེ་དགུ་གསུམ་དང་རྡོར་སྐྱིལ་བཀྲོལ། །པུས་མོ་བཙུགས་ལ་གྲུ་གཡོན་བརྒྱང་ཁུ་ཚུར། །ནུ་སྟེང་མནན་ལ་ལག་གཡས་ཞགས་འཕེན་དང་། །མཆན་རྡེབ་སོགས་བཅས་ལན་གསུམ་སླར་ཡང་ནི། །གཡས་གཡོན་གོ་ལྡོག་དེ་ལྟར་ལན་གསུམ་བྱ། །ཙོག་པུར་ལག་གཉིས་སར་བཙུགས་རྐང་པ་གཡས། །ཐད་དཀར་བསྐྱང་བསྐུམ་གསུམ་བྱེད་གཡོན་ལའང་འགྲེ །བར་འབེབས་གསུམ་
དང་ཧ་སྤྲུགས་འཕུར་འདོན་ནོ། །སྐབས་འདིར་རླུང་བཟུང་བར་འབེབས་ཅི་ནུས་བྱ། །རླུང་སྐྱོན་སེལ་དང་ཡན་ལག་ལྔ་སྦྱོང་དང་། །དྲུག་སྐོར་སོ་བདུན་མ་བཅས་རྩ་བ་ནི། །ནཱ་རོ་མཻ་ཏྲིའི་ཡན་ལག་ལྔ་སྦྱོང་བཅས། །བསྣན་པས་རྩ་བ་དྲུག་ཅེས་ཡོངས་སུ་གྲགས། ༈ །ཉི་མ་དྲུག་སྐོར་ཙོག་པུར་འདུག་རླུང་བཟུང་། །རྐང་པ་གཉིས་བསྣོལ་ལག་གཉིས་བསྣོལ་ཕྱིར་བརྐྱང་། །རྐང་མཐིལ་འོག་ནས་ཡར་ལ་མཐེ་བོང་བཟུང་། །ཕོ་སྐོར་གཡས་དྲུག་གཡོན་དྲུག་རྐང་རྟིང་སར། །བཙུགས་ནས་འཕོངས་ལ་རེས་མོས་དེ་འདྲ་དྲུག །དེ་བཞིན་འཕོངས་གྱེན་དྲུག་བཅས་སྣ་རླུང་བཏང་། ༈ །གཏུམ་མོ་ཞག་བདུན་ཙོག་པུར་འདུག་རླུང་བཟུང་། །རྐང་ལག་བསྣོལ་སོགས་གོང་བཞིན་རྐང་རྟིང་ནས། །མཐེ་བོང་བཟུང་ལ་ཕོ་སྐོར་ལན་གསུམ་གཡོན། །གསུམ་དང་རྟིང་པ་སར་བཙུགས་འཕོངས་བཏེགས་རེས། །གསུམ་བྱེད་ཡར་ལང་ཐོག་འབེབས་ལག་གཉིས་ཀྱིས། །པུས་སྟེང་གྱེན་གཞར་ཐད་བརྐྱང་ཕྲག་གོང་ཕྱིར། །གཞར་ནས་ཁུ་ཚུར་
གྱེན་བསྟན་བརླར་བཞག་འཕྲལ། །སེམས་སྐྱིལ་དང་བཅས་སླར་ཡང་ཙོག་པུར་འདུག །རྐང་མཐིལ་བཟུང་ཞིང་ཕོ་སྐོར་འབེབས་ལ་སོགས། །སྔར་བཞིན་གསུམ་མཐར་ཧ་སྤྲུགས་འཕུར་འདོན་ནོ། ༈ །དེ་ནས་གཏུམ་མོ་བཅོ་བརྒྱད་དང་པོ་ནི། །རླུང་སྐྱོན་སེལ་བ་ལུས་གནད་རྐང་གཡོན་མཐིལ། །ལག་གཡས་ཕྱིར་སྦུབ་གཡོན་པ་མདུན་བརྐྱངས་ནས། །མཛུབ་སྐོར་གྲུ་བརྒྱང་སྣ་གཡོན་བཀག་གཡས་ནས། །རྔུབ་ཅིང་འབུད་པ་རྐང་པ་རྡོར་སྐྱིལ་ལག་གཡོན་ཁུ་ཚུར་རྐང་མཐིལ་སྟེང་བཞག །ལག་གཡས་མཛུབ་མོས་སྣ་གཡས་བཀག གསུམ་མམ་རེ་རེ་བྱ། །མཆན་རྡེབ་མདུན་བརྐྱང་ལག་གཡོན་གཡས་རྐང་མཐིལ། །སྟེང་སྦུབ་སྣ་གཡས་བཀག་སོགས་སྔོན་ལྟར་བྱ། །ཁུ་ཚུར་བརླར་སྦུབ་སྣ་གཉིས་རླུང་སྔོན་བཞིན། །གསུམ་དང་བུམ་པ་ཅན་རླུང་ཅི་ནུས་བཟུང་། །མེ་ཐབ་དྲུག་ཆིངས་ཙོག་པུར་རྐང་བསྣོལ་ནས། །པུས་སྟེང་གྲུ་བཙུགས་ལག་བསྣོལ་ཐལ་མོ་གཉིས། །དཔུང་པའི་ཁུག་གཞུག་འཇུ་བའི་ཉམས་ཙམ་བྱ། དཔུང་པར་སྦྱར་ལ་བུམ་ཅན་ཅི་ནུས་བཟུང་། །ལྗོན་ཤིང་
བསྣོལ་བར་ལག་པའི་མཁྲིག་མ་བསྣོལ། །བཟུང་ཞིང་པུས་མོའི་ཐད་འཁྱུད་རླུང་གོང་ལྟར། འཁྱུད་པ་རིང་ཡང་པུས་མོའི་འོག་ཏུ་མི་འགྲོ་བ་དང་ཐོག་ཏུ་བཞག་པའམ་མ་ཡིན་པའི་སྐོར་གྱིས་འགྲོ་བར་བྱ། །བཙན་ཐབས་དྲོད་འབེབས་ཙོག་པུར་རྐང་མཐེབ་གཉིས། །ལག་གཉིས་བསྣོལ་འཛིན་རླུང་བཟུང་ཕོ་བསྐོར་གཡས། །གསུམ་དང་གཡོན་གསུམ་རྐང་བཏེགས་འཕོངས་བཏེགས་རེས། །གསུམ་དང་ཐད་བརྐྱང་གསུམ་མཐར་འབེབས་ཆེན་ནི། །ལང་ཞོར་འཁྱུད་རྒྱ་ཕྱིར་ཕབ་ལག་ཐད་བརྐྱང་། སེམས་སྐྱིལ་དེ་བཞིན་ཅི་ནུས་མཐར་རྡོར་འབེབས། །ཧ་སྤྲུགས་འཕུར་འདོན་སྐབས་འདིར་ངལ་བསོའོ། །མཁའ་ལྡིང་སྦྲུལ་འཛིན་ལུས་གནད་རླུང་བཟུང་འཕྲལ། །རྐང་གཉིས་མདུན་བརྐྱང་པུས་སྟེང་ལག་ཁུ་ཚུར། །སྦུབ་ལ་གྱེན་ལངས་རྐང་ལག་རྩེ་སར་བཙུགས། །མགོ་བཀུག་མིག་གྱེན་བལྟ་ཞིང་གཞོག་གཡས་གཡོན། །དགང་འདྲེན་གསུམ་གསུམ་འབེབས་ཆེན་སོགས་སྔར་ལྟར། །བྱིང་སེལ་བྱ་རྒོད་འཕུར་ལ་ལུས་གནད་སོགས། །སྔར་ལྟར་བྱས་ལ་གྱེན་
ལང་རྐང་གཡས་བསྐུམ། །གཡོན་བརྐྱང་ལག་གཉིས་དང་པོ་གཡས་བརྡེག་གཡོན་བརྐྱང་གཡོན་བརྡེག་གཡས་བརྐྱང་ཐད་བརྐྱང་ཕྲག་གོང་བརྡེག །རེས་མོས་ནཱ་རོའི་ཡན་ལག་ནང་ལྟར་གྱི། །མཆན་རྡེབ་མདུན་བརྐྱང་སོགས་དང་རྐང་གཡོན་བསྐུམ། །གཡས་བརྐྱང་ལག་གཉིས་ཕྲག་རྡེག་སོགས་གོང་བཞིན། །དེ་ལྟར་འབེབས་ཆེན་ལ་སོགས་སྔར་ལྟར་རོ། །རྒོད་སེལ་ཤེས་པ་བུམ་པར་བཟུང་ལུས་གནད། །རླུང་བཅས་ལྟ་སྟངས་སྨད་ལ་ལག་གཉིས་ཕྱིར། །བསྣོལ་མར་ཁ་སྦུབས་རྐང་གཉིས་མཐིལ་དུ་སྦྱར། །དེ་ནས་རླུང་བཏང་སྤྱང་མོ་ཉལ་བ་ནི། །ལུས་གནད་རླུང་བཟུང་དེ་ངང་གཞོགས་གཡས་སར། །གཏད་ནས་རྐང་པ་གཉིས་བསྐུམ་པུས་བྲང་སྤྲད། །ལག་གཡས་གཡོན་གྱི་མཆན་སྟེང་བཀབ་གཡོན་པས། །པུས་མོ་གཉིས་འཁྱུད་ཉལ་མཐར་ལུས་གནད་བཅའ། །སྣ་ནས་རླུང་བཏང་མཁའ་ལ་དབབ་པ་ནི། །ལུས་གནད་རླུང་བཅས་དེ་ནས་གན་རྐྱལ་འདུག །ལག་གཉིས་ཁུ་ཚུར་རྐང་པ་གཉིས་བསྐུམ་ནས། །གྱེན་འཕགས་རྐང་ལག་གྱེན་བརྐྱང་ཕྱིར་
བསྐུམ་གསུམ། །ཐལ་མོ་སྤྲད་བསྡམ་གྱེན་འཕགས་སོགས་སྔར་ལྟར། །གསུམ་མཐར་ལངས་ནས་འབེབས་ཆེན་ཧ་སྤྲུགས་འཕུར། །ནེའུ་ལི་རེས་འཇོག་ལུས་གནད་རླུང་བཟུང་ནས། །ཡར་ལངས་ལག་གཡོན་ཁུ་ཚུར་དཀུར་བརྟེན་ནས། །རྐང་གཡོན་སར་བཙུགས་གཡས་ཀྱི་རྐང་ལག་གཉིས། །མདུན་ངོས་ཕྱིར་ལ་བརྐྱང་བསྐུམ་ལག་པ་བསྐུམ་དུས་མཆན་རྡེབ་ཡིན། ལག་མཆན་རྡེབ། །རྐང་རྟིང་འཕོངས་རྡེག་མཉམ་སྦྲག་གཡོན་ལའང་། །དེ་ལྟར་བྱ་ཞིང་འབེབས་ཆེན་ཧ་ཕྲུགས་བྱ། །ཐིག་ལེ་འདྲེན་གྱེན་དུ་དྲངས་ནས་ཧཱུྃ་སྒྲ་བཅས། །སྟོད་ལ་སྒྲིལ་ཞིང་རྒྱ་མཚོ་རི་རབ་སྦྱར། །གསུས་པ་སྒལ་ཚིག་ལ་སྦྱར། དར་ཆེན་ཕྱར་དང་ཆུ་མིག་གྱེན་ལྡོག་དགོས། ལྕེ་རྩེ་རྐན་ལ་སྦྱར་བ་མིག་འབྲས་གྱེན་ལ་ལྡོག །འདི་ནི་འདྲེན་རིགས་ཀུན་ལ་དགོས་ངེས་ཡིན། བཞི་རླུང་ནི་རང་བབ་དང་། །དང་པོ་རི་རབ་འཕུར་བ་ལུས་གནད་བཅའ། ཁུ་ཚུར་བརླར་སྦུབ་རོ་སྟོད་ལྷོད་ནས་སུ། །གཡོན་གཡས་དབུས་གསུམ་གྱེན་དྲངས་ཁོང་སྒྲ་བཅས། །ཧཱུྃ་རིང་བཅུ་དང་ཧཱུྃ་ཐུང་བཅུས་ཡར་འདྲེན། །མིག་འབྲས་གྱེན་ལྡོག་ལྕེ་རྩེ་རྐན་
ལ་སྦྱར། །ལྟོ་བ་སྒལ་སྦྱར་རྗེས་ལ་ཧ་སྤྲུགས་བྱ། །ཝ་ཡི་བཞེད་ཚུལ་ལུས་གནད་ཁུ་ཚུར་གཉིས། །ནུ་སྟེང་བཞག་ལ་གྲུ་བརྒྱང་རོ་སྟོད་ལྷོད། །ཧཱུྃ་གི་ཁོང་སྒྲས་གྱེན་དྲངས་སོགས་གོང་ལྟར། །ཡིད་དྭགས་འདུག་སྟངས་རྐང་རྩེ་གཉིས་སར་བཙུགས། །རྟིང་སྤྲད་དཔུང་བརྒྱང་ཁུ་ཚུར་པུས་སྟེང་མནན། །ཕྱེད་ལངས་ཙམ་བྱས་མིག་གྱེན་ལྡོག་བལྟ་ཞིང་། །གསུམ་དང་ཧིཀ་ཀུ་རིང་ཐུང་ཧི་ཀ་ཞེས་མཉམ་པོར་ཡར་འདྲེན་དགོས། གཉིས་ཀྱིས་འདྲེན། །དྲངས་ཤིང་འཕོངས་དང་རྐང་རྟིང་ལྡེབ་ཆུང་གསུམ། །འདུག་དུས་རྐུབ་རྡེབ་ལྟ་བུ་འཕོངས་མནན་ཆུང་ཆུང་གསུམ་དགོས། སླར་ཡང་ཕྱེད་ལངས་ལ་སོགས་སྔོན་ལྟར་དུ། །ལན་གཉིས་རྗེས་ལ་འབེབས་ཆེན་ཧ་སྤྲུགས་བྱ། །སེང་གེ་གྱེན་ལོག་སྐྱིལ་ཀྲུང་བར་ལག་གཉིས། ཁུ་ཚུར་མཐེབ་མཛུབ་གུང་གསུམ་སར་བཙུགས་ནས། །ཧཾ་ཀ་ར་བརྗོད་གཡས་གཡོན་དབུས་གྱེན་དྲངས། །རྡོར་སྐྱིལ་ཡར་བཀྱག་མདུན་རྡེབ་བཅས་དེ་ལྟར། །གསུམ་མཐར་ཧ་སྤྲུགས་འཕུར་འདོན་རླུང་གི་སྦྱོར་བས་གཏུམ་མོ་སོགས། སེང་གེའི་རྩལ། །སྤྲུག་ནི་
ལུས་གནད་རླུང་བཟུང་རྡོར་སྐྱིལ་བཤིག ཁུ་ཚུར་པུས་སྟེང་ཡར་ཁྱེར་བར་འབེབས་དང་། །མཆན་རྡེབ་དུས་གཅིག་བྱས་ལ་གཡས་གཡོན་དབུས། །ཐལ་མོ་སོར་མོ་སྤྲུགས་པ་ཡིན། ཕྱེ་ཙམ་དེ་བཞིན་ལན་གསུམ་མཐར། །ཕ་ཧ་ཧ་བརྗོད་རླུང་བཏང་བར་འབེབས་གསུམ། རླུང་གི་སྦྱོར་བས་སོགས། ༈ སེང་གེ་རྣམ་རོལ་ལུས་གནད་རླུང་བཟུང་འཕྲལ། །ཁུ་ཚུར་པུས་སྟེང་ཡར་ཁྱེར་མཆན་རྡེབ་འཕྲལ། །མཆན་རྡེབ་རྒྱག་ལག་པ་ཤེད་བརྐྱང་ནས་ཁ་སྣ་བཀག ཐད་བརྐྱང་ཚུར་བསྐུམ་སྲིན་ལག་མཐེའུ་ཆུང་གིས། །ཁ་བཀབ་གུང་མོས་སྣ་དང་མཛུབ་མོས་མིག །བཀབ་ཅིང་མཐེ་བོང་རྣ་བ་བཀབ་ནས་སུ། །རོ་སྟོད་གཡས་སྐོར་གཡོན་སྐོར་གསུམ་གསུམ་དང་། འཁོར་ལོ་ལྟ་བུར་ཤིན་ཏུ་བསྐོར། མ་ཧ་ཧ་བརྗོད་རླུང་བཏང་བར་འབེབས་གསུམ། སྤྱི་བོའི་ཧཾ་ལས་སོགས། །སྙན་བརྒྱུད་དྲུག་ལས་སེང་གེ་བརྩེ་བ་ནི། །རླུང་ནི་རང་བབས་སེམས་སྐྱིལ་ལག་གཉིས་བསྣོལ། །གཡོན་པས་རྐང་གཡས་ལོང་བུ་བསྡམ་གཡས་པས། །བོལ་མཐིལ་ནས་བཟུང་རྐང་གཡོན་བསྐུམ་འོག་སྒོར། །
བཞག་ལ་ཧ་འདྲེན་གྱེན་འཐེན་ལྷོད་ལན་གསུམ། །རྐང་ལག་གཡས་གཡོན་བརྗེས་ལ་གོང་ལྟར་བཅས། །ཧ་སྤྲུགས་འཕུར་འདོན་སྟག་མོ་སྐྱུགས་པ་ནི། །རླུང་ནི་རང་བབས་རྡོར་སྐྱིལ་འོག་ལག་གཉིས། །ཕྱིར་བསྟན་སྦུབ་ལ་ཧ་སྐྱུགས་ཚུལ་རྡོར་སྐྱིལ། །མདུན་རྡེབ་དང་བཅས་གསུམ་མཐར་རྡོར་སྐྱིལ་བཤིག །ཧ་སྤྲུགས་འཕུར་འདོན་གླང་ཆེན་འགྱིང་ལུས་གནད། །རླུང་བཟུང་རྡོར་སྐྱིལ་བཤིག་ལ་རྐང་པ་གཉིས། །མདུན་བརྐྱང་ལག་གཉིས་ཕྱིར་སྦུབ་བརྐྱང་ནས་སུ། །རྐང་པའི་ལོང་བུའི་ཕྱི་ནས་ཡར་གཞར་ལ། །སྙན་བརྒྱུད་དྲུག་དགོས་རིགས་ལ་འདི་ལྟར། ཡར་ལངས་མཆན་རྡེབ་རྐང་ལག་སར་བཙུགས་སྒུར། །རྐང་པའི་བར་ལ་འཁྱུད་གང་བཞག་ལ་གཡོན། ཁུ་ཚུར་སྟེང་དུ་གཡས་བཞག་གཡོན་རྒུར་ཞིང་། །གྱེན་འཐེན་གསུམ་དང་འཕོངས་ཚོས་རྐང་རྟིང་བརྡེག །གསུམ་བཅས་ཡར་ལངས་སྔར་ལྟར་སྒུར་སོགས་བཅས། །གསུམ་མཐར་འབེབས་ཆེན་ཧ་སྤྲུགས་འཕུར་འདོན་ནོ། །རུས་སྦལ་བསྐུམ་ནི་ལུས་གནད་སོགས་སྔར་བཞིན། །ཡར་ལངས་མཆན་
རྡེབ་རྐང་གཉིས་བར་གྲུ་གང་། །བཞག་ལ་ལག་གཉིས་བརླ་ནང་ཕྱིར་འཁྱུད་ནས། །རྐང་མཐེབ་བཟུང་ལ་དགང་འདྲེན་གཡས་གཡོན་དབུས། །དང་པོ་གཡས། དེ་ནས་གཡོན། དེ་ནས་དབུས། དེ་ནས་འཕར་འདར། ཡང་དེ་ནས་གཡོན། གཡས། དབུས། འཕར་འདར། ཡང་གཡས། གཡོན། དབུས། འཕར་འདར་བྱའོ། །འཐེན་ཞིང་ལུས་སྟོད་འཕར་འདར་གསུམ་འབེབས་ཆེན། །སྔར་ལྟར་བྱ་ཞིང་རྨ་བྱ་འཕུར་ལའང་། །ལུས་གནད་ལ་སོགས་གོང་བཞིན་ཡར་ལངས་ནས། །མདུན་ངོས་རྟིང་སིག་རྟིང་སིག་ཞེས་པ་ཅུང་ཟད་འཕར་ཉམས་ལྟ་བུའོ། །ཕྱིར་སྒུར་ལག་གཉིས་ཀྱིས། །རྐང་གཉིས་མཐེ་བོང་དམ་བཟུང་མགོ་བཀུག་ནས། །འཕོངས་སར་བཙུགས་ནས་རྐང་གཉིས་དྲང་པོར་གྱེན། །བརྐྱང་ལ་བཟུང་ནས་དེ་དང་ཡར་ལངས་ནས། །ཕྱིར་སྒུར་ལ་སོགས་ལན་གསུམ་རྗེས་འབེབས་ཆེན། །སྔར་ལྟར་བྱས་ལ་བྱ་རྒོད་འཕུར་ཇི་བཞིན། །ལུས་གནད་རིགས་འགྲེས་གཏུམ་མོ་བཅོ་བརྒྱད་ནང་། །བྱ་རྒོད་འཕུར་དང་མཚུངས་ཤིང་ལན་གསུམ་མཐར། །འབེབས་ཆེན་ཧ་སྤྲུགས་འཕུར་
འདོན་ངལ་བསོ་ཞིང་། །མཉམ་གཞག་ངོ་བོ་སྐྱོང་སོགས་ཀུན་ལ་འགྲེའོ། ༈ །འདི་མཚམས་སྙན་བརྒྱུད་ཡན་ལག་སོ་དགུ་མ་དང་། དེ་ནས་གངས་སེང་མ་དང་། རྗེ་མི་ལའི་རྩུབ་ཤིང་གཉིས་རྒྱོབ་དགོས། དེ་ནས་རྐྱང་འབེབས་ལུས་གནད་རླུང་བཟུང་ནས། །རྡོར་སྐྱིལ་བཤིག་ལ་ཡར་ལངས་རྐང་པ་གཤིབ། །ལག་གཉིས་ཐུར་བརྐྱང་ལུས་པོ་འཕང་བའི་ཚུལ། །སར་བརྡབ་རྐང་བརྐྱང་ལུས་སྟོད་དྲང་པོའི་ངང་། །ཡར་ལངས་ཕྱིར་འཕང་དེ་ལྟར་གསུམ་གྱི་མཐར། །འབེབས་ཆེན་ཧ་སྤྲུགས་འཕུར་འདོན་སླར་ཡང་ནི། །འབེབས་ཆེན་ལུས་གནད་རླུང་བཟུང་ཡར་ལངས་ནས། །རྐང་གཉིས་གཤིབ་པའི་འབེབས་ཆེན་ཅི་ནུས་དང་། །རྐང་གཉིས་བསྒྲད་པའི་འབེབས་ཆེན་ཅི་ནུས་དང་། །རྐང་གཉིས་བསྣོལ་བའི་འབེབས་ཆེན་ཅི་ནུས་བཅས། ༈ །བརྐྱང་བསྐུམ་འབེབས་ལ་ལུས་གནད་རྡོར་སྐྱིལ་བཤིག །སེམས་སྐྱིལ་པུས་མོ་ལག་རྒྱབ་གདན་ལ་བརྡབ། །རྐང་གཉིས་མདུན་བརྐྱང་ལག་གཉིས་པུས་མགོར་སྦུབས། །ཡར་བསྐུམ་ལག་གཉིས་འཁྱུད་རྒྱ་རྐང་གཉིས་བསྣོལ། །ལངས་
ཤིང་འབེབས་ཆེན་སླར་ཡང་དེ་བཞིན་གསུམ། །ཧ་སྤྲུགས་འཕུར་འདོན་རླུང་གེགས་སེལ་བ་ནི། །ལུས་གནད་རླུང་བཟུང་ཁུ་ཚུར་བརླར་སྦུབས་ཤིང་། །མིག་གིས་གཡས་བལྟ་གཡོན་བལྟ་དབུས་བལྟས་ལ། །ཧ་ཧ་ཧ་བརྗོད་དེ་བཞིན་གཡས་གཡོན་སོགས། །གཞིལ་བྱས་རྡོར་སྐྱིལ་བཤིག་ལ་ལག་གཉིས་ཀྱིས། །བར་འབེབས་དང་། རྡོ་རྗེ་རྩེ་གཅིག་གི་རྒྱ་སྙིང་གར་བརྡེག་པ། ངག་ནས་ཧ་བརྗོད་པ་དང་གསུམ་དུས་མཉམ་དུ་བྱ་དགོས། རྡོ་རྗེ་རྩེ་གཅིག་ཕྱག་རྒྱ་གྱེན་བརྐྱང་བསྐུམ། །བར་འབེབས་དང་སྦྲགས་ཧ་འདོན་དེ་ལྟར་དུ། །དྲུག་གམ་བདུན་མཐར་ཧ་སྤྲུགས་འཕུར་འདོན་ནོ། །གོང་གི་སྔོན་འགྲོའི་རྩ་ཁྲུས་ལྟར་ལ་བྲང་རྡེབ་དང་མཆན་རྡེབ་སོགས་ཐམས་ཅད་རེ་རེ་བྱ་བ་བསྡུས་པའི་ལུགས་སོ། །ཡང་ན་གེགས་སེལ་སེམས་སྐྱིལ་པུས་མོའི་རྐང་གཡས་ཀྱིས་གཡོན་དང་། སྟེང་། །ཁུ་ཚུར་སྦུབས་ལ་གཞོགས་གཡས་གཡོན་བཅས་དཀྱུ། དང་པོ་གཡས་ཕྱི་གཡོན་ནང་། དེ་ནས་གཡས་ནང་གཡོན་ཕྱི། དེ་ནས་གཡོན་ནང་གཡས་ཕྱིར་བསྒྱུར། །པུས་བྲང་འཕྲོད་ཙམ་དེ་བཞིན་གསུམ་བྱའོ། ༈ །རྗེས་རིམ་ཡན་ལག་ལྔ་སྦྱང་
བསྡུས་པ་དང་། །ལུགས་གཅིག་ལ་བཀྲ་ཤིས་ནི། སེམས་སྐྱིལ་མདུན་དུ་ཁུ་ཚུར་བརྩེགས་ཧཱུྃ་ཞེས་ལན་གསུམ་གྱེན་ལ་འཐེན་འབྲིང་ཐ་མ་ཧ་སྤྲུགས་འཕུར་འདོན་བྱའོ། །དེ་ནས་ལུས་ཀུན་མཉེ་འཕུར་བྱའོ། །མཐའ་རྟེན་སེམས་སྐྱིལ་རྐང་གཡས་ལོང་བུའི་སྟེང་། ཁུ་ཚུར་གཉིས་བརྩེགས་ཧཱུྃ་སྒྲས་ལན་གསུམ་དུ། །གྱེན་འདྲེན་དེ་མཐར་ཧ་སྤྲུགས་སིལ་སིལ་དང་། །ཡན་ལག་ཉིང་ལག་འཕུར་འདོན་དྲག་ཏུ་བྱ། །གཞན་ཡང་གེགས་སེལ་ནཱ་རོའི་གཟེར་ལྔ་དང་། །མར་པའི་ལྔ་བཅུ་པ་སོགས་ལས་གསལ་ཞིང་། །ཀུན་གྱི་སྙིང་པོ་གནས་ལུགས་གཉུག་མའི་དོན། རང་སེམས་ངོ་བོ་སྐྱོང་བ་མཆོག་ཏུ་གསུངས། །དེ་ལྟར་རྡོར་འཆང་དགོངས་པའི་ཟབ་གནད་མཆོག །འཕགས་ཡུལ་གྲུབ་བརྙེས་རིམ་བརྒྱུད་ལོ་ཙཱ་ཆེར། །གདམས་པའི་མན་ངག་ཡང་རྩེ་འཕྲུལ་འཁོར་གྱི། །ལུས་སྦྱོང་འབད་པས་རྩ་མདུད་རང་སར་གྲོལ། །རླུང་ལ་དབང་ཐོབ་ཐིག་ལེ་བརྟན་ནས་སུ། །བདེ་སྟོང་ཡེ་ཤེས་ཟག་མེད་ཏིང་འཛིན་རྒྱས། །ཚེ་གཅིག་ཆོས་སྐུའི་གོ་འཕང་བདེ་བླག་ཏུ། །ཐོབ་བྱེད་ཚེགས་ཆུང་དོན་ཆེན་གནས་སུ་
ངེས། །ལམ་འདིར་ཞུགས་པའི་སྐལ་ལྡན་རྣམས། །ལམ་བཟང་མ་ནོར་འདིར་འབད་ན། །ལམ་གྱི་མཐར་ཐུག་ཕྱག་རྒྱ་ཆེའི། །ལམ་མཆོག་མངོན་དུ་རྟོགས་པར་འགྱུར། །ཅེས་པའང་གོང་མ་རྣམས་ཀྱི་གསུང་རྒྱུན་བཞིན། ༧སི་ཏུ་པདྨ་ཉིན་བྱེད་དབང་པོས་ཟིན་ཐོར་སྤེལ་བ་དགེ། །མངྒ་ལཾ། རྗེས་སུ་གཉུག་མའི་ཤེས་སོགས་འདོན་ནས་མཉམ་གཞག་བྱ། །དེ་ནས་སྐྱེ་བ་ཀུན་ཏུ་སོགས་བྱའོ། །ཨེ་ཀ་པྲྀཙྪ་བི་ཤུདྡྷ་སྟི།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།