Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བདུན་པ།


   
   
   
   
   
   
   
གཤིན་རྗེ་མ་རུ་རྩེའི་སྒྲུབ་ཐབས་མཐོང་བ་དོན་ཡོད།
   
   
   
   
   
   
   
   
   
   
   
   


 
previousགཤིན་རྗེ་མ་རུ་རྩེའི་སྒྲུབ་ཐབས་མཐོང་བ་དོན་ཡོད།next

གཤིན་རྗེ་མ་རུ་རྩེའི་སྒྲུབ་ཐབས་མཐོང་བ་དོན་ཡོད།

གཤིན་རྗེ་མ་རུ་རྩེའི་སྒྲུབ་ཐབས་མཐོང་བ་དོན་ཡོད་བཞུགས་སོ། །བླ་མ་དང་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །རྣལ་འབྱོར་པ་སྟན་བདེ་བར་འདུག་སྟེ། ཁ་ལྷོ་ཕྱོགས་སུ་བསྟན་ལ་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས། བླ་མ་དང་ཐ་མི་དད་པའི་ཡཱ་མ ནྟ་ཀ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། རང་གི་ལུས་རྡུལ་སྙེད་དུ་སྤྲུལ་ནས། ཡན་ལག་དགུ་པ་དང་རིགས་ལྔའི་སྡོམ་པ་བཟུང་བ་ལན་གསུམ་བྱ། དེ་ནས་ཚོགས་རྟེན་བདག་ལ་བསྡུ། ཚད་མེད་པ་བཞི་བསྒོམ། ཨཱོྂ་མ་ཧཱ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱ ཏྨ་ཀོ྅ཧཾཿ ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར་པ་བསྒོམ། དེའི་ངང་ལས་རང་གི་རིག་པའི་ངོ་བོ་ཧཱུྃ་དམར་གཅིག་ལྷག་གིས་བྱུང་བར་བསམ་ལ། དེ་ལས་ཨེ་ཆད། ནམ་མཁའི་མཐིང་ནག་གྲུ་གསུམ་དུ་གྱུར། དེ་ལས་ཡྃ་ཆད། རླུང་རྡོ་རྗེ་རྒྱ་གྲམ་དུ་གྱུར། ར་ཆད་པ་ལས་ཁྲག་གི་རྒྱ་མཚོ་ཟླུམ་པོ། བྃ་ཆད་པ་ལས། ཞིང་གི་ས་གཞི་གྲུ་བཞི་པ་རྒྱ་ཆེ་བ། ཀེཾ་ཆད་པ་ལས་ཀེང་རུས་ཀྱི་རི་རབ་ཆེན་པོ་གཅིག་བསྒོམ། དེའི་སྟེང་དུ་རྃ་ཆད་པ་ལས་ཆོས་འབྱུང་གྲུ་གསུམ་དམར་ནག་རྒྱ་ཆེ་བ་གཅིག་བསྒོམ། དེ་ལས་བྷཱུྃ་ཆད་པ་ལས། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་མཎྜ་ལ་བྷྲཱུྃ་ཞེས་བརྗོད་པས། གཞལ་ཡས་ཁང་ཐོད་པ་སྐམ་རློན་ལས་གྲུབ་པ། གྲུ་བཞི་སྒོ་བཞི་པ། རཀྟས་སྤྱིན་ཐབས་སུ་སྦྱར་བ། གནམ་ལྕགས་ཀྱི་བཟེར་བཏབ་པ། བནྡྷ་ལྕང་ལོ་ཅན་གྱི་ཁ་བད་བྱས་པ། རྒྱུ་མ་དང་སྤྲུལ་ནག་གི་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་བ། ཆུ་སྲིན་གྱི་ཐོད་པས་མདའ་ཡབ་བྱས་པ། སྒོ་བཞིའི་མ་ཐེམ་རུས་སྦལ་ལ་བྱས་པ། སྒོ་སྐེད་ཐམས་ཅད་ཞིང་ཆེན་ལ་བྱས་པ། ཡ་ཐེམ་ཐམས་ཅད་ཀ་རུ་ཎས་བྱས་པ། ཆུ་སྲིན་གྱི་རྟ་བབས་བྱས་པ། ནང་ཀ་བ་བཞིས་བཏེགས་པ། རུས་སྦལ་གྱི་ཀ་གདན་དང་ཞིང་གི་དམ། ཆུ་སྲིན་གྱི་ཀ་གཞུ། ཚངས་པའི་གདུང་། ཀླུ་ཆེན་པོ་བརྒྱད་ཀྱི་དྲལ་མ། ཞིང་ལྤགས་ཀྱི་ཐོག་བྱས་པ། ཉི་ཟླའི་མཐོངས། གཟའ་བརྒྱད་ཀྱི་ཁ་བད་བྱས་པ། དབུས་སུ་ཙིཏྟའི་ཏོག་དང་། ཟུར་བཞིར་རོའི་རྒྱལ་མཚན་བཞི་འཕྱར་བར་བསྒོམ། གཞལ་ཡས་ཁང་གི་དབུས་སུ་ཆོས་ཀྱི་འབྱུང་གནས། གྲུ་གསུམ་ཡངས་ཤིང་རྒྱ་ཆེ་བ་དེའི་ནང་དུ། ཁྲག་ཞག་གི་རྒྱ་མཚོ་འཁྲུགས་པ། དེའི་སྟེང་དུ་ཡ་མ་ཏི་ར་བྃ་ཞེས་བརྗོད་པས། གཤིན་རྗེ་ཕོ་མོ་བྱི་ཆིངས་སུ་བསྣོལ་བའི་གདན་དེའི་སྟེང་དུ་མ་ཧེ་མཎྜལ། ཞེས་བརྗོད་པས། མ་ཧེ་གླང་རྒོད་གཤིབས་པའི་ཁྲི། དེ་སྟེང་དུ་འཁོར་ལོ་རྩིབས་བཞི་པ། རྩིབས་རྣམས་ཕྱོགས་ཀྱི་ཚོན། ལྟེ་བ་ལ་པདྨ་ཉི་ཟླ་གདན། ཤར་གྱི་རྩིབས་ལ་དྲི་ཟ་ཕོ་མོ། ལྷོ་ཡི་རྩིབས་ལ་གཤིན་རྗེ་ཕོ་མོ། ནུབ་ཀྱི་རྩིབས་ལ་ཀླུ་དང་ས་བདག་ཕོ་མོ། བྱང་གི་རྩིབས་ལ་གནོད་སྦྱིན་ཕོ་མོ་རྣམས་ཀྱི་གདན་བསམ་མོ། །ཤར་གྱི་རྩིབས་མཆན་ལ་ཡ་བདུད། ལྷོའི་རྩིབས་མཆན་ལ་བཙན། ནུབ་ཀྱི་རྩིབས་མཆན་ལ་བཟའ། བྱང་གི་རྩིབས་མཆན་ལ་ཀླུ་རྣམས་ཀྱི་གདན་བསམ་མོ། །དབུས་ཀྱི་གདན་གྱི་སྟེང་དུ་ཡི་གེ་ཧཱུྃ་དམར་པོ་དེ་བསམ། དེ་ལས་འོད་ཟེར་དཔག་ཏུ་མེད་པ་སྤྲོས། སེམས་ཅན་གྱི་དོན་བྱས། སླར་འདུས་ཧཱུཾ་འོད་དུ་ཞུ་བ་ལས། ཛྙཱ་ན་ཙཀྲ་མཎྜ་ལ། ཞེས་པས། ཡེ་ཤེས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་ཧཱུཾ་གིས་མཚན་པ་གཅིག་ཏུ་གྱུར་པར་བསམ། དེ་ལས་འོད་ཟེར་མཚོན་ཆའི་རྣམ་པ་དཔ ག་ཏུ་མེད་པ་འཕྲོས། བསྟན་པ་ལ་གནོད་པའི་དགྲ་བགེགས་ཐམས་ཅད་ཚར་བཅད། ཚུར་འདུས་འོད་དུ་ཞུ་བ་ལས། ཨཱོྂ་མཉྫུ་ཤྲཱི་ཀུ་མཱ་ར་ཡ་ཡ་མནྟ་ཀ་མ་རུ་རྩེ་བེ་ཏ་ལི་ཧཱུྃ་ཕཊ། ཅེས་པས། བདག་ཉིད་གཤིན་རྗེ་མ་རུ་རྩེ་སྐུ་མདོག་པདྨ་རཱ་ག་ལྟར་དམར་བ། ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་པས་ཡེ་ཤེས་ཀྱི་མེ་འབར་བའི་འཁོར་ལོ་རྩིབས་བཞི་པ་བསྣམས་པ། གཡོན་པས་རླུང་གི་འཁོར་ལོ་རྩིབས་བརྒྱད་པ་བསྣམས་པ། སྤྱན་གཡས་པ་ལ་མེའི་ཚྭ་ཚྭ་འཕྲོ་བ། གཡོན་པ་ལ་ལས་ཀྱི་ཚྭ་ཚྭ་འཕྲོ་བ། ཤངས་ནས་བསྐལ་པའི་རླུང་ནག་འཚུབ་པ། ཨག་ཚོམ་དམར་སེར་ལ་བསྐལ་པའི་མེ་སྟག་འཕྲོ་བ། མཆེ་བ་གཡས་པ་དམར་པོ་ལ་རཀྟའི་རྒྱུན་ཤིང་རྟའི་འཕང་ལོ་ཙམ་འབབ་པ། མཆེ་བ་གཡོན་པ་དཀར་པོ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། དགྲ་བགེགས་ཀྱི་སྙིང་ནས་འདྲེན་པ། དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ་བའི་གསེབ་ནས་སྤྲུལ་པའི་ཁྲོ་ཆུང་མང་པོ་འཕྲོ་བ། རལ་པའི་རྩེ་ལ་བྷ ནྡྷ་ལྕང་ལོ་ཅན་གྱིས་བརྒྱན་པ། སྐུ་སྟོད་ཞིང་ལྤགས་དང་། གླང་ཆེན་གྱི་ཀོ་རློན་གསོལ་བ། སྟག་གི་པགས་པའི་ཤམ་ཐབས་བྱས་པ། ཐོད་པ་སྐམ་པོ་ལྔས་དབུ་ལ་བརྒྱན་པ། ཐོད་རློན་ལྔ་བཅུའི་དོ་ཤལ་ཅན། སྦྲུལ་རིགས་ལྔས་ཡན་ལག་ཐམས་ཅད་བརྒྱན་པ། ཁྲག་གི་ཐིག་ལེ། ཞན་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུས་བརྒྱན་པ། ཞལ་ནས་ཧཱུྃ་དང་ཕཊ་ཀྱི་འབྲུག་སྒྲ་སྒྲོག་པ། གར་གྱི་ཉམས་དགུ་དང་ལྡན་པར་བསམ་མོ། །དེའི་ཐུགས་ཀ་ནས་ཏྲག་གཅིག་ཆད་པ་ལས། ཏྲག་རཀྴ་མ་མ་ཨེ་ཀ་ཛ་ཏི་ཛ་ཛཿ ཞེས་པས་ཡུམ་ཨེ་ཀ་ཙ་ཏི་སྐུ་མདོག་དམར་སྨུག །ཞལ་གཅིག་ཕྱག་གཉིས་པ། གཡས་ཏྲི་ཤུལ་ཐོགས་ནས་ཡབ་ལ་འཁྱུད་པ། གཡོན་པས་ཐོད་ཁྲག་གཙོ་བོ་ལ་བསྟན་པ། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། ཁྲོ་འཛུམ་གྱི་རྣམ་པས་ཡབ་ལ་བལྟ་ཞིང་སྦྱོར་བའི་པཱུ་ཛ་འབུལ་བར་བསམ་མོ། །གཙོ་བོའི་སྤྱན་ནས་ཛཿདམར་པོ་གཅིག་ཤར་གྱི་རྩིབས་ལ་འཕྲོས་པ་ལས། པྲ་མ་རཱ་ཛ་ནྲྀ་ཛཿ ཞེས་པས། དྲི་ཟ་ཕོ་མོའི་སྟེང་ན་སྲིན་པོ་མ་རུ་རྩེ། ཞལ་གཅིག་ཕྱག་གཉིས་པ། སྐུ་ལ་བསྭེ་ཁྲབ་དམར་པོ་གསོལ་བ། དབུ་ལ་བསྭེ་ཡི་རྨོག་ཞུ་གསོལ་བ། ཆིབས་སུ་བསྭེ་ཡི་བྱ་ཁྲ་ཆིབས་པ། ཕྱག་གཡས་ན་ཁྲག་གི་ཞགས་པ་བསྣམས་པ། གཡོན་པས་དགྲ་སྙིང་སྤར་གྱིས་འདེབས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་དགྲ་ལ་སྡང་མིག་ཏུ་གཟིགས་པ། ཤངས་ནས་བསྐལ་པའི་རླུང་འཚུབ་པ། སྙན་ནས་འབྲུག་ལྡིར་བ། ཡས་ཀྱི་མཆེ་བས་བྲང་གི་ལྷན་སྣར་སླེབ་པ། མས་ཀྱི་མཆེ་བས་སྨིན་མའི་དཀྱུས་སུ་སླེབ་པ། ཞལ་ནས་ནད་དང་དུག་གི་ན་བུན་འཐུལ་བ། ཤིན་ཏུ་ཁྲོས་པས་དགྲ་བོའི་སྲོག་དབུགས་ལ་རྔམས་པ། དེའི་ཤངས་ནས་ཛཿདམར་པོ་གཅིག །ལྷོ་ཡི་རྩིབས་སྟེང་དུ་འཕྲོས་པ་ལས། ཡ་མ་རཱ་ཛཿནྲྀ་ཛཿ ཞེས་པས། གཤིན་རྗེ་ཕོ་མོའི་སྟེང་དུ། གཤིན་རྗེ་མ་རུ་རྩེ་ཕྱག་གཡས་ན་བསྭེ་ཡི་མདུང་དམར་དང་། གཡོན་པས་དགྲ་སྙིང་སྤར་གྱིས་འདེབས་པ། ཡང་དེའི་ལྗགས་ལས་ཛཿགཅིག་ནུབ་ཀྱི་རྩིབས་སྟེང་དུ་ཆད་པ་ལས། དྷ་ཤ་གྷྲྀ་ཝ་ནྲྀ་ཛཿ ཞེས་པས། ཀླུ་དང་ས་བདག་ཕོ་མོའི་གདན་གྱི་སྟེང་དུ། བདུད་པོ་མ་རུ་རྩེ་ཕྱག་གཡས་ན་གནམ་ལྕགས་ཀྱི་རལ་གྲི། གཡོན་པས་དགྲ་སྙིང་སྤར་གྱིས་འདེབས་པ། ཡང་དེའི་ཐུགས་ཀ་ནས་ཛཿདམར་པོ་གཅིག །བྱང་གི་ཕྱོགས་རྩིབས་སྟེང་དུ་འཕྲོས་པ་ལས། ཀུ་བེ་ར་ནྲྀ་ཛཿ ཞེས་པས། གནོད་སྦྱིན་ཕོ་མོའི་སྟེང་དུ། གནོད་སྦྱིན་མ་རུ་རྩེ། ཕྱག་གཡས་པས་བསྭེ་ཡི་ལྡན་མཁར། གཡོན་པས་དགྲ་སྙིང་སྤར་གྱིས་འདེབས་པ། དམག་དཔོན་བཞི་ནི་ཕྱག་མཚན་མ་ཡིན་པ་རྒྱན་ཆ་ལུགས་འདྲའོ། །གཙོ་བོའི་ཡན་ལག་བཞི་ལས་མ་བཞི་རྩིབས་མཆན་བཞིར་འཕྲོས་པ་ལས། སྔར་གྱི་རང་རང་གྱི་གདན་ཐོག་ཏུ་སུ་ཏྲི་པ་ལ་ཧཱུྃ། ཞེས་པས། ཡ་བདུད་ཀྱི་སྟེང་དུ་དྲི་ཟའི་བུ་མོ་སྐུ་མདོག་དཀར་མོ་དར་དཀར་གྱི་ན་བཟའ་ཅན། དྲེལ་རྟ་རྐང་གསུམ་ལ་ཞོན་པ། ཕྱག་གཡས་ན་ཙིཏྟ། གཡོན་པས་ཞགས་པ་བསྣམས་པ། ཡ་བ་ར་ཙིཏྟ་ཧཱུྃ། ཞེས་པས། བཙན་གྱི་སྟེང་དུ་གཤིན་རྗེའི་བུ་མོ་སྐུ་མདོག་མཐིང་ནག་དྲིལ་རྟ་རྐང་གསུམ་ལ་ཆི བས་པ། ཡོ་གི་ཤྭ་རི་ཧཱུྃ། ཞེས་པས། གཟའ་ཡི་སྟེང་དུ་བདུད་ཀྱི་བུ་མོ་སྐུ་མདོག་དམར་ནག་དྲེལ་རྟ་རྐང་གསུམ་ལ་ཞོན་པ། ཡ་མ་ཙིཏྟ་ཧཱུྃ། ཞེས་པས། ཀླུ་དང་ས་བདག་གི་གདན་གྱི་སྟེང་དུ་གནོད་སྦྱིན་གྱི་བུ་མོ་ལྗང་ནག་དྲེལ་རྟ་རྐང་གསུམ་ལ་ཞོན་པ། དབུ་སྐྲ་གསེར་གཡུ་མུ་ཏིག་གི་བརྒྱན་པ། རང་རང་གི་མདོག་དང་མཐུན་པའི་དར་གྱི་ན་བཟའ་ཅན། ཕྱག་མཚན་ནི་འདྲའོ། །ཁྱམས་ཀྱི་ནང་དུ་ནི་གིང་ཕོ་དགུ་མོ་དགུ་ཤན་པའི་ཆ་བྱད་ཅན་བསམ་པ་ཙམ་གྱི་ཆོག་གོ། །སྒོ་བཞིར་བསྭེ་ཡི་སྐྱེས་བུ་བཞི་ཁྲོ་བོའི་ཆ་ལུགས་ཅན། ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག །དྲིལ་བུ་བསྣམས་པ། གཡོན་པ་རྣམས་ཀྱི་ཙིཏྟ་བསྣམས་པ། བསྭེ་ཡི་གྱི་ལིང་དང་བྱ་ཁྲ་ཆིབས་བ། གཙོ་བོ་བཞིའི་འཁོར་དུ་སྲིན་པོ་དང་། གཤིན་རྗེ་དང་། བདུད་དང་། གནོད་སྦྱིན་མ་རུང་བ་དབང་པོའི་སྒོ་ནས་སྦྲུལ་གདུག་པ་དང་། ལྕགས་ཀྱི་སེར་བ་འདེབས་པ། མེ་དང་དུག་གི་ཁ་རླང་འཐུལ་ཞིང་འབར་བ་དང་། གློག་འབྱིན་པ། འགའ་ཞིག་ནི་རྐང་ལག་དང་མིག་ལོག་པར་བྱེད་པ། འཇུག་ཡང་སྣང་། རྐང་ལག་སྦྲུལ་བརྒྱ་སྟོང་གིས་དཀྲིས་པ། རལ་གྲི་དང་། མདའ་གཞུ་དང་། འཁོར་ལོ་དང་། རྡོ་རྗེ་དང་། མཚོན་རྩེ་གཅིག་པ་དང་། ཤཀྟི་དང་། མདུང་དང་། ཆུ་གྲི་ལ་སོགས་པའི་མཚོན་ཆ་བརྒྱ་སྟོང་ཐོགས་པ། གདོང་དུ་མ་ཅན། མེའི་དྲྭ་བ་དང་རི་ཡི་ཕྲེང་བ་དང་རླུང་དང་། རྡོ་དང་། གནམ་ལྕགས་ཀྱི་ཆར་འབེབས་པ། གཅན་གཟན་གྱི་ཚོགས་དུ་མ་ལ་ཞོན་པ། ཡིད་དུ་མི་འོང་བའི་སྒྲ་སྣ་ཚོགས་འཇིགས་འཇིགས་ལྟར་སྒྲོག་པ། རྔམས་བརྗིད་མི་བསྲུན་པ། རྫུ་འཕྲུལ་དང་ནུས་མཐུ་ཐོགས་པ་མེད་པ་གློག་ལྟར་འཁྱུག་པ་རྣམས་ཀྱིས་ས་དང་བར་སྣང་ཐམས་ཅད་གང་བར་བསམས་ལ། དེ་དག་ཐམས་ཅད་ཀྱི་སྤྱི་བོར་ཨཱོྂ་ལས་འཁོར་ལོ་དཀར་པོ་ཨཱོྂ་གྱིས་མཚན་པ། མགྲིན་པར་ཨཱཿལས་པདྨ་དམར་པོ་ཨཱཿས་མཚན་པ། ཐུགས་ཀར་ཧཱུྃ་ལས་རྡོ་རྗེ་ནག་པོ་ཧཱུྃ་གིས་མཚན་པ། ཧཱུྃ་ལས་འོད་ཟེར་འཕྲོས་པས་གཙོ་འཁོར་རྣམས་སྤྱན་དྲངས་པར་བསམ་ཞིང་འདི་སྐད་དོ། །ཧཱུྃ། ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །གཤིན་རྗེ་དམར་པོ་རལ་བ་ཅན། །རུ་ཏྲ་མྱུར་དུ་བསྒྲལ་བའི་ཕྱིར། །གནས་འདིར་རྩེ་གཅིག་གཤེགས་སུ་གསོལ། །མ་རུ་རྩེ་ཡི་ཡུམ་ཆེན་ནི། །ནམ་མཁའ་གཡུ་ཡི་ལྡིང་ཁང་ནས། །རོ་ལངས་ནག་མོ་རེ་མ་ཏཱི། །དགྲ་བགེགས་མྱུར་དུ་བསྒྲལ་བའི་ཕྱིར། །གནས་འདིར་རྩེ་གཅིག་གཤེགས་སུ་གསོལ། །ཕྱོགས་བཞི་དྲེགས་པའི་དཀྱིལ་འཁོར་ནས། །དམག་དཔོན་ཆེན་པོ་གྱད་བཞི་དང་། །བསྭེ་མོ་སྙིང་ཟན་མཆེད་བཞི་དང་། །གནོད་བྱེད་བྱེ་བ་ཕྲག་བརྒྱ་དང་། །མོན་མོ་སྙིང་ཟན་འབུམ་དང་བཅས། །དགྲ་བགེགས་མྱུར་དུ་བསྒྲལ་བའི་ཕྱིར། །གནས་འདིར་རྩེ་གཅིག་གཤེགས་སུ་གསོལ། །ཨེ་ཧྱེ་ཧི། ཤྲཱི་མཉྫུ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛ་ཏི་ཛཿཛཿ རྣལ་མ་རྣལ་ཏེ་གསོད་ལ་རྔམ། བཤོས་ལ་མེར། སྲིས་ལ་ཆུམ། ཐུམས་བིས་ཐུ། ལྕགས་ཀྱི་དགྲ་བོ་ནྲྀ་མཱ་ར་ཡ་ཛཿཛཿ ས་མ་ཡ་ཛ་ཛཿ ཛཿ ཧཱུྃ་བྃ་ཧོཿཞེས་བརྗོད་པས། གཉིས་སུ་མེད་པར་བསམ་མོ། །བཞུགས་སུ་གསོལ་བ་ནི། ས་མ་ཡ་ཏིཥྛི་ལྷན། སྐབས་འདིར་ཕྱིའི་མཆོད་པ་ལྔ་ཡང་མཆོད་པར་བྱའོ། །དེ་ནས་བདུད་རྩི་བྱིན་གྱིས་རླབས་པ་ནི། ཨཿབྷྲཱུྃ། བརྗོད་པས། བདུད་རྩིའི་སྣོད་ཨ་ལས་བྷནྡྷ་གྱུར་པར་བསམ། དེའི་ནང་བདུད་རྩིས་གང་བར་བསམ་ལ། ཨཱོྂ་ཨཱཿཧཱུྃ། སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱཿ ཅེས་པས་བྱིན་གྱིས་བརླབས་སོ། །མཐེབ་སྲིན་ཉི་ཟླ་གའུ་ཁ་སྦྱར་གྱིས་བདུད་རྩི་བཅུས་ཏེ་ལྷ་སོ་སོའི་ཞལ་དུ་སིབ་སིབ་སོང་བར་བསམ་མོ། །ཧཱུྃ། བླ་མེད་བདུད་རྩིའི་མཆོད་པ་ཆེན་པོ་འདི། །ཡེ་ནས་ལྷུན་གྲུབ་དམ་རྫས་ཆེན་པོ་ཡིན། །གཤིན་རྗེ་དམར་ནག་འཁོར་དང་བཅས་པ་ལ། །དམ་རྫས་བདུད་རྩི་ལྔ་ཡི་མཆོད་པ་འབུལ། །བཞེས་ནས་མཐུ་དང་རྩལ་གྱི་དངོས་གྲུབ་སྩོལ། །འཇིགས་བྱེད་ཆེན་པོ་ཡ་མཱནྟ་ཀ་ལ། །དམ་རྫས་བདུད་རྩི་ལྔ་ཡི་མཆོད་པ་འབུལ། །བཞེས་ནས་མཐུ་དང་རྩལ་གྱི་དངོས་གྲུབ་སྩོལ། །གསོད་བྱེད་ཡ་མ་རཱ་ཛ་ལ། །དམ་རྫས་བདུད་རྩི་ལྔ་ཡི་མཆོད་པ་འབུལ། །བཞེས་ནས་མཐུ་དང་རྩལ་གྱི་དངོས་གྲུབ་སྩོལ། །ཤར་ཕྱོགས་སྲིན་པོའི་ཡུལ་རྩེ་ནས། །སྲིན་པོའི་གནོད་སྦྱིན་དམར་པོ་ལ། །དམ་རྫས་བདུད་རྩི་ལྔ་ཡི་མཆོད་པ་འབུལ། །བཞེས་ནས་མཐུ་དང་རྩལ་གྱི་དངོས་གྲུབ་སྩོལ། །ལྷོ་ཕྱོགས་གཤིན་རྗེའི་ཡུལ་རྩེ་ནས། །གཤིན་རྗེ་དམར་ནག་འཁོར་དང་བཅས་པ་ལ། །དམ་རྫས་བདུད་རྩི་ལྔ་ཡི་མཆོད་པ་འབུལ། །བཞེས་ནས་མཐུ་དང་རྩལ་གྱི་དངོས་གྲུབ་སྩོལ། །ནུབ་ཕྱོགས་བདུད་ཀྱི་ཡུལ་རྩེ་ནས། །བདུད་པོ་དམར་ནག་འཁོར་དང་བཅས་པ་ལ། །དམ་རྫས་བདུད་རྩི་ལྔ་ཡི་མཆོད་པ་འབུལ། །བཞེས་ནས་མཐུ་དང་རྩལ་གྱི་དངོས་གྲུབ་སྩོལ། །བྱང་ཕྱོགས་གནོད་སྦྱིན་ཡུལ་རྩེ་ནས། །བདུད་པོ་གནོད་སྦྱིན་དམར་ནག་འཁོར་དང་བཅས་པ་ལ། །དམ་རྫས་བདུད་རྩི་ལྔ་ཡི་མཆོད་པ་འབུལ། །བཞེས་ནས་མཐུ་དང་རྩལ་གྱི་དངོས་གྲུབ་སྩོལ། །དམ་ཅན་བསྭེ་ཡི་ལྷ་མོ་མཆེད་བཞི་ལ། །དམ་རྫས་བདུད་རྩི་ལྔ་ཡི་མཆོད་པ་འབུལ། །བཞེས་ནས་མཐུ་དང་རྩལ་གྱི་དངོས་གྲུབ་སྩོལ། །དཀར་མོ་གཙུག་གི་རྒྱན་ཅིག་ལ། །དམ་རྫས་བདུད་རྩི་ལྔ་ཡི་མཆོད་པ་འབུལ། །བཞེས་ནས་མཐུ་དང་རྩལ་གྱི་དངོས་གྲུབ་སྩོལ། །སྲིད་པའི་མ་མོ་འབུམ་ཁྲི་འབུམ་སྟོང་ལ། །དམ་རྫས་བདུད་རྩི་ལྔ་ཡི་མཆོད་པ་འབུལ། །བཞེས་ནས་མཐུ་དང་རྩལ་གྱི་དངོས་གྲུབ་སྩོལ། །སྲོག་གཤེད་ཆེན་མོ་བཞི་རྣམས་ལ། །དམ་རྫས་བདུད་རྩི་ལྔ་ཡི་མཆོད་པ་འབུལ། །བཞེས་ནས་མཐུ་དང་རྩལ་གྱི་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ། ཁ་རྃ་ཁཱ་ཧི། ཞེས་གཏོར་མ་ལ་ཕུད་སྦྲེང་ངོ་། །དེ་ནས་དངོས་གྲུབ་བླང་བ་ནི། ལྷ་རྣམས་ཀྱི་སྐུ་གསུང་ཐུགས་ལས་སིདྡྷིའི་བར་དང་རང་བཞིན་ཡི་གེ་གསུམ་བདུད་རྩི་ལ་ཐིམ་ནས། ཀཱ་ཡ་སིདྡྷི་ཨཱོྂ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ ཞེས་བརྗོད་ལ། མཐེབ་སྲིན་གྱིས་བླངས་ནས། སྤྱི་བོ་མགྲིན་པ་སྙིང་ག་གསུམ་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་སིདྡྷི་ཐོབ་པར་བསམ་མོ། །དེ་ནས་གཉིས་པ་རཀྟ་ལ། བྷནྡྷ་ཀ་པཱ་ལ་བྷྲཱུྃ་ཞེས་བརྗོད་པས། རཀྟའི་སྣོད་བྷནྡྷར་གྱུར། པདྨ་མཎྜ་ལ་ཞེས་བརྗོད་པས། ནང་དུ་པདྨ་དམར་པོ་འདབ་བརྒྱད་ཀྱི་ལྟེ་བར་དམར་པོས་མཚན་པ། སྥ་ར་ཎ་ཕཊ་ཕར་འཕྲོས། སཾ་ཧ་ར་ཎ་ཧཱུྃ་ཚུར་འདུས། ར་འོད་དུ་ཞུ། ཁྲག་གི་རྒྱ་མཚོར་གྱུར། གཟར་བུ་རྡོ་རྗེར་གྱུར་པས་དཀྲུགས་པ་ལས། རྦ་རླབས་ཀྱི་ཟེར་མ་ལས་འདོད་ཡོན་གྱི་ལྷ་མོར་གྱུར་པར་བསམ། ཨཱོྂ་རཀྟ་ཛྭ་ལ་ས་མནྟ་མཎྜ་ལ་ཧཱུྃ། ཞེས་བརྗོད་ལ་བྱིན་གྱིས་བརླབས་སོ། །བྷན་དྷ་ལྕང་ལོ་བཅས་པའི་པདྨ་རུ། །འཆི་མེད་བདུད་རྩི་རཀྟ་དམར་གྱིས་བཀང་། །བྱང་ཆུབ་སེམས་དང་མཱཾ་ས་རཀྟ་དང་། །དྲི་ཆེན་དྲི་ཆུ་བདུད་རྩི་རྣམ་ལྔ་དང་། །ཁྲག་ཞག་མར་ཁུ་བདུད་རྩིར་རབ་སྦྱར་ནས། །འབར་བའི་ལྷ་ཚོགས་ཁྱེད་ལ་མཆོད་པ་འབུལ། །ཧཱུྃ། སྐུ་མདོག་སྔོ་ནག་གཤིན་རྗེ་གཤེད་ཀྱི་ལྷ། །དུག་གསུམ་མུན་ཁང་འཇོམས་པའི་མཐུ་བོ་ཆེ། །རབ་འཇིགས་མཚུངས་མེད་གཤིན་རྗེ་གཤེད་པོ་ལ། །རཀྟ་དམར་གྱི་མཆོད་པ་འབུལ། །ཐུགས་དམ་བསྐུལ་ལོ་དགྲ་ལ་ས་མ་ཡ། །འཇིགས་བྱེད་ཆེན་པོ་ཡ་མ་རཱ་ཛ་ལ། །རཀྟ་དམར་གྱི་མཆོད་པ་འབུལ། །ཐུགས་དམ་བསྐུལ་ལོ་དགྲ་ལ་ས་མ་ཡ། །ཤར་ཕྱོགས་སྲིན་པོའི་ཡུལ་རྩེ་ནས། །སྲིན་པོ་གནོད་སྦྱིན་དམར་པོ་ལ། །རཀྟ་དམར་གྱི་མཆོད་པ་འབུལ། །ཐུགས་དམ་བསྐུལ་ལོ་དགྲ་ལ་ས་མ་ཡ། །ལྷོ་ཕྱོགས་གཤིན་རྗེའི་ཡུལ་རྩེ་ནས། །གཤིན་རྗེ་གནོད་སྦྱིན་དམར་པོ་ལ། །རཀྟ་དམར་གྱི་མཆོད་པ་འབུལ། །ཐུགས་དམ་བསྐུལ་ལོ་དགྲ་ལ་ས་མ་ཡ། །ནུབ་ཕྱོགས་བདུད་ཀྱི་ཡུལ་རྩེ་ནས། །བདུད་པོ་གནོད་སྦྱིན་དམར་པོ་ལ། །རཀྟ་དམར་གྱི་མཆོད་པ་འབུལ། །ཐུགས་དམ་བསྐུལ་ལོ་དགྲ་ལ་ས་མ་ཡ། །བྱང་ཕྱོགས་གནོད་སྦྱིན་ཡུལ་རྩེ་ནས། །གནོད་སྦྱིན་གཤིན་རྗེ་དམར་པོ་ལ། །རཀྟ་དམར་གྱི་མཆོད་པ་འབུལ། །ཐུགས་དམ་བསྐུལ་ལོ་དགྲ་ལ་ས་མ་ཡ། །དམ་ཅན་བསྭེ་ཡི་ལྷ་མོ་མཆེད་བཞི་ལ། །རཀྟ་དམར་གྱི་མཆོད་པ་འབུལ། །ཐུགས་དམ་བསྐུལ་ལོ་དགྲ་ལ་ས་མ་ཡ། །མ་མོ་འབུམ་ཁྲི་འབུམ་སྟོང་ལ། །རཀྟ་དམར་གྱི་མཆོད་པ་འབུལ། །ཐུགས་དམ་བསྐུལ་ལོ་དགྲ་ལ་ས་མ་ཡ། །གཤིན་རྗེའི་འཁོར་ན་གནས་པའི་དམ་ཅན་ལ། །རཀྟ་དམར་གྱི་མཆོད་པ་འབུལ། །ཐུགས་དམ་བསྐུལ་ལོ་དགྲ་ལ་ས་མ་ཡ། །བླ་མེད་དམ་རྫས་མཆོད་པ་འདི་བཞེས་ལ། །སྡང་བའི་དགྲ་ལ་རྟགས་ཕྱུང་ཞིག །རྟགས་ཕྱུང་རྩ་བ་དྲུང་ནས་ཕྱུངས། །དུས་མཐའ་བསྟུངས་ལ་ཚེ་ཡི་འདུ་བྱེད་བསྐུམ། །ལོ་ཟླ་ཞག་དང་ཟ་མར་མ་བཞག་པར། །ཡུད་ཙམ་ཅིག་ལ་འདིར་ཁུག་ལ། །ད་ལྟ་ཉིད་དུ་བསྒྲལ་དུ་གསོལ། །ཐུགས་དམ་བསྐུལ་ལོ་དགྲ་ལ་ས་མ་ཡ། །ཞེས་རཀྟས་བསྐུལ་ལོ། །དེ་ནས་གསུམ་པ་གཏོར་མ་ལ་གཉིས། དང་པོ་མཆོད་པའི་གཏོར་མ་ནི། བྷྲཱུྃ་ཀ་པཱ་ལ་བ་ལིདྟ་བི་ཤྭ་ཙཀྲ་བྷཱུྃ། ཞེས་བརྗོད་ལ། སྣོད་བྷྲཱུྃ་ལས་བྷནྡྷའི་སྣོད་ཡངས་ཤིང་རྒྱ་ཆེ་བར་བསམ། གཏོར་མའི་རྫས་ཤ་ལྔ་བདུད་རྩི་ལྔ་བསམ། དེའི་སྟེང་དུ་པདྨ་ཉི་མ་ཟླ་བའི་གདན་གྱི་སྟེང་དུ། འཇམ་དཔལ་དམར་ནག་གི་ལྷ་ཚོགས་རྣམས་བཞུགས་པར་བསྒོམ་མོ། །དེ་ནས་གཏོར་མའི་སྟེང་ལ་ཧཱུྃ་འོད་དུ་ཞུ་ནས་དངོས་པོ་སྦྱངས། ཨཱཿའོད་དུ་ཞུ་ནས་བདུད་རྩིའི་རང་བཞིན་མུ་ཏིག་དཀར་པོ་ལྟ་བུར་གྱུར། ཨཱོྂ་ལས་འདོད་ཡོན་ལྔར་གྱུར་པར་བསམ་མོ། །གཉིས་པ་ལས་ཀྱི་གཏོར་མ་ནི། དུག་གསུམ་ཤ་ཁྲག་རུས་པའི་ཕུང་པོར་བསམ་མོ། །ཨཱོྂ་བ་ལིངྟ་ཏེ་ཛྭ་བ་ལིདྟ། བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་སྟྭམ། ཞེས་བརྗོད་ལ། ལྷ་རྣམས་ཀྱི་ཞལ་ནས་འོད་ཀྱི་སྦུ་གུ་བྱུང་ནས་གསོལ་བར་བསམ་ཞིང་། རྩ་སྔགས་ཀྱི་ཞབས་ལ་ཁཱ་ཧི་བཏགས་ལ་དབུལ་ལོ། །མ་ཧཱ་མཱཾ་ས་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། མ་ཧཱ་ཀིང་ནི་རི་ཏི་ཁ་རཾ་ཁཱ་ཧི། ཞེས་བརྗོད་ལ་དབུལ་ལོ། །ཧཱུྃ། ཆོས་སྐྱོང་སྲུང་མ་རྣམས་ལ་ཡང་། །རུ་མཚོན་དཀར་པོའི་རྟེན་ཅིག་འཛུག །རྟེན་དེ་བཙུག་པའི་དོན་འབྱུང་བས། །སྔ་མ་ལེགས་པའི་གཏང་རག་གཏོང་། །ཕྱི་མ་ལེགས་པའི་ལས་འབེན་འཆའ། །གཤིན་རྗེ་ནག་པོ་འཁོར་བཅས་ལ། །རུ་མཚོན་ནག་པོའི་རྟེན་ཅིག་འཛུག །རྟེན་དེ་བཙུག་པའི་དོན་འབྱུང་བས། །སྔ་མ་ལེགས་པའི་གཏང་རག་གཏོང་། །ཕྱི་མ་ལེགས་པའི་ལས་འབེན་འཆའ། །གཤིན་རྗེ་དམར་པོ་འཁོར་བཅས་ལ། །རུ་མཚོན་དམར་པོའི་རྟེན་ཅིག་འཛུག །རྟེན་དེ་བཙུག་པའི་དོན་འབྱུང་བས། །སྔ་མ་ལེགས་པའི་གཏང་རག་གཏོང་། །ཕྱི་མ་ལེགས་པའི་ལས་འབེན་འཆའ། །ཤར་ཕྱོགས་སྲིན་པོའི་ཡུལ་རྩ་ནས། །སྲིན་པོ་གནོད་སྦྱིན་དམར་པོ་ལ། །རུ་མཚོན་དམར་པོའི་རྟེན་ཅིག་འཛུག །རྟེན་དེ་བཙུག་པའི་དོན་འབྱུང་བས། །སྔ་མ་ལེགས་པའི་གཏང་རག་གཏོང་། །ཕྱི་མ་ལེགས་པའི་ལས་འབེན་འཆའ། །ལྷོ་ཕྱོགས་གཤིན་རྗེའི་ཡུལ་རྩེ་ནས། །གཤིན་རྗེ་གནོད་སྦྱིན་དམར་པོ་ལ། །རུ་མཚོན་དམར་པོའི་རྟེན་ཅིག་འདུག །རྟེན་དེ་བཙུག་པའི་དོན་འབྱུང་བས། །སྔ་མ་ལེགས་པའི་གཏང་རག་གཏོང་། །ཕྱི་མ་ལེགས་པའི་ལས་འབེན་འཆའ། །ནུབ་ཕྱོགས་བདུད་ཀྱི་ཡུལ་རྩེ་ནས། །བདུད་པོ་གནོད་སྦྱིན་དམར་པོ་ལ། །རུ་མཚོན་དམར་པོའི་རྟེན་ཅིག་འཛུག །རྟེན་དེ་བཙུག་པའི་དོན་འབྱུང་བས། །སྔ་མ་ལེགས་པའི་གཏང་རག་གཏོང་། །ཕྱི་མ་ལེགས་པའི་ལས་འབེན་འཆའ། །བྱང་ཕྱོགས་གནོད་སྦྱིན་ཡུལ་རྩེ་ནས། །གནོད་སྦྱིན་གདུག་པ་དམར་པོ་ལ། །རུ་མཚོན་དམར་པོའི་རྟེན་ཅིག་འཛུག །རྟེན་དེ་བཙུག་པའི་དོན་འབྱུང་བས། །སྔ་མ་ལེགས་པའི་གཏང་རག་གཏོང་། །ཕྱི་མ་ལེགས་པའི་ལས་འབེན་འཆའ། །དམ་ཅན་བསྭེ་ཡི་ལྷ་མོ་མཆེད་བཞི་ལ། །མཚོ་ཆེན་བཞི་ཡི་རྟེན་ཅིག་འཛུག །རྟེན་དེ་བཙུག་པའི་དོན་འབྱུང་བས། །སྔ་མ་ལེགས་པའི་གཏང་རག་གཏོང་། །ཕྱི་མ་ལེགས་པའི་ལས་འབེན་འཆའ། །དམག་དཔུང་བསྐྱེད་ལ་རུ་མཚོན་ཕྱོར། །རྒྱལ་ཆ་ཟུང་ལ་སྐུངས་ཁ་ཉུལ། །ལེགས་པ་དེ་ནི་བརྒྱ་དང་སྤྲོད། །ངན་པ་དེ་ནི་སྟོང་དང་བསྣོལ། །ངན་པ་བཟློག་ལ་གདུག་པ་ཆིངས། །དྲག་སྔགས་ལགས་པས་སྒྲུབ་མི་དགོས། །ངན་སྔགས་ལགས་པས་མཆོད་མི་འཚལ། །རིག་འཛིན་ལགས་པས་ཡེ་གྲུབ་ལགས། །བསྟན་པ་བཤིགས་པའི་དམ་ཉམས་འདི། །ལིང་ག་འདི་ལ་བསྟིམ་དུ་གསོལ། །གཟུགས་བརྙན་འདི་ལ་དབབ་ཏུ་གསོལ། །མཐུ་དང་རྫུ་འཕྲུལ་ཅི་མངའ་བལྟ་ཡང་བལྟ། །ཕྲིན་ལས་ཅི་མཛད་ཉམས་ཀྱང་སད། །སྡང་བའི་དགྲ་ལ་རྟགས་ཕྱུངས་ཤིག །ཐུགས་དམ་བསྐུལ་ལོ་དགྲ་ལ་ས་མ་ཡ། །རྟེན་ཆོག་གོ། །དགེའོ།། ༈ །།དཔལ་འབར་དབང་ཕྱུག་འཇིག་རྟེན་སྐྱོང་བའི་གཙོ། །ཆེ་བའི་ཡེ་ཤེས་ཆོས་ཀྱི་དབྱིངས་དང་མཉམ། །ཡིད་བཞིན་གཏེར་དུ་གྱུར་པའི་ཀུ་བེ་ར། །གནོད་སྦྱིན་དམར་པོ་གཤིན་རྗེ་གཤེད་ཀྱི་ལྷ། །ཁྱོད་ནི་སྲིན་འཇོམས་སྲིད་ལས་སྒྲོལ་བས་ན། །ཕྱོགས་ཀུན་གཤིན་རྗེ་འདུལ་བའི་དབང་གི་ཕྱིར། །ཐུགས་རྗེ་ཐབས་ཀྱི་ཚུལ་གྱིས་འཛིན་མོད་ཀྱིས། །འཇིག་རྟེན་འདས་པའི་ཕུན་སུམ་ཀུན་ཡང་ཚོགས། །སྐུ་མདོག་དམར་པོ་འོད་དང་བཅས་པ་ཡིས། །སྣང་སྲིད་བསྲེགས་མཛད་དགྲ་བགེགས་དབང་དུ་བསྡུས། །གཡས་ཀྱི་ཕྱག་ན་འཁོར་ལོ་གཅོད་བྱེད་བསྣམས་པ་ཡིས། །སྡང་བའི་དགྲ་བོའི་མགུལ་ཐག་གཅོད་པར་མཛད། །གཡོན་གྱི་ཕྱག་ན་འཐོར་བྱེད་རླུང་གི་འཁོར་ལོ་ཡིས། །སྡང་བའི་དགྲ་བོ་རྣམ་པར་སྒྲོལ་བར་མཛད། །དབུ་སྐྲ་ཁམ་ནག་འཁྱིལ་བའི་སྐྲ་གསེབ་ནས། །གདུག་པའི་ཕོ་ཉ་མང་པོ་སྡང་བའི་དགྲ་ལ་གཏོང་། །སྐྲ་ལ་བྷནྡྷ་ལྕང་ལོ་འཁྱིལ་བ་ཡིས། །ཉོན་མོངས་འཁོར་བ་མ་ལུས་དབང་དུ་བསྡུས་། །སྤྱན་མིག་གཡས་པ་དམར་ལ་བགྲད་པ་ལས། །ལས་ཀྱི་ཚྭ་ཚྭ་དྲག་པོ་འཁྲུགས་པ་ཡིས། །གདུག་པའི་དགྲ་བགེགས་མ་ལུས་བསྲེག་པར་མཛད། །སྤྱན་མིག་གཡོན་པ་མཐིང་ལ་བགྲད་པ་ལས། །ལས་ཀྱི་ཚྭ་ཚྭ་དྲག་པོ་འཁྲུགས་པ་ཡིས། །ཁམས་གསུམ་མ་ལུས་ཐམས་ཅད་ཚར་གཅོད་འདུལ། །ཤངས་ནས་བསྐལ་པའི་རླུག་ནག་འཚུབས་པ་ཡིས། །བར་སྣང་འཁྲུག་ཅིང་ས་རྣམས་གཡོ་བར་མཛད། །འབར་བའི་ཨག་ཚོམ་དབྱར་གྱི་སྤྲིན་ནག་བཞིན། །སྟེང་འོག་ཕྱོགས་མཚམས་གློག་སྟོང་འགྱུར་བར་མཛད། །འབར་བའི་མཆེ་བ་གཡས་པ་གཙིགས་པ་ཡིས། །རཀྟའི་རྒྱ་མཚོ་རྦ་རླབས་ཀློང་དུ་འཁྲུག །འབར་བའི་མཆེ་བ་གཡོན་པ་གཙིགས་པ་ཡིས། །གང་ལ་དམིགས་པའི་སྙིང་ནས་འདྲེན་པར་མཛད། །ཞེ་སྡང་གདུག་པའི་སྦྲུལ་ནག་སྐུ་ལ་བརྒྱན། །ང་རྒྱལ་འཇོམས་མཛད་སྟག་གི་ཤམ་ཐབས་ཅན། །གཏི་མུག་བདུད་འདུལ་གླང་ཆེན་ཀོ་རློན་གསོལ། །ཞིང་ལྤགས་རློན་པའི་གཡང་གཞི་བསྣམས་པ་ཡིས། །ཉོན་མོངས་འཁོར་བའིི་གནས་ལས་སྒྲོལ་བར་མཛད། །བཅོམ་ལྡན་འཇིགས་བྱེད་སྐུ་ལ་ཕྱག་འཚལ་བསྟོད། །ཁྱོད་ཀྱི་ཐུགས་རྗེ་ཆེན་པོའི་ཕྲིན་ལས་ཀྱིས། །བདག་ལ་སྡང་བའི་དགྲ་བོ་བསྒྲལ་བར་མཛོད། །ཧཱུྃ། ཤར་ཕྱོགས་སྲིན་པོའི་ཡུལ་རྩེ་ནས། །སྲིན་པོ་གནོད་སྦྱིན་མ་རུ་རྩེ། །སྲིན་པོ་མི་ཟན་འབུམ་གྱིས་བསྐོར། །དམ་ཉམས་སྲོག་གི་གཤེད་དུ་གཤེགས། །སྲོག་ཟན་ཆེན་པོའི་དུས་ལ་བབ། །བསྟན་པ་བཤིགས་པའི་དམ་ཉམས་འདི། །ད་ལྟ་ཉིད་དུ་བསྒྲལ་དུ་གསོལ། །ལྷོ་ཕྱོགས་གཤིན་རྗེའི་ཡུལ་རྩེ་ནས། །གཤིན་རྗེ་གནོད་སྦྱིན་མ་རུ་རྩེ། །གཤིན་རྗེ་མི་ཟན་འབུམ་གྱི་བསྐོར། །དམ་ཉམས་སྲོག་གི་གཤེད་དུ་གཤེགས། །སྲོག་ཟན་ཆེན་པོའི་དུས་ལ་བབ། །བསྟན་པ་བཤིགས་པའི་དམ་ཉམས་འདི། །ད་ལྟ་ཉིད་དུ་བསྒྲལ་དུ་གསོལ། །ནུབ་ཕྱོགས་བདུད་ཀྱི་ཡུལ་རྩེ་ནས། །བདུད་པོ་གནོད་སྦྱིན་མ་རུ་རྩེ། །བདུད་པོ་མི་ཟན་འབུམ་གྱིས་བསྐོར། །དམ་ཉམས་སྲོག་གི་གཤེད་དུ་གཤེགས། །སྲོག་ཟན་ཆེན་པོའི་དུས་ལ་བབ། །བསྟན་པ་བཤིགས་པའི་དམ་ཉམས་འདི། །ད་ལྟ་ཉིད་དུ་བསྒྲལ་དུ་གསོལ། །བྱང་ཕྱོགས་གནོད་སྦྱིན་ཡུལ་རྩེ་ནས། །གནོད་སྦྱིན་གདུག་པ་དམར་པོ་ལ། །གནོད་སྦྱིན་མི་ཟན་འབུ མ་གྱིས་བསྐོར། །དམ་ཉམས་སྲོག་གི་གཤེད་དུ་གཤེགས། །སྲོག་ཟན་ཆེན་པོའི་དུས་ལ་བབ། །བསྟན་པ་བཤིགས་པའི་དམ་ཉམས་འདི། །ད་ལྟ་ཉིད་དུ་བསྒྲལ་དུ་གསོལ། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །འཁོར་གྱི་གཤིན་རྗེ་གདུག་པ་ཅན། །ཤན་པ་མི་ཟན་ཕོ་མོའི་ཚོགས། །གནོད་སྦྱིན་གདུག་པ་ཤ་ཟའི་ཚོགས། །བལ་མོ་བསྭེ་ཡི་མོན་མོ་དང་། །འཁོར་དུ་འདུས་པའི་དམ་ཅན་ཚོགས། །དམ་ཉམས་སྲོག་གི་གཤེད་དུ་གཤེགས། །སྲོག་ཟན་ཆེན་པོའི་དུས་ལ་བབ། །བསྟན་པ་བཤིགས་པའི་དམ་ཉམས་འདི། །ད་ལྟ་ཉིད་དུ་བསྒྲལ་དུ་གསོལ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །སྲོག་འཕྲོག་པའི་བསྐུལ་བའོ། །ཛཔ྄་ནི་སྔགས་བྱང་དུ་ཤེས་བྱའོ། །སྐབས་འདིར་ཚོགས་འཁོར་བཏང་བར་བྱའོ། །གཙོ་འཁོར་རྣམས་བསྐུལ་བ་ནི། ཧཱུྃ། ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །གཤིན་རྗེ་དམར་པོ་རལ་པ་ཅན། །དམར་ནག་གནོད་སྦྱིན་ཚོགས་ཀྱི་རྗེ། །ཟ་བྱེད་རྔམས་པའི་གཏུམ་བག་ཅན། །གནོད་སྦྱིན་ཁྲོས་པ་དྲང་སྲོང་གཟུགས། །ལྕགས་ཀྱི་རལ་པ་ཚར་དགུ་གཡེང་། །ཐོད་པ་འབུམ་གྱི་རྣ་ཆ་ཅན། །སྦྲུལ་ནག་མི་ཐོད་རྒྱུ་མས་བརྒྱན། །དམར་ནག་གཅེར་བུ་རལ་པ་ཅན། །ཞལ་གཅིག་ཕྱག་གཉིས་མཆེ་བ་གཙིགས། །བེ་ཅོན་བརྡེག་ཅིང་ཞགས་པས་འདེབས། །མེ་དཔུང་ཁྲག་མཚོ་དམར་པོ་ནས། །གནོད་སྦྱིན་འབུམ་གྱི་དམག་དཔུང་འགྱེད། །འཚུབས་མ་དམར་པོ་འཁྲིགས་པ་ནས། །དབང་ཕྱུག་ཆེན་པོ་འཇིག་རྟེན་གཙོ། །གནོད་སྦྱིན་བྱེ་བ་ཕྲག་བརྒྱ་འགྱེད། །གྱད་ཀྱི་མཆོག་སྟེ་དྲག་ཤུལ་ཆེ། །གཤིན་རྗེ་དམར་པོ་ཡི་དྭགས་རྗེ། །ཟས་སུ་མི་ཤ་རློན་པ་ཟ། །སྐོམ་དུ་མི་ཁྲག་དྲོན་མོ་འཐུང་། །དགྲ་བོའི་ཤ་དང་ཁྲག་ལ་ཡང་། །སྒྲོལ་གིང་བདག་པོའི་དུས་ལ་བབ། །ཨཱོྂ་བཛྲ་མ་ཧཱ་དེ་ཝ་ཙིཏྟ་ཛྭ་ལ་བྷྱོ་བྷྱོ། གཡོན་དུ་ཡུམ་ཆེན་རོ་ལང་ཐལ་མདོག་མ། །ཟ་བྱེད་ནག་མོ་བཛྲ་བེ་ཏ་ལ། །མིག་གསུམ་གདོང་ལ་ཁྲོ་གཉེར་ཅན། །གཏུམ་མོ་ནག་མོ་གོས་གྱོན་མ། །གྱེན་དུ་སྐྲ་བརྫེས་གསུས་མོ་ཆེ། །རབ་ཏུ་འཇིགས་པའི་ཁ་ཡང་བགྲད། །གདོང་དང་མིག་ནི་ཁྲོས་པའི་ཚུལ། །ལུས་ནི་མེ་ལྕེ་འབར་བ་འདྲ། །གཟི་ཆེན་རབ་ཏུ་བསྡིགས་པར་བྱེད། །གཡས་ན་ཏྲི་ཤུལ་རྩེ་གསུམ་ཐོགས། །གཡོན་ན་ཐོད་རློན་གཙོ་ལ་སྟོབས། །བདེ་གཤེགས་སྲས་ཀྱི་བཀའ་སྡོད་མ། །ཞིང་ཆེན་བསྣོལ་བའི་གདན་སྟེང་ནས། །བརྐྱང་བསྐུམ་ཚུལ་གྱིས་སྦྱོར་མཛད་མ། །ནག་མོ་ཆེན་མོ་བོས་པའི་ཚེ། །སྐུ་ལ་མི་ལྤགས་རློན་པ་གསོལ། །མི་ལྤགས་ཐང་ལ་ཞ་ལ་ལ། །མི་མགོའི་ཕྲེང་བས་ལུས་བརྒྱན་ཞིང་། །མི་མགོ་ཐང་ལ་ཕྲུ་ལུ་ལུ། །ཆིབས་སུ་ལུང་ནག་འཚུབས་མ་ཆིབས། །ཤ་ཟ་ཁྲག་འཐུང་རལ་པ་སྤྲུག་ཅིང་བྱོན། །དམ་ཉམས་དགྲ་བོའི་སྙིང་འབྱིན་མ། །ཁྲམ་ཁ་སྟོང་གི་བདག་མོ་སྟེ། །དཔལ་ལྡན་ལྷ་མོ་རེ་མ་ཏཱི། །དམ་ཉམས་དགྲ་བོ་སྒྲོལ་བར་མཛོད། །ཧཱུྃ། འཇམ་དཔལ་སྤྱན་གྱི་རོལ་པ་ལས། །ཡི་གེ་འབར་བའི་ཛཿབཞི་ལས། །དམག་དཔོན་བཞི་རུ་གྱུར་པ་ནི། །ཤར་གྱི་དམག་དཔོན་ཆེན་པོ་ནི། །པྲ་མ་རཱ་ཛ་སྲིན་པོའི་གཙོ། །ཁྱོད་ནི་སྲིན་པོ་མ་རུ་རྩེ། །སྐུ་ལ་འགྱིང་དཀར་རློག་པ་གསོལ། །རྨ་ཆུ་སྲམ་གྱི་གོང་ལག་ཅན། །དབུ་ལ་དུང་གི་རྨོག་ཞུ་གསོལ། །ཡས་ཀྱི་མཆེ་བས་བྲང་གི་ལྷེན་སྣར་སླེབ། །མས་ཀྱི་མཆེ་བས་སྨིན་མའི་དཀྱུས་སུ་སླེབ། །ཕྱག་ན་ཤེལ་གྱི་ཟངས་གྲི་བསྣམས། །སྡང་བའི་དགྲ་བགེགས་འདིར་ཁུག་ལ། །ད་ལྟ་ཉིད་དུ་བསྒྲལ་དུ་གསོལ། །འཇམ་དཔལ་ཤངས་ཀྱི་རོལ་པ་ལས། །ཡི་གེ་འབར་བའི་ཛཿལས་ནི། །དམག་དཔོན་ཆེན་པོ་གཅིག་ཏུ་གྱུར། །ལྷོ་ཡི་དམག་དཔོན་ཆེན་པོ་ནི། །ཡ་མ་རཱ་ཛ་གཤིན་རྗེའི་གིང་། །ཁྱོད་ནི་གཤིན་རྗེ་མ་རུ་རྩེ། །ཆིབས་སུ་མ་ཧེ་སྔོ་ནག་ཆིབས། །མ་ཧེ་ཞོན་ནས་ཕྱོགས་བཅུར་རྒྱུག །ཕྱག་ན་ཤིང་གི་དབྱུག་ཐོ་བསྣམས། །འཁོར་གྱི་གིང་དང་བཅས་པ་ཡི། །ལས་བྱེད་དམར་པོ་འཁོར་བཅས་ཀྱིས། །སྡང་བའི་དགྲ་བགེགས་འདིར་ཁུག་ལ། །ད་ལྟ་ཉིད་དུ་བསྒྲལ་དུ་གསོལ། །འཇམ་དཔལ་ལྗགས་ཀྱི་རོལ་པ་ལས། །ཡི་གེ་འབར་བའི་ཛཿལས་ནི། །དམག་དཔོན་ཆེན་པོ་གཅིག་ཏུ་གྱུར། །ནུབ་ཀྱི་དམག་དཔོན་ཆེན་པོ་ནི། །མགྱོགས་བྱེད་རང་རྟགས་ས་གཞུ་ཅན། །ཁྱོད་ནི་བདུད་པོ་མ་རུ་རྩེ། །ཕྱག་ན་བདུད་ཀྱི་ཞགས་པ་བསྣམས། །ཆིབས་སུ་གྲིབ་སོ་ནག་པོ་ཆིབས། །འཁོར་གྱི་གིང་དང་བཅས་པ་ཡིས། །རྟ་ནག་ཞོན་ནས་འཁོར་བཅས་ཀྱིས། །སྡང་བའི་དགྲ་བགེགས་འདིར་ཁུག་ལ། །ད་ལྟ་ཉིད་དུ་བསྒྲལ་དུ་གསོལ། །འཇམ་དཔལ་ཐུགས་ཀྱི་སྤྲུལ་པ་ལས། །ཡི་གེ་འབར་བའི་ཛཿལས་ནི། །དམག་དཔོན་ཆེན་པོ་གཅིག་ཏུ་གྱུར། །བྱང་གི་དམག་དཔོན་ཆེན་པོ་ནི། །ཀུ་བེ་ར་ནི་གཏེར་གྱི་བདག །ཡག་ཤ་རག་ཤ་ཀ་ལ་ནི། །ཡག་ཤ་རག་ཤ་འཁོར་བཅས་ཀྱིས། །ཁྱོད་ནི་གནོད་སྦྱིན་མ་རུ་རྩེ། །འཁོར་གྱི་གིང་ཕྲན་མང་པོ་དང་། །གནོད་སྦྱིན་མང་པོ་འཁོར་བཅས་པས། །འདི་སྐབས་ཚིགས་རྐང་མི་འགྲིགས་པས་ཅུང་ཟད་ཆད་འདྲ། སྡང་བའི་དགྲ་བགེགས་འདིར་ཁུག་ལ། །ད་ལྟ་ཉིད་དུ་བསྒྲལ་དུ་གསོལ། །ཧཱུྃ། ཤར་ཕྱོགས་སྲིན་པོའི་ཡུལ་རྩེ་ནས། །ཞེ་སྡང་འབར་བ་དམ་ཉམས་དགྲ་བོའི་གཤེད། །སྲིན་པོ་གནོད་སྦྱིན་མ་རུ་རྩེ། །སྲོག་ཟན་ཆེན་པོ་མི་ཟན་འབུམ་གྱི་བསྐོར། །དམ་ཉམས་སྲོག་གི་གཤེད་དུ་གཤེགས། །སྲོག་ཟན་ཆེན་པོས་ཞེ་སྡང་རྩད་ནས་ཆོད། །ཞེ་སྡང་ཅན་གྱི་དགྲ་བོ་དབང་དུ་སྡུས། །ཧཱུྃ། ལྷོ་ཕྱོགས་གཤིན་རྗེའི་ཡུལ་རྩེ་ནས། །ང་རྒྱལ་འབར་བ་དམ་ཉམས་དགྲ་བོའི་གཤེད། །གཤིན་རྗེ་གནོད་སྦྱིན་མ་རུ་རྩེ། །གཤིན་རྗེ་མི་ཟན་འབུམ་གྱིས་བསྐོར། །སྲོག་བདག་ཆེན་པོ་ང་རྒྱལ་སྲོག་གི་གཤེད་དུ་གཤེགས། །སྲོག་ཟན་ཆེན་པོས་ང་རྒྱལ་རྩད་ནས་ཆོད། །ང་རྒྱལ་ཅན་གྱི་དགྲ་བོ་དབང་དུ་སྡུས། །ཧཱུྃ། ནུབ་ཕྱོགས་ཀླུ་ཡི་ཡུལ་རྩེ་ནས། །འདོད་ཆགས་འབར་བ་དམ་ཉམས་དགྲ་བོའི་གཤེད། །བདུད་པོ་གནོད་སྦྱིན་མ་རུ་རྩེ། །འཁོར་ཡང་བདུད་པོ་འབུམ་གྱིས་བསྐོར། །དམ་ཉམས་སྲོག་གི་གཤེད་དུ་གཤེགས། །སྲོག་ཟན་ཆེན་པོས་འདོད་ཆགས་རྩད་ནས་ཆོད། །འདོད་ཆགས་ཅན་གྱི་དགྲ་བོ་དབང་དུ་སྡུས། །ཧཱུྃ། བྱང་ཕྱོགས་གནོད་སྦྱིན་མ་རུ་རྩེ། །ཕྲག་དོག་འབར་བ་དམ་ཉམས་དགྲ་བོའི་གཤེད། །གནོད་སྦྱིན་གདུག་པ་མ་རུ་རྩེ། །འཁོར་ཡང་གནོད་སྦྱིན་འབུམ་གྱིས་བསྐོར། །དམ་ཉམས་སྲོག་གི་གཤེད་དུ་ཆེ། །སྲོག་ཟན་ཆེན་པོས་ཕྲག་དོག་རྩད་ནས་ཆོད། །ཕྲག་དོག་ཅན་གྱི་དགྲ་བོ་དབང་དུ་སྡུས། །ཁྲག་ལ་མངའ་མཛད་སྲིན་པོ་མ་རུ་རྩེ། །སྲོག་ལ་མངའ་མཛད་གཤིན་རྗེ་མ་རུ་རྩེ། །རུས་ལ་མངའ་མཛད་བདུད་པོ་མ་རུ་རྩེ། །དབུགས་ལ་མངའ་མཛད་གནོད་སྦྱིན་མ་རུ་རྩེ། །དམ་ཉམས་མ་ལུས་རྩ་རྒྱུད་ཆོད་ལ་ཤོག །ཧཱུྃ། ཡབ་གཅིག་སྐུ་མཆོག་དམར་པོ་ནི། །འབར་བ་དབང་ཕྱུག་འཇིག་རྟེན་སྐྱོང་བའི་གཙོ། །གཤིན་རྗེ་དམར་པོ་སྲོག་གི་བདག །སྒྲོལ་གིང་དམར་པོ་གཤིན་རྗེ་ཀུན་གྱི་ཡབ། །ཁྲག་མདོག་དམར་པོ་ཁྲག་གི་ཕུར་བུས་འདྲིལ། །གཡས་ན་ཤེལ་གྱི་ཕུར་བུས་འདྲིལ། །སྲོག་བདག་ཕོ་མོ་ལས་ལ་བསྐུལ། །གཡོན་ན་གསེར་གྱི་འཁོར་ལོ་བསྣམས། །ལྷ་སྲིན་སྡེ་བརྒྱད་དམག་དཔོན་མཛད། །ཆིབས་སུ་རླུང་ནག་འཚུབས་མ་ཆིབས། །སྐད་ཅིག་ཡུད་ཙམ་ཕྱིན་པར་འགྲོ། །ཨོ་རྒྱན་ཐོར་ཅོག་ཞི་བའི་འཁོར་གྱི་བསྐོར། །སྒྲོལ་གིང་དམར་པོ་ཁྱོད་ཀྱི་དུས་ལ་བབ། །ཤར་ཕྱོགས་སྲིན་པོ་མ་རུ་རྩེ། །དམ་ཉམས་སྲོག་གི་གཤེད་མར་གཤེགས། །ལྷོ་ཕྱོགས་གཤིན་རྗེ་མ་རུ་རྩེ། །དམ་ཉམས་སྲོག་གི་གཤེད་མར་གཤེགས། །ནུབ་ཕྱོགས་བདུད་པོ་མ་རུ་རྩེ། །དམ་ཉམས་སྲོག་གི་གཤེད་མར་གཤེགས། །བྱང་ཕྱོགས་གནོད་སྦྱིན་མ་རུ་རྩེ། །དམ་ཉམས་སྲོག་གི་གཤེད་མ་གཤེགས། །ཡབ་གཅིག་ཐུགས་ཀྱི་སྤྲུལ་པ་ནི། །པྲ་མ་རཱ་ཛ་སྲིན་པོའི་གིང་། །དཀར་པོ་དུང་གི་ཐོར་ཅོག་ཅན། །ཕྱག་ན་དངུལ་གྱི་སྤུ་གྲི་ཐོགས། །སྒྲོལ་གིང་ཕོ་མོ་ལས་ལ་བསྐུལ། །འཁོར་ནི་མོན་པ་ནག་པོ་བརྒྱད་ཀྱིས་བསྐོར། །བདུད་གཡག་ནག་པོ་བརྒྱད་ལ་ཞོན། །ཁྲག་གི་ཞགས་པས་བཀུག་ཅིག་འཐེན། །སྒྲོལ་གིང་དམར་པོ་ལས་ལ་འགྱེད། །དམ་ཚིག་དུས་ལ་བབ་བོ་ས་མ་ཡ། །ཐུགས་དམ་གཉན་པོ་བདག་བསྐུལ་གྱི། །དེ་དོན་དམ་སྐོང་ཕྲིན་ལས་མཛོད། །ཡབ་གཅིག་སྙན་གྱི་སྤྲུལ་པ་ལས། །ཡ་མ་རཱ་ཛ་གཤིན་རྗེའི་གིང་། །ནག་པོ་བསྭེ་ཡི་ཐོར་ཚུགས་ཅན། །གཡས་ན་ལྕགས་ཀྱི་སྤུ་གྲི་བསྣམས། །དམ་ཉམས་སྲོག་རྩ་ཆོད་ལ་ཤོག །གཡོན་ན་མེ་ཡི་འཁོར་ལོ་བསྐོར། །དགྲ་བོ་ལ་ཕོག་མེ་ལ་བསྲེག །འཁོར་ནི་གཤིན་རྗེ་འབུམ་གྱིས་བསྐོར། །སྒྲོལ་གིང་ཆེན་པོ་ལས་ལ་འགྱེད། །དམ་ཚིག་དུས་ལ་བབ་བོ་ས་མ་ཡ། །ཡབ་གཅིག་ལྗགས་ཀྱི་རོལ་པ་ལས། །རག་ཤ་ཡག་ཤ་བདུད་ཀྱི་གིང་། །ཁྱོད་ནི་བདུད་པོ་མ་རུ་རྩེ། །དམར་པོ་ཁྲག་གི་རལ་པ་ཅན། །གཡས་ན་བདུད་ཀྱི་སྟྭ་གྲི་བསྣམས། །དམ་ཉམས་ཀླད་པ་ཚལ་པར་འགེམས། །གཡོན་ན་ཆུ་ཡི་འཁོར་ལོ་བསྣམས། །དམ་ཉམས་དགྲ་བོ་ཆུ་ལ་བསྐུར། །སྲོག་བདག་དམར་པོ་ལས་ལ་འགྱེད། །དམ་ཚིག་དུས་ལ་བབ་བོ་ས་མ་ཡ། །ཐུགས་དམ་གཉན་པོ་བདག་བསྐུལ་ན། །དོ་ནུབ་དམ་སྐོང་ཕྲིན་ལས་མཛོད། །ཡབ་གཅིག་ཤངས་ཀྱི་རོལ་པ་ལས། །མི་ཏ་རག་ཤ་གནོད་སྦྱིན་གིང་། །ལྗང་ན་ཟངས་ཀྱི་རལ་པ་ཅན། །གཡས་ན་ཟངས་ཀྱི་སྤུ་གྲི་ཐོགས། །དམ་ཉམས་སྙིང་རྩ་དམར་པོ་ཆོད། །གཡོན་ན་ལུང་གི་འཁོར་ལོ་བསྐོར། །དགྲ་བོའི་ལས་མཐའ་རླུང་ལ་བསྐུར། །འཁོར་ནི་སྒྲོལ་གིང་དམར་པོ་འབུམ་གྱིས་བསྐོར། །མི་དམར་ཤན་པ་ལས་ལ་འགྱེད། །ཐུགས་དམ་དུས་ལ་བབ་བོ་ས་མ་ཡ། །ཧ་ལ་མིག་དམར་ཧུ་ལུ་མིག་དམར་དུས་ལ་བབ། །སྒྲོལ་གིང་དམར་པོ་ཤན་པ་ཁྱོད་ཀྱི་དུས་ལ་བབ། །དམ་ཉམས་སྲོག་རྩ་གཅོད་པའི་དུས་ལ་བབ། །ཧཱུྃ། ལྷོ་ཕྱོགས་གཤིན་རྗེའི་འཇིག་རྟེན་ན། །གཤིན་རྗེ་འཆི་བདག་ནག་པོ་ནི། །ཆིབས་སུ་མ་ཧེ་སྔོན་པོ་ཆིབས། །མ་ཧེ་སྔོན་པོའི་གདན་སྟེངས་སུ། །ཕྱག་གཡས་དབྱུག་ཏོ་རལ་གྲི་བསྣམས། །གཡོན་པ་ཐོད་ཁྲག་ཞགས་པ་བསྣམས། །མཆེ་བ་གཙིགས་པའི་གསུས་པོ་ཆེ། །མི་ཐོད་ཞུན་ཅན་རྙིང་པ་ངང་། །ཞིང་རས་རྙིང་པ་གོས་སུ་གྱོན། །ཆར་སྤྲིན་ནག་པོའི་ཁ་དོག་འདྲ། །ཆུ་ནག་རླབས་བཞིན་འོད་དུ་འབར། །འཁོར་གཡོག་བྱེ་བ་སྟོང་གིས་བསྐོར། །རོལ་དུ་མ་མོ་འབུམ་གྱིས་བསྐོར། །བྲན་དུ་གཤིན་རྗེ་བྱེ་བ་འཁོལ། །ཕོ་ཉ་ཡི་དྭགས་ས་ཡ་འགྱེད། །ཟས་སུ་སྲིད་པའི་ཤ་ལ་ཟ། །སྐོམ་དུ་སྲིད་པའི་ཁྲག་ལ་འཐུང་། །ལས་སུ་འགུགས་ཤིང་གསོད་པར་བྱེད། །འཁོར་མང་འདུས་ཤིང་ལས་ལ་འཁོལ། །སེམས་ཅན་ཀུན་ལ་ཟ་ཞིང་འཆའ། །སྲིད་པ་ཀུན་གྱི་སྲོག་གི་བདག །ཁམས་གསུམ་སྐྱེ་འགྲོའི་དབུགས་ཀྱི་བདག །སྲོག་དང་དབུགས་ལ་མངའ་མཛད་པ། །ལྷོ་ཕྱོགས་གཤིན་རྗེ་སྐྱོང་མཛད་པ། །གསོན་པོ་ཀུན་གྱི་བདུད་དུ་ཆེ། །གཤིན་པོ་ཀུན་གྱི་རྗེ་རུ་ཆེ། །གསོན་གཤིན་གཉིས་ཀྱི་ཟམ་ཁ་པོ། །ལེགས་ཉེས་གཉིས་ཀྱི་སྟངས་འཛིན་པོ། །དམ་ཚིག་ཉམས་པའི་རྗེས་གཅོད་པོ། །བདག་དང་འགྲས་པའི་དགྲ་བོ་ལ། །གཏན་ཕུང་གཤེད་མ་ཁྱེད་ཀྱིས་གྱིས། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་གཏོར་མ་དགྲ་ཕྱོགས་སུ་འཕང་ངོ་། །འཆི་བདག་གཏོར་མ་དགྲ་ཕྱོགས་སུ་འཕང་བ་ནི། བདག་ཉིད་ཡི་དམ་ལྷར་གསལ་བ་ལས། མདུན་དུ་འཆི་བདག་གསལ་ལ། གཏོར་མ་སྤྲུལ་པའི་ཕོ་ཉ་མང་པོར་བསམས་ལ། བསྐུལ་བྱས་ཏེ་གཏོར་མ་དགྲ་ཕྱོགས་སུ་འཕངས་ལ། ཁང་ཁྱིམ་ནག་ཧར་གྱིས་སོང་བར་བསམ་མོ། །མི་ཕྱུགས་ལ་བརྒྱབ་པས་བྱིའུ་ཚང་གཡག་གིས་བརྫིས་པ་ལྟར་སོང་བར་བསམ་ལ་འཕང་ངོ་། །ཨཱོྂ་སྟ་སྟི་རུ་རུ་ཁོང་ཁྲག་རཱ་ཛཿ ཨེ་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་དབུལ་ལོ། །རྗེས་ཀྱི་བྱ་བ་རྣམས་གཞན་དུ་གསལ་བ་ལས་འདིར་མ་བྲིས་སོ། །གཤིན་རྗེའི་གཤེད་དམར་པོའི་སྒྲུབ་ཐབས་མཐོང་བ་དོན་ཡོད་ཞེས་བྱ་བ་འདི་ནི། སྔགས་འཆང་གཟུངས་ཀྱི་དཔལ་གྱིས། འབྲི་ཕྱུག་ཙན་དན་གྱི་ནགས་ཁྲོད་དུ་བཀོད་པ་ཡོངས་སུ་རྫོགས་སོ།། །།ནོར་འཁྲུལ་མཆིས་ན་བླ་མ་ལྷར་བཅས་མཁས་རྣམས་གང་ཡིན་བཟོད་པར་གསོལ། །མ་འཁྲུལ་དགེ་བ་གང་བསྐྲུན་དེས་ནི་བསྟན་པའི་དགྲ་བོ་དྲུང་ནས་འབྱིན་པར་ཤོག། །།


previousགཤིན་རྗེ་མ་རུ་རྩེའི་སྒྲུབ་ཐབས་མཐོང་བ་དོན་ཡོད།next