Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་དགུ་བཅུ་པ།


   
   
   
   
   
   
   
འདུས་པ་མདོའི་སྐུ་བཞིའི་གླེང་འགྲེལ་རྒྱུད་དོན་གསལ་བྱེད།
   
   


 
previousའདུས་པ་མདོའི་སྐུ་བཞིའི་གླེང་འགྲེལ་རྒྱུད་དོན་གསལ་བྱེད། next

འདུས་པ་མདོའི་སྐུ་བཞིའི་གླེང་འགྲེལ་རྒྱུད་དོན་གསལ་བྱེད།

འདུས་པ་མདོའི་སྐུ་བཞིའི་གླེང་འགྲེལ་རྒྱུད་དོན་གསལ་བྱེད་ཅེས་བྱ་བ་བཞུགས་སོ། །བཅོམ་ལྡན་འདས་སྨྲ་བའི་སེངྒེ་ལ་ཕྱག་འཚལ་ལོ། །ཆོས་སྐུའི་གླེང་གཞི་ནི། དང་པོ་དུས་དང་སྡུད་པ་ཐུན་མོང་དུ་བསྟན་པ་ནི། ལང་ཀའི་བདག་པོ་དེ་ཡང་འདི་ལྟར། འདི་སྐད་བདག་གིས་ཐོས་པའི་དེ་ཁོ་ན་ཉིད་ངེས་པར་སྣང་བའི་དུས་གཅིག་ན། ཞེས་པ་ལས་སོ། །ཆོས་ཀྱི་སྐུའི་བསྟན་པ་འདི་སྐད། བདག་གསང་བའི་བདག་པོས། ཆོས་སྐུ་ལས་ཐོས་པའི་ཚུལ་ནི། སྐྱེ་མེད་དོན་གྱི་གསུང་། བརྗོད་པའི་མཐའ་དང་བྲལ་བ་མ་བཅོས་དེ་ཁོ་ན་ཉིད། སྡུད་པ་པོ་དང་། སྟོན་པ་དགོངས་པ་དབྱེར་མེད་དེ། དུས་གསུམ་གྱི་ཐ་སྙད་དང་བྲལ་ཞིང་། དུས་བཞི་མཉམ་པ་ཉིད་ཀྱི་ངོ་བོར་བཞུགས་པ་ནི་དུས་གཅིག་ན་ཞེས་བྱའོ། །སྟོན་པ་ལ་གཉིས་ཀྱི། སྟོན་པའི་ངོ་བོ་ནི། བཅོམ་ལྡན་འདས། ཞེས་པ། ཆོས་ཀྱི་སྐུ་བྱས་བཅོས་དང་བྲལ་བ་དེ་ཁོ་ན་ཉིད་སྐྱེ་བའི་ཕུང་པོར་མ་གྲུབ་པས་ནི་ཕུང་པོའི་བདུད་བཅོམ། སྐྱེ་བའི་ཕུང་པོར་མ་གྲུབ་པ་ལ་འགག་པ་མ་དམིགས་ཤིང་སྐད་ཅིག་མའི་མི་རྟག་པ་མེད་པས་འཆི་བདག་གི་བདུད་བཅོམ། དེའི་ངང་ལ་གཉེན་པོ་དང་མི་མཐུན་པ་མེད་པས་ལྷའི་བུའི་བདུད་བཅོམ། དེ་ལྟ་བུའི་ངང་ལ་ཉོན་མོངས་པ་ཉིད་ཡེ་ཤེས་སུ་རང་སྣང་བས་ཉོན་མོངས་པའི་བདུད་བཅོམ། ཡང་ན་རང་བྱུང་ཡེ་ཤེས་སུ་འཛིན་རྟོག་ཕྲ་རགས་ཐམས་ཅད་མི་གནས་པ་ན་བཅོམ། དེ་ལྟར་ནའང་སྟོང་པའི་མཐའ་ལྟ་བུ་མ་ཡིན་ཏེ། ཐམས་ཅད་དུ་འགགས་པ་མེད་པར་རང་ཤར་བ་ལ་ནི་ལྡན་ཞེས་བྱའོ། །དེ་ནི་མ་དམིགས་པ་དང་མ་འགགས་པ་རྣམ་པ་གཉིས་ཀྱི་མཐའ་ལས་འདས། ཞེའོ། །དེ་བཞིན་གཤེགས་ཞེས་པ། ཐམས་ཅད་རང་བཞིན་བྱས་བཅོས་དང་བྲལ་བ་ཅི་ལྟར་གནས་པ་དེ་བཞིན་རྟོགས་པའི་རིག་པ་གཉིས་སུ་མེད་པར་མཇལ་བ་ནི་སོན་པའམ་གཤེགས་པ་ཞེས་བྱའོ། །ཐམས་ཅད་ཐུགས་ཞེས་པའམ། ཕྱོགས་བཅུར་བཞུགས་ཤིང་དུས་བཞིར་གཤེགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྲས་གཟུགས་སྐུ་ཐམས་ཅད་དེ། དེ་དག་འོང་བསྡུས་མེད་པར་དགོངས་པ་ཆོས་ཀྱི་སྐུའི་ངང་དུ་དབྱེར་མེད་ཅིང་མི་འགྱུར་བར་བཞུགས་པ་ནི་ཐུགས་ཞེས་བྱའོ། །དགྲ་བཅོམ་པ་ཞེས་པ་དགྲ་ནི་ལས་དང་ཉོན་མོངས་པ་ཤེས་བྱའི་སྒྲིབ་པ་སྟེ། དེ་དག་ནི་མི་མཐུན་པའི་ཕྱོགས་ཏེ། དེ་དག་སྤང་མེད་བྱང་ཆུབ་སེམས་སུ་རང་དག་ཅིང་དམིགས་འཛིན་ངང་གིས་མི་གནས་པ་ལ་ནི་བཅོམ་ཞེས་བྱའོ། །ཡང་དག་པར་རྫོགས་པའི་ཞེས་པ། སངས་རྒྱས་དང་ཡང་དག་པར་རྫོགས་པའི་སངས་རྒྱས་ལ། འདིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ། ཆོས་སྐུའི་ངང་ལས་འཛིན་རྟོག་མ་སྤང་བྲལ་ཞིང་། ཤེས་བྱའི་མཐར་ཐུག་པའི་མཁྱེན་པ་རང་གསལ་དུ་རྫོགས་ཞེའོ། །སངས་རྒྱས་ཞེས་པ། མཐའི་འཛིན་རྟོག་མ་ལུས་པ་ངང་གིས་མི་གནས་ཤིང་། རང་བྱུང་ཡེ་ཤེས་ཡེ་ཁྱབ་པའི་བདག་ཉིད་དུ་བཞུགས་པ་ལ་ནི་རྒྱས་ཞེས་བྱའོ། །ཞེས་བྱ་བའི་ཐ་སྙད་དང་བྲལ་བ། ཞེས་པ། སངས་རྒྱས་སུ་བཏགས་པའི་ཐ་སྙད་ཙམ་ཡང་ངོ་བོ་ལ་མ་དམིགས་ཏེ་གདགས་གཞི་ངོ་བོ་བྲལ་བའོ། །བླ་དྭགས་ཐམས་ཅད་ལས་འདས་པ། ཞེས་པ། ཆོས་ཀྱི་སྐུ་དངོས་གཞི་ཐམས་ཅད་དང་བྲལ་བར་བཞུགས་པས། ཚིག་གི་བླ་དྭགས་ཀྱི་སྒྲོ་བཏགས་ཐམས་ཅད་མ་སྤངས་ཤིང་རང་རྒྱུད་པར་མ་གྲུབ་པ་ལ་ནི་བྲལ་ཞེས་བྱའོ། །ནམ་མཁའ་ཆེན་པོ་ཀུན་ལ་ཁྱབ་པའི་བདག་ཉིད། ཅེས་པ། ཆོས་ཉིད་ཀྱི་ནམ་མཁའ་མུ་མཐའ་མེད་པར་ཁྱབ་ཅིང་ཐམས་ཅད་དེ་ཉིད་དུ་དབྱེར་མེད་པས་ཆེན་པོ་སྟེ། ཐམས་ཅད་མ་བསྒོས་པར་ཁྱབ་ཅིང་། དེ་ལས་མ་གཏོགས་པ་གཞན་ཡུལ་དང་ཡུལ་ཅན་དུ་གྲུབ་པ་མེད་པས་བདག་ཉིད་ཅེས་བྱའོ། །མངོན་དུ་མི་གནས་མཚོན་དུ་མེད་པས་ཞེས་པ། དེ་ལྟ་བུའི་དོན་དངོས་གཞི་ཐམས་ཅད་དང་བྲལ་བས་སྤྱོད་ཡུལ་དུ་མ་གྲུབ་པ་ནི་མངོན་དུ་མི་གནས་པ་སྟེ། དེ་དཔེའམ་ཚིག་གིས་ཀྱང་མཚོན་བྱ་མཚོན་བྱེད་དང་བྲལ་བ་ལ་ནི་མེད་ཅེས་བྱའོ། །ཡོངས་སུ་རྫོགས་པའི་རྒྱལ་པོ་དེ་ཞེས་པ། དགོངས་པ་གོང་དུ་བཤད་པ་དེ་ལྟ་བུའི་ངང་ལས་འཁོར་འདས་ཀྱི་ཆོས་ཐམས་ཅད་འོང་བསྡུས་མེད་པར་མ་འདྲེས་ལ་ཡོངས་སུ་རྫོགས་པར་མཁྱེན་ཅིང་མཐའ་གཉིས་མ་སྤངས་བྲལ་བས་རྒྱས་པའོ། །གནས་ནི་ཡོངས་སུ་ཁྱབ་པའི་གནས་མཁའ་དབྱིངས་བདེ་བ་ཆེན་པོའི་ངང་། ཞེས་པ། ཆོས་ཉིད་མི་འགྱུར་ཅིང་རང་གསལ་བའི་ངོ་བོར་གནས་པ་དེ་ཐམས་ཅད་ཀྱི་རྒྱུར་གྱུར་པའོ། །མཐའི་ཟུག་རྔུ་ངོ་བོས་བྲལ་བ་སྟེ། དེ་ལྟ་བུའི་ངང་དུ་ཐམས་ཅད་དབྱེར་མེད་ཅིང་ལྷུན་གྱིས་གྲུབ་པས་ན་ངང་ཞེས་བྱའོ། །ཐམས་ཅད་སངས་རྒྱས་ཞེས་པ་ཆོས་འདུས་བྱས་དང་འདུས་མ་བྱས་ཐམས་ཅད་མ་འདྲེས་ཡོངས་རྫོགས་སུ་ལྷུན་གྲུབ་ཀྱི་ངོ་བོར་བཞུགས་པའོ། །མཁྱེན་པར་བཀོད་པ། ཞེས་པ། རང་བྱུང་ཡེ་ཤེས་ཆོས་ཐམས་ཅད་དང་མི་ཕྱེད་པའི་ངོ་བོར་བཞུགས་པ་ལ། མཁྱེན་བྱ་མཁྱེན་བྱེད་མེད་པའི་ཚུལ་གྱིས་མི་འགག་པའི་རྣམ་པ་ཅི་ལྟར་སྣང་ཡང་མ་འདྲེས་པ་རང་སྣང་ཞིང་ངོ་བོ་རང་བྱུང་ཉིད་དུ་ཡོངས་སུ་རྫོགས་ཏེ། དབྱེར་མེད་རང་གསལ་དུ་སྣང་བ་ནི་བཀོད། ཅེའོ། །ཀུན་གཞི་ཆོས་ཀྱི་ཕོ་བྲང་། ཞེས་པ། ཆོས་ཀྱི་དབྱིངས་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་དེ་ལ་རང་སྣང་ཞིང་དེར་གནས་པས་ན་ཕོ་བྲང་། ཡེ་འབྱམས་རྨད་དུ་གྲགས་པ། ཞེས་པ། རང་བྱུང་གི་ཡེ་ཤེས་ཆེན་པོ་ཐམས་ཅད་དུ་རང་གསལ་བར་ཤར་བ་ལ་མཐའ་འདི་ཐུག་མེད་དེ་དེ་ལྟ་བུའི་དོན་གཞན་ལས་ཁྱད་པར་འཕགས་པ་ནི་དོན་རྨད་དུ་བྱུང་བ་ཐམས་ཅད་མ་འགག་པར་སྣང་བ་ནི་གྲགས་པ་སྟེ། རྒྱ་ཕྱོགས་བཅུར། ཞེས་པ་ལ་སོགས་པ། ཆོས་ཀྱི་དབྱིངས་དེ་ཕྱོགས་བཅུ་ཐམས་ཅད་དུ་འདིར་ཁྱབ་འདིར་མ་ཁྱབ་མེད་དེ། ཐམས་ཅད་དུ་ཁྱབ་བདལ་ཞིང་ཚད་གཟུང་དུ་མེད་པའོ། །ཆོས་ཉིད་བྱས་བཅོས་དང་བྲལ་བ་དེ་ཉིད་མི་འགྱུར་ཞིང་གོ་འབྱེད་པའི་བདག་ཉིད་དུ་སྣང་སྟེ། དེ་ཉིད་བརྗོད་གཞི་དང་བྲལ་ཏེ། དེ་ལྟ་བུའི་ངང་ལ་རང་བྱུང་ཡེ་ཤེས་རང་གསལ་ཉི་མའི་སྙིང་པོ་ལྟ་བུ་བློས་དཔག་ཏུ་མེད་དེ་ཕྱོགས་རིས་མེད་པར་འཆར་ཞེའོ། །དེ་ལྟ་བུའི་དོན་མཐའ་མ་སྤངས་བྲལ་བས་དབུས་སུ་འཛིན་པ་དང་ཡང་བྲལ་ཏེ། དེས་ཐམས་ཅད་ནས་ཐམས་ཅད་དུ་མཉམ་པ་ཆེན་པོར་གནས་ཏེ་ཕྱོགས་ཆ་དང་བྲལ་བའོ། །དེ་ལྟ་བུའི་དོན་དེས་བསྒོས་པ་མེད་པར་བདལ་ཁྱབ་ཅིང་རིས་སུ་འབྱེད་པ་དང་བྲལ་ཏེ་དེ་ལྟ་བུར་རང་སྣང་དུ་གནས་པ་ལ་ནི་ཞིང་ཁམས་ཞེས་བྱའོ། །སྟོན་པའི་མཚན་ཉིད་ནི། གང་དུའང་མི་གནས་གནས་པ་ཆེན་པོ། ཞེས་པ། སྣང་སྟོང་གི་དངོས་པོ་གང་དུའང་མི་གནས་པའི་རང་བྱུང་ཡེ་ཤེས་ཉིད་མི་འགྱུར་བའི་ངོ་བོར་བཞུགས་པ་ནི་རྐྱེན་ཅིས་ཀྱང་མི་གཡོ་ཞིང་གནས་བྱ་གནས་བྱེད་མེད་པས་ནི་ཆེན་པོའོ། །གང་ལའང་མ་ཆགས་ཆགས་པའི་བདག་ཉིད། ཅེས་པ། ཆོས་གང་དང་ཡང་ལྷན་མི་གཅིག་སྟེ་ངོ་བོ་གང་དུའང་མ་གྲུབ་པས་ཆགས་བྱ་ཆགས་བྱེད་མེད་ལ། དེ་ཉིད་ཐམས་ཅད་དབྱེར་མེད་ཅིང་ཐམས་ཅད་དེའི་ངོ་བོར་མ་གྱུར་པ་མེད་དེ་ཟླ་མ་གྲུབ་པའོ། །ཅིའང་མི་མཛད་མཛད་པ་ཐམས་ཅད་ལྷུན་གྲུབ། ཅེས་པ། ཆེད་དུ་བྱ་བ་ཅི་ཡང་མེད་དེ། དེ་ལྟ་བུ་ལ་ནི་འགྲོ་བའི་དོན་རྒྱུན་ཆད་མེད་པར་མཛད་དེ་མཛད་པ་ཐམས་ཅད་ཡུལ་དང་ཡུལ་ཅན་མེད་དེ་ལྷུན་གྲུབ་ཏུ་རང་སྣང་ངོ་། །མི་སྐྱེ་མི་འགག་རྣམ་གྲོལ་རྣམ་དག །ཅེས་པ། རང་བྱུང་ཡེ་ཤེས་རྒྱུ་ལས་མ་བྱུང་རྐྱེན་གྱིས་མ་བསྐྱེད་དེ། དེ་ནི་མ་སྐྱེས་པར་བཞུགས་པ་ལ་འགགས་པ་མེད་དེ། འཆིང་བ་ཐ་དག་དང་བྲལ་བས་ཡེ་གྲོལ་བ་ཆེན་པོར་སྣང་ཞིང་དེའི་ངང་ལ་སྐྱོན་གྱི་དྲི་མའི་ཚོགས་མ་སྤངས་བྲལ་བས་རྣམ་དག་གོ། །དངོས་པོ་ཐེར་ཟུག་པ་རང་རྒྱུད་དུ་གྲུབ་པ་མེད་དེ། དེ་ཉིད་མི་འགྱུར་ཞིང་སྒྲིབ་བྱེད་མེད་པར་རང་གསལ་བའི་རང་བཞིན་དུ་གནས་པའོ། །མ་བཅོས་མ་བྱས་ཡེ་ནས་ཅི་བཞིན། ཞེས་པ། ཆོས་ཀྱི་སྐུ་ནི་གཞན་གྱིས་མ་བཅོས་བྱེད་པ་པོས་མ་བྱས། ཡེ་ནས་ཅི་ལྟར་གནས་པའི་དོན་མ་བཅོས་པ། ཅི་བཞིན་ཉིད་དུ་རང་སྣང་བའོ། །འཁོར་བ་མི་སྤངས་ཡེ་བདལ་ཁྱབ་པ་ཞེས་པ། མ་དག་པ་ལས་ཀྱིས་ཁ་ལོ་བསྒྱུར་ཞིང་གནས་གཅིག་ནས་གཅིག་ཏུ་འཁོར་བའི་ཁམས་ཀྱང་རང་བྱུང་ཡེ་ཤེས་ཉིད་དེ་ལྟར་རང་སྣང་བས་སྤང་དུ་མེད་ལ་ཐམས་ཅད་ལ་བསྒོས་པ་མེད་པ་བདལ་ཁྱབ་པ་བཞུགས་སོ། །དུག་གསུམ་མི་སྤོང་སྨན་པ་ཆེན་པོ། །ཞེས་པ། རྒྱུ་དང་འབྲས་བུ་སྡུག་བསྔལ་གྱི་མཚན་ཉིད་ཅན་ནི་དུག་གསུམ་སྟེ། དེའང་བྱང་ཆུབ་སེམས་ཉིད་པས་སྤང་དུ་མེད་དེ། དུག་གསུམ་སྣང་ཙམ་ཉིད་ན་ཆོས་སྐུ་ཆེན་པོར་རང་གསལ་བ་ནི་རང་རྒྱུད་ཀྱི་ཟུག་རྔུ་མེད་པས་སྨན་པ་ཆེན་པོ་ཞེའོ། །ཅིར་ཡང་མི་དམིགས་དམིགས་པ་ཀུན་འབྱུང། ཞེས་པ། ངོ་བོ་ཅི་ཡང་མ་གྲུབ་ཡུལ་དང་ཡུལ་ཅན་དུ་དམིགས་པའི་འདུ་ཤེས་ངང་གིས་མི་གནས་ཏེ། དེ་ལྟར་ནའང་དམིགས་པའི་ཆོས་ཐམས་ཅད་དུ་རང་སྣང་ཞིང་སྣང་ཙམ་ཉིད་ན་དེ་ལས་མི་གཞན་ཏེ་དེ་ཉིད་རང་སྣང་ཞེའོ། །ཚིག་གི་ལམ་ཆད་བརྗོད་པ་ཀུན་འབྱུང་། ཞེས་པ། ངོ་བོ་ཅིར་ཡང་མ་ཡིན་པས་བརྗོད་གཞི་བྲལ་ཏེ། བརྗོད་པའི་ཚིག་གིས་མཚོན་པར་མི་ནུས་ཏེ། དོན་ལ་རེག་པར་དཀའ་བས་ལམ་ཆད་པ་སྟེ། དེ་ལྟར་ན་ཡང་ཅི་ཡང་མ་ཡིན་པ་ཉིད་ཅིར་ཡང་འཆར་བས། བརྗོད་པ་མ་འགག་པར་སྣང་བ་ཐམས་ཅད་ཀྱང་དེ་ཉིད་རང་སྣང་ཞིང་འབྱུང་ཞེས་བྱའོ། །གང་དང་མ་འདྲེས་གཅིག་ཏུ་ཡོངས་སུ་རྫོགས་པ། ཞེས་པ། མཐའ་ཐམས་ཅད་མ་སྤངས་བྲལ་བའི་དོན་ནི་གང་གི་ཕྱོགས་སུ་སོང་བ་མེད་པས་མ་འདྲེས་ཏེ། དེ་ལྟར་ནའང་ཐམས་ཅད་བདག་ཉིད་ཆེན་པོའི་ངོ་བོར་ལྷུན་གྱིས་གྲུབ་པ་ནི་ཟླ་མེད་པས་གཅིག་པུ་སྟེ། འཛིན་བྲལ་ཆེན་པོའི་ངང་དུ་རྫོགས་ཞེའོ། །ཀུན་ནས་ཀུན་ཏུ་ངང་བཟང་པོ། །ཞེས་པ། དུས་ཀུན་ནས་གནས་སྐབས་ཀུན་ཏུ་ངན་པའི་མཚན་མ་གཞི་ལ་མ་གྲུབ་པས་མི་རྙེད་དེ། དེ་ལ་ནི་ཐ་སྙད་ཙམ་དུ་བཟང་པོ་ཞེས་བྱའོ། །མི་ནུབ་པའི་ཏོག་ཆེན་པོར། ཞེས་པ། སྐྱེ་འགག་བྲལ་བའི་དོན་དེ་ཉིད་ཤེས་བྱ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པས་ཏོག་སྟེ། ཁྱད་པར་དུ་འཕགས་པས་ཆེན་པོར་ཞེས་སོ། །འཁོར་ནི། ཡེ་ཤེས་བརྗོད་ཀྱིས་མི་ལང་བའི་ཡང་མི་ལང་བ་དང་། ཞེས་པ། འཁོར་ཕུན་སུམ་ཚོགས་པ་ནི། རང་བྱུང་ཡེ་ཤེས་ཉིད་ཡེ་ཤེས་བཞིར་རང་སྣང་སྟེ། དེ་རེ་རེ་ལའང་ལྔ་ལྔར་ཤར། དེ་རེ་རེ་ལའང་བསམ་གྱིས་མི་ཁྱབ་ཅིང་། ཆོས་ཀྱི་དབྱིངས་ཀྱིས་གར་ཁྱབ་ཐམས་ཅད་དུ་རང་སྣང་དུ་འཆར་ཏེ་ཚད་གཟུང་དུ་མེད་པས་ཚིག་གིས་བརྗོད་དུ་མི་ལང་བའི་ཡང་བརྗོད་དུ་མི་ལང་ཞེས་བྱའོ། །འདུ་འབྲལ་མེད་པར་ཀུན་ཏུ་འུབ་ཆུབ་སྟེ། དབྱིངས་ཉིད་མ་འགགས་རིག་པའི་ཡེ་ཤེས། ཡེ་ཤེས་ཉིད་སྤྲོས་མཐའ་ངང་གིས་བྲལ་བས་དབྱིངས། དེ་ལྟར་དབྱིངས་དང་ཡེ་ཤེས་གཉིས་དུས་གསུམ་དུ་འདུ་འབྲལ་མེད་པའི་ངང་དུ་ཆོས་ཐམས་ཅད་འོང་བསྡུས་མེད་པར་གཅིག་ཅིང་འུབ་ཆུབ་སྟེ། ཞེས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་དུ་བཞུགས་སོ། །ཞེས་པ། བཏགས་པ་ཐ་དད་དུ་འཛིན་པའི་དངོས་པོ་ངང་གིས་མ་གྲུབ་སྟེ། མ་བཅོས་ཤིང་ལྷུན་གྲུབ་ཆེན་པོ་འགྱུར་བའམ་མི་རྟག་པ་མི་མངའ་བའི་ངོ་བོར་བཞུགས་བྱ་བཞུགས་བྱེད་མེད་པའི་ཚུལ་གྱིས་བཞུགས་ཞེས་བྱའོ། །ཆོས་སྐུའི་འཁོར་ནི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་རྣམས་ཀྱང་ཡིན་ལ། ས་བཅུ་མཐར་ཕྱིན་པ་དག་ཆོས་སྐུ་ལྷུན་གྱིས་གྲུབ་པས་འཁོར་རོ། །ལོངས་སྐུའི་གླེང་གཞི་ནི། དང་པོ་དུས་དང་སྡུད་པ་ཐུན་མོང་དུ་བསྟན་པ་ནི། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ཀྱི་ཚིག་འདི་སྐད་དུ། ཞེས་པ་ལ་སོགས། འོག་མ་དག་གིས་རིག་ཅིང་རྟོགས་པར་དཀའ་བའི་དོན་ཆོས་ཐམས་ཅད་ཀྱི་དོན་བཅུད་དུ་འགྱུར་བའི་དོན་ཏེ། བྱས་བཅོས་དང་བྲལ་བའི་རིག་པ་རང་བྱུང་གི་ཡེ་ཤེས་ཁོ་ན་སྟེ། དེ་འཁོར་གྱི་རིག་པ་ལ་རང་སྣང་བ་ནི་ཚིག་སྐད་དུ་ཞེས་བྱའོ། །མཐུན་འཇུག་ཐབས་སུ་ཐོས་པ་དུས་གཅིག་ན། ཞེས་པ། མཐར་ལམ་པ་དག་ཏིང་ངེ་འཛིན་ལ་འབྱུང་འཇུག་མེད་པ་དང་ཆ་མཐུན་དུ། སྟོན་པའི་ཐུགས་ཉིད་འཁོར་གྱི་རིག་པ་དང་དབྱེར་མེད་པར་མཇལ་བ་ནི་ཐོས་པ་སྟེ། དེ་ལྟར་སྣང་བ་ནི་དུས་ཏེ། སྐད་ཅིག་ལ་ལྷུན་གྲུབ་ཏུ་རང་སྣང་ཞེའོ། །སྟོན་པའི་ངོ་བོ་བསྟན་པ་ནི། དེ་བཞིན་གཤེགས་པ་ཞེས་པ་ལ་སོགས་པ། གནས་ཚུལ་ཅི་ལྟར་ཡིན་པ་དེ་བཞིན་རྟོགས་པས་ཕྱིན་ཅི་མ་ལོག་པར་མཇལ་བ་ནི་རང་དོན་དུ་གཤེགས་ཞེའོ། །དེ་ལྟར་ནའང་གདུལ་བྱའི་ངོ་ལ་སྐུ་གསུང་ཐུགས་ཀྱི་མཛད་པ་སྣ་ཚོགས་སུ་སྣང་བ་ནི་གཞན་དོན་དུ་གཤེགས་པའོ། །དེའང་ཐམས་ཅད་ཀྱི་སྒྲས་ཕྱོགས་བཅུ་དུས་བཞིར་བཞུགས་ཤིང་གཤེགས་པའི་རྒྱལ་བ་གཟུགས་ཀྱི་སྐུ་ཐམས་ཅད་དབྱེར་མེད་པའི་བདག་ཉིད་ལོངས་སྤྱོད་གཉིས་ལྡན་ལ་སྤྱོད་ཀྱང་། ངོ་བོ་ལ་གཟུང་འཛིན་མི་མངའ་བས་བཅོམ་སྟེ། ངོ་བོ་གང་དུའང་མི་གནས་པས་འདས་སོ། །དེ་ལྟ་བུ་རང་བཞིན་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་གིའང་སྤྱོད་ཡུལ་དུ་མ་གྱུར་པས་གསང་བ་སྟེ། ཐམས་ཅད་ལས་བླར་གྱུར་པས་མཆོག་ཅེས་སོ། །དོན་དེ་ནི་དུས་གསུམ་དུ་འདུ་འབྲལ་མེད་པས་རང་སྣང་སྟེ་དེ་ལ་མངའ་བརྙེས་པས་བདག་པོ་དེ་ཞེས་སོ། །དེ་ལ་ནི་དག་པ་བླང་བ་དང་མ་དག་པ་སྤངས་བ་མེད་དེ། གཉིས་སུ་མེད་པར་རང་བྱུང་གི་ཡེ་ཤེས་མི་འགག་པའི་བྱིན་རླབས་ཅི་ལྟར་འཆར་ཡང་སྣང་སྟོང་གཉིས་སུ་མེད་པའི་ངོ་བོ་ལས་རང་སྣང་བས་མ་འདྲེས་ཡོངས་རྫོགས་སུ་དབང་བསྒྱུར་ཏེ། གདུལ་བྱའི་ཅི་ལྟར་འདོད་པ་མ་ལུས་པ་ཀུན་མི་འགག་པར་འབྱུང་ཞིང་ངོ་བོ་ཅིར་ཡང་མ་གྲུབ་པ་ཉིད་ཟད་པ་དེ་གདུལ་བྱའི་དགོས་འདོད་མ་ཚང་བ་མེད་པའི་མཛོད་ལ་མངའ་བརྙེས་ཏེ། གདུལ་བྱའི་ངོ་ལ་གང་ལ་གང་འདུལ་དུ་སོ་སོར་མ་འདྲེས་པར་བཀོད་ཅིང་འཚམས་པར་སྣང་བའོ། །དེ་ལྟར་ན་སྐུ་གསུང་ཐུགས་ཆེ་བའི་མཛད་པ་བློས་མི་དཔོགས་ཏེ་བསམ་ཡས་པ་ཀུན། གདུལ་བྱའི་ངོ་ལ་རྫོགས་པར་སྣང་བས་ན་སྤྱོད་པའོ། །དེ་ལ་གདུལ་བྱ་དག་ངོ་མཚར་ཞིང་ངམ་སྟེ། དེ་ལྟར་ནའང་མཐའི་དྲི་མ་སྤང་མེད་རང་དག་པར་ཡུལ་གཉིས་ལ་རོལ་ཀྱང་ཞེན་འཛིན་མི་མངའ་སྟེ། དོན་རང་བྱུང་གི་ཡེ་ཤེས་རང་གསལ་དུ་སྣང་བ་ནི་གཟི་བརྗིད་དང་ལྡན་ཏེ། སྐུ་ཡང་གཟི་བརྗིད་ཁྱད་པར་དུ་འཕགས་པར་བཞུགས་སོ། །དེ་ནི་དབྱིངས་མི་འགག་པ་རིག་པ་ཡེ་ཤེས་ཀྱི་རླབས་ཀྱིས་འགྲོ་བ་གང་ལ་གང་འདུལ་དུ་གཅོད་ཅིང་དོན་མཛད་དེ། གདུལ་བྱའི་སྒོ་གསུམ་གྱི་རྟོག་པ་ཅི་སྙེད་པ་དེ་སྙེད་དུ་དེ་དང་དེར་དབྱེ་བསལ་མེད་པར་ལྷུན་གྲུབ་རང་སྣང་གི་མཛད་པས་འདུལ་ཏེ། ཕྱོགས་རེས་དང་བྲི་བཀོལ་མེད་པས་ཆེན་པོའོ། །དེས་གདུལ་བྱ་དག་གོང་ནས་གོང་དུ་བསྐྱོད་ཅིང་འབྲས་བུ་ལ་རེག་པར་མཛད་དོ། །སྟོན་པའི་མཚན་ཉིད་འོག་ནས་སྟོན། གནས་ནི། རྨད་དུ་བྱུང་བའི་དོན་འདི་ཉིད་གླེང་བའི་གནས། ཞེས་པ། གསང་བའི་དོན་རྨད་དུ་བྱུང་བ་སྟེ། ཅི་བཞིན་པ་གསང་སྔགས་དེ་ཁོ་ན་ཉིད་འཁོར་གྱི་རིག་པ་ལ་མཇལ་བར་བྱེད་པའི་ཐབས་ནི་གླེང་བ་སྟེ། དེའི་གནས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་མ་བསགས་རྫོགས་པའི་འགྱུར་བ་མེད་པར་རང་སྣང་ཆོས་ཀྱི་དབྱིངས་དུས་གསུམ་དུ་མི་འགྱུར་ཐམས་ཅད་དེ་ལས་སྣང་བས་གཞིའོ། །དེ་ལྟ་བུའི་དོན་ཉིད་ལ་ལམ་གྱི་བྱ་བ་རྫོགས་ཏེ། སྟོན་འཁོར་རྣམས་དེ་ལ་རང་སྣང་སྟེ། དེ་ཉིད་ལས་མི་གཞན་པས་གནས་པའི་དོན་གྱིས་ཞེས་བྱའོ། །དེ་ལྟ་བུ་ལ་མ་འགག་པ་དང་མ་དམིགས་པ་དབྱེར་མེད་དུ་རང་སྣང་བས་ངོ་བོ་འཛིན་པའི་ཟུག་རྔུ་མ་སྤང་བྲལ་བས་བདེ་བ་ཅན་ཞེས་བྱ་བ་སྟེ། ཞིང་གི་སྟོན་པ་ནི། ཁམས་འཁོར་རམ་བསྟན་པའམ། ཡང་ན་ཞིང་འཁོར༴ ཁམས་ནི་གནས་དང་སྟོན་པའོ། །འོག་མིན་ནི། འདིར་རང་བཞིན་གྱི་འོག་མིན་དང་། རིག་པའི་འོག་མིན་དང་། གནས་ཀྱི་འོག་མིན་ནོ། །འོག་མིན་ནི་དོན་ཆོས་ཐམས་ཅད་རང་སྣང་བའི་དབྱིངས་ཐམས་ཅད་དེར་གནས་པས་ཕོ་བྲང་། ཆོས་ཀྱི་དབྱིངས་ཉིད་ཅིར་ཡང་འཆར་བའི་རྟགས་སུ་གཞལ་ཡས་ཀྱི་རིན་པོ་ཆེ་ཁ་དོག་སྣ་ཚོགས་ལས་གྲུབ་པའོ། །གཞལ་ཡས་ནི་ཐུགས་རིག་པ་ཉིད་དཔགས་པར་དཀའ་བའི་དོན་གཞལ་ཡས་ཀྱང་རྒྱ་འདི་ཙམ་ཞེས་གང་གིས་མི་དཔོགས་པའོ། །དོན་རང་བྱུང་ཉིད་མཐའ་དབུས་དང་བྲལ་བའི་རྟགས་སུ། གཞལ་ཡས་ཀྱང་མཐའ་དབུས་ཚད་མེད་གཞལ་དུ་མེད་པར་རང་སྣང་བ། དོན་ཉིད་མཐར་མ་འཕྲོས་པའི་རྟགས་རྩེ་མོ་བུམ་པ་ཟླུམ་པོ་གཅིག་ཏུ་འཁྱིལ་ཞིང་མཉམ་པ་ཀུན་ནས་ཀུན་ཏུ་ཟླུམ་ཞིང་རྒྱ་མཉམ་པ། གཞལ་ཡས་ཀྱི་རྒྱུ་དང་རྒྱན་དང་རྒྱན་གྱི་རྒྱུ་ཐམས་ཅད་ཡེ་ཤེས་རང་སྣང་བའི་རིན་པོ་ཆེའི་རྒྱལ་པོ་སྟེ་འོད་འབར་ཞིང་གསལ་བ་ཡེ་ཤེས་ལྔ་དང་ལྡན་པའི་རྟགས་སུ་ཚོན་རྩིག་ལྔ་དང་ལྡན་པ། ཡེ་ཤེས་གཅིག་ལའང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་རྟགས་སུ་མུ་ཏིག་གི་ཕྲེང་བ་གཅིག་ཏུ་བསྡོམ་ནས་གཅུས་པས་ཚོན་རྩིག་ཁ་ན་མར་བཀལ་ཏེ། ཕྱི་ནང་གཉིས་ཀར་འཕྱང་བ་དང་། མུ་ཏིག་ཆུན་པོ་ཤར་མོ་ཅན་རྒྱབ་གཉིས་སུ་འཕྱང་བའོ། །ཡེ་ཤེས་ཅིར་ཡང་སྣང་བའི་རྟགས་སུ་དར་གྱི་ལྡ་ལྡི་དང་། རིང་པོས་གཞལ་ཡས་ངོས་སུ་བརྒྱན་པ། སྐུ་གསུང་ཐུགས་ཀྱི་མཛད་པའི་རྟགས་སུ་བ་དན་རྩེ་གསུམ་པ་དང་། ཆོས་ཉིད་ཀུན་ཏུ་ཁྱབ་པའི་རྟགས་བླ་རེ་དང་། ཐབས་དང་ཤེས་རབ་གཉིས་སུ་མེད་པ་སྟོན་པའི་རྟགས་སུ་གཞལ་ཡས་ཁང་གི་སྟེང་འཁོར་ལོ་རྩིབས་ཀུན་ཏུ་ཉི་མ་དང་། ཟླ་བ་རངས་པ་དང་མ་རངས་པ་འཕྱོ་བས་ཐམས་ཅད་གསལ་བར་བྱེད་ཅིང་ཉི་ཟླ་སྤེལ་མའི་ཕྲ་བཀོད་པ། སྤྲུལ་པ་བསམ་གྱིས་མི་ཁྱབ་པའི་རྟགས་སུ་རིན་པོ་ཆེའི་ཕག་རྩིགས་ཀྱི་འཛེར་འོག་སྐར་མ་དང་ཤིན་ཏུ་སྐར་མ་ཆེ་བ་དག་གིས་སྦྲས་པ། རྣམ་ཐར་བརྒྱད་ཀྱི་རྟགས་སུ་འོག་རྡོ་རྗེ་གདུང་ནས་སྟེང་རྡོ་རྗེའི་གདུང་བར་དུ་ཀ་བ་བརྒྱད་ཟུག་པ། གཞལ་ཡས་ནང་ནམ་མཁའ་ཉི་ཟླས་བརྒྱན་པ། ཡེ་ཤེས་བྱེ་བྲག་སྣ་ཚོགས་ཀྱི་རྟགས་རིན་པོ་ཆེས་ཀ་བ་བཀྱག་པ་ལས་རིན་པོ་ཆེའི་རྩར་འཕྱང་བ་དེ་དག་ཀུན་ཏུ་འོད་ཟེར་འཕྲོ་བ། རང་བྱུང་ཡེ་ཤེས་ཡེ་ཤེས་དགུར་ཤར་བའི་རྟགས་སུ་སྟེང་དུ་གདུགས་ཆེན་པོ་རེའུ་བྲེས་པ་ལ་རེའུ་མིག་དགུ་དང་ལྡན་པ། ཆོས་ཉིད་ཀྱིས་ཐམས་ཅད་ལ་ཁྱབ་པའི་རྟགས་སུ་དར་གྱི་བླ་རེ་དང་། ཐམས་ཅད་གཉིས་སུ་མེད་པར་རང་སྣང་བའི་རྟགས་རྡོ་རྗེའི་ཤར་བུའི་རྒྱན་དང་ལྡན་པ། རྫུ་འཕྲུལ་གྱི་སྤྲིན་དཔུང་ལས་བྱང་ཆུབ་ཐུགས་རྗེའི་ཆར་གྱིས་ཉོན་མོངས་རྟོག་འཛིན་གྱི་དགོན་དོང་ནས། དབང་ཡུལ་ཐམས་ཅད་ཡེ་ཤེས་སུ་རང་སྣང་བའི་མྱུ་གུ་བསྐྱེད་པའི་རྟགས་སུ་རྫུ་འཕྲུལ་གྱི་སྤྲིན་དཔུང་ལས་བདུད་རྩིའི་ཆར་འབེབས་པ། སྒྲ་གྲགས་པ་ཐམས་ཅད་ཆོས་ཉིད་རང་སྣང་གི་དོན་མ་བཅོས་པའི་ཀུན་གཞི་བློའི་འཛིན་པ་དང་བྲལ་ཞིང་མཐའ་ཐུག་པ་མེད་དེ། དོན་རྨད་དུ་བྱུང་རང་སྣང་དུ་སྟོན་པའི་བརྡའ་མཇལ་བར་བྱེད་པ་ནི་གླེང་སློང་སྟེ། ཚིག་གི་བརྗོད་པ་མ་གྲུབ་ཅིང་། བཞིན་གྱི་གཟུགས་བརྙན་མེ་ལོང་ལ་སྣང་བ་ལྟར་སྣང་སྟེ། གཞལ་ཡས་ཁང་གི་མཚན་ཉིད་ཀྱིས་ཀྱང་དོན་མཇལ་བར་བྱེད་པའི་ཚུལ་དུ་སྣང་བ་གཉིས་སུ་མེད་པའི་ཡེ་ཤེས་ལ་མཚན་མའི་འཛིན་རྟོག་མེད་པའི་དགའ་བ་ཆེན་པོའི་རྟགས་སུ་གཞལ་ཡས་ཁང་ལ་རྡོ་རྗེའི་གཟུགས་བརྙན་ཤར་བའམ་བརྒྱན་པ་དང་། རང་བྱུང་ཡེ་ཤེས་རྟོག་པ་མེད་ཀྱང་དགོས་འདོད་སྐོང་བའི་རྟགས་སུ་གཞལ་ཡས་ཕྱི་ནང་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། མཚན་མའི་སྐྱོན་མེད་ཅིང་མི་འགྱུར་བའི་རྟགས་སུ་འོག་གསེར་གྱི་ས་གཞི་བདལ་བ། ཐུགས་རྗེ་ཡེ་ཤེས་ཉིད་འཛིན་པའི་ཟུག་རྔུ་མེད་པ་དང་། མཚན་མའི་སྐྱོན་མེད་པ་དང་། ངོ་བོ་རང་གསལ་དུ་བཞུགས་པ་དང་། ཐམས་ཅད་ཡེ་ཤེས་ལས་མ་གཏོགས་པས་སེལ་མེད་པ་དང་། སྒྲིབ་བྱེད་བྲལ་བའི་ཡེ་ཤེས་ཉིད་ཅིར་ཡང་འཆར་བ་དང་། ཅི་ལྟར་བལྟས་པ་ལྟར་སྣང་བ་དང་། སྤྲོས་པ་བྲལ་བ་དང་། ཡེ་ནས་དག་པ་ཆེན་པོའི་ངོ་བོར་བཞུགས་པ་དང་། ཡེ་ནས་སྒྲིབ་མཁན་མེད་པ་དང་། ཅིར་ཡང་སྣང་བ་དང་། ཕྱོགས་གཅིག་ཏུ་མ་ཆད་པ་དང་། རང་བྱུང་ཡེ་ཤེས་རང་གསལ་གཟུང་འཛིན་མི་གནས་པ་དང་། སྤྲུལ་པ་འཕྲོ་བ་དང་། ཅིར་ཡང་མི་རྟོག་པ་དང་། དེ་དག་གི་རྟགས་སུ་གཞལ་ཡས་ཀྱང་མེ་ལོང་ལྟར་མཉམ་པ། ཆུ་ཤེལ་ལྟར་གསལ་བ། ཆུ་ལྟར་དྭངས་པ། གསེར་སྦྱངས་པ་ལྟར་འབར་འབུར་མེད་དེ་མཉམ་ཞིང་སྙོམས་པ། ཁ་དོག་སོ་སོར་གསལ་ཞིང་བལྟས་མི་བཟོད་དེ། འཚེར་བ། གཟུགས་བརྙན་འཆར་བ། མནན་ན་ནེམ་ཞིང་བཏེགས་ན་འཕར་བ། རེག་བྱ་འཇམ་པ། དག་ཅིང་དྲི་མ་མེད་པ། རྡོས་པ་མིན་པས་དང་བ། དངོས་པོ་མེད་པས་ལྡེམ་པ། གཟུགས་དང་དབྱིབས་ཁ་དོག་སོ་སོར་གཅིག་ཏུ་འདུས་ཤིང་སྡུད་པས་མཉེན་པ། འོད་འབར་བ། འོད་ཟེར་འཕྲོ་བ། བྱེད་པ་མེད་པར་རང་སྣང་བའི་རྟོག་པ་མེད་པའོ། །ཐུགས་རང་བྱུང་གི་ཡེ་ཤེས་ཉིད་ཐུགས་རྗེའི་ཆོ་འཕྲུལ་ཅིར་ཡང་འཆར་ཞིང་། ཆོ་འཕྲུལ་གྱི་དེ་དག་གིས་ཕྱི་ལས་དང་ཉོན་མོངས་པ། ནང་ཤེས་བྱའི་སྒྲིབ་པ་སེལ་བའི་རྟགས་སུ། གཞལ་ཡས་ཁང་རིན་པོ་ཆེ་སྣ་ཚོགས་ཀྱི་འོད་རྐྱེན་མེད་པར་རང་འབྱུང་ཞིང་། འོད་ཟེར་ཕྱོགས་བཅུ་ཀུན་ཏུ་འཕྲོ་བས་གཞལ་ཡས་ཕྱི་ནང་གི་མུན་པ་མི་གནས་པར་བྱེད་པ། ཐུགས་ཆོས་དབྱིངས་ཡེ་ཤེས་ཉིད། ཡེ་ཤེས་བཞིར་འཆར་བའི་རྟགས་སུ། ཕོ་བྲག་ཡར་སྟེང་གི་དབུ་རྩེའི་འཁོར་ལོ་རྩིབས་བཞི་འོད་འབར་བ་དང་བཅས་པ། གཉིས་མེད་ཀྱི་ཡེ་ཤེས་ཀྱི་རྟགས་སུ་རྡོ་རྗེས་ཀུན་ཏུ་སྤྲས་པ། སྒོ་རིམ་པ་གསུམ་ཀུན་ཏུ་གསལ་བ་སྟེ། དེ་ནི་ནང་མ་བཞི་ནི་རྣམ་ཐར་སྒོ་བཞིའི་མཚོན་པ། བར་མ་བཞི་ཚད་མེད་བཞི། རྒྱབ་མ་བཞི་བསྡུ་དངོས་བཞི་སྟེ། སྒོ་དེ་དག་ནས་ཐུགས་རྗེ་ཡང་འཆར་ལ། གདུལ་བྱ་ཡང་བཞི་ཚན་དེ་དག་གི་སྒོ་ནས་འཇུག་པས་སྒོའོ། །རང་བྱུང་ཡེ་ཤེས་ཀྱིས་ཐམས་ཅད་དབང་དུ་མཛད་པའི་རྟགས་སུ་བ་ཏི་འོད་ནི་དམར་སྨུག་གིས་གཞལ་ཡས་ཀྱི་རྒྱབ་གཡོག་པ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དོན་མཛད་པའི་རྟགས་སུ་ཉི་ཟླའི་ག་བུ་གསུམ་སྦྲེལ་ཟུང་སྒྲིལ་དུ་འབར་བས་གསལ་བར་བྱེད་པ། བདེན་པ་གཉིས་དབྱེར་མེད་པའི་རྟགས་སུ་གཞལ་ཡས་ཀྱི་རྨིང་ཐེམ་སྐས་ཀྱི་ཐེམ་པ་རིམ་པ་གཉིས་ཀྱིས་འཁོར་བ། ཐེག་པ་བརྒྱད་ནས་བགྲོད་དེ་རྫོགས་པ་ཆེན་པོའི་དོན་ལ་འཇུག་པའི་རྟགས་སུ་རྟ་བབ་ཐེམ་པ་ནང་ན་བཞི། ཕྱི་ན་བཞི་སྟེ་བརྒྱད་དང་ལྡན་པ། རྒྱན་གྱིའང་གསུང་ངོ་། །རྟ་བབས་ཞོན་ཡང་ངོ་། །ཆེ་བའི་ཡོན་ཏན་རྒྱས་པའི་ཕྱིར་གྲུ་ཆད་བཞི། བདེན་པ་བཞིའང་གསུངས། སྒོ་གསུམ་ཡོད་པས་བར་ཁྱམས་གསུམ་གྱིས་མཛེས་ཏེ། དེ་དག་བ་དན་ནས་སེངྒེའི་ཁ་ནས་བཟུང་བ་ཏཱ་ར་ན་ཡིས་བཟུང་བ། དེ་དག་དང་རྟ་བབས་སུ་རིན་ཆེན་ཕྲེང་བས་བརྒྱན་པ་ནི་སྤྲུལ་པ་ཤར་བའི་རྟགས་སུ་དྲྭ་བ་དང་དྲྭ་བ་ཕྱེད་པས་བརྒྱན་པ། ཡེ་ཤེས་བསམ་གྱིས་མི་ཁྱབ་པར་ཤར་བའི་རྟགས་སུ་གཞལ་ཡས་ངོས་རྣམས་ཟར་ཚགས་ཀྱིས་ཀླུབས་པ། རྡོ་རྗེ་ཟླ་མཛེས་རིན་པོ་ཆེ་དང་ལྡན་པ་འོད་ཟེར་འབར་བས་གཞལ་ཡས་ཐམས་ཅད་གསལ་ཞིང་མདངས་ཕྱུང་བ། གཞལ་ཡས་ཀྱི་ཕྱི་ན་དྲིལ་བུ་གཡེར་ཀ་ལ་ཐེག་པ་ཆེན་པོ་མཚོན་པའི་ཆོས་ཀྱི་སྒྲ་རང་གྲགས་པ། ཆོས་ཀྱི་སྐུ་ཡི་གཟུགས་བརྙན་ནི་བཤད་པ་དེ་དག་ཀུན་ཡང་ཡིན། དེ་དག་གིས་ཆོས་སྐུ་རྟོགས་པར་བྱེད་པར་ཡང་འགྲོ། ས་གཞི་རྒྱན་གྱིས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཐམས་ཅད་འདུས་པའི་རྟགས་སུ་ལྟེ་བ་དང་སྟེང་དུ་མུ་ཁྱུད་མ་ཆད་པ། ལྟེ་བའི་མུ་ཁྱུད་རྡོ་རྗེ་འགྲེང་བུ་སྟེ། གཞལ་ཡས་ཀྱི་ཕྱི་རྡོ་རྗེ་དྲྭ་བས་གཡོགས་པ་སྟེ་མི་མཐུན་པ་ཚར་བཅད་པའི་རྟགས་སོ། །རྟོགས་མ་རྟོགས་ཀྱི་འཁོར་བ་དང་ཐར་པའི་དཔེ། ཤིང་ཏ་ལའི་ལྗོན་པས་གཞལ་ཡས་རྒྱབ་ཏུ་ཕྱོགས་རེ་རེར་གཉིས་གཉིས། དགོས་འདོད་སྐོང་བའི་རྟགས་དཔག་བསམ་གྱི་ལྗོན་ཤིང་། དེ་དག་བར་གསེར་གྱི་ཚགས་ཚགས་བྲེས་པ། དེ་ལ་རིན་པོ་ཆེ་ཕྲ་མིག་གིས་སྤྲས་པ། ཉོན་མོངས་པ་བདུད་དང་འདྲ་བ་རང་བྱུང་ཡེ་ཤེས་སུ་རང་གསལ་བའི་རྩིས་གསོ་བར་མཛད་པའི་རྟགས། བདུད་རྩིའི་ཆུ་རྒྱུན་ཡིད་དུ་འོང་བ་འབབས་པ། ཐུགས་དགོངས་པའི་ཡེ་ཤེས་ཚད་གཞལ་དུ་མེད་དེ་ཕྱི་ནང་མེད་པར་རང་གསལ་བས། གཞལ་ཡས་ཀྱང་ཕྱི་ནང་བློས་དཔག་ཏུ་མེད་ཅིང་། ཀུན་ཏུ་ནང་དུ་གྲུབ་ཅིང་། ཕྱི་མ་གྲུབ་པ་ལྟར་སྣང་བའོ། །སྟོན་པའི་མཚན་ཉིད་ནི། གར་ཡང་མ་འགག་སྣང་བ་ཆེན་པོ། ཞེས་པ། ཆོས་ཐམས་ཅད་མ་འགག་པར་རང་སྣང་ཡང་དངོས་པོ་རང་རྒྱུད་པ་མེད་དེ། རང་བྱུང་ཡེ་ཤེས་ཉིད་རྒྱུ་རྐྱེན་མེད་པར་རང་སྣང་བ་ལ་སྣང་བྱ་སྣང་བྱེད་མེད་པས་ན་སྣང་བ་ཆེན་པོའོ། །ཚིག་ཅིར་ཡང་མ་གསུངས་ཀྱང་རིག་པ་ཁྱད་པར་ཅན་གྱི་འཁོར་ལ་དོན་བརྡའ་འཇལ་ཏེ། གཉིས་སུ་མེད་པར་རང་བྱུང་གི་ཡེ་ཤེས་ཀྱི་དོན་གསལ་བར་བྱེད་པས་རྒྱ་ཆེར་བཤད་པ། མཚན་མ་ཆེ་ཕྲ་གང་ལའང་ཕྱོགས་གཅིག་པའི་འཛིན་པ་གཏིང་ནས་ཡེ་དག་པས་དགོངས་བྱ་དགོངས་བྱེད་ཀྱི་འཛིན་པ་གཞི་ནས་རང་གྲོལ་ཏེ་དོན་གཅེས་པར་བྱེད་པའང་འཛིན་པ་མེད་པས་མི་དགོངས། དེ་ལྟ་བུའི་ངང་ལ་གནས་བྱ་གནས་བྱེད་མེད་པར་དུས་གསུམ་དུ་མི་འགྱུར་བར་བཞུགས་པ་ནི་ཏིང་ངེ་འཛིན་ཏོ། །འོག་མ་དག་ལས་ཁྱད་པར་གྱུར་པས་ཆེན་པོའོ། །མ་འགགས་པ་དང་མ་དམིགས་པ་གཉིས་ཀྱིས་འཁོར་འདས་གཉིས་ལ་ལོངས་སྤྱོད་པ་ནི་མངའ་ཐང་ཆེ་སྟེ། མ་འདྲེས་པའི་ཆོས་ཅི་ལྟར་སྣང་ཡང་སྣང་ཙམ་ཉིད་ན་རང་བྱུང་ཡེ་ཤེས་ཉིད་དུ་ཡོངས་སུ་རྫོགས་པ་ནི་མཐའ་ལས་རྒྱལ་བ་དང་། འཁོར་གྱི་གཙོ་བོ་ཡང་རང་སྣང་བས་རྒྱལ་པོ་དེ་ཞེའོ། །འཁོར་ནི་གཉིས་ཏེ། ཉིད་ལས་མི་གཞན་པའི་འཁོར་ཕྱོགས་བཅུའི་སངས་རྒྱས་དང་། རིག་པ་ཁྱད་པར་ཅན་གྱི་འཁོར་མཐར་ལམ་པའོ། །དེ་ལ་རྫོགས་ལོངས་སྤྱོད་པའི་འཁོར། ཞེས་པ་ལ་སོགས་པ། མ་འགགས་པ་དང་མི་དམིགས་པས་འཁོར་འདས་ཀྱི་བདེ་བ་དུས་གཅིག་ཏུ་བཏགས་ཏེ། མ་འདྲེས་ལ་ཡོངས་སུ་རྫོགས་པར་ལྷུན་གྱིས་གྲུབ་པ་སྟེ། ཉིད་ལས་མི་གཞན་པའི་འཁོར་དུ་སྣང་བའོ། །དེ་དག་གི་ཆོས་ཀྱི་དབྱིངས་གར་ཁྱབ་པ་ཐམས་ཅད་སྟོན་འཁོར་དུ་རང་སྣང་བས་ཚིག་གིས་བརྗོད་དུ་ག་ལ་ལངས་ཏེ། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་ཅེས་བྱ་སྟེ། བསམ་གྱི་མི་ཁྱབ་པས་བརྗོད་པར་མི་ནུས་པའོ། །དེའང་འཆད་པ་འདི་ལྟ་སྟེ་ཞེས་སོ། །དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་དང་། ཞེས་པ། རྣམ་ཤེས་ཚོགས་བརྒྱད་ལྟར་སྣང་བ་ཉིད་ན་མ་འགག་པ་དང་མི་དམིགས་པ་གཉིས་མ་འདྲེས་པ་ཡོངས་སུ་རྫོགས་ཏེ། རྣམ་པར་ཤེས་པ་བརྒྱད་སྣང་ཙམ་ཉིད་ན་རང་བྱུང་ཡེ་ཤེས་པས་སྣང་སྟོང་གཉིས་ཀྱི་མཐའ་ལས་རྒྱལ་བ་དང་། བརྒྱད་ཀྱི་གཙོ་བོ་ལྟ་བུར་སྣང་བས་རྒྱལ་པོ། དེ་ནི་མཐས་མི་བསྐྱོད་དེ་སོགས་ཁོང་དུ་རྣམ་ཤེས་ཚོགས་བརྒྱད་ཀྱི་སྣང་བ་དག་གོ། །དེ་ནི་དོན་མེ་ལོང་ལྟ་བུའི་ཡེ་ཤེས་མ་འགགས་པར་རང་སྣང་ཡང་བྱས་བཅོས་དང་བྲལ་བའི་ངོ་བོར་བཞུགས་པ་སྟེ། རིགས་འཕོ་འགྱུར་མེད་པ་རྡོ་རྗེའི་རིགས་ཏེ་གདུང་དེ་ཉིད་དང་། དེའི་སྡེ་འཛིན་པའི་རྩལ་ཆེན་རྫོགས་པའི་སྐྱེས་བུ་རྣམས་སོ། །དེ་ནི་རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོར་གནས་གྱུར་ཅེས་བྱའོ། །ཚོར་བ་གསུམ་མ་འདྲེས་པར་སྣང་ཙམ་ཉིད་ན། རང་བྱུང་ཡེ་ཤེས་སུ་ཡོངས་སུ་རྫོགས་ཏེ། ཅི་བཞིན་པ་དེ་བཞིན་ཉིད་དུ་སོན་ཏེ་གཤེགས་ཏེ། མ་འགག་པ་དང་མ་དམིགས་པ་གཉིས་ཀྱི་མཐའ་ལས་རྒྱལ་ཞིང་གཙོ་བོར་གྱུར་ཏེ་རྒྱལ་པོ་སྟེ། དེ་ནི་གང་དུ་མི་འཛིན་པའི་བཏང་སྙོམས་ཆེན་པོ་སྟེ། ཚོར་བ་ཐམས་ཅད་དེ་ལྟ་བས་སོགས་པ་སྟེ། དེའི་དོན་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་མ་འགག་པ་དང་མ་དམིགས་པ་གཉིས་དབྱེར་མེད་པས་དུས་གཅིག་སྟེ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྟོག་པ་མེད་ཀྱང་དགོས་འདོད་སྐོང་བ་ལྟར། མཉམ་ཉིད་རྟོག་པ་གཞི་བྲལ་ལས་གདུལ་བྱའི་དགོས་འདོད་མ་འགག་པར་རང་སྣང་བས་རིན་པོ་ཆེ་ནི་ནོར་བུ་སྟེ་དེའི་གདུང་འཛིན་པའི་རིན་པོ་ཆེ་དང་། སྡེ་རྩལ་ཆེན་རྫོགས་པར་སྣང་ངོ་། །དེ་ནི་ཚོར་བའི་ཕུང་པོ་ཏིང་ངེ་འཛིན་གྱི་ཕུང་པོར་ལྷུན་གྱིས་གྲུབ་ཅེས་བྱའོ། །འདུ་ཤེས་གསུམ་མ་འདྲེས་པར་སྣང་ཙམ་ཉིད་ན་རང་བྱུང་ཡེ་ཤེས་སུ་རྫོགས་པས་ཡེ་ཅི་ལྟར་གནས་པ་དེ་བཞིན་རྟོགས་པའི་རིག་པ་ཉིད་མངོན་དུ་གྱུར་པ་ནི་གཤེགས་པ་སྟེ། དེ་ལྟ་བུའི་དགོངས་པ་ལ་འདུ་ཤེས་གསུམ་མ་འདྲེས་ལ་ཡོངས་སུ་རྫོགས་པར་མཁྱེན་པས་མཐའ་ལས་རྒྱལ་བ་དང་། འཁོར་གྱི་གཙོ་བོར་གྱུར་པས་རྒྱལ་པོ་སྟེ། དེ་ནི་འདུ་ཤེས་ནི་མཚན་མ་ཡིན་ལ། མཚན་མ་ཉིད་སྤོངས་པ་མེད་པར་རང་བྱུང་དུ་གསལ་བ་སྟེ། དེ་ལ་སོགས་པ་གཞན་ཡང་སྟེ། དེ་ནི་སོ་སོར་རྟོག་པའི་ཡེ་ཤེས་སྤྱི་དང་རང་གི་མཚན་ཉིད་གསལ་ལ་མ་ཆགས་པར་མཁྱེན་པ་སྟེ། པདྨོའི་གདུང་དང་། དེའི་སྡེ་འཛིན་པའི་རིག་པ་ཁྱད་པར་ཅན་གྱི་འཁོར་ཏེ། སངས་རྒྱས་ཐམས་ཅད་ཅེས་པས་ཆོས་ཀྱི་དབྱིངས་ཀྱིས་གར་ཁྱབ་པ་ལ་དགོངས་པའོ། །དེ་ནི་འདུ་ཤེས་ཀྱི་ཕུང་པོ་ལྷག་པ་ཤེས་རབ་ཀྱི་ཕུང་པོར་རྫོགས་ཞེའོ། །དེ་བཞིན་གཤེགས་པ་མཐུན། འདུ་བྱེད་ལྔ་བཅུ་རྩ་གཅིག་ཏུ་སྣང་ཙམ་ཉིད་ན་མ་འདྲེས་ཡོངས་རྫོགས་ཀྱི་དགོངས་པས་མཐའ་གཉིས་ལས་རྒྱལ་བ་དང་། འཁོར་གྱི་གཙོ་བོར་སྣང་བས་སོ། །བྱས་བཅོས་དང་བྲལ་བའི་སེམས་མཐའ་གང་དུའང་མི་འགྱུར་བར་བཞུགས་པ་སྟེ་འོག་མ་ལས་ཁྱད་པར་དུ་གྱུར་པས་ཆེན་པོའོ། །དེ་ལ་སོགས་པ་རྣམས་ཏེ། བྱ་བ་གྲུབ་པའི་ཡེ་ཤེས་བདག་གཞན་གྱི་དོན་ཐམས་ཅད་ལྷུན་གྲུབ་ཀྱི་མཛད་པར་བཞུགས་པ་ཉིད། སྐུར་སྣང་བའི་དུས་ན་གཞོན་ནུའི་གདུང་སྟེ། ལས་ཀྱི་རིགས་དང་དེའི་སྡེ་འཛིན་པའི་རྩལ་ཆེན་རྫོགས་པའི་སྐྱེས་བུ་སྟེ། སངས་རྒྱས་ཐམས་ཅད་མཐུན་ནོ། །དེ་ནི་འདུ་བྱེད་ཀྱི་ཕུང་པོ་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོར་རྫོགས་ཞེས་བྱའོ། །དེ་བཞིན་གཤེགས་པ་མཐུན། གཟུགས་བཅོ་ལྔར་སྣང་བ་ཉིད་མ་འདྲེས་ལ་ཡོངས་རྫོགས་ཀྱི་དགོངས་པ་མཐའ་གཉིས་ལས་རྒྱལ་ཏེ་འཁོར་གྱི་གཙོ་བོར་སྣང་བས་ཀྱང་ངོ་། །རྣམ་པར་རིག་བྱེད་མ་ཡིན་པ་ལས་ཀྱང་གྲོལ་ན། གཞན་ལྟ་ཅི་སྨོས་ཏེ། སོགས་ཁོངས་སུ་གཞན་ཡང་ངོ་། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་ཟད་མི་ཤེས་པའི་བདག་ཉིད་སྐུར་སྣང་བའི་དུས་ན་རྣམ་པར་སྣང་མཛད་དུ་སྣང་བ་སྟེ། དེ་བཞིན་གཤེགས་པའི་རིགས་གླང་པོའི་གདུང་དང་དེའི་སྡེ་འཛིན་པར་རང་སྣང་སྟེ། སངས་རྒྱས་ཐམས་ཅད་མཐུན། དེ་ནི་གཟུགས་ཀྱི་ཕུང་པོ་ལྷག་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དག་ཅེས་བྱའོ། །དེ་དག་ཀུན་ཀྱང་ཐབས་ཡབ་ཏུ་སྣང་བ་གྲངས་སྤྲིན་དཔུང་ལྟ་བུ་དང་། ཤེས་རབ་ཡུམ་དུ་སྣང་བ་ཆོས་ཉིད་ནམ་མཁའ་ལྟ་བུར་ཐབས་དང་ཤེས་རབ་འབྲེལ་བར་བཞུགས་པ་ཤ་དག་སྟེ། གཙོ་བོ་གསང་བ་མཆོག་གི་བདག་པོ་དང་། འཁོར་ཉིད་ལས་མི་གཞན་པ་དང་། རིག་པ་ཁྱད་པར་ཅན་གྱི་འཁོར་གྱིས་ཚུལ་དུ་མ་འགག་པ་དང་མ་དམིགས་པ་གཉིས་ཀྱི་ལོངས་སྤྱོད་གཉིས་བཏར་ལ་མ་ཆགས་པར། རང་བྱུང་ཡེ་ཤེས་ཀྱི་ངང་དུ་ཡོངས་སུ་རྫོགས་ཏེ། དེ་ལྟ་བུའི་ངང་ལ་བཞུགས་བྱ་བཞུགས་བྱེད་མེད་པའི་ཚུལ་གྱིས་བཞུགས་སོ། །ཞེའོ། །སྤྲུལ་སྐུའི་གླེང་གཞི་ནི། དང་པོ་སྡུད་པ་དང་དུས་ཐུན་མོང་དུ་བསྟན་པ་ནི། རྒྱ་ཆེར་བརྗོད་པ་ལྡེམ་དགོངས་སྦྱོར་བའི་ཚིག་འདི་སྐད་དུ། ཞེས་པ་ལ་སོགས་པ། སྤྲུལ་སྐུའི་གདུལ་བྱ་གར་ཡོད་ལ་ཁྱབ་སྟེ་ཆོས་ཀྱི་དབྱིངས་ཀྱི་གར་ཁྱབ་ཐམས་ཅད་ལ་ཁྱབ་པས་དེ་དང་མཐུན་པར་བརྗོད་ཅིང་མཚོན་པ་མི་འགག་པས་རྒྱ་ཆེར་བརྗོད། ཅེས་པ་དང་། དེའང་གསུང་དབྱངས་ཡན་ལག་སུམ་བརྒྱ་དྲུག་ཅུ་དང་ལྡན་པས་རྒྱ་ཆེར་བརྗོད་པ་ཞེས་བྱའོ། །དེའང་ལྡེམ་པོ་བཞི། དགོངས་པ་བཞི་སྟེ་བརྒྱད་དང་ལྡན་ཞིང་ཐམས་ཅད་ལྡེམ་དགོངས་སུ་སྦྱོར་ཞིང་བཤད་པའི་ཚིག་སྤྲུལ་སྐུའི་བསྟན་པ་འདི་སྐད་དུ། གདུལ་བྱ་དཀྲི་ཞིང་དྲང་བའི་ཐབས་ཀྱིས་འདྲེན་པའི་ཐབས་སུ་མཚོན་པ། བདག་གསང་བའི་བདག་པོ་སྤྲུལ་པའི་སྐུ་ལ་དངོས་སུ་ཐོབ་པའི་དུས་སྐད་ཅིག་གི་ཚེ་ནའོ། །སྟོན་པའི་ངོ་བོ་ནི། མཚན་ཉིད་ལྟར་བདུད་བཞི་བཅོམ་ཞིང་ལེགས་པའི་ཡོན་ཏན་དྲུག་དང་ལྡན་ཏེ། འཁོར་བ་མྱ་ངན་ལས་འདས་ཏེ། དེ་ལྟ་བུ་དེ་རང་བཞིན་ཅིར་ཡང་མ་གྲུབ་པ་ལས་ཐུགས་རྗེའི་ཆོ་འཕྲུལ་ཅིར་ཡང་འཆར་ཏེ། དངོས་སུ་སྒྲོན་མ་བཀོད་པ་དང་མཚུངས་ཏེ་དེ་ཉིད་དོ། །སྤྲུལ་པ་ཅིར་ཡང་རང་སྣང་སྟེ། དེས་གདུལ་བྱ་རྣམས་ཀྱི་སྒྲོན་མ་མཛད་ཅིང་། དེའི་རྒྱལ་པོ་ལྟར་སྣང་བའི་གདུལ་བྱའི་གྲངས་ཅི་ཙམ་པར་དེ་སྙེད་དུ་སྣང་བ་རྣམས་ནི་ཞེས་སོ། །གནས་ནི་མཛད་པ་བཅུ་གཉིས་ཀྱི་བྱ་བ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་པའི་གནས། བསོད་ནམས་ཀྱི་ཚོགས་ལ་གཙོ་བོར་བྱེད་ཅིང་། དེས་ལམ་ལ་འཇུག་པར་བྱེད་ཅིང་། དོན་ལ་སྦྱོར་བས་ན་གཏེར་ཞེས་བྱ་སྟེ། གདུལ་བྱའི་གནས་འཇིག་རྟེན་གྱི་ཁམས་གྲངས་དཔག་ཏུ་མེད་པ། སྤྲུལ་པའི་སྐུས་འདུལ་བའི་གནས་ཅི་བཞིན་པ་གདུལ་བྱ་རྣམས་མོས་པ་སྤྱོད་པ་ཡན་ཆད་དེ། དེ་ཤས་ཆེ་བས་མོས་པ་ཅན་ཞེས་བྱ་བའི་ཞིང་ནི་གདུལ་བྱར་གྱུར་པ་གཅིག་པོ་སྟེ། ཞིང་ཁམས་ལྔ་བཅུ་རྩ་བཞི་ལྟ་བུ་དག་གོ། །སྟོན་པའི་མཚན་ཉིད་ནི་གནས་གཅིག་ནས་གཅིག་ཏུ་འཁོར་བའི་སེམས་ཅན་རྣམས་ཁམས་གསུམ་ནས་འདྲེན་ཏེ་འབྲས་བུ་ལ་སྦྱོར་བར་མཛད་པའི་སྟོན་པ་སྤངས་མཁྱེན་ལྷུན་གྱིས་གྲུབ་པའི་བདག་ཉིད་དེ། སྣང་ཞིང་སྲིད་པས་བསྡུས་པའི་འགྲོ་བ་དག་ལ་ལམ་དང་ལམ་མ་ཡིན་པ་འགྲོ་བ་མཛད་པའི་སྒྲོན་མ། གདུལ་བྱའི་ལས་དང་ཉོན་མོངས་པ་ཡུལ་དང་ཡུལ་ཅན་གྱི་གདུང་བ་སེལ་བར་མཛད་ཅིང་མི་འདོར་བའི་སེམས་དཔའ། གདུལ་བྱ་དང་ཆ་མཐུན་གྱི་མཛད་པ་ཅི་ལྟར་བསྟན་ཀྱང་ཉིད་ལ་བག་ཆགས་ཀྱིས་གོས་པ་མེད་པས་འཕགས་པ། ཐབས་མཁས་པའི་ཐུགས་རྗེ་ཆེན་པོ་མེད་བཞིན་ཅིར་ཡང་སྣང་བའི་སྤྲུལ་པ་གང་འདུལ་དེ་ལ་དེ་བསྟན་དུ་མཛད་པ་གདུལ་བྱ་དང་མཐུན་པར་བྱུང་སྟེ། གདུལ་བྱ་མ་ཟད་ཚེ་འདུལ་བྱེད་ཟད་པ་མེད་པར་རྒྱུན་དུ་འབྱུང་བ་དེ་ལྟ་བུའི་བཅོམ་ལྡན་འདས། ཐུགས་རྗེ་མི་སྐྱེ་བའི་དུས་མེད་པས་ཐུགས་རྗེ་རྟག་ཅེས་ཏེ། རྟག་པའི་བདག་ཉིད་གདུལ་བྱ་བསམ་གྱིས་མི་ཁྱབ་པའི་དོན་རླབས་པོ་ཆེ་མཛད་པ་ཆེན་པོ་སྟེ། དེ་ལྟ་བུར་སྤྲུལ་ཞིང་འབྱུང་ཞེའོ། །འཁོར་ནི། ཆོས་ཀྱི་དབྱིངས་ཀྱིས་གར་ཁྱབ་གདུལ་བྱས་ཁྱབ་སྟེ། དེ་དག་ནི་འཁོར་ཏེ། དེས་ན་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་ཞེས་ཏེ་བསམ་ཡས་པའི་ཕྱིར་རོ། །ཡང་ན་ཚོགས་ལམ་སྦྱོར་ལམ་གཅིག་ཀྱང་སྐད། འཁོར་དེ་དག་དང་སྟོན་པ་སངས་རྒྱས་ཚུལ་ཅི་ལྟར་སྣང་བ་དང་། འཁོར་མཐོ་དམན་ཅི་ལྟར་སྣང་བའི་ཚུལ་དུ། ཚིག་སྡེབས་སྦྱོར་ལེགས་པར་ལྡེམ་དགོངས་བརྒྱད་ཀྱི་ཚུལ་གྱིས་དུས་དང་རྣམ་པ་ཐམས་ཅད་དུ་མི་བཤད་པའི་དུས་མེད་པས་བཤད་པ་སྟེ། གདུལ་བྱ་ལ་ཕྱོགས་རིས་མེད་པར་འཆར་བས་ཆེན་པོར་བཞུགས་ཞེའོ། །དེས་ཀྱང་མཚོན་ཚུལ་ནི་དོན་དམ་པ་དང་། ཀུན་རྫོབ་ཀྱི་བདེན་པ་གཉིས་ཀྱི་ཚུལ་དུ་གདུལ་བྱའི་ངོ་ལ་སྣང་བར་སྟོན་ཏོ། །གསང་བའི་སྐུའི་གླེང་གཞི་ལ། དང་པོ་དུས་དང་སྡུད་པ་ཐུན་མོང་དུ་བསྟན་པ་ནི། འདོད་པ་རང་རྐྱེན་གྱི་ཚིག་འདི་སྐད་དུ། ཞེས་པ་ལ་སོགས། གདུལ་བྱ་འདོད་ཆགས་ཅན་ལ་དེ་ཉིད་མ་སྤངས་པར་རང་བྱུང་ཡེ་ཤེས་སུ་གསལ་བར་བསྟན་པ་དང་། འདོད་ཆགས་དེ་ཉིད་མཐོང་བའི་ཐབས་སུ་བྱས་ཏེ། དོན་ལ་སྦྱོར་བར་བྱེད་པ་སྟེ་རང་རྐྱེན་ཅེའོ། །དེའི་ཚིག་ནི་བསྟན་པ་སྟེ། ཅི་ལྟར་སྣང་བ་འདི་སྐད་དུ་ཅེའོ། །དེ་ཡང་འདོད་ཆགས་དེ་ཉིད་རང་བྱུང་ཡེ་ཤེས་པས་མ་བཀག་སྟེ། རང་རྒྱུད་དུ་མ་ཟིན་ཅིང་ཐབས་ཀྱིས་ཟིན་པའི་ཆོས་ཉིད་ཀྱི་དོན་རང་སྣང་དུ་གསལ་བར་བྱེད་པའི་ཐབས་སུ་མཛད་པ་ནི་དགོངས་པའོ། །དེ་ལྟར་གསང་བའི་སྐུ་ལས་སེངྒེ་ལྟ་བུའི་གསུང་གི་ཚུལ་དུ་གསང་བའི་བདག་པོ་ལ་བརྗོད་པ་དང་བྲལ་བར་དགོངས་པ་ལ་སྣང་བ་ནི་ཐོས་པའི་དུས་དེ། དེའང་སྐབས་ཅིག་གི་ཚེ་སྟེ། དུས་ཐམས་ཅད་དུ་ནི་མ་ཡིན་ཞེའོ། །སྟོན་པའི་ངོ་བོ་ནི། རྟེན་ཐིག་ལེ་འདུས་པའི་ཡེ་ཤེས་ཆེན་པོ་བདེ་བའི་རོ་དང་ལྡན་པར་བཞུགས་པ་ལ་ཉོན་མོངས་པ་མེད་པ་དང་། འདུས་བྱས་མེད་པ་དང་། སྐད་ཅིག་མི་མངའ་བ་དང་། གཉེན་པོ་ངང་གི་མེད་དེ་ཡེ་ཤེས་ཆེན་པོར་རང་གསལ་དུ་སྣང་བ་བཅོམ་མོ། །དེ་ལྟར་ནའང་ཡོན་ཏན་ལྷུན་གྲུབ་ཏུ་འཆར་བས་ལྡན། མཐའ་གཉིས་མ་སྤང་བྲལ་བས་འདས་ཞེའོ། །གནས་ནི། ཆོ་འཕྲུལ་ཡོངས་སུ་རྫོགས་པའི་གནས། །ཞེས་པ་ལ་སོགས་པ། དོན་དང་མཐུན་པའི་བདག་ནི། མེད་བཞིན་དུ་སྣང་བའི་སྤྲུལ་པ་སྣ་ཚོགས་གདུལ་བྱའི་ངོ་ལ་ཡོངས་སུ་རྫོགས་པའི་འབྱུང་གནས་ཀྱང་ཡིན་ནོ། །གསང་བའི་རྡོ་རྗེའི་རྩེ་མོ་ནི་གཙུག་ཏོར་ཏེ། དེ་པད་མོའི་རྩ་བའི་རྩེ་མོ་དང་འཕྲད་ནས། ཐིག་ལེ་དབབ་བཟློག་ནི་འཁོར་ལོ་བསྒྱུར་བ་སྟེ། འོག་མ་ཁྱད་པར་དུ་གྱུར་པ་རྟོགས་པར་དཀའ་བའི་དོན་ཟབ་མོ། གསང་བའི་ཡེ་ཤེས་ཤར་བའི་དོན་གྱི་མཆོག་སྟེ། དགའ་བ་བཞི་དང་བརྒྱད་དང་བཅུ་དྲུག་དང་ལྡན་པས་དགྱེས་པའོ། །མོའི་ཆ་འཛིན་པས་ཡུམ་གྱི་ལྷུམས། པདྨ་ནི་ཆགས་པ་ཅན་ཆགས་མེད་དུ་སྦྱོར་བ་དེའི་རྩའི་རྩེ་མོ་ནི་ཟེ་འབྲུའམ་སྙིང་པོ། རྒྱལ་བ་གསང་བའི་སྐུ་ཐམས་ཅད་ཀྱི་ཕོ་བྲང་། ཐབས་ཀྱིས་ཟིན་ན་རྣལ་འ བྱོར་པ་རྣམས་དོན་དང་མཇལ་བར་བྱེད་ཅིང་འབྲས་བུའི་ས་ལ་གཤེགས་པའི་ཤུལ། ཐབས་ཀྱིས་མ་ཟིན་ན་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་འགྱོགས་པར་བྱེད་པའི་གཞི། ཐ་མལ་པ་འདོད་ཆགས་སྐྱེ་བར་བྱེད་པའི་རྟེན། སེམས་ཅན་སྐྱེ་ཞིང་འབྱུང་བའི་གནས། ཐབས་ཀྱིས་མ་ཟིན་ན་འགྲོ་བ་རང་རྒྱུད་པ་རྣམས་ལས་ཀྱི་ལམ་དུ་འགྲོ་བའི་ལམ། ཐབས་ཀྱིས་ཟིན་ན་རྣལ་འབྱོར་པ་རྣམས་གོང་ནས་གོང་དུ་འགྲོ་བའི་ལམ་དུ་གྱུར་པ། སྤྱོད་པ་སེམས་ཅན་ཐམས་ཅད་དང་ཆ་མཐུན་ཙམ་དུ་བསྟན་པ་ཆགས་པ་ཅན་ཐབས་གོང་མ་ལྟ་བུ་ལ་བརྟེན་ནས་ཆགས་པ་དག་པར་བྱེད་པས་པདྨོ་ཅན་ཞེས་གྲགས་ཤིང་སྣང་སྟེ། གསང་བའི་སྐུའི་བཞུགས་གནས་སུ་ངེས་པའི་ཞིང་ཁམས་སོ། །སྟོན་པའི་མཚན་ཉིད་ནི། འོག་མ་ཀུན་དང་ཐུན་མོང་དུ་མ་གྱུར་ཏེ། རྟོགས་པར་དཀའ་བས་གསང་བ་སྟེ། མཐའི་ཟུག་རྔུ་མ་སྤང་བྲལ་ཞིང་ལོངས་སྤྱོད་གཉིས་བདེ་སྟོང་དབྱེར་མེད་དུ་བཞུགས་པས་སྐུའོ། །འཁོར་ནི། གསང་བའི་འཁོར་རྩ་དང་ཐིག་ལེ་བསམ་གྱིས་མི་ཁྱབ་པ་བརྗོད་ཀྱིས་མི་ལང་བའི་ཡང་གྲངས་ལས་འདས་པ་སྟེ། དེ་བསྟན་པ་ནི་འདི་ལྟ་སྟེ་ཞེའོ། །དེ་ནི་རིག་ཅིང་རྟོགས་པར་དཀའ་བ་གསང་སྔགས་ཀྱི་དོན་ལ་མི་གཡོ་བར་སེམས་ཏེ། མཐའ་མ་སྤང་བྲལ་བའི་ངོ་བོ་ནི་དཔའ་བའོ། །དེ་དག་འོག་མ་ལས་ཁྱད་པར་དུ་གྱུར་པས་ཆེན་པོའོ། །དོན་རྡོ་རྗེ་ལྟ་བུ་གསུམ་དང་ལྡན་པ་སྟེ་མྱུར་བ་ནི་རྟེན་འབྲེལ་རྣམས་འཛོམ་པའི་དུས་སུ་ཉོན་མོངས་པ་སྐད་ཅིག་ལ་འཇོམས་ཤིང་ཡེ་ཤེས་སྐད་ཅིག་ལ་ཤར་བ་དང་། རྡོ་རྗེ་ཆེན་པོ་རྣམས་མཐུན། ཡང་དག་པའི་ས་ལ་སྐད་ཅིག་གིས་ཕྱིན་པ་དང་ཉོན་མོངས་པ་དང་སྒྲིབ་པ་རྣམས་སྐད་ཅིག་ལ་གཅོད་པས་རྣོན་པོ་དང་། ཡོན་ཏན་གྱི་བྱེ་བྲག་རྣམས་རང་འཆར་བས་འབྱུང་བ་དང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་གསལ་བར་བྱེད་པས་འབྱེད་པ་དང་། འོག་མ་ལས་ཐབས་ཁྱད་པར་དུ་འཕགས་པས་ཆེ་བ་དང་། ཉོན་མོངས་པ་མ་སྤངས་དག་པས་ཡངས་པ་དང་། སྤྱོད་ཡུལ་བྲལ་བའི་ཡེ་ཤེས་དཔག་དཀའ་བས་ཟབ་པ་དང་། ཡེ་ཤེས་ཆེན་པོ་རང་གསལ་དུ་ཤར་བས་ནུབ་པ་མེད་པ་དང་། དེའི་དུས་རྟོག་ཚོགས་ཐམས་ཅད་ཡེ་ཤེས་སུ་རང་སྣང་བས་ན་སྣ་ཚོགས་ལ་སོགས་པ་ཞེའོ། །རྟོགས་པར་དཀའ་ཞིང་ཤིན་ཏུ་གསང་བའི་དོན་བསམ་གྱིས་མི་ཁྱབ་པ་དེ་དག་རྩ་དང་ཐིག་ལེ་འབྱུང་ཞིང་གནས་སུ་འཇུག་པ་དང་བཅས་ཏེ། རྟེན་འབྲེལ་འཛོམས་ནས་དོན་ཉམས་སུ་མྱོང་བ་ནི་ཐེ་ཚོམ་གཅོད་པ་དང་། དོན་མངོན་དུ་སྣང་བ་ནི་ཆོད་པ་དང་། རྡོ་རྗེ་རྩེ་མོར་ཐིག་ལེར་གནས་ཏེ་རྟོག་པ་མ་རག་པ་ནི་ཞུ་བར་བསྡོག་པ་སྟེ། འདི་དག་ནི་རྒྱུད་གཅིག་དང་གཞན་ཡང་གདུལ་བྱའི་ཁམས་བསམ་གྱིས་མི་ཁྱབ་པའི་རྒྱུད་ཐ་དད་པས་སྦྱར་རོ། །དེ་ལྟར་ན་ཞེས་པ་ལ་སོགས་པ་གཞུང་ན་གསལ། ལྷན་ནེ་སྟོན་པ། གནས་ལྷང་ངེ་། འཁོར་ལྷམ་མེ། བསྟན་པ་ལྷག་གེའོ། །ཀུན་ནས་ཀུན་ཏུ་སྣང་ངོ་ཞེས་པ་དུས་སོ། །ཡང་དགོངས་པ་ལྷན་ནེ། གདུལ་བྱའི་དོན་ལྷང་ངེ་། བདེ་སྟོང་ཡེ་ཤེས་ལྷམ་མེ། ཡང་ཆོས་སྐུ་ལྷན་ནེ། ལོངས་སྐུ་ལྷང་ངེ་། སྤྲུལ་སྐུ་ལྷམ་མེ། གསང་སྐུ་ལྷག་གེ། དུས་དང་གནས་སྐབས་ཀུན་ཏུ་རང་སྣང་ཞེའོ།། །།


previousའདུས་པ་མདོའི་སྐུ་བཞིའི་གླེང་འགྲེལ་རྒྱུད་དོན་གསལ་བྱེད། next