Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
ཉམས་མགུར།
   
   
   
   
   
   
   
   
   
   
   
   
   
   


 
previousཉམས་མགུར།next

ཉམས་མགུར།


LT37_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཧོ། །སྔོན་ཆད་མཐོང་མ་མྱོང་བའི་ཡ་མཚན་གྱི་ལྟད་མོ། །རྣ་བའི་བདུད་རྩིར་གྱུར་པའི་ངོ་མཚར་གྱི་ཆོས་སྒྲ། །ཡིད་ལ་སྔོན་མ་མྱོང་བའི་སྙིང་དབུས་ཀྱི་བདུད་རྩི། །གནས་མཆོག་གུ་རུ་གཙོ་འཁོར་གྱི་ཕོ་བྲང་དུ་ཚོགས་སོ། །ཕྱི་ནང་སྣོད་བཅུད་ཁྱད་འཕགས་གཏེར་ལྷུང་གི་ཡུལ་ལྗོངས། །དུས་ཚོད་ཁྱད་པར་འཕགས་པ་རང་བྱུང་གི་ཐོག་མར། །གུ་རུ་པདྨའི་རྒྱལ་ཚབ་རིག་འཛིན་གྱི་ཁྱུ་མཆོག །རྡོ་རྗེ་སེམས་དཔའ་དངོས་སྣང་ཉི་ཟླ་ནི་ཟུང་འབྲེལ། །ཞལ་རས་ལྷན་ཅིག་རྒྱས་པའི་དགའ་སྟོན་ལ་སྤྱོད་ཚེ། །འོག་མིན་པདྨ་དྲྭ་བའི་རིག་འཛིན་གྱི་ཚོགས་ཁང་། །ཐག་རིང་གཞན་ན་མི་འདུག་ཆུ་བུར་གྱི་ལྟད་མོ། །སྒྱུ་མའི་ཕུང་ཁམས་མ་དོར་ཚེ་འདིར་རང་མཐོང་སོང་། །སྣང་སྲིད་དག་པ་རབ་འབྱམས་འཁོར་ལོ་རུ་གཟིགས་ཚེ། །མ་དག་འཁྲུལ་སྣང་ལ་ཞེན་བར་ཆད་ཀྱི་བགེགས་ཚོགས། །ཐུགས་རྗེ་རྡོ་ཆར་ཤུགས་ཀྱིས་རྒྱང་རིང་དུ་བསྐྲད་ཚེ། །སྐལ་པ་ལྡན་པ་རྣམས་ཀྱི་ཐར་ལམ་ལ་གེགས་བྱེད། །མོ་གཏོལ་ཚབ་ཚུབ་མ་གོས་བྱིན་རླབས་སྐད་ཅིག་མས་དེང་སོང་། །མི་ཤིགས་རྡོ་རྗེ་ནཱ་དའི་གླུ་དབྱངས་ནི་ཟབ་མོས། །ནང་དང་གསང་བའི་རྣམ་ཐར་རྡོ་རྗེ་ཡི་རོལ་མོ། །འབྱུང་འགྱུར་ལུང་དུ་བསྟན་པ་ཐུན་མོང་དང་ཐུན་མིན། །སྐལ་ལྡན་སྤང་བླང་འབྱེད་པའི་སྒྲོན་མེ་ནི་སྦར་སོང་། །ངོ་མཚར་གཏེར་རྒྱ་བཀྲོལ་བ་མཐོང་བ་ཡི་སེམས་ལྡན། །རེ་དོགས་མདུད་པས་བཅིངས་པའི་སྐྱ་སེར་གྱི་ཁྲོམ་ཚོགས། །བདག་དང་བདག་འདྲའི་ཚོགས་རྣམས་ཁ་མིག་ནི་གདངས་ནས། །


LT37_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་ཞག་གསུམ་དུ་བྲག་རྩར་དཀའ་བ་འདྲ་སྤྱད་ཀྱང་། །ཉིན་བྱེད་འཆར་བའི་ཚེ་ན་འབྱུང་བྱ་ཡི་མིག་བཞིན། །མངོན་སུམ་སྤྱོད་ཡུལ་ཉིད་ཀྱང་དབང་པོའི་ལྐོག་ན་མོར་གྱུར་སོང་། །ཁྲག་འཐུང་མངོན་པར་རོལ་པའི་ཚོགས་ཁང་ནི་ཆེན་མོར། །དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཨོ་རྒྱན་སངས་རྒྱས་ནི་གཉིས་པ། །དཔལ་ཆེན་དཀྱིལ་འཁོར་དགུ་ཡི་ཚོམ་བུ་མངོན་པ་རུ་སྣང་བས། །སྨིན་གྲོལ་གདམས་ཟབ་ཉིན་ཞག་ཕྲུག་གཅིག་ལ་སྩལ་ཚེ། །སྐལ་མེད་ཁོ་བོ་ཅག་ནི་གཏི་མུག་སྨག་རུམས་སུ་ཆུད་སོང་། །ངོ་མཚར་བྱུང་བ་རྒྱ་མཚོའི་ལེ་རྒྱུས་རྣ་བ་རུ་ཐོས་ཚེ། །མངོན་སུམ་བལྟས་ཀྱང་མ་མཐོང་ལོང་བ་ཡི་མཐར་ཐུག །རྒྱུ་མཚན་ཡིད་ལ་མགོ་གླེན་པ་བརྒྱ་ཕྲག་གི་གྲལ་མཐའ། །བདག་འདྲའི་གཟུགས་བརྙན་རྣམས་ལ་ཡི་མུག་ཁོང་ནས་རང་སྐྱེས་སོ། །བདེ་ཆེན་མཁའ་འགྲོས་བསྐུལ་བའི་གཏེར་སྟོན་གྲུབ་ཐོབ་ཀྱི་རྒྱལ་པོ། །རྡོ་རྗེ་ཐོད་ཕྲེང་བཞུགས་པའི་འོད་གསལ་ཤེལ་ཕུག་གི་གསང་སྒྲོ། །སྣང་གསལ་ཞུན་མར་ངོགས་སུ་དཀའ་བ་མེད་པ་རུ་ཕྱེས་ནས། །སྐལ་ལྡན་འདུས་པའི་ཚོམ་བུས་ག་་ཙཀྲ་ལ་སྤྱོད་ཚེ། །ཁྱབ་བདག་གྲུབ་མཆོག་རྣམ་གཉིས་ཡེ་ཤེས་དགོངས་པ་ཡི་བྱིན་གྱིས། །འབད་སྩོལ་དཀའ་ཚེགས་མེད་པར་མིག་འཕྲུལ་སྒྱུ་མ་དང་མཚུངས་པར། །རང་བྱུང་རྡོ་ཡི་སྒྲོམ་བུ་ལག་པའི་པདྨོ་རུ་སོན་ཚེ། །ཚོང་པ་ནོར་རྙེད་ལྟ་བུའི་བློ་བདེ་རང་མལ་དུ་ཆུད་སོང་། །ཕྱོགས་འདིར་སྔོན་ཆད་མེད་པའི་ཡ་མཚན་མངོན་དགའ་ཡི་བཀོད་པ། །དག་སྣང་མིག་


LT37_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཡོད་ན་མོས་གུས་བཞིན་རས་ཀྱི་ལྟོས་དང་། །གསང་བདག་དཔའ་བོའི་ཆོ་འཕྲུལ་བསམ་མི་ཁྱབ་པ་རུ་མཐོང་འདུག །འོད་གསལ་རྫོགས་པ་ཆེན་པོའི་བསྟན་པའི་བཙས་གསུམ་གྱི་ངོ་མཚར། །ཀློང་ཆེན་རབ་ཏུ་འབྱམས་པའི་དངོས་གྲུབ་ཞོ་ཤ་ལས་བྱོན་ནས། །ཡོངས་རྫོགས་དཔྱིད་དུ་བབས་པའི་སྐལ་བཟང་སྣོད་ལྡན་འདྲ་སྲིད་ཀྱིས། །འབྱུང་འགྱུར་རྗེས་སློབ་བྱུང་ན་ཡིད་ཆེས་རྩེ་གཅིག་ཏུ་མཛོད་ཅིག །རྗེ་བཙུན་བླ་མ་རྣམ་གཉིས་ཐུགས་རྗེའི་ཉི་འོད་ཀྱིས་ཁྱབ་པས། །སྔོན་མེད་ཟབ་མོའི་ཆོས་དང་མྱོང་གྲོལ་བདུད་རྩི་ཡི་ཐིག་ལེ། །ཐར་པའི་གསོས་སུ་མྱང་བའི་སྐལ་བཟང་འདི་འདྲ་ལ་བསམ་ན། །ཡིད་ལ་སྤྲོ་བའི་བ་མཚར་བླ་ན་མེད་པ་ཡི་དཔལ་གྱིས། །ཉིན་དང་མཚན་ཏུ་སྙིང་གི་དཔྱིད་བཅུད་ནི་རྒྱས་སོ། །དེ་ཚེ་ཁོང་ན་མེད་ཀྱང་ཁ་སྐད་སྟོང་པ་ཡི་འུར་སྒྲ། །མཁས་གྲུབ་ཕུལ་བྱུང་ཚོགས་རྣམས་ཡང་ཡང་བཞད་གད་ཀྱི་འབབས་སྟེགས། །སྐྱིད་སྡུག་ངོ་ཚ་མེད་པའི་ཅོལ་ཆུང་ཐོལ་གླུ་ནི་ཚིག་བཞི། །རྣམ་སྣང་རྣམ་པར་འཕྲུལ་པའི་མགྲིན་པ་དོགས་མོ་ལས་ཐོན་སོང་། །རང་བྱུང་ཡེ་ཤེས་སྤྲོས་བྲལ་ནམ་མཁའ་ཡི་དབྱིངས་སུ། །བདེ་ཆེན་འགྱུར་མེད་འོད་གསལ་ཉི་ཟླ་ཡི་སྣང་བས། །སྣང་སྲིད་དག་པ་རབ་འབྱམས་སྐུ་དང་ཞིང་ཁམས་ཀྱི་ཐིག་ལེར། །མ་དག་འཁྲུལ་པའི་སྣང་བ་གདོད་ནས་རང་སངས་སུ་དེངས་སོང་། །མ་བཅོས་ཐ་མལ་ཤེས་པ་བློ་འདས་ཆོས་སྐུ་ཡི་དབྱིངས་སུ། །གཉིས་སྣང་རྟོག་པ་མཐའ་དག་བྱ་ལམ་རྗེས་


LT37_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དུ་སོང་བས། །དགའ་སྡུག་རེ་དོགས་མཐའ་དག་མཁའ་ལ་སྤྲིན་བཞིན་དུ་དེངས་ཚེ། །གྲུབ་ཐོབ་མཚན་སྙན་མེད་ཀྱང་འདི་ཀས་ཆོག་པ་ཡི་ཕོ་ཚོད། །དཔལ་ལྡན་བླ་མའི་དྲིན་གྱིས་བཅོས་མིན་རང་བྱུང་དུ་ཤར་རོ། །མཚན་ལྡན་བླ་མའི་མདུན་སར་དམ་ཚིག་རྣམ་དག་གི་ཚོགས་པ། །ལུང་ཐོབ་དཔའ་བོ་མཁའ་འགྲོས་གསང་བའི་བརྟུལ་ཞུགས་ལ་རོལ་ཚེ། །དཔལ་རི་པདྨ་འོད་ཀྱི་ཡེ་ཤེས་གཞལ་མེད་དུ་སླེབས་འདྲའི། །ཡེ་ཤེས་གཟི་བྱིན་ཆེན་པོ་རྣལ་འབྱོར་སྒོ་གསུམ་ལ་ཕེབས་པས། །བྱ་བྲལ་གཉུག་མའི་ངང་དུ་འཁོར་འདས་གཉིས་ཆོས་ཀུན་ནུབ་ནས། །མཉམ་གཞག་འཛིན་མེད་ངང་ལས་རྗེས་ཐོབ་བཅོས་མིན་གྱི་མོས་གུས། །བླ་མ་རང་རིག་དབྱེར་མེད་ལྷན་སྐྱེས་ཡེ་ཤེས་སུ་ཤར་བས། །མཁའ་ཁྱབ་འགྲོ་བའི་སེམས་དང་ཆུ་ལ་ཆུ་བཞག་བཞིན་འདྲེས་པ། །གདོད་མའི་དབྱིངས་སུ་འཁོར་བ་དོང་ནས་རང་སྤྲུགས་པའི། །སྨོན་ལམ་བཀྲ་ཤིས་བཟང་པོས་དགེ་ལེགས་མཐའ་རྒྱས་སུ་བྱས་འདི། །ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་བཀའ་ཡི་གནང་བ་ནི་ལྕི་བས། །མི་ནུབ་བཞིན་དུ་མཁས་འདོད་སྙོམས་ལས་ཀྱི་མཁན་པོ། །རོང་ནག་ཡུལ་དུ་སྐྱེས་པས་མགོ་མ་རིག་ནི་མེད་པ། །གཏི་མུག་དངོས་གྲུབ་ཐོབ་པས་ལྟ་སྤྱོད་ཚོམ་འཇོག་གི་བདག་པོ། །བདེ་བའི་རྡོ་རྗེ་ཞེས་པས་ཁ་གླ་གོས་ཟད་དུ་རྒྱུ་སྐབས། །གཡར་ཁྲལ་ངག་འཁྱལ་དུ་བྲིས་པ་ཀུན་ལ་བཟོད་བར་གསོལ་ལོ། །ཞེས་རྫོང་ཤོད་བདེ་གཤེགས་


LT37_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པའི་ཕོ་བྲང་གི་ལྷོ་ནུབ་སྒྲུབ་ཕུག་རྒྱལ་པོ་གནས་མཆོག་པདྨ་ཤེལ་རིའི་གནས་གཏེར་གྱི་སྒོ་ཁྱབ་བདག་གྲུབ་པའི་དབང་པོ་རྣམ་གཉིས་ཞལ་རྒྱས་པས་གསར་འབྱེད་སྐབས། ངོ་མཚར་བའི་རྣམ་ཐར་ཐ་མལ་དབང་པོའི་སྤྱོད་ཡུལ་དུ་གྱུར་པ་ལས་བརྩམས་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱི་མགྲིན་ལམ་སྦུག་འཐོམ་ལས་གཡར་ཁྲལ་དུ་འཐོན་ཙམ་བྱུང་བའོ། མངྒ་ལཾ། དགེའོ།


previousཉམས་མགུར།next