གསོལ་འདེབས་དང་སྨོན་ལམ་སྐོར།
དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་འོད་དཔག་མེད། །བརྟུལ་ཞུགས་གྲུབ་པའི་གཙོ་བོའི་ཚུལ་བསྟན་ནས། །འགྲོ་ལ་དངོས་གྲུབ་གཉིས་ཀྱི་དཔལ་སྟེར་བ། །བདེ་ཆེན་པདྨ་ཀ་རར་གསོལ་བ་འདེབས། །དེ་ཡི་བཀའ་བརྒྱུད་དྲི་མེད་ལས་འོངས་པའི། །སྨིན་གྲོལ་གདམས་པའི་བདུད་རྩིས་རྒྱུད་གང་ཞིང༌། །སྐལ་བཟང་ཆོས་ཀྱི་འབྱོར་བས་དགའ་མཛད་པ། །འཇིགས་མེད་བསྟན་པའི་ཉི་མར་གསོལ་བ་འདེབས། །ཚེ་རབས་ཀུན་ཏུ་ཐེག་མཆོག་དགེ་བའི་བཤེས། །མཚན་ཉིད་ཀུན་ལྡན་རྣམས་ཀྱིས་རྗེས་འཛིན་ཞིང༌། །ལེགས་དགུའི་འབྱུང་གནས་ཐུབ་པའི་བསྟན་པ་ལ། །བྱ་བ་རྒྱ་ཆེན་འགྲུབ་པར་བྱིན་གྱིས་རློབས། །ཆོས་ཚུལ་རྒྱ་མཚོའི་ཉིང་ཁུ་མཐར་ཐུག་པ། །རྒྱལ་དང་དེ་སྲས་རྣམས་ཀྱི་གསང་བའི་མཛོད། །ཐེག་མཆོག་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །གཅེས་སྤྲས་ཆེན་པོས་སྒོམ་པར་བྱིན་གྱིས་རློབས། །དཔལ་ལྡན་རྡོ་རྗེ་ཐེག་པའི་ལམ་གྱི་སྲོལ། །དབང་གིས་རྒྱུད་སྨིན་དམ་ཚིག་མིག་བཞིན་སྲུང༌། །རིམ་པ་གཉིས་ཀྱི་རྣལ་འབྱོར་མ་ནོར་བ། །ཚུལ་བཞིན་ཉམས་སུ་ལོངས་པར་བྱིན་གྱིས་རློབས། ཁྱད་པར་འོད་གསལ་རྡོ་རྗེ་རྩེ་མོའི་ལམ། །གང་དང་མི་འདྲ་ཀུན་གྱི་ཡུལ་མིན་པ། །
སྡེ་གསུམ་རྒྱུད་སྡེའི་དགོངས་པ་ཇི་བཞིན་དུ། །རྙེད་ནས་སྒྲུབ་ལ་བརྩོན་པར་བྱིན༴ སྐྱེ་འགག་གནས་གསུམ་བྲལ་བ་གདོད་མའི་གཤིས། །གདལ་ཁྱབ་ནམ་མཁའ་ལྟ་བུར་ཐག་ཆོད་ནས། །སྟོང་པའི་དབྱིངས་སུ་རིག་པའི་གཟེར་བཅུག་སྟེ། །ཀ་དག་ཆོས་སྐུ་སྒོམ་པར་བྱིན་གྱིས༴ གཞི་སྣང་ལམ་དུ་འཁྱེར་བའི་ཐབས་མཁས་ཀྱིས། །རིག་མདངས་སྣང་བ་ལྷ་སྐུར་རྩལ་རྫོགས་ཏེ། །འོད་ཀྱི་ལུས་ལ་ཡེ་ཤེས་སྲོག་ལྡན་པ། །ལྷུན་གྲུབ་གཟུགས་སྐུ་འགྲུབ་པར༴ ཐུན་མོང་བདེན་བཞི་སྒོམ་པའི་རྣལ་འབྱོར་ནས། །བླ་མེད་རྫོགས་པ་ཆེན་པོའི་གསང་ལམ་བར། །ཚང་ལ་མ་ནོར་རྒྱལ་བའི་བསྟན་པ་ཀུན། །བཟུང་སྟེ་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་སྒྲུབ་བརྩོན་བླ་མ་དམ་པ་བསོད་ནམས་ཡེ་ཤེས་པས་རྟེན་བཅས་ནན་ཏན་བསྐུལ་བའི་ཞལ་ངོ་མ་ལྡོག་པར་སྤྲང་རྒན་རང་ཉིད་ཀྱིས་གང་དྲན་སྐད་ཅིག་ལ་བྲིས་པ་དགེའོ།། ༈ །།མཁའ་མཉམ་འགྲོ་ལ་མ་ལྟར་རྗེས་བརྩེ་ཡང༌། །སྨོན་ལམ་དབང་གིས་དུས་མཐའི་བོད་འབངས་ལ། །ཐུགས་རྗེ་ལྷག་པར་མྱུར་བར་ཞལ་བཞེས་པའི། །བཀའ་དྲིན་ཟླ་མེད་ཨོ་རྒྱན་ཆོས་རྗེ་དང༌། །མཆོག་གཟིགས་གྲུབ་བརྒྱའི་གཙུག་རྒྱན་བི་མ་ལ། །བརྒྱུད་གསུམ་རིག་
འཛིན་བླ་མའི་ཚོགས་བཅས་ལ། །མི་ཕྱེད་མོས་གུས་གདུང་བའི་ཤུགས་ཕྱུང་སྟེ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མཐོང་གྲོལ་ཞལ་བཟང་སྟོན་ཅིང་བྱིན་གྱིས་རློབས། །དབང་འབྱོར་བདེན་ཚིག་གསུང་ཞིང་བྱིན་གྱིས་རློབས། །ཏིང་འཛིན་དགོངས་པ་གཏད་དེ་བྱིན་གྱིས་རློབས། །ཉིད་དང་རྣམ་དབྱེར་མེད་པར་བྱིན་གྱིས་རློབས། །ཞེས་པའང་དྷཱི་པུ་མཆོག་སྤྲུལ་རིན་པོ་ཆེའི་ངོར། ཨ་བྷྱས་སོ།། ༈ །།འཇིགས་མེད་གྲུབ་བརྒྱའི་གཙུག་ནོར་པདྨ་འབྱུང༌། །ཡོངས་རྫོགས་བསྟན་པའི་ཉི་མ་ཀློང་ཆེན་རྗེ། །ཐུགས་སྲས་བརྒྱུད་པར་བཅས་པའི་བྱིན་རླབས་རྒྱུན། །ཀུན་འདུས་རྗེ་བཙུན་བླ་མར་གསོལ་བ་འདེབས། །སྲིད་བདེས་མི་འཕྲོག་ངེས་འབྱུང་བསམ་པ་ཡིས། །བསྐུལ་ཏེ་མཆོག་གསུམ་གཙུག་གི་ལྷར་འཛིན་ཞིང༌། །གཞན་དོན་ཁོ་ནར་བྱང་ཆུབ་མཆོག་སྒྲུབ་པའི། །བསམ་སྦྱོར་རླབས་ཆེན་འབྱོང་བར་བྱིན་གྱིས་རློབས། ཁྱད་པར་མོས་གུས་བླ་མའི་ལམ་བཟང་ལ། །བརྟེན་ནས་དབང་གི་ཡེ་ཤེས་གོང་འཕེལ་ཏེ། །གདལ་ཁྱབ་ནམ་མཁའི་དཀྱིལ་ལྟར་རྣམ་དག་པའི། །རང་སེམས་གཉུག་མ་མཐོང་བར༴ དེ་ཚེ་བཅོས་སླད་བྲལ་བའི་བསམ་གཏན་མཐུས། །བྱ་རྩོལ་བཅོས་མའི་ལྟ་སྒོམ་
རང་སར་གྲོལ། །བྱར་མེད་རིག་པའི་ཀློང་དུ་བཙན་ས་ཟིན། །འཁྲུལ་པའི་གྲོང་ཁྱེར་སྟོང་པར༴ གཞི་ལས་འཕགས་པའི་ཡེ་ཤེས་རླུང་གི་གདངས། །རྩ་མཆོག་མེ་ལོང་དྭངས་པའི་ངོས་ཤར་བ། །ལྷུན་གྲུབ་ཞིང་སྐུའི་སྣང་བ་བཀྲག་པོ་ཆེར། །སྣང་བཞིའི་ལང་ཚོ་རྫོགས་པར༴ རྣལ་འབྱོར་ཟབ་མོས་ཡུལ་སེམས་ཁ་དོག་བསྒྱུར། །གཉིད་རྨིའི་བག་ཆགས་འོད་གསལ་འཁོར་ལོར་སྦྱང༌། །སྐྱེ་འཆི་བར་དོའི་འཁྲུལ་སྣང་དྲ་བ་ཀུན། །ཉག་གཅིག་རྟོགས་པས་ཆོད་པར༴ འདི་དང་བར་དོར་གྲོལ་བ་མ་ཐོབ་ན། །འཆི་ཚེ་སངས་རྒྱས་སྤྲུལ་པས་ཞལ་བསྟན་ནས། །རིག་འཛིན་གནས་སུ་བདེ་བར་དབུགས་ཕྱུངས་ཏེ། །གོ་འཕང་མཆོག་ལ་སྦྱོར་བར་བྱིན་གྱིས་རློབས། །ཞེས་པའང་འཇིགས་མེད་བསམ་གཏན་ནན་གྱིས་བསྐུལ་བ་ལྟར། བསྟན་པའི་ཉི་མས་བྲིས་པ་དགེ་བར་གྱུར་ཅིག། ༈ །།འཇིགས་བྲལ་འཆི་མེད་སྐུ་ཅན་པདྨ་འབྱུང༌། །ཐེག་མཆོག་བསྟན་པའི་ཤིང་རྟ་ཀློང་ཆེན་པ། །གངས་ཅན་ཕན་བདེའི་ཉི་མ་འཇིགས་བྲལ་གླིང༌། །གསོལ་བ་འདེབས་སོ་དོན་གཉིས་ལྷུན་གྲུབ་ཤོག །ཤྲི་བན་གྱི་ངོར་བྲིས།། ༈ །།སྐལ་བཟང་ཐར་པར་བགྲོད་པའི་མིག་གཅིག་པུ། །ཐེག་མཆོག་ལམ་
གནད་སྟོན་པའི་སྒྲོན་མེ་ཆེ། །རབ་འབྱམས་རྒྱལ་ཀུན་ཕྲིན་ལས་བྱེད་པོ་རུ། །རྣམ་འཕྲུལ་རྗེ་བཙུན་བླ་མར་གསོལ་བ་འདེབས། །རང་བྱུང་པདྨའི་མན་ངག་ནོར་བུའི་མཛོད། །ལས་འཕྲོ་སྨོན་ལམ་དག་པས་ཁ་ཕྱེ་སྟེ། །དུས་མཐར་སྣོད་ལྡན་འགྲོ་ལ་དབུགས་འབྱིན་པ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཀུན་ཏུ་བཟང་པོ་འཇིགས་མེད་གླིང་པའི་སྡེའི། །བསྟན་པའི་ཉི་མ་ཕྲིན་ལས་གཉེར་འཆང་བར། །རིགས་ཀུན་ཁྱབ་བདག་བླ་མས་བྱིན་བརླབས་པ། །དཔལ་ལྡན་སྐལ་བཟང་དབང་པོར་གསོལ་བ་འདེབས། །དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །ལམ་བཟང་སྒྲུབ་པའི་ཕྱི་ནང་མཐུན་རྐྱེན་ཚོགས། །མ་ཚང་མེད་པར་ངང་གིས་འབྱོར་པ་དང༌། །འགལ་རྐྱེན་མཐའ་དག་ཞི་བར་བྱིན་གྱིས་རློབས། །བཅོས་མིན་སྙིང་རྗེ་ཆེ་དང་བྱང་ཆུབ་ལ། །མི་ཕྱེད་དད་པས་དྲངས་པའི་སེམས་བསྐྱེད་ཀྱིས། །རྒྱལ་སྲས་སྤྱོད་མཆོག་ཟབ་དང་རྒྱ་ཆེའི་ཁྱོན། །བདེ་བླག་ཉིད་དུ་འཇལ་བར་བྱིན་གྱིས་རློབས། ཁྱད་པར་རྡོ་རྗེ་རྩེ་མོའི་གསེང་ལམ་ནས། །སྒྲིབ་བྲལ་གཉུག་མའི་དབྱིངས་སུ་ལྷུན་གྲུབ་ཀྱི། །རང་སྣང་དཀྱིལ་འཁོར་གཙོ་བོར་བྱང་ཆུབ་སྟེ། །འགྲོ་ལ་མཆོག་སྦྱིན་བྱེད་པར་བྱིན་
གྱིས་རློབས། །དད་ལྡན་འདི་བོས་ཀུན་ཁྱབ་ཀྱི་གསུང་ནན་མ་ལྕོགས་ནས། སྤྲང་འཆལ་རང་ཉིད་ཀྱིས་རེ་དོགས་མེད་པར་བྲིས་པ་མངྒ་ལཾ།། ༈ །།རྒྱལ་བ་འོད་དཔག་མེད་མགོན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཚེ་འདི་འཕོས་མ་ཐག་པ་རུ། །བདེ་བ་ཅན་དུ་དྲང་དུ་གསོལ། །བློ་བཟང་ལའོ།། ༈ །།འཇིགས་རུང་འཁོར་མཚོར་བྱིང་བའི་འགྲོ་བ་ལ། །དམིགས་མེད་སྙིང་རྗེའི་དབང་གྱུར་སྤྲུལ་པའི་གར། །བསྟན་མཛད་ལེགས་པའི་ལམ་སྟོན་སྨྲ་བའི་ཉི། །བླ་མ་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །སྐྱེ་བ་ཀུན་ཏུ་མགོན་པོ་སྤྱན་རས་གཟིགས། །འབྲལ་མེད་གཙུག་གི་རྒྱན་དུ་འཐོབ་པ་དང༌། །དེའི་གསུང་གདམ་དོན་མ་ནོར་ཉམས་བླངས་ནས། །གཏན་བདེའི་རྩ་བ་ཚུགས་པར་བྱིན་གྱིས་རློབས། །དབལ་ཤུལ་ཁྱོ་ཁོའི་ཕྱོགས་ནས་དད་ལྡན་ཁྲོ་རྒྱལ་གྱི་ངོར་ཨ་བྷྱས་སོ།། ༈ །།རྒྱལ་བ་ཀུན་གྱི་ཐུགས་རྗེ་ཕྲིན་ལས་རྣམས། །གཅིག་བསྡུས་རྗེ་བཙུན་མྱུར་མ་དཔའ་མོའི་ཞབས། །གསོལ་བ་འདེབས་སོ་འདི་ཕྱི་བར་དོ་ཀུན། །འཇིགས་དང་སྡུག་བསྔལ་ཚོགས་ལས་བསྐྱབ་ཏུ་གསོལ། །དགེ་ཞིང་བཀྲ་ཤིས།། ༈ །།འཇིགས་མེད་ཐེག་མཆོག་བསྟན་པའི་ཉི་མ་ཡིས། །དད་བརྒྱའི་པདྨོ་གེ་
སར་ལེགས་ཕྱེ་བ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཀུན་མཁྱེན་བརྒྱུད་པའི་བྱིན་རླབས་མྱུར་འཇུག་ཤོག །ཅེས་བླ་མ་དམ་པ་བསོད་ནམས་དོན་གསལ་གྱི་བཀའ་ལྟར་བྲིས།། ༈ །།སྐྱབས་ཀུན་འདུས་ཞལ་པདྨ་འབྱུང་གནས་ཀྱི། །ལུང་རྟོགས་བསྟན་པ་རྒྱ་མཚོའི་མཛོད་འཆང་བ། །བཀའ་དྲིན་མཉམ་མེད་རྗེ་བཙུན་བླ་མ་ལ། །གསོལ་བ་འདེབས་སོ་སྐྱེ་ཀུན་རྗེས་འཛིན་ཤོག། ༈ །།འཇིགས་རུང་སྲིད་པའི་མཚོ་ལས་སྒྲོལ་བའི་གྲུ། །ཐར་ལམ་དྲི་མེད་བལྟ་བའི་མིག་གཅིག་པོ། །བླ་མ་སངས་རྒྱས་དེ་ལ་གསོལ་བ་འདེབས། །ཐེག་མཆོག་ལམ་བཟང་རྙེད་པར་བྱིན་གྱིས་རློབས། །བླ་མ་སྤྱིའི་གསོལ་འདེབས་དོན་གཉེར་ཅན་གྱི་ངོར་བྲིས་པ་དགེ། ༈ །།འཇིགས་བྲལ་ཟླ་མེད་སྟོན་པ་སངས་རྒྱས་དེ་ལ་གསོལ་བ་འདེབས་སོ། །སྐྱེ་ཀུན་སངས་རྒྱས་མཐོང་བར་བྱིན་གྱིས་རློབས་ཤིག །བསྟན་པ་ལུང་དང་རྟོགས་པའི་ཆོས་མཆོག་དེ་ལ་གསོལ་བ་འདེབས་སོ། །དམ་ཆོས་ཚུལ་བཞིན་འཛིན་པར་བྱིན་གྱིས་རློབས་ཤིག །བསྟན་འཛིན་འཇིག་རྟེན་ཉི་མ་དགེ་འདུན་དེ་ལ་གསོལ་བ་འདེབས་སོ། །དམ་པའི་རྣམ་ཐར་འཁྱོང་བར་བྱིན་གྱིས་རློབས་ཤིག །འཇིགས་དཔལ་གྱི་ངག་བཞིན་ཨ་བྷྱས་བྲིས་པ་དགེ་བ་འགྱུར་ཅིག། ༈ །།
འཇིགས་མེད་གླིང་པའི་བཀའ་བརྒྱུད་ཀྱི། །བསྟན་པའི་རྒྱལ་མཚན་སྒྲེང་མཛད་པའི། །དམ་པ་རྣམས་ལ་གསོལ་བ་འདེབས། །གཙང་མའི་མི་ལུས་རིན་ཆེན་འདིས། །དམྱལ་བའི་མགོ་དོམ་མི་ལེན་ཤོག །ལུས་ལ་བནྡྷེའི་ཆས་གྱོན་ནས། །སྐྱ་བོའི་ལས་ཀ་མི་བྱེད་ཤོག །མི་གཅིག་བློ་གཅིག་ཡོད་པ་དེ། །སྣེ་མང་ལས་ལ་མི་བཀོལ་ཤོག །ཡོང་ངེས་འཆི་བ་མི་དྲན་པར། །དོན་མེད་འདང་རྒྱ་མི་བཀྲམ་ཤོག །མི་དགོས་བྱ་བ་ཀུན་བསྐྱུར་ནས། །དགོས་རྒྱུ་ཆོས་སུ་ཐག་ཆོད་ཤོག །དམ་པའི་ཆོས་ལ་ཕག་ཡར་ནས། །ཆོས་མིན་ཟོལ་ཟོག་མི་བྱེད་ཤོག །དལ་དུས་དགེ་སྦྱོར་བསྐྱང་བ་ཡིས། །བྲེལ་ཚེ་རྐྱེན་གྱིས་མི་འཕྲོགས་ཤོག་ཁྲོ་སྐྱབས་ཤེས་རབ་ལའོ།། ༈ །།འཇམ་དཔལ་རྫོགས་པ་ཆེན་པོའི་སྨོན་ལམ་མི་ཤིགས་ན་དའི་རོལ་མོ་ཞེས་བྱ་བ། །གཟོད་ནས་རྣམ་དག་མི་འགྱུར་ཐིག་ལེའི་སྐུ། །སྤྲོས་པའི་གྲྭ་ཟུར་ཡོང་ཡེ་དམིགས་མིན་པ། །སྣང་སྟོང་མཉམ་ཉིད་རྡོ་རྗེ་ནམ་མཁའི་དབྱིངས། །ལྷུན་རྫོགས་དང་པོའི་མགོན་པོ་རྒྱལ་གྱུར་ཅིག །གཉུག་མའི་རང་བཞིན་ཤིན་ཏུ་ཕྲ་བའི་ཡིད། །མཚོན་བྱེད་དཔེ་དང་བརྡ་ཡི་ཐབས་བསྟན་ནས། །རྒྱལ་ཐབས་སྤྱི་བླུགས་རིག་པ་རྩལ་
གྱི་དབང༌། །བླ་མའི་དྲིན་གྱིས་ངེས་པར་རྙེད་གྱུར་ཅིག །ཞིང་གི་རྡུལ་སྙེད་བསྐལ་པ་ཇི་སྲིད་དུ། །རྙེད་པར་དཀའ་བའི་ངེས་གསང་བླ་ན་མེད། །རྡོ་རྗེ་རྩེ་མོ་འོད་གསལ་སྙིང་པོའི་ལམ། །བླ་མའི་དྲིན་གྱིས་ཚེ་འདིར་རྙེད་གྱུར་ཅིག །ཡེ་ནས་ལྷུན་གྲུབ་མ་བཅོས་རིག་པའི་གཤིས། །རྩོལ་ཞིང་སྒྲུབ་མེད་ཆོས་སྐུ་འདུས་མ་བྱས། །ཡེ་གྲོལ་གཉུག་མ་ཁྱབ་གདལ་ཆེན་པོའི་ཀློང༌། །བྱ་རྩོལ་སྤྲོས་པའི་འཛིན་ཞེན་ཞིག་གྱུར་ཅིག །ངོ་བོ་སྟོང་ཉིད་མཐའ་འབྲལ་ནམ་མཁའ་ཆེ། །རང་བཞིན་ཡེ་ཤེས་འོད་གསལ་བུམ་པའི་སྐུ། །ཐུགས་རྗེ་རོལ་རྩལ་ཤར་གྲོལ་སྒྱུ་མའི་ངང༌། །ཀ་དག་ལྟ་བའི་གདེངས་ཆེན་རྙེད་གྱུར་ཅིག །ཡེ་སྟོང་རང་སྟོང་ཆོས་ཀུན་རྣམ་སྟོང་པའི། །རྣམ་མེད་སྟོང་པ་བློ་འདས་ཆེན་པོའི་དབྱིངས། །གཉིས་སྣང་འཆིང་བ་ཤུགས་ཀྱིས་དགྲོལ་ནུས་པའི། །རྟོགས་པའི་རྩལ་ཆེན་ནང་ནས་རྫོགས་གྱུར་ཅིག །སྣ་ཚོགས་གཟུང་འཛིན་སྤྲོས་པའི་རྫུན་རིས་ཀུན། །ཟང་ཐལ་རིག་པ་རྒྱ་ཡན་ཅོག་བཞག་དང༌། །གཞི་སྣང་གཞི་གྲོལ་ཆེན་པོའི་ཚུལ་ཞུགས་པས། །རང་གནས་ཡེ་ཤེས་རང་ཞལ་མཇལ་གྱུར་ཅིག །སྣང་བ་གཏད་མེད་ཀློང་ཆེན་དགོངས་པའི་སྦུབས། །ཨ་འཐས་འཁྲུལ་པའི་དམིགས་གཏད་ཀུན་བཤིགས་ནས། །བྱར་མེད་
ངང་ལ་མ་བཅོས་ཅོག་བཞག་པས། །འཛིན་མེད་རིག་པ་བབ་ལ་གནས་གྱུར་ཅིག །སྒོམ་བློའི་དྲན་འཛིན་ནམ་མཁའ་མདུང་བསྐོར་བཞིན། །མི་སྒོམ་འཁྲུལ་པའི་ཀུན་རྟོག་དབྱིངས་སུ་ཐིམ། །སྒོམ་དང་མི་སྒོམ་བྱིས་པའི་རྩེད་མོ་ལྟར། །གཏད་སོའི་རྫུན་ཕུག་ཁོང་ནས་རྡིབ་གྱུར་ཅིག །ཕྱི་རུ་ཡིད་དཔྱད་འཛིན་པའི་སེམས་མི་སྤྲོ། །ནང་དུ་ཉམས་ཞེན་སྒོམ་པའི་རོ་མི་མྱང༌། །སྒོམ་མེད་རིག་པའི་ངང་དུ་གཅེར་ཉལ་བས། །འོད་གསལ་ཉི་མ་སྙིང་ལ་འཆར་གྱུར་ཅིག །བརྟན་གཡོའི་ཆོས་ཀུན་སྒྱུ་མའི་རྩེད་མོ་བཞིན། །མེད་བཞིན་སྣང་བ་ལས་ཀྱི་འཁོར་ལོ་ཅན། །ཀུན་བྱེད་རིག་པའི་རྣམ་འཕྲུལ་རྫུན་པོ་ཆེར། །རྟོགས་ནས་དངོས་འཛིན་འཁྲུལ་པ་ཞིག་གྱུར་ཅིག །དེ་ལྟར་རང་བཞག་ཉམས་མྱོང་གོམས་པའི་མཐུས། །ལས་རླུང་དབུ་མའི་དབྱིངས་སུ་འདུས་པ་ལས། ཁམས་གསུམ་མ་ལུས་བདེ་སྟོང་གཅིག་གི་རྒྱས། །འཆིང་བའི་རྣལ་འབྱོར་ཆེན་པོར་བདག་གྱུར་ཅིག །སླར་ཡང་སྒོ་ཡུལ་རླུང་གི་གནད་བསྣུན་ནས། །ཡེ་ཤེས་བཞི་སྦྱོར་ཆེན་པོའི་ལམ་སྦྱངས་པས། །རྣམ་པ་ཀུན་གྱི་མཆོག་ལྡན་སྟོང་པའི་གཟུགས། །མི་འགྱུར་བདེ་བའི་ཉམས་བརྒྱར་འབར་གྱུར་ཅིག །
དག་པ་དབྱིངས་སྒྲོན་འོད་ལྔའི་ལྡིང་ཁང་ན། །རྣམ་པར་མི་རྟོག་རྡོ་རྗེ་ལུ་གུ་རྒྱུད། །མི་ཤིགས་དངས་མ་མཆོག་གི་སྐུར་སྨིན་པ། །ཟླུམ་འཁྲིགས་ཐིག་ལེའི་ར་བར་བརྟན་གྱུར་ཅིག །ཆོས་ཉིད་མངོན་སུམ་ཚོགས་ཀྱི་ལམ་གོམས་པས། །སྦྱོར་བའི་ལམ་བཞིར་ཉམས་སྣང་གོང་དུ་འཕེལ། །རིག་པ་ཚད་ཕེབས་བདེན་དོན་མངོན་སུམ་མཐོང༌། །ཆོས་ཟད་བློ་འདས་སྒོམ་ལམ་རྫོགས་གྱུར་ཅིག །ནམ་ཞིག་གཞི་དབྱིངས་ཐིག་ལེ་ཆེན་པོའི་ཀློང༌། །གཞི་སྣང་ལྷུན་གྲུབ་རིག་པའི་རྩལ་རྫོགས་ཏེ། །ཕྲ་རབ་རྡུལ་དང་བྲལ་བའི་ཡེ་ཤེས་ལུས། །འཇམ་དཔལ་དགའ་བའི་རྡོ་རྗེ་མཆོག་འགྲུབ་ཤོག །ཅེས་པའང་མདོ་སྨད་ཀྱི་སྤྲང་སྨྱོན་འཇིག་མེད་བསྟན་རྒྱམ་གྱི་ཆུ་སྟོད་ཟླ་བའི་ཚེས་བཅུ་གསུམ་གྱི་ཉི་ཤར་ལ་བྲིས་པ་དགེ་ཞིང་བཀྲ་ཤིས།། ༈ །།མཐོན་མཐིང་རལ་པའི་ཟུར་ཕུད་རྣམ་པ་ལྔ། །མཁའ་ཁྱབ་རྒྱལ་བ་ཀུན་གྱི་ངོ་བོ་རུ། །ཡོངས་རྫོགས་འཁོར་ལོའི་དབང་ཕྱུག་འཇམ་པའི་དཔལ། །བདག་ལ་ཡེ་ཤེས་སྟེར་བའི་ལྷར་བཞེངས་ཤིག །མྱ་ངན་ཉམ་ཐག་བུ་ཆུང་སྐྱབས་མེད་པ། །གདུང་བའི་ཡུས་ཀྱིས་མ་ལ་འབོད་པ་བཞིན། །མི་ཤེས་དྲ་བ་འཐུག་པོས་བཅིངས་པ་བདག །གདུང་ཤུགས་མཆི་མ་གཡོ་བས་ལྷ་ཁྱོད་འབོད། །གཏི་མུག་མུན་རུམ་འཐུག་པོའི་རྒྱར་འཐུམ་ཞིང༌། །
ཆོས་མིག་རྡུལ་དང་བྲལ་བས་རབ་སྤངས་བདག །རྟག་ཏུ་ཐུགས་རྗེའི་གཏེར་ཁྱོད་བསྙེན་ལགས་ན། །མཐོང་བའི་ཆོས་ལ་བྱིན་རླབས་སྣང་བ་སྩོལ། །སྐལ་པ་དམན་ལ་བློ་གྲོས་ཤིན་ཏུ་དམན། །དམན་པ་ལས་ཀྱང་ཤིན་ཏུ་དམན་པ་བདག །གདུང་བའི་ཡིད་ཀྱིས་ལྷ་ཁྱོད་རྗེས་དྲན་ན། །ཐུགས་རྗེའི་ཕྱག་གཡས་སྐྱོངས་ཤིག་འཇམ་པའི་དཔལ། །ཟབ་མོའི་གནས་ལུགས་ལྟ་བའི་ཤེས་རབ་མིག །ཀུན་ནས་ལྡོང་བའི་ཉམ་ཆུང་བྱིས་པ་བདག །རྩེ་གཅིག་སེམས་ཀྱིས་ལྷ་ཁྱོད་བསྙེན་བགྱིད་ན། །སྙིང་ལ་ཡེ་ཤེས་སྣང་བ་ཆར་དུ་སྙོལ། །བདེ་གཤེགས་གསུང་རབ་དྲང་དང་ངེས་པའི་གནད། །རྣམ་པར་ཕྱེ་བའི་བློ་ནུས་བྲལ་བ་བདག །སྙིང་རྗེའི་བདག་ཉིད་མཆོག་ཁྱོད་བསྙེན་ལགས་ཀྱིས། །སྤོབས་པའི་གཏེར་ཆེན་བརྒྱད་ཀྱི་སྒོ་འཕར་ཕྱེས། །ཕྱིན་དྲུག་སྦྱོང་བའི་ཁྱིམ་ལ་མི་དབང་ཞིང༌། །ཡོན་ཏན་ནོར་གྱིས་ཕོངས་པའི་སྐལ་ངན་བདག །འཕགས་མཆོག་ལག་ན་རལ་གྲིའི་ཞབས་མཆོད་ན། །བསླབ་གསུམ་རྒྱལ་ཐབས་ཆེན་པོའི་ཁྲི་ལ་ཞོག །ཀུན་རྨོངས་གཡུལ་གྱི་འཇིགས་པས་ཟིན་གྱུར་ཅིང༌། །ཉོན་མོངས་ལས་ཀྱི་ཉེས་པས་བཏབ་པ་བདག །ལྷ་མཆོག་འཇམ་པའི་རྡོ་རྗེ་ཁྱོད་བསྙེན་གྱིས། །སྒྲིབ་
བྲལ་ཡེ་ཤེས་གཟིགས་པས་རྟག་ཏུ་སྐྱོངས། །གྲངས་མེད་འདྲེན་པ་དུ་མས་རབ་བཏང་ཞིང༌། །སེམས་ཅན་ཀུན་གྱི་སྙིགས་མར་གྱུར་པ་བདག །བཅོམ་ལྡན་ངག་གི་དབང་ཕྱུག་བསྙེན་བཀུར་ན། །རྨད་བྱུང་ཡེ་ཤེས་སྐུ་ཡི་སྣང་བ་སྟོན། །གཡང་ས་མང་པོའི་ལམ་དུ་རབ་ཞུགས་ཤིང༌། །བློ་གྲོས་ལོག་པར་འཕྱན་པའི་རྨོངས་པ་བདག །རྗེ་བཙུན་ཡེ་ཤེས་མེ་ལོང་ཁྱོད་མཆོད་ཀྱིས། །ཀུན་ཏུ་བཟང་པོའི་འོད་ཟེར་བདག་ལ་སྟོན། །ཐེ་ཚོམ་རེག་པ་རྩུབ་མོས་ཆེས་གཟིར་ཤིང༌། །བདེན་གཉིས་རིག་པའི་གོམ་ཚུགས་འཁྱོར་བ་བདག །ལྷ་མཆོག་སྨྲ་བའི་ཉི་མ་ཁྱོད་སྒྲུབ་ན། །གཟུངས་སྤོབས་སྤྲིན་གྱི་འཛུམ་དཀར་སྙིང་ལ་སྟོན། །ཟབ་རྒྱས་གཞུང་ལུགས་སྨྲ་བའི་མཐུ་མེད་ཅིང༌། །ལོག་པར་སྨྲ་བ་ངན་པའི་དབང་གྱུར་བདག །འཇམ་མགོན་སྙིང་གི་ཉི་མ་ཁྱོད་མཆོད་ན། །སོ་སོ་ཡང་དག་རིག་བཞིའི་སྣང་བ་སྩོལ། །མདོར་ན་འདི་ནས་བླ་མེད་བྱང་ཆུབ་བར། །ལྷ་མཆོག་ཆོས་ཀྱི་ཉི་མ་འཇམ་དཔལ་དབྱངས། །མི་འབྲལ་སྙིང་གི་ཐིག་ལེར་རྟག་བཞུགས་ཏེ། །མི་ཟད་ཡེ་ཤེས་མཆོག་གི་དགའ་སྟོན་སྩོལ། །ཅེས་པའང་གཞོན་ནུ་འཇིགས་མེད་པས་ལྕགས་སྤྲུལ་ཟླ་བ་བཞི་པའི་ཚེས་བརྒྱད་ལ་མི་ཕྱེད་པའི་གདུང་བ་དྲག་པོས་གསོལ་བ་བཏབ་པ་དགེ་ལེགས་ཡེ་ཤེས་མཆོག་སྩོལ་ཞེས་བྱ་བ་སིདྡྷི་རསྟུ།། ༈ །།
བཀའ་དྲིན་མཉམ་མེད་རྗེ་བཙུན་མཁྱེན་རབ་ལྷ། །རྒྱལ་བའི་ཡུམ་གཅིག་མྱུར་མཛད་སྒྲོལ་མ་སོགས། །སྲས་བཅས་རྒྱལ་བ་རྣམས་ལ་གུས་བཏུད་ནས། །མཁྱེན་པར་གསོལ་གྱིས་བདག་ལ་ཐུགས་བརྩེས་དགོངས། །བདག་འདྲ་སྟེས་དབང་ལེགས་པས་མི་ལུས་ཐོབ། །རང་དང་གཞན་གྱི་བདེ་སྡུག་ཚུལ་མང་མཐོང༌། །ཕལ་ཆེར་སྐྱོ་ཤས་སྐྱེ་བའི་སྣོན་མར་གྱུར། །བསམ་བློ་མང་དུ་བསྐོར་ནས་གཅིག་སྟེང་འཁོར། །ད་ནི་སྐྱེ་ཞིང་སྐྱེ་བའི་ཕྲེང་བ་ཀུན། །འཇིགས་རུང་སྡུག་བསྔལ་ཁུར་པོས་གཉའ་མནན་ནས། །དམ་ཆོས་བྱེད་དབང་བྲལ་བའི་ངན་སོང་དུ། །བཟོད་པ་མ་ཐོབ་བར་དུ་མ་འགྲོ་ཤོག །བདེ་འགྲོར་དམྱལ་བ་སྒྲུབ་ཏུ་སྐྱེས་འདྲ་བ། །ཞེ་སྡང་ཤས་ཆེ་འདོད་ལ་བརྐམས་པ་དང༌། །ལས་འབྲས་ཚུལ་ལ་ཡིད་མི་ཆེས་པ་དང༌། །སྡིག་སྤྱོད་དགའ་བའི་རིགས་སུ་མི་སྐྱེ་ཤོག །སྐྱིད་ལ་ཆགས་ཤིང་དབང་གིས་དྲེགས་པ་དང༌། །གྲོགས་ངན་དབང་གིས་བག་མེད་དབང་དུ་གྱུར། །འདུ་འཛི་བསྟེན་ཅིང་བྱ་བ་མང་པོ་ལ། །ཆགས་པའི་རྙི་ཡིས་ཟིན་པར་མ་གྱུར་ཅིག །བཀྲེས་པས་ཉེན་ཞིང་ལྟོ་ཕྱིར་རྒྱུ་བས་ངལ། །གོས་མེད་གནས་མེད་དུས་ཀུན་བག་རབ་གྲང༌། །གཞན་ངོ་བལྟ་ཞིང་གཞན་དབང་གིས་ཁྲིད་པ། །
སྡུག་ཕོངས་དབུལ་པོའི་ནང་དུ་མི་སྐྱེ་ཤོག །རང་དོན་རླུང་ཁྱེར་བྱ་བ་ངན་པས་བྲེལ། །གཞན་ཕན་མི་འགྲུབ་རྩོད་པས་འཁོར་སེམས་བསྲེག །ལྟར་སྣང་བདུད་ཀྱིས་དམ་ཆོས་སད་ལ་ཤོར། །སྡེ་དགོན་གོག་པོའི་ནང་དུ་མི་སྐྱེ་ཤོག །མཚན་ལྡན་བླ་མ་མགོ་བོའི་ཐོད་བཞིན་འཁུར། །སངས་རྒྱས་གསུང་རབ་ཕ་ཡི་ལས་བཞིན་སློབ། །སྒྲུབ་ལ་ནན་ཏན་ཆུ་བོའི་རྒྱུན་བཞིན་བརྩོན། །དམ་པའི་སྤྱོད་པས་ཚེ་ལུས་དོན་ཡོད་ཤོག །གོང་ན་དཔོན་མེད་རང་དབང་ཐོབ་པས་བདེ། །འོག་ན་འབང་མེད་གཅིག་པུར་བག་ཡང་བདེ། །བར་ན་ལས་མེད་སོས་དལ་སྡོད་པས་བདེ། །བདེ་བ་གསུམ་གྱིས་མི་ཚེ་འཁྱོལ་བར་ཤོག །དེ་ཚེ་ནད་མེད་ཟོ་མདོག་བཟང་ཞིང་རྒྱས། །ལུས་ཡང་ཉམས་སྟོབས་ལྡན་ལ་ལྟོ་འདུན་ཆུང༌། །ཤིང་ཤུན་རྩ་བ་འབྲས་བུའི་ཁ་ཟས་སོགས། །ངན་ངོན་ཙམ་གྱི་འཚོ་བས་ཆོག་ཤེས་ཤོག །སྒྲ་མེད་ནགས་ཚལ་ཞི་བར་ལུས་སྦེད་ཅིང༌། །མི་སྨྲ་ཡང་དག་སྡོམ་པས་ངག་ཀྱང་སྦས། །ཆོས་ཚུལ་ཟབ་མོའི་ཕུག་ཏུ་ཡིད་སྦས་ཏེ། །སྒོ་གསུམ་སྦས་པའི་བརྟུལ་ཞུགས་ལ་གནས་ཤོག །བརྟུལ་ཞུགས་དེ་ཡིས་རྒྱལ་རྣམས་དགྱེས་པ་བསྐྱེད། །སངས་རྒྱས་མཐོང་བའི་ལྷ་མང་ཀུན་དགར་བྱས། །རང་
སེམས་ཆོས་ཀྱི་དགའ་བས་ངལ་སོས་ནས། །འཇིག་རྟེན་གསུམ་གྱི་ཡོན་གནས་དམ་པར་ཤོག །དེ་ནས་རླབས་ཆེན་བརྩོན་པའི་གོ་ཆ་གྱོན། །སྙིང་རྗེའི་གཞུ་ཐོགས་འདུས་པའི་ནང་ཞུགས་ཏེ། ཁམས་གསུམ་རྣམ་པར་རྒྱལ་བའི་དགྲ་ཐབས་ཀྱིས། །ཉམ་ཐག་མ་རྒན་འགྲོ་བའི་དཔུང་བྱེད་ཤོག །ཐུགས་རྗེས་གཟིགས་ཤིག་རྗེ་བཙུན་མཁྱེན་རབ་བདག །གྲུབ་པར་མཛོད་ཅིག་བདག་གི་རེ་འབྲས་འདི། །ད་དུང་ཚེ་རབས་ཕྲེང་བར་ཁྱོད་ཞབས་ལ། །འཇུས་ནས་སྨོན་ལམ་དཀར་པོ་འདེབས་པར་ཤོག། ༈ །།ན་མོ་རཏྣ་ཏྲ་ཡཱ་ཡ། །བདག་ནི་སྐྱེ་ཞིང་སྐྱེ་བའི་ཕྲེང་བ་ཀུན། །དཔལ་ལྡན་དགེ་བའི་བཤེས་དང་མི་འབྲལ་ཞིང༌། །ཤུགས་དྲག་ཐར་འདོད་བསམ་པས་ཉེར་དྲངས་པའི། །ལྷ་ཆོས་བརྩོན་པས་ཉམས་སུ་ལེན་པར་ཤོག །མཐའ་ཡས་འགྲོ་ལ་སྙིང་རྗེ་ཆེན་པོའི་བློ། །རླུང་གིས་བསྐུལ་བས་མེ་བཞིན་འབར་བ་དང༌། །ཆོས་ཉིད་ཟབ་མོ་རྟོགས་པའི་ཡེ་ཤེས་ཀྱིས། །སྲིད་པ་རྨིང་ནས་སྒྱེལ་བའི་མཐུ་ཐོབ་ཤོག །གནས་སྐབས་བདེ་ནས་བདེ་བའི་ཞིང་འགྲོ་ཞིང༌། །མཐར་ཐུག་བླ་མེད་བྱང་ཆུབ་མཆོག་བརྙེས་ཏེ། །དམ་ཆོས་ཡིད་བཞིན་ཆར་གྱི་
རྒྱུན་བཟང་པོས། །འགྲོ་ཀུན་མ་རིག་གཉིད་ལས་སློང་གྱུར་ཅིག །ཅེས་པའང་རིག་ལྷའི་ངོར་ཀུན་བཟང་འཇིགས་མེད་པས་སོ།། ༈ །།བྱམས་བརྩེས་འགྲོ་བ་མ་ལུས་བུ་བཞིན་སྲུང༌། །སྤྱོད་ཡུལ་བདུད་ཀྱི་ལམ་ལས་ཤིན་ཏུ་འདས། །ནུས་མཐུ་ཕས་ཀྱི་རྒོལ་བས་མི་བཟློག་པ། །སྲིད་གསུམ་བླ་མའི་ཞབས་ལ་སྐྱབས་སུ་མཆི། །བསིལ་ལྗོངས་སྣོད་བཅུད་སྐྱོབ་ལ་མཚུངས་མེད་པའི། །ཐུགས་དམ་མི་འགྱུར་མཚོ་སྐྱེས་རྒྱལ་བ་དང༌། །སྨན་བླ་སྤྱན་རས་གཟིགས་དང་སྒྲོལ་མ་ཡུམ། །གསོལ་བ་འདེབས་སོ་ཐུགས་རྗེའི་རྩལ་ཤུག་ཕྱུངས། །བརྣག་དཀའ་སྙིགས་མའི་གདུངས་བ་རྩུབ་མོའི་ཆ། །ནད་ཡམས་གདོན་བགེགས་འཁྲུགས་རྩོད་དབུལ་ཕོངས་སོགས། །མཆོག་གསུམ་བྱིན་རླབས་བདུད་རྩིས་ཉེར་ཞི་ནས། །བདེ་སྐྱིད་སྣང་བས་ས་སྟེང་ཁྱབ་པར་ཤོག །ཁྱད་པར་བདག་ཅག་དམ་ཆོས་ཉན་བཤད་དང༌། །རྩེ་གཅིག་སྒྲུབ་ལ་བརྩོན་པའི་གནས་སྐབས་ཀུན། །མི་མཐུན་བར་ཆད་མིང་ཡང་མི་འབྱུང་ཞིང༌། །ལེགས་ཚོགས་ཡར་ངོའི་ཟླ་ལྟར་འཕེལ་བར་ཤོག །གཞན་གྱིས་བྱད་གཏད་རྦད་འདྲེའི་གནོད་པ་དང༌། །ཕུང་ངུར་དམ་གསུམ་ལ་སོགས་སྲི་ཡི་རིགས། །རྣོ་དབལ་ཡེ་ཤེས་རལ་གྲིས་ཚར་བཅད་དེ། །སྟོང་ཆེན་
དབྱིངས་སུ་ཉེ་བར་ཞི་གྱུར་ཅིག །དཔལ་ལྡན་ནག་པོ་ཆེན་པོ་ལྕམ་དྲལ་སོགས། །རྒྱལ་བའི་བཀའ་སྡོད་བསྟན་སྲུང་རྒྱ་མཚོས་ཀྱང༌། །དུས་རྣམ་ཀུན་ཏུ་གཡེལ་མེད་སྲུང་བ་དང༌། །འདོད་པའི་ཕྲིན་ལས་ཡིད་བཞིན་སྒྲུབ་པར་ཤོག །ཅེས་པའང་མཆོག་སྤྲུལ་རིན་པོ་ཆེ་མཁས་བཙུན་བཟང་པོའི་ཁྱུ་མཆོག་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་བཞེད་པ་ལྟར། །བསྟན་པའི་ཉི་མས་བྲིས་ཏེ་ཕུལ་བ་དགེ། ༈ །།མཚོ་སྐྱེས་ཕྲིན་ལས་རྒྱས་པའི་སྨོན་ལམ་བཀྲ་ཤིས་འཁྱིལ་བའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །ན་མ་ཤྲཱི་པདྨ་བཛྲ་ཡེ། །པདྨའི་འབྱུང་གནས་ཆེན་པོར་སོར་རྟོག་གི༌།ཡེ་ཤེས་དབང་འབྱོར་སྐྱེ་བའི་རོལ་གར་གྱིས། །རྡོ་རྗེའི་རྣམ་ཐར་འཛམ་གླིང་ཁྱབ་སྟོན་པ། །རྔ་ཡབ་གླིང་པའི་ཕྲིན་ལས་འབར་གྱུར་ཅིག །གྲངས་མེད་རྡོ་རྗེ་འཆང་དབང་དགོངས་པའི་མཐིལ། །འཕགས་ཡུལ་གྲུབ་བརྙེས་བྱེ་བའི་ཞལ་གྱི་བཅུད། །མི་ཟད་བྱིན་རླབས་ཆུ་བོའི་རྒྱུན་འཁྱིལ་བ། །མཚོ་སྐྱེས་རྒྱལ་བའི་རིང་ལུགས་རྒྱས་གྱུར་ཅིག །རྡོ་རྗེའི་གསུང་མཆོག་གཉིས་མེད་གཉིས་སྣང་བའི། །མཁན་སློབ་ལོ་པཎ་རྒྱ་མཚོའི་ཐུགས་བསྐྱེད་མཐུ། །བསིལ་ལྗོངས་ཕན་བདེའི་ལྗོན་པར་ལེགས་སྨིན་པ། །མཚོ་སྐྱེས་རྒྱལ་བའི་རིང་ལུགས་རྒྱས་ཅིག །གསུང་རབ་དོན་ཀུན་སྐྱེས་བུ་
གསུམ་གྱི་ལམ། །ཉམས་ལེན་གནད་ཀྱི་གོང་བུར་གཅིག་འདྲིལ་བ། །རྒྱལ་བ་དགྱེས་པའི་སྒྲུབ་བརྒྱུད་ངོ་མཚར་ཕུལ། །མཚོ་སྐྱེས་རྒྱལ་བའི་རིང་ལུགས་རྒྱས་གྱུར་ཅིག །ཟབ་རྒྱས་ཐེག་ཆེན་ལུང་རྟོགས་ཆུ་བོའི་མཛོད། །རྨད་བྱུང་རིམ་གཉིས་ལམ་གྱི་ཀླུ་དབང་བརྗིད། །དངོས་གྲུབ་རིན་ཆེན་བརྒྱ་ཡིས་ཡོངས་གང་བ། །མཚོ་སྐྱེས་རྒྱལ་བའི་རིང་ལུགས་རྒྱས་གྱུར་ཅིག་ཁྱད་པར་རྒྱུད་སྡེ་གཞན་གྱི་མན་ངག་དང༌། །ཐུན་མིན་རྡོ་རྗེ་སྙིང་པོའི་རྣལ་འབྱོར་གྱིས། །འཕོ་ཆེན་འོད་ལུས་སྒྲུབ་པའི་ཤིང་རྟའི་སྲོལ། །མཚོ་སྐྱེས་རྒྱལ་བའི་རིང་ལུགས་རྒྱས་གྱུར་ཅིག །སྙིང་རྗེའི་དབང་ཕྱུག་གདམས་པའི་རྫུར་ཞུགས་ནས། །དུས་བབས་ཇི་བཞིན་སྣ་ཚོགས་འགྲོ་འདུལ་གྱི། །ཕྲིན་ལས་བྱེ་བ་ཕྲག་བརྒྱ་འཇུག་པའི་གཞི། །མཚོ་སྐྱེས་རྒྱལ་བའི་རིང་ལུགས་རྒྱས་གྱུར་ཅིག །སྙིང་པོའི་དོན་ལ་མཁས་དང་མན་ངག་གི༌།དྲོད་ཐོབ་རིག་འཛིན་བརྒྱུད་པའི་ཕྲེང་བ་ཅན། །རྟོག་གེ་འཆལ་བའི་དྲི་མས་མ་བསླད་པ། །མཚོ་སྐྱེས་རྒྱལ་བའི་རིང་ལུགས་རྒྱས་གྱུར་ཅིག །རིང་བརྒྱུད་བཀའ་ཡི་ཆུ་བོ་མ་ཉམས་ཤིང༌། །སྔོན་མེད་དཔའ་བོ་མཁའ་འགྲོའི་གསང་གཏམ་གནད། །ཉེ་བརྒྱུད་ཟབ་གཏེར་ནོར་བུའི་མཛོད་ནས་ཐོན། །
མཚོ་སྐྱེས་རྒྱལ་བའི་རིང་ལུགས་རྒྱས་གྱུར་ཅིག །མདོར་ན་བྱང་ཕྱོགས་འཕགས་པའི་ཞིང་ཁམས་སུ། །ཐུབ་པའི་བསྟན་དང་དེ་འཛིན་བརྒྱུད་མ་རུ། །འཕེལ་བས་འཇིག་རྟེན་དགེ་བའི་རྟེན་གཅིག་པུ། །མཚོ་སྐྱེས་རྒྱལ་བའི་རིང་ལུགས་རྒྱས་གྱུར་ཅིག །མཁྱེན་བརྩེ་ནུས་པས་དྲི་མེད་ལུགས་བཟང་འདི། །འཛིན་སྐྱོང་སྤེལ་མཛད་སྐྱེས་བུ་ཆེན་པོ་རྣམས། །མི་ནུབ་སྐུ་ཚེའི་རྒྱལ་མཚན་རབ་བརྟན་ཅིང༌། །མཚོ་སྐྱེས་རྒྱལ་བའི་རིང་ལུགས་རྒྱས་གྱུར་ཅིག །སྨོན་ལོག་དམ་སྲིའི་འཕྲུལ་དང་རྒྱ་འདྲེའི་གཡུལ། །ཀླ་ཀློའི་སྦྱོར་ངན་ལ་སོགས་ནག་ཕྱོགས་ཀྱི། །རྩུབ་འགྱུར་ལྡང་བའི་གོ་སྐབས་གཏན་བཅོམ་སྟེ། །མཚོ་སྐྱེས་རིང་ལུགས་ཕྱོགས་མཐར་རྒྱས་གྱུར་ཅིག །ཕྱི་སྣོད་འབྱུང་བཞིའི་དགེ་མཚན་དར་བབས་ཤིང༌། །སྐྱེ་དགུའི་ཆོས་སྲིད་ཉི་ཟླའི་སྣང་བ་འབར། །བསྟན་འཛིན་རྒྱ་མཚོས་ས་སྟེང་ཀུན་ཁྱབ་སྟེ། །མཚོ་སྐྱེས་རིང་ལུགས་ཕྱོགས་བརྒྱར་འབར་གྱུར་ཅིག །དཀོན་མཆོག་རྩ་གསུམ་བདེན་པའི་བྱིན་རླབས་དང༌། །མཐུ་ལྡན་དམ་ཅན་སྲུང་མའི་ནུས་མཐུ་ཡིས། །རིས་མེད་བོད་ཁམས་བསིལ་བའི་སྨོན་ལམ་འདི། །དོན་ཡོད་ཞགས་པའི་མཐུ་ལྟར་འགྲུབ་
གྱུར་ཅིག །མཚོ་སྐྱེས་ཕྲིན་ལས་རྒྱས་པའི་སྨོན་ལམ་བཀྲ་ཤིས་འཁྱིལ་བའི་སྒྲ་དབྱངས་ཞེས་བྱ་བ་འདིའང་རྡོ་རོང་གི་སྨྱོན་པ་ཚངས་པའི་མེ་ཏོག་གསར་པའི་ཅོད་པན་འཆང་བ། འཇིགས་མེད་བསྟན་པའི་ཉི་མས་ཤིང་རྟ་ས་གའི་ཉ་བའི་དཀར་ཕྱོགས་ཀྱི་ཚེས་བཅུའི་མཆོད་པ་དང་འབྲེལ་བར་བྲིས་པ་བསྟན་འགྲོའི་ལེགས་ཚོགས་དབྱར་མཚོ་ལྟར་འཕེལ་བའི་སྒོ་ཆེན་པོར་གྱུར་ཅིག །སྐྱིད་ན་བསྙེན་བཀུར་བྱ་བའི་ཞིང༌། །སྡུག་ན་ཡུས་ཀྱིས་འབོད་པའི་ཡུལ། །ཚེ་འདིའི་རེ་ས་ཕྱི་མའི་སྐྱབས། །པདྨ་འབྱུང་གནས་སྤྱན་རས་གཟིགས། །དྲིན་ཆེན་རྩ་བའི་བླ་མ་གསུམ། །མཚན་དང་རྣམ་འགྱུར་ཐ་དད་ཀྱང༌། །དགོངས་ཀློང་མཛད་པ་དབྱེར་མེད་ཕྱིར། །སོ་སོར་མི་འཛིན་གཅིག་ཏུ་བསྡུ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །དུས་རྣམས་ཀུན་ཏུ་བྱིན་གྱིས་རློབས། །དལ་འབྱོར་མི་ལུས་ཐོབ་དུས་སུ། །སྙིང་པོའི་ལྷ་ཆོས་འགྲུབ་པར་ཤོག །ཚེ་ཐུང་དགུན་ཉི་འདྲ་བ་འདི། །དོན་ལྡན་ཆོས་ལ་འདྲིལ་བར་ཤོག །གདོང་ཐུག་འཆི་བ་འབྱུང་ཙ་ན། །ཆོས་ཀྱི་ར་མདའ་སླེབ་པར་ཤོག །ཐག་རིང་ཕྱི་མར་འགྲོ་བའི་ཚེ། །ཆོས་ཀྱི་ལམ་རྒྱགས་མང་བར་ཤོག །ཚེ་འདིར་ཆོས་ཀྱི་ས་བོན་ཐེབ། །ཕྱི་མ་ལོ་ཐོག་ལེགས་པར་ཤོག །གར་སྐྱེས་གང་དུ་སོང་ན་ཡང༌། །ཆོས་ཀྱི་བག་ཆགས་སད་པར་ཤོག །
སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང༌། །བློ་གཏད་ཆོས་ལ་བྱེད་པར་ཤོག །ཆོས་ཀྱི་འཇུག་སྒོ་མ་ནོར་བ། །དད་པའི་རྩ་བ་བརྟན་པར་ཤོག །ཆོས་ཀྱི་གཞི་མ་མ་འཆུག་པ། །མི་འཚེའི་བརྟུལ་ཞུགས་བརླིང་བར་ཤོག །ཆོས་ཀྱི་སྲོག་ཤིང་མ་ཡོ་བ། །བདེན་པའི་གཞུང་ལམ་སྲོང་བར་ཤོག །ཆོས་ཀྱི་ཉིང་ཁུ་མ་བསླད་པ། །བྱང་ཆུབ་སེམས་གཉིས་སྦྱོང་བར་ཤོག །དམ་ཆོས་རྒྱལ་པོ་ཡི་གེ་དྲུག །གཡེལ་མེད་བཟླས་སྒོམ་བྱེད་པར་ཤོག །ཆོས་བཞིན་བསྒྲུབ་ལ་བར་ཆད་མེད། །མཐུན་རྐྱེན་ཡིད་བཞིན་འཛོམས་པར་ཤོག །བླ་མ་ལྷ་ལ་དབང་བཅོལ་ནས། །སྨོན་ལམ་ཆོས་ལ་བཏབ་པ་འདི། །བཏབ་སར་ཐེབས་ཤིང་ཕྱིར་མི་ལྡོག །ཆུད་ཟོས་མེད་པར་འགྲུབ་པར་ཤོག །དད་ལྡན་དགྲ་བླ་ཕན་དར་གྱི་ངོར་བསྟན་ཉིས་བྲིས།། ༈ །།སྲིད་ཞིའི་འཇིགས་སྒྲོལ་སྟོན་པ་བླ་ན་མེད། །སེང་གེའི་ལུང་རྟོགས་བསྟན་པའི་དབྱིག །བཤད་སྒྲུབ་རྒྱལ་མཚན་རྩེ་མོར་འཛིན་རྣམས་ལ། །གསོལ་བ་འདེབས་སོ་དུས་ཀུན་རྗེས་འཛིན་ཤོག །བཙུན་པ་ཚེ་བརྟན་གྱིས་ངོར་སྨྲས།། ༈ །།རྡོ་རྗེ་འཆང་དབང་འཇིགས་མེད་གླིང་པའི་སྡེའི། །བསྟན་པའི་རྒྱལ་མཚན་བཤད་སྒྲུབ་ལས་གསུམ་གྱིས། །འཛིན་
མཛད་རྩ་བརྒྱུད་བླ་མར་གསོལ་བ་འདེབས། །གཏན་བདེའི་རྩ་བ་ཚུགས་པར་བྱིན་གྱིས་རློབས། །ནག་ཐཱ་དཔོན་པོ་འཇིགས་ཚེའི་ངོར་སྨྲས་པ་དགེ། ༈ །།ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་གི་སྨོན་ལམ་འགྲུབ་པའི་སླད་དུ་དགོངས་པར་གྱུར་ཅིག །བདག་དེང་ནས་བཟུང་སྟེ་བྱང་ཆུབ་ཀྱི་བར་དུ་ཕྱིན་ཅི་ལོག་གི་ཡུལ་ལ་དགའ་བ་ཐམས་ཅད་བྲལ་ཏེ། དམ་པའི་ཆོས་དང༌། ཁྱད་པར་དུ་ཡང་ཐེག་པ་ཆེན་པོའི་ཆོས་ལ་དགའ་བ་མང་བར་གྱུར་ཅིག །ཆོས་ལ་དགའ་བའི་ཟས་ཀྱིས་ཉིན་མཚན་འདའ་ཞིང༌། བདེ་བའི་དུས་དང་སྡུག་བསྔལ་བའི་དུས་ཐམས་ཅད་དུ་ཆོས་ཀྱི་དགའ་བ་དེ་ལས་མི་གཡོ་བར་གྱུར་ཅིག །བདག་གི་ཆོས་ཀྱི་དགའ་བའི་རོ་དེ་ཡང་ཕྱི་ཕྱིར་རྣམ་པར་དག་ཅིང་རྒྱ་ཆེ་བ་དང༌། གྱ་ནོམ་པ་དང༌། སྣ་ཚོགས་སུ་གནས་པར་འགྱུར་ཞིང༌། སྐད་ཅིག་རེར་ཡང་ཚད་མེད་པའི་བར་དུ་འཕེལ་བར་གྱུར་ཅིག །དེའི་མཐུ་ལས་ཆོས་མི་བརྗེད་པའི་དྲན་པའི་མེ་ལོང་ཤིན་ཏུ་གསལ་ཞིང་དྭངས་པ་དང༌། རི་རབ་ལྟར་བརྟན་ཅིང་མི་སྒུལ་བའི་དྲན་པ་ཐོབ་པར་གྱུར་ཅིག །
དྲན་པ་ཀུན་ཏུ་སྲུང་བ་དང༌། དྲན་པ་ལ་རྟག་འགྲུས་སུ་སློབ་པ་དང༌། ཤེས་བཞིན་གྱི་དཔུང་དང་ལྡན་པར་གྱུར་ཏེ་རྨི་ལམ་ན་ཡང་ཆོས་ཀྱི་དྲན་པ་མངོན་དུ་གནས་པར་གྱུར་ཅིག །དྲན་པའི་མཐུ་ཕུན་སུམ་ཚོགས་པ་ལ་བརྟེན་ནས་གང་སྨྲ་བ་དང་ཅི་བྱེད་པ་ཡང་རུང་སྟེ་ཐམས་ཅད་དུ་མ་ཁྲུལ་པ་དང༌། ཚོད་ལ་བབས་པ་དང་དུས་ལས་མི་ཡོལ་བར་འཇུག་པས་སྐྱེ་དགུ་ཐམས་ཅད་ཀྱིས་བསྔགས་པར་འོས་པའི་གནས་སུ་གྱུར་ཅིག །གཞན་གྱི་ཆོས་ཀྱི་དགའ་བ་དང་དྲན་པ་ལ་གནོད་པ་བྱེད་པ་དང༌། དམ་པའི་ཆོས་སྤོང་བ་དང་འདུ་འཛི་དང་གཉིད་ལ་དགའ་བ་ལ་སོགས་པ་བར་དུ་གཅོད་པའི་ཆོས་རྣམས་ཐམས་ཅད་ཀྱི་ཐམས་ཅད་དུ་མི་འབྱུང་བར་གྱུར་ཅིག །ཆོས་ཀྱི་དགའ་བ་དང་དྲན་པའི་སྟོབས་ཡོངས་སུ་སྤྱད་པའི་ཕྱིར་སངས་རྒྱས་རྣམས་ལ་ལྷག་པར་བྱ་བ་བྱེད་ཅིང་དགེ་བའི་རྩ་བ་སྐྲུན་པ་དང༌། སེམས་ཅན་ཐམས་ཅད་ཀྱང་འཕགས་པའི་དགའ་བ་ཟང་ཟིང་མེད་པ་དང་དྲན་པ་རྣམ་པར་དག་པ་ལ་འགོད་པར་གྱུར་ཅིག །ཚོགས་གཉིས་ཀྱི་སྤྱོད་པ་མྱུར་དུ་རྫོགས་པར་བྱས་ནས་བྱང་ཆུབ་ཆེན་པོའི་ཆོས་ཀྱི་དགའ་བ་དང་དྲན་པ་ཉམས་པ་མེད་པའི་སངས་རྒྱས་ཀྱི་ཆོས་མ་
འདྲེས་པ་ལ་རེག་པར་གྱུར་ཅིག །སེམས་རྒྱུད་ལོག་པའི་ཡུལ་ལ་མི་གཡེངས་ཤིང༌། །དུས་ཀུན་ཆོས་ཀྱི་དགའ་བས་འཚོ་བ་དང༌། །དྲན་ལྡན་མཁས་པའི་ནང་ན་གཙོར་གྱུར་ཏེ། །དོན་གཉིས་སྒྲུབ་ལ་མཐུ་དང་ལྡན་པར་ཤོག །ཅེས་དགེ་ཚུལ་བློ་གྲོས་དཔལ་བཟང་གིས་ཚིག་རྩ་བཞག་ནས་རྩོམ་པར་བསྐུལ་བ་ལྟར་བསྟན་པའི་ཉི་མས་ཐང་སྟོང་རྒྱལ་པོའི་ཕོ་བྲང་དུ་སྦྱར་བའོ།། །།དགེའོ། །