དཔལ་སངས་རྒྱས་ཐོད་པ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ།― DKG080_Page_0284 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྒྱ་གར་སྐད་དུ། ཤྲཱི་བུདྡྷ་ཀ་པཱ་ལ་ནཱ་མ་ཡོ་གི་ནཱི་ཏནྟྲ་རཱ་ཛ། བོད་སྐད་དུ། དཔལ་སངས་རྒྱས་ཐོད་པ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ། དཔལ་སངས་རྒྱས་ཐོད་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་རྒྱན་དང་ལྡན་པའི་དབུས་སུ་དེ་བཞིན་གཤེགས་པ་ཐམས་ཅད་དང་། རྣལ་འབྱོར་མ་རྣམས་དང་ལྷན་ཅིག་ཏུ་བཞུགས་ཏེ། འཕགས་པ་ཀུན་དགའ་བོ་ལ་སོགས་པ་འདོད་ཆགས་དང་བྲལ་བའི་གཙོ་བོ་རྣམས་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱད་ཅུ་དང་ཡང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེའི་ཚིག་གིས་རྡོ་རྗེ་ཆེན་པོའི་གནས་སུ་རྒྱུད་ཐམས་ཅད་དང་སྔགས་ཡང་དག་པར་བཤད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་དང་པདྨོ་ཡང་དག་པར་སྦྱར་བས་བཙུན་མོའི་བྷ་གར་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ཡོངས་སུ་མྱ་ངན་ལས་འདས་པ་མཐོང་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། རྣལ་འབྱོར་མ་ཐམས་ཅད་རྨད་དུ་གྱུར་ཏེ་གཅིག་ལ་གཅིག་ལྟ་ཞིང་། ཨེ་མའོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་དཀྱིལ་འཁོར་ཆེན་པོ་རྒྱན་དང་ལྡན་པའི་དབུས་སུ་ཇི་ལྟར་ཡོངས་སུ་མྱ་ངན་ལས་འདས། །དེ་ནས་རྣལ་འབྱོར་མ་སྣ་ཚོགས་སྡེ་མ་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ལྷ་མོ་སེམས་ཅན་བསོད་ནམས་དམན་པ་རྣམས་ནུས་པ་ལ་ཞོན་པར་འགྱུར་བའི་ཐབས་ཅུང་ཟད་མཆིས་སམ། གསུངས་པ། རྣལ་འབྱོར་གྱི་རྒྱུད་ལ་བྱེ་བ་ཕྲག་དྲུག་ཉིད་དོ། །རྣལ་འབྱོར་མའི་རྒྱུད་ལ་ནི་བྱེ་བ་ཕྲག་བཅུ་དྲུག་ཉིད་དོ། །མདོ་སྡེ་སོ་སོ་ལ་ནི་བྱེ་བ་ཕྲག་བརྒྱད་ཅུའོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་ནི་བྱེ་བ་ལ་བསྒྲེས་པའི་འབུམ་ཕྲག་ལྔའོ། །འདི་དག་ཐམས་ཅད་ནི་ཐུབ་པའི་དབང་པོས་གསུངས་སོ། །སྔགས་དང་བྲལ་ན་ནི་རྒྱུད་ཀྱི་ནུས་པ་མི་སྣང་སྟེ། རྒྱུད་ལ་ལར་ནི་ཅི་ ― DKG080_Page_0285 ―
[མ་དཔེ་གཟིགས་ན་འདིར་གནོན།]
ནས་སྔགས་བྱེ་བ་བཟླས་པར་གསུངས་སོ། །བསོད་ནམས་འབྲིང་པོ་རྣམས་ཀྱིས་ནི་སྔགས་འབུམ་བཟླས་པས་མྱུར་བར་འགྲུབ་པར་གསུངས་སོ། །བསོད་ནམས་ཆེ་བས་ཁྲི་བཟླས་པས་ཤིན་ཏུ་མྱུར་བར་འགྲུབ་བོ། །དེ་ལྟར་རྡོ་རྗེ་ཅན་ཆེན་པོ་རྒྱུད་ཀྱི་བདག་པོའི་གཙོ་བོས་གསུངས་སོ། །བསོད་ནམས་ཆུང་བའི་སེམས་ཅན་རྣམས་ཀྱིས་ནི་བྱེ་བ་བཟླས་པར་གསུངས་སོ། །སེམས་ཅན་འབད་རྩོལ་ཆུང་བ་རྣམས་ཀྱིས་ནི་འབུམ་བཟླས་པར་བདག་སྨྲའོ། །སེམས་ཅན་སྒོམ་པ་ལ་ཞེན་པ་རྣམས་ཀྱིས་ནི་ཁྲི་ཁོ་ན་བཟླས་པར་བྱའོ། །སེམས་ཅན་འདོད་ཆགས་ལ་ཞུགས་པ་རྣམས་ཀྱི་བཟླས་པ་ཇི་ལྟར་ལགས། བླུན་པོ་དང་ལྐུགས་པའི་རིགས་ཅན་རྣམས་ཀྱི་སྔགས་ཀྱི་གྲངས་ཇི་ལྟར་ལགས། ཤིན་ཏུ་དམིགས་པའི་སྔགས་ཀྱི་བཟླས་པ་ཇི་ལྟར་ལགས། འདི་ལྟར་ཕན་ཚུན་སྨྲ་བས་བཟླས་ན་དངོས་གྲུབ་གཞན་དུ་ཡང་འགྱུར་རོ། །གལ་ཏེ་དམན་པའི་སེམས་ཀྱིས་ཉོན་མོངས་བཞིན་པས་བཟླས་པ་དེའི་ཚེ་བསྐལ་པ་སྐར་མ་ལྟ་བུ་བྱེ་བར་ཡང་དེ་ལ་དངོས་གྲུབ་མེད་དོ། །དེ་ལྟར་ཐོས་ནས་རྣལ་འབྱོར་མ་སྣ་ཚོགས་སྡེ་མ་བཅོམ་ལྡན་འདས་ཀྱི་ཞལ་ལ་ལྟ་བར་བྱེད་ཅིང་ཟུར་མིག་དང་བཅས་པའི་ཆགས་པས་བལྟས་ཏེ། ཤིན་ཏུ་ཁྲོ་བས་འཇིགས་པར་བྱེད་ཅིང་སྙིང་རྗེའི་ཐུགས་འཁྲུགས་པས་བདུད་ཀྱི་དཔུང་རབ་ཏུ་བཅོམ་མོ། །དེ་ལྟར་བཞུགས་པའི་ལྷ་མོ་ཆེན་མོ་རྒྱུད་ཐམས་ཅད་ཀྱི་བདག་པོའི་དབང་ཕྱུག་ལ་དེ་ནས་དེས་གཟིགས་པ་ཙམ་གྱིས་བཅོམ་ལྡན་འདས་ཀྱི་དབུ་ལས་སྔགས་ཕྱུང་ངོ་། །ཨོཾ་བུཌྜྷོ་སིཌྜྷོ་སུ་སིཌྜྷོ། ཨ་མྲྀ་ཏ་ཨ་ར་ཛེ་བུདྡྷ་ཀ་པཱ་ལ་སྥོ་ཊ་ནེ་སྥོ་ཊ་ཡ་ཏྲཱ་ས་ཡ་ཧོ་ཧཱུྃ་ཕཊ། དེ་ལྟར་སྔགས་ཀྱི་མཆོག་སོན་པས་ས་རིམ་པ་བདུན་གྱི་འོག་ཏུ་ཆུད་པའི་ཀླུ་རྣམས་བཅོམ་པར་བྱས་ཤིང་ཕྱེ་མར་བྱས་ནས་སླར་འོངས་ཏེ་སྣ་ཚོགས་སྡེ་མའི་ཞལ་དུ་ཞུགས་ཏེ། པདྨའི་ནང་ནས་བྱུང་ནས་སླར་ཐོད་པར་ཞུགས་སོ། །སྔགས་འདིའི་མཐུས་ཀླུ་རྣམས་ཞིག་སྟེ། སྐྲག་ཅིང་རྔུལ་འབྱུང་བར་འགྱུར་རོ། །ནོར་རྒྱས་ལ་སོགས་པའི་རྫུ་འཕྲུལ་ཆེན་པོའི་ཀླུ་ཐམས་ཅད་ལྷགས་ཏེ། སྟོབས་ཀྱིས་རྒྱུ་དང་། དུང་སྐྱོང་དང་། འཇོག་པོ་དང་། མཐའ་ཡས་དང་། པདྨ་དང་། པདྨ་ ― DKG080_Page_0286 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཆེན་པོ་ལ་སོགས་པ་ཀླུ་ཆེན་པོ་རྣམས་དང་། གཞན་གང་ཡང་རུང་བ་དུག་ལས་བྱུང་བ་ཐམས་ཅད་ཀྱང་ལྷགས་སོ། །རྣལ་འབྱོར་མ་སྣ་ཚོགས་སྡེ་མ་ལ་ཁ་ཕྱོགས་ཏེ་ཀླུ་ཐམས་ཅད་ཀྱིས་ཞུས་པ། ལྷ་མོ་བཀའ་སྩོལ་ཅི་ཞིག་བགྱི་ཞེས་སྨྲའོ། །གསུངས་པ་གང་ཡང་སངས་རྒྱས་ཉམས་སུ་མྱོང་བ་དེ་ལྟར་གྱིས་ཤིག། དེ་ལྟར་ཐོས་པ་ཙམ་གྱིས་དཀྱིལ་འཁོར་ཆེན་པོ་རྒྱན་དང་ལྡན་པའི་དབུས་སུ་བཅོམ་ལྡན་འདས་ཀྱི་ཐོད་པ་ཁ་ཕྱེ་སྟེ་གླེགས་བམ་བྱུང་ངོ་། །ནམ་མཁའ་ལ་སྒྲ་བྱུང་ངོ་། །ལྷ་མོ་ལྷ་ཚོགས་སྡེ་མ་ཟུང་། །སེམས་ཅན་ཀུན་ལ་ཕན་འདོགས་མ། །རྒྱུད་འདི་རྒྱལ་པོ་ཆེན་པོ་སྟེ། །རྣལ་འབྱོར་མ་ཡི་གོང་ན་མེད། །སངས་རྒྱས་ཐོད་པ་ཞེས་བྱ་བ། །སེམས་ཅན་ཀུན་ལ་ཕན་བྱེད་པའོ། །དེ་ལྟར་ཐོས་ནས་སྣ་ཚོགས་སྡེ་མས་གླེགས་བམ་ཡང་དག་པར་བཟུང་སྟེ། ཕྱག་ན་རྡོ་རྗེ་ལ་ཉེ་བར་གཏད་དོ། །ཕྱག་ན་རྡོ་རྗེས་རྒྱུད་འདི་ཟུང་། །སེམས་ཅན་ཀུན་ལ་བདེ་འབབ་པ། །རྣལ་འབྱོར་མ་ཡི་དངོས་གྲུབ་ཀུན། །འབྲས་བུ་མྱུར་དུ་སྟེར་བྱེད་པའོ། །མནན་དང་སྤར་བ་ཡེ་ཤེས་ཆེ། །གོང་ན་མེད་པ་རྙེད་དཀའ་བ། །གསང་བ་མཆོག་གི་ཉམས་དགའ་བ། །ལུས་ཀུན་ལ་ནི་རྣམ་པར་གནས། །ནམ་མཁའ་ལྡིང་དང་ཆར་དབབ་དང་། །དངུལ་ཆུ་བཅུད་ཀྱིས་ལེན་པ་དང་། །བསྐྲད་དང་དབང་དུ་བྱ་ཉིད་དང་། །རྨོངས་དང་མངོན་སྤྱོད་ཉིད་དང་ནི། །དཔུང་ལ་སོགས་པ་རེངས་ཉིད་དང་། །དུས་སུ་ཟིན་པ་བཟློག་པ་དང་། །ཕུར་བུས་གདབ་དང་གསད་པ་དང་། །རྟག་ཏུ་སྒྲུབ་པ་བྱེད་པ་དང་། །སྣ་ཚོགས་སྔགས་རིམ་ཇི་བཞིན་དང་། །ཇི་བཞིན་རྣལ་འབྱོར་མ་བསྐྱེད་དང་། །དཔལ་ཆེན་ཧེ་རུ་ཀ་ཡི་ནི། །བསྐྱེད་པ་དང་ནི་གནས་རྒྱུ་དང་། །དངོས་དང་དངོས་མེད་སྤྲོས་མེད་དང་། །སྲིད་པར་སྤྱོད་ཅིང་གོས་མེད་དང་། །དགོངས་པས་བཤད་པ་མཆོག་ཆེན་དང་། །རྣལ་འབྱོར་མ་ཡི་མཆོག་ཆེན་དང་། །རྣལ་འབྱོར་མ་ཡི་འདུས་པ་དང་། །ནུས་པ་རྣམ་པ་མང་གསུངས་པ། །ཐོས་པ་ཙམ་གྱིས་འགྲུབ་པར་འགྱུར། །གཟུགས་བརྙན་དག་པ་ཉིད་དང་ནི། །དེ་བཞིན་བརྟན་པ་ ― DKG080_Page_0287 ―
[མ་དཔེ་གཟིགས་ན་འདིར་གནོན།]
བསྐྱོད་པ་དང་། །དུར་ཁྲོད་འཇིགས་པ་ཆེ་བཟང་དང་། །རོ་ལངས་བསྒྲུབ་ལ་སོགས་པ་དང་། །སྟོབས་པོ་ཆེ་རྣམས་དགུག་པ་དང་། །དེ་བཞིན་འཇིག་རྟེན་གསུམ་དགུག་དང་། །རིམས་ཀྱིས་གདུང་བ་འཇིགས་ཆེན་དང་། །དགྲ་ཡི་ཁ་སོགས་བཅིང་བ་དང་། །དེ་བཞིན་གསད་དང་བསླུ་བ་དང་། །མི་སྣང་བྱེད་པ་མཆོག་དང་ནི། །མིག་སྨན་དང་ནི་རིལ་བུ་ཉིད། །བཅུད་ལེན་རལ་གྲི་ཉིད་དང་ནི། །སངས་རྒྱས་ཐོད་པའི་སྦྱོར་བ་ཡིས། །ཐོས་པ་ཙམ་གྱིས་འགྲུབ་པར་འགྱུར། །མི་སྣང་བ་ནི་མཆོག་ཆེན་དང་། །སྣ་ཚོགས་སྒྱུ་འཕྲུལ་རྣམ་འཕྲུལ་དང་། །རང་གི་གཟུགས་ནི་སྒྱུར་བ་དང་། །གཞན་གྱི་ལུས་ལ་གཞུག་སོགས་དང་། །སངས་རྒྱས་བྱེ་བས་རབ་བསྲུངས་པའི། །སངས་རྒྱས་བུ་མོ་མཆོག་ཆེན་རྣམས། །ཁྲོས་པ་ཙམ་གྱིས་འགུགས་བྱེད་ན། །གཞན་དག་སྨོས་ལྟ་ཅི་ཞིག་དགོས། །མིག་འཕྲུལ་བྱེད་པ་ཉིད་དང་ནི། །དགེ་མཚན་རྣམ་པ་མང་ཤེས་པ། །འདོད་པ་ལྔ་ནི་བསྟེན་བཞིན་པས། །འདི་རུ་འགྲུབ་པར་གདོན་མི་ཟ། །འཇིགས་ཤིང་འཇོམས་པའི་རྩོད་ཆེན་པོ། །གཅིག་གིས་འབུམ་ལས་རྒྱལ་བར་བྱེད། །སྐྱེས་པ་གཅིག་གི་འདོད་ཆེན་གྱིས། །བུད་མེད་འབུམ་ཕྲག་འཛག་བྱེད་ཅིང་། །རྡོ་རྗེར་བྱེད་པ་རྙེད་དཀའ་བ། །གཅིག་གིས་ཐམས་ཅད་འདོད་པ་སྤྱད། །དེ་ནས་གཞན་ཡང་རབ་བཤད་པ། །མཁའ་ལྡིང་སྦྱོར་བ་རིམ་ཇི་བཞིན། །རྒྱུད་ཀུན་ཏུ་ཡང་རྙེད་དཀའ་བ། །མུ་སྟེགས་རྣམས་ཀྱི་ཡུལ་མིན་པ། །རྒྱུད་ཀུན་ཏུ་ཡང་མ་གསུངས་སོ། །སངས་རྒྱས་ཐོད་པའི་གཞུང་ཇི་བཞིན། །རྡོ་རྗེ་མགོན་པོས་གསུངས་པ་ཡི། །མཁའ་ལྡིང་ཤིན་ཏུ་རྨད་བྱུང་བ། །འཇིག་རྟེན་གསུམ་ན་རྙེད་དཀའ་བའི། །སྦྱོར་བ་རྣམ་པ་བཅྭ་བརྒྱད་གསུངས། །ཤ་ལི་ཀི་ཡི་སྦྱོར་བ་དང་། །རིག་པ་འཛིན་དང་རྒྱལ་པོ་འགྱེད། །རྔ་རྡུང་བུད་མེད་འཕྲོག་པ་དང་། །ཤིང་བསྣུན་ཞགས་པས་འཆིང་བ་དང་། །ཁུ་བྱུག་པདྨས་འབྱེད་པ་དང་། །སྟག་བྱེད་ཆུ་བླུགས་དུང་འབུད་དང་། །ཐོད་ལོ་ཀོར་འཕྲོག་སྐྱུག་པ་དང་། །རས་གཡོགས་ཐལ་ལྕག་བརྡབ་པ་དང་། །ཡིག་གསུམ་ ― DKG080_Page_0288 ―
[མ་དཔེ་གཟིགས་ན་འདིར་གནོན།]
བསམ་གཏན་གྱིས་ནི་གཏམ། །འདི་རྣམས་ཀྱིས་ནི་དགུག་པར་བྱ། །མཁའ་ལྡིང་སྦྱོར་བ་བཅྭ་བརྒྱད་པོ། །འཇིག་རྟེན་གསུམ་ན་རབ་རྙེད་དཀའ། །སེམས་ཅན་རྣམས་ལ་ཕན་བྱེད་པ། །རྡོ་རྗེ་མགོན་པོ་ཉིད་ཀྱིས་གསུངས། །དེ་ནས་གཞན་ཡང་རབ་བཤད་པ། །མཆོག་གི་ཡེ་ཤེས་ཇི་བཞིན་པ། །བྷ་གའི་དབུས་སུ་རྣམ་པར་བཞུགས། །བདེ་བ་ཆེན་པོ་སྟེར་བྱེད་པ། །འདི་ཉིད་དུ་ནི་ཀུན་གནས་ཀྱང་། །བྱིས་པ་རྨོངས་པས་མི་ཤེས་སོ། །དེར་ནི་བཅུད་དང་བཅུད་ལེན་ཏེ། །དེ་ཉིད་དུ་ནི་སངས་རྒྱས་བཞུགས། །དེར་ནི་དཀྱིལ་འཁོར་བཟང་པོའོ། །དེར་ནི་སློབ་མ་དབང་བསྐུར་བའོ། །དེར་ནི་ཧེ་རུ་ཀ་དཔའ་བོ། །ཉི་ཤུ་རྩ་བཞིའི་དབང་གཙོའོ། །དེར་ནི་ནམ་མཁའ་ལྡིང་འཇིགས་པ། །དེ་ཉིད་དུ་ནི་རོ་ལངས་བསྒྲུབ། །དེར་ནི་དུར་ཁྲོད་བརྒྱད་པོ་རྣམས། །སྐད་ཅིག་ཙམ་གྱིས་བསྐྱེད་པའི་རྒྱུ། །དེར་ནི་སངས་རྒྱས་བདག་ཉིད་ཆེ། །སྟོང་ཕྲག་གསུམ་ནི་རྣམ་པར་བཞུགས། །དེར་ནི་འཇིག་རྟེན་ཁམས་ཀུན་ཏེ། །དེ་ཉིད་བཅོམ་ལྡན་འདས་ལྷ་མོ། །སངས་རྒྱས་ལ་སོགས་སྐྱེད་པའི་ཡུམ། །བྱང་ཆུབ་སེམས་དཔའ་དཔལ་ཆེན་པོ། །ཤེས་རབ་ཕ་རོལ་ཕྱིན་དཔུང་གཉེན། །དེ་ཉིད་བསོད་ནམས་ཀུན་སྟེར་མ། །དེ་ཉིད་ཐར་པ་སྟེར་བྱེད་མ། །ཕྱག་རྒྱ་ཆེན་པོ་གྲགས་ཆེན་པོ། །དངོས་གྲུབ་ཀུན་ནི་འདོད་བྱེད་མ། །མ་དང་ཚ་མོ་སྲིང་མོ་དང་། །བུ་མོ་བུད་མེད་རབ་བརྟེན་མ། །ཤེས་རབ་མཉེས་ཤིང་འཇིགས་བྱེད་མ། །འགྲོ་དྲུག་བདེ་སྡུག་བག་ཆགས་བཅས། །འཁོར་བ་མྱ་ངན་འདས་ཉིད་དང་། །བདག་ཉིད་ཆེན་པོ་དེ་ཉིད་དེ། །རྣམ་རྟོག་ཀུན་ཏུ་རྟོག་པ་ཉིད། །དེ་བཞིན་འཆར་དང་ནུབ་པ་དང་། །ཉིན་མཚན་མལ་སྟན་བཟའ་བ་དང་། །ངེས་པའི་བརྟུལ་ཞུགས་རྩིས་དང་གྲངས། །རྣམ་པར་མི་རྟོག་ཡང་དག་རྟོག། དམན་དང་མཆོག་དང་བར་མ་དང་། །གཞན་དང་གང་དང་དེ་དང་ནི། །དེ་ཉིད་བདག་ཉིད་ཆེན་པོ་གཅིག། སེམས་ཅན་ཀུན་ལ་བདེ་བ་འབབ། །དེ་ལྟར་ཐོས་ནས་ཕྱག་ན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། འདོད་ཅན་མ་ལ་སོགས་པ་རི་རབ་ཀྱི་རྡུལ་ཕྲ་རབ་སྙེད་ ― DKG080_Page_0289 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཀྱི་རྣལ་འབྱོར་མ་རྣམས་དགའ་བའི་སྤྱན་གདངས་ནས་སྣ་ཚོགས་སྡེ་མ་ལ་ཡང་དང་ཡང་དུ་བཏུད་དེ། འདི་ལྟར་གསོལ་ཏོ། །ཨེ་མའོ། །སྣ་ཚོགས་སྡེ་མ་རྣལ་འབྱོར་མ། །སེམས་ཅན་ཀུན་ལ་བདེ་འབབ་མ། །གླེགས་བམ་དོན་དང་ལྡན་གང་ཞིག། དེ་ཀུན་སངས་རྒྱས་བྱིན་བརླབས་བཤད། །དེ་ནས་ཕྱག་ན་རྡོ་རྗེའི་ཕྱག་གཉིས་གླང་པོ་ཆེའི་ལག་པ་ལྟར་རབ་ཏུ་བརྐྱང་སྟེ་གླེགས་བམ་ཡང་དག་པར་བླངས་སོ། །དེ་ནས་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱག་རྒྱ་ཆེན་པོའི་རྡོ་རྗེའི་གནས་སུ་དོན་དང་བཅས་པའི་གཞུང་ཞུ་བར་གྱུར་ཏོ། །ཕྱག་ན་རྡོ་རྗེའི་སྙིང་ག་ནས་བྱུང་སྟེ། སྣ་ཚོགས་སྡེ་མའི་ཐུགས་སུ་ངལ་སོས་སོ། །དེ་ནས་ཕྱག་ན་རྡོ་རྗེ་གནོད་སྦྱིན་གྱི་བདག་པོ་ཆེན་པོས་རྣལ་འབྱོར་མ་ཆེན་མོ་ལ་འདི་ལྟར་གསོལ་ཏོ། །སྔགས་ཀྱི་བཟླས་པ་གང་ཞིག་ལགས། །ལས་ཀྱི་ཚོགས་རྣམས་ཇི་ལྟར་འགྲུབ། །སྔོན་དུ་བསྙེན་པ་གང་ཞིག་ལགས། །མཁའ་ལྡིང་འགྲུབ་པའི་ངེས་པ་གང་། །དངུལ་ཆུ་བཅུད་ལེན་སྣ་ཚོགས་པ། །དངོས་གྲུབ་སྟེར་བྱེད་གང་ཞིག་ལགས། །སྤར་དང་མནན་པ་གང་གསུངས་དང་། །དུས་དང་བྱ་བའི་ངེས་བཅས་དང་། །དངོས་གྲུབ་ཐོབ་དུས་གང་ཞིག་ལགས། །སངས་རྒྱས་ཇི་ལྟ་བུ་རུ་བརྗོད། །དེ་བཞིན་ཐོད་པ་ཇི་ལྟ་བུ། །སྦྱོར་དང་ལྡན་པའི་ཇི་ལྟ་བུ། །སྣ་ཚོགས་སྡེ་མའང་ཇི་ལྟ་བུ། །ཐེག་པ་ཆེན་པོ་ཇི་ལྟ་བུ། །རྣལ་འབྱོར་མ་ཡི་རྣམ་ངེས་ཅི། །གསུངས་པ། རྒྱུད་འདིར་སྔོན་དུ་བསྙེན་པ་མེད། །དེ་བཞིན་ཡུལ་དང་དུས་ཚེས་དང་། །གཟའ་དང་རྒྱུ་སྐར་སྦྱོར་མེད་པ། །བློ་དང་ལྡན་པས་རྟག་ཏུ་བསྟེན། །དུས་དང་བྱ་བའི་ངེས་མི་བྱ། །སངས་རྒྱས་ཐོད་པའི་སྦྱོར་བ་ཡིས། །ཐོས་པ་ཙམ་གྱིས་འགྲུབ་པར་འགྱུར། །སངས་རྒྱས་རྡོ་རྗེ་ཞེས་སུ་གསུངས། །ཐོད་པ་གྲུ་གསུམ་ཡང་དག་འབྱུང་། །སྦྱོར་བ་གསང་བར་གནས་པའི་རྩ། །དེ་ཡི་སྣ་ཚོགས་ངོ་མཚར་བྱེད། །སྡེ་ནི་བདེ་ཆེན་ཡེ་ཤེས་སོ། །འདི་ཉིད་ཐེག་པ་ཆེན་པོ་སྟེ། །རྣལ་འབྱོར་མ་ཡི་རྩ་ལས་བྱུང་། །དེ་ནི་རྨད་བྱུང་ཆེ་མཆོག་སྟེ། །སངས་རྒྱས་ཐོད་པའི་སྦྱོར་བ་ཉིད། །དེ་ཉིད་ཧེ་རུ་ཀ་དཔའ་བོ། ། ― DKG080_Page_0290 ―
[མ་དཔེ་གཟིགས་ན་འདིར་གནོན།]
འཁོར་བའི་འཇིགས་ལས་སྒྲོལ་བྱེད་པ། །སངས་རྒྱས་ཐོད་པའི་སྦྱོར་བ་ཡིས། །སངས་རྒྱས་ཀུན་གྱི་བདེ་བ་འབབ། །རྣལ་འབྱོར་ཆེན་མོ་སྣ་ཚོགས་བདེ། །དཔའ་དབང་བདག་མོ་དབང་ཕྱུག་མ། །དེ་ཡི་ཐོད་པའི་དཀྱིལ་འཁོར་ལ། །སྔགས་དང་རྒྱུད་ནི་རྣམ་པར་གནས། །དེ་ཡི་ཡེ་ཤེས་བཟང་པོ་ནི། །ལྷན་ཅིག་སྐྱེས་པ་དག་ལས་འབྱུང་། །དེ་ནི་རིག་པའི་དབང་ལྔ་དང་། །སངས་རྒྱས་བདུན་གྱི་མཚན་ཅན་ཏེ། །སྣ་ཚོགས་སྦྱོར་དང་ཚེ་འཕེལ་དང་། །དངོས་གྲུབ་ཐམས་ཅད་སྒྲུབ་པ་ནི། །སངས་རྒྱས་ཐོད་པའི་སྦྱོར་བ་ཡིས། །འགྲུབ་པར་འདིར་ནི་གདོན་མི་ཟ། །མན་ངག་ལམ་ལས་གང་ཤེས་པ། །བླ་མའི་དྲིན་ལས་ཤེས་པར་བྱ། །སངས་རྒྱས་ཐོད་པའི་རྒྱུད་ཆེན་པོ་རྣལ་འབྱོར་མ་རྣམས་ཀྱི་གོང་ན་མེད་པ་གསང་བའི་ཡང་ཤིན་ཏུ་གསང་བ་ཞེས་བྱ་བ་ལས་དངོས་གྲུབ་ཐམས་ཅད་དང་ཡེ་ཤེས་གཏན་ལ་དབབ་པ་དང་། ཐོད་པ་ཁ་ཕྱེ་བ་ལས་གླེགས་བམ་བྱུང་བའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་དག་རབ་བཤད་པ། །སྔགས་ལེའུ་ཇི་བཞིན་གསུངས་པ་སྟེ། །མཁའ་འགྲོ་མ་མོ་འབྱུང་པོ་རྣམས། །སྔགས་གང་གིས་ནི་འགྲུབ་འགྱུར་བ། །དེ་ནི་བདག་གིས་རབ་བཤད་ཀྱིས། །ཁྱོད་ཀྱིས་དད་པ་བརྟན་པས་ཉོན། །ཨོཾ་བུདྡྷ་ཀ་པཱ་ལི་ནི་ཏ་ཊ་སྥོ་ཊ་ཡ་སརྦྦ་ཤུ་བྷ་པྲ་དཱ་ཡི་ནི་ཧཱུྃ་ཕཊ། སྤོས་དབུལ་བའི་སྔགས་སོ། །ཨོཾ་བུདྡྷ་ཀ་པཱ་ལི་ནི་མ་ཊ་མ་ཊ་ཨ་སྭཱ་ཧཱ། མེ་ཏོག་དབུལ་བའི་སྔགས་སོ། །ཨོཾ་མ་ཧཱ་ཀ་པཱ་ལ་བཛྲི་བ་ར་བ་ར་ཏ་ཊ་ཏ་ཊ་སྟ་ཊ་ཡ་སྟ་ཊ་ཡ་མ་ཊ་མ་ཊ་ཧཱུྃ་ཧེ་ཧྲཱྀཿསྭཱ་ཧཱ། དྲི་འབུལ་བའི་སྔགས་སོ། །ཨོཾ་བུདྡྷ་ཀ་པཱ་ལི་ནི་གྲྀཧྞ་གྲྀཧྞ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་བ་ར་བ་ར་ཏ་ཊ་ཏ་ཊ། སྟ་ཊ་ཡ་སྟ་ཊ་ཡ་མ་ཊ་ཧཱུྃ་ཧཱུྃ་ཧཱུྃ་སྭཱ་ཧཱ། མར་མེ་དབུལ་བའི་སྔགས་སོ། །ཨོཾ་བུདྡྷ་ཀ་པཱ་ལི་ནི། ་གྲྀཧྞ་གྲྀཧྞ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཁ་ཁ་ཧཱུྃ། ལྷ་བཤོས་དབུལ་བའི་སྔགས་སོ། །ཨོཾ་མ་ཧཱ་ཀ་པཱ་ལི་ནི་བཛྲ་དྷརྨྨ་དྷརྨྨེ་མེ་གྷེ་བ་རེ་པྲ་བ་རེ་བ་ར་བ་ར་ཀ་ར་ཀ་ར་ཏ་ཊ་ཏ་ཊ་ཧ་ཧེ་སྭཱ་ཧཱ། གོས་དབུལ་བའི་སྔགས་སོ། །ཨོཾ་ཧཱྃ་ཧཻཾ་ཧཽཾ་ཧཻཾ་ཧོཾ་ཧྃ་ཧཱ། གོ་ཆའི་སྔགས་སོ། །ཨོཾ་བུདྡྷ་ཀ་པཱ་ལི་ནི་ཨ་ཁྃ་ཀྲོ་དྷུཾ་ཤྲྀཾ་ཨཿཨཱ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། སྤྱན་དྲང་བའི་སྔགས་སོ། །ཨོཾ་ ― DKG080_Page_0291 ―
[མ་དཔེ་གཟིགས་ན་འདིར་གནོན།]
མ་ཧཱ་ཀ་པཱ་ལ་བཛྲི་ཎི་གཙྪ་གཙྪ་ཨུཏ་ཏིཥྛ་ཨུཏ་ཏིཥྛ་ཛ་ཛ་ཛ་ཧ་ཛྃ་ཛྃ་ཛྃ། ཏྲཻ་ལོ་ཝྲཽ་བི་ཊ་པཱ་ཎི་ཧཱུྃ་ཕཊ། གཤེགས་སུ་གསོལ་བའི་སྔགས་སོ། །ཨོཾ་མ་ཧཱ་ཀ་པཱ་ལ་བཛྲེ་ཙི་ཏྲེ་སུ་ཙི་ཏྲཻ་ཨ་ལཱཾ་བ་ནེ་ཕྲིན་ཡཱ། སརྦྦ་བྷཱུ་ཏ་ན་མཱ་ར་ཎ་ཀཱི་ལ་ཡ་སརྦྦ་དུཥྚཱན་ཨུ་ཊ་ཡ་སརྦྦ་བིགྷྣཱཾ་བི་ཏྲཱ་བ་ཡ་བྷ་ག་བ་ཏི་ཡཀྵ་རཱཀྵ་ས་པི་ཤཱ་ཙཱ་ན་ཤོ་ཥ་ཡ་ཏ་ཊ་ཡ་སཔྟ་པཱ་ཏཱ་ལ་ག་ཏཱ་ན། ས་ར་ས་ར། པྲ་ས་ར་པྲ་ས་ར། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། འབྱུང་པོ་ཐམས་ཅད་པའི་གཏོར་མའི་སྔགས་སོ། །འབྲས་སཱ་ལུ་བླངས་ཏེ་འོ་མས་བཀྲུས་ལ་བུ་མོ་གཞོན་ནུ་མས་དེ་ཤིན་ཏུ་ཞིབ་པར་བཏགས་ལ། དེ་ཡང་ཤེས་རབ་ཅན་གྱིས་གཟུགས་བརྙན་བྱས་ཏེ། ཞལ་གཅིག་ཕྱག་བཞི་གཞུང་བཞིན་ཅང་ཏེའུ་དང་། ཁ་ཊྭཱཾ་ག་དང་། རལ་གྲི་དང་། ཐོད་པ་འཛིན་པའོ། །དེ་ནས་རོ་བསྲེགས་པའི་སོལ་བ་ཕྱེ་མར་བྱས་ལ་རྡོ་རྗེ་གཙུག་གིས་མཉེ་བར་བྱའོ། །དེ་ནས་དེས་གཟུགས་བརྙན་ལ་བྱུག་པར་བྱའོ། །མེ་ཏོག་དཀར་པོས་མཆོད་པ་བྱས་ཏེ། སངས་རྒྱས་ཐོད་པའི་རྣལ་འབྱོར་པས་ཧེ་རུ་ཀའི་རྣམ་པའི་སྦྱོར་བས་སྔགས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །ཨོཾ་མ་ཧཱ་བཛྲ་ཧེ་རུ་ཀེ་བཛྲེ། དྷ་ར་དྷ་ར། དྷུ་རུ་དྷུ་རུ། མ་ཧཱ་ཛྙཱ་ན་སྥོ་ཊ་ཎེ། ཤཱི་གྷྲཾ་སཱ་ད་ཡ་སྟཾ་བྷ་ཡ་ཀཱི་ལ་ཡ་ཧཱུྃ་ཕཊ། སྔགས་འདི་ཆུ་ལ་ལན་བདུན་དུ་མངོན་པར་བཟླས་ཏེ། གཟུགས་བརྙན་དེ་བཀྲུ་བར་བྱའོ། །ཆུ་དེས་རང་གི་གདོང་བཀྲུས་ན་མི་སྣང་བར་བྱེད་དེ། ལྷ་རྣམས་ཀྱིས་ཀྱང་རྙེད་པར་དཀའོ། །ནགས་ཀྱི་ནང་དུ་སྟག་གིས་ཀྱང་མི་མཐོང་ངོ་། །གཞན་དག་གིས་ཀྱང་དེ་མཐོང་བར་མི་འགྱུར་རོ། །སྲོག་ཆགས་འབུམ་གྱི་ནང་དུ་སོང་ན་ངོ་མཚར་སྣ་ཚོགས་བྱེད་དོ། །གང་གིས་ཀྱང་མི་མཐོང་ངོ་། །ལྷའི་བུ་མོ་འཕྲོག་ཅིང་ལྷ་རྣམས་ཀྱིས་ཀྱང་མི་མཐོང་ངོ་། །འོ་མས་གདོང་བཀྲུས་པ་ཙམ་གྱིས་ནི་མཐོང་བར་འགྱུར་རོ། །གཟུགས་བརྙན་དེའི་སྙིང་གར་ཤིང་འབའ་བོ་ལས་ཕུག་སྟེ། དུར་ཁྲོད་ཀྱི་མེ་ལ་འབའ་བོ་ལ་དང་ཚངས་པ་རྡོ་རྗེས་རབ་ཏུ་སྦར་ལ། དེའི་ཐལ་བ་ཡང་དག་པར་བླངས་ཏེ། ཁམ་ཕོར་དུ་གཞག་པར་བྱའོ། །ཡང་ན་པདྨའི་སྣོད་དུའོ། །སྔགས་འདི་བརྒྱ་རྩ་བརྒྱད་དུ་མངོན་པར་བཟླས་པར་བྱའོ། །ཨོཾ་བུདྡྷ་ ― DKG080_Page_0292 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཀ་པཱ་ལི་ནི་ཏྲཱྃ་ཧཱུྃ། ཨོཾ་བཛྲ་བི་ལི་སི་ནཱི་ཧྲཱྀཿཧཱུྃ། ཨོཾ་ཀཱ་མི་ནཱི་ཁྃ་ཧཱུྃ། ཨོཾ་པཱ་ཏཱ་ལ་བ་སཱི་ནཱཾ་ཨཱཿཧཱུྃ། ཨོཾ་ཙི་ཏྲ་ཿསེ་ནཱ་ས་མ་ཡཱ་དྷིཥྛ་ཡ་ཧྲཱྀཿཧཱུྃ། སྔགས་འདི་དག་ནི་སངས་རྒྱས་རྣམས་ཀྱིས་ཀྱང་ཤིན་ཏུ་རྙེད་པར་དཀའོ། །ཐལ་བ་དེ་དང་རྡོ་རྗེ་གཙུག་གིས་ལུས་བྱུག་པར་བྱས་ན་ཇི་སྲིད་དུ་ལུས་ལ་མཚོན་ཆས་ཕོག་པ་དེ་སྲིད་དུ་མི་ཚུགས་སོ། །སླར་ཞིང་དགྲ་ཐམས་ཅད་ཀྱི་མགོ་བོ་འཆད་པར་འགྱུར་རོ། །གང་སྡང་བ་ལ་བལྟས་ན་དེ་ལོང་བར་འགྱུར་རོ། །གང་ཞིག་སྡང་བའི་སེམས་འཛིན་པ་ན་དེ་སྨྱོ་བར་འགྱུར་རོ། །ཐལ་བ་དེ་ཉིད་དང་མར་ཁུ་བཟང་པོས་མིག་བྱུགས་ན་དཔག་ཚད་སྟོང་མཐོང་བར་འགྱུར་རོ། །གང་ཅི་ཡང་རུང་བའི་སའི་འོག་ན་གནས་པའི་གཏེར་དཔག་ཚད་སྟོང་གི་འོག་ཏུ་སོན་པའི་དངུལ་དང་གསེར་དང་། རིན་པོ་ཆེ་གང་ན་ཡོད་པ་དེ་ཐམས་ཅད་ལ་སྲིན་ལག་གིས་སྡིགས་མཛུབ་བྱས་པ་ཙམ་གྱིས་ཐམས་ཅད་མདུན་དུ་ལྷགས་ཏེ་གསོལ་བ་འདེབས་སོ། །ཀྱཻ་སངས་རྒྱས་ཐོད་པའི་རྣལ་འབྱོར་པ་གཏེར་ལོང་ལ་སེམས་ཅན་གྱི་དོན་གྱིས་ཤིག། དེས་གཏེར་བླངས་ན་གང་འདོད་པ་དེ་བྱེད་དེ། ཐལ་བ་དེས་བྱེད་དོ། །ཐལ་བ་དེ་དང་གོ་རོ་ཙ་ན་ལྷན་ཅིག་བསྣོས་ཏེ། མཛུབ་མོས་མཉེས་པས་དཔུང་གི་ཚོགས་ལངས་པ་མཛུབ་མོ་བསྐོར་བ་ཙམ་གྱིས་འབུམ་ཕྲག་སྟོང་གི་དཔུང་རྣམས་ཁ་སྦུབ་ཏུ་ལྷུང་བར་འགྱུར་རོ། །གང་འདོད་པ་དེ་བྱེད་དོ། །བཀྲུས་པ་ཙམ་གྱིས་ལངས་པར་འདི་ཐེ་ཚོམ་མེད་དོ། །ཐལ་བ་དེ་དང་ཞ་ཉེའི་ཕྱེ་མ་དང་བསྣོས་ཏེ་གཅིག་ཏུ་བྱས་ལ། །རྡོ་རྗེའི་གཙུག་རྗེས་སུ་བྱིན་ཏེ་ཁབ་ལེན་གྱི་ལྕགས་ཀྱི་ཕྱེ་མ་བསྲེ་ཞིང་གསེར་གྱི་ཕྱེ་མ་ཡང་ཅུང་ཟད་བསྲེ་བར་བྱའོ། །རྡོ་རྗེའི་ཆུའི་ཁུ་བ་དང་ལྷན་ཅིག་ཏུ་བསྣོས་ཏེ་ཟངས་མའི་སྣོད་དུ་ཉི་མ་བདུན་གྱི་བར་དུ་གཞག་གོ། །དེ་ནས་མཁྲིས་པ་ཆེན་པོ་མཉེས་ཏེ་རྟའི་ཁྲག་དང་ལྷན་ཅིག་ཏུ་བསྣོས་ལ་ཡང་སྣོད་དེ་ཉིད་དུ་ཉི་མ་གསུམ་གཞག་པར་བྱའོ། །དེ་ནས་བཏོན་ཏེ་ལྕགས་གསུམ་གྱི་སྣོད་དུ་གཞག་པར་བྱའོ། །ཟངས་མའི་སྣོད་དུ་བཞག་པ་དེ་མེའི་ནང་དུ་བཅུག་ན་གསེར་དང་དངུལ་དུ་འགྱུར་བར་སོམ་ཉི་མེད་དོ། །སྲང་གཅིག་ཀྱང་སྲང་སྟོང་གི་རིན་ཐང་དུ་འགྱུར་ཏེ་རིན་པོ་ཆེ་དང་ ― DKG080_Page_0293 ―
[མ་དཔེ་གཟིགས་ན་འདིར་གནོན།]
འདྲ་བར་འགྱུར་རོ། །གསེར་དེ་མ་ཤ་གཅིག་དང་དངུལ་སྲང་གཅིག་བསྲེས་ཏེ་མེ་ལ་བཞུ་ན་སྲང་སུམ་བརྒྱའི་རིན་ཐང་གི་ཚད་དུ་འགྱུར་བར་འདི་ལ་ཐེ་ཚོམ་མེད་དོ། །འདི་ལྟ་བུའི་སྦྱོར་བ་ནི་སངས་རྒྱས་རྣམས་ཀྱིས་ཀྱང་རྙེད་པར་དཀའོ། །འཇིག་རྟེན་དབང་ཕྱུག་ལ་སོགས་པའི་བྱང་ཆུབ་སེམས་དཔའ་གྲགས་པ་ཆེན་པོ་སྙིང་རྗེ་དང་ལྡན་པའི་བདག་ཉིད་ཆེན་པོ་སྟོབས་ཆེ་བ་དེ་རྣམས་ཀྱང་སྦྱིན་པར་མི་ནུས་སོ། །འདི་ཡི་སྦྱོར་བ་རྙེད་དཀའ་བ། །སངས་རྒྱས་ཐོད་པའི་རྒྱུད་དུ་གསུངས། །རྒྱུད་གཞན་རྣམས་སུ་སྦས་པ་ཡིན། །འདུས་སོགས་རྣལ་འབྱོར་རྒྱུད་དུ་ནི། །སྦྱོར་བ་རྣམ་པ་མ་གསུངས་པ། །གང་ཚེ་སྔོན་དུ་བསྙེན་དེའི་ཚེ། །དེ་ཡི་སྦྱོར་བས་ཅི་ཞིག་བྱ། །བསོད་ནམས་དམན་པའི་སེམས་ཅན་གང་། །མཚམས་མེད་ལྔ་ནི་བྱེད་པ་ཡང་། །སངས་རྒྱས་ཐོད་པའི་སྦྱོར་བ་ཡིས། །འདི་ལྟའི་སྦྱོར་བ་འགྲུབ་པར་འགྱུར། །དངོས་པོ་དེ་ཡིས་བློ་ཆེན་རྣམས། །སེམས་ཅན་དོན་ལ་གཅིག་ཏུ་བརྩོན། །སྲང་གཅིག་གིས་བསྲེས་བྱེ་བའི་རིན། །སྦྱོར་བ་ཀུན་ཏུ་རྙེད་པར་དཀའོ། །སྦྱོར་བ་གླེགས་བམ་ལ་མ་བྲིས། །བླ་མའི་དྲིན་ལས་ཤེས་པར་བྱ། །བླ་མས་དངོས་གྲུབ་བླ་མས་ཐར། །བླ་མ་སྟོན་པ་རྣམ་ཀུན་པ། །དེས་ན་སློབ་མ་བློ་ཆེན་གྱིས། །འབད་པས་བླ་མ་མཉེས་པར་བྱ། །ཐལ་བ་དེ་ཉིད་ཀྱིས་ལུས་བལྟ་བའི་དོན་དུ་བུ་མོའི་མགོ་ལ་བླུགས་ཏེ་རྡོ་རྗེ་གཙུག་གིས་བུ་མོ་བཀྲུའོ། །ཡང་ཐལ་བས་ཐིག་ལེ་བྱས་ལ། ཚངས་པས་རྡོ་རྗེས་མཎྜལ་གྲུ་བཞི་བྱས་ཏེ། དེའི་དབུས་སུ་བུ་མོ་གཞག་པར་བྱའོ། །བདུག་སྤོས་ལྔས་བདུགས་ཤིང་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ན་བུ་མོ་ལ་འབབ་པར་འགྱུར་ཏེ། འདས་པ་དང་། མ་འོངས་པ་དང་ད་ལྟར་བྱུང་བ་སྟོན་ཏོ། །བུ་དོན་གྱིས་འབྲས་བུ་ལ་སྔགས་འདི་ལན་བདུན་དུ་མངོན་པར་བསྔགས་སོ། །ཨོཾ་བུདྡྷ་ཀ་པཱ་ལི་ནི་དེ་ཧི་དེ་ཧཱི་ད་དཱ་པ་ཡ་ད་དཱ་པ་ཡ་ཧེ་ཧེ་བྷ་ག་བ་ཏི་ཤཱི་གྷྲྃ་ཁཌྱཱུ་ད་རི་ཧི་བུདྡྷ་ཀ་པཱ་ལ་བཛྲ་སྱ་ཡ་ཛྙ་མ་ལཾ་གྷ་ཡ་ཧཱུྃ་སྟཾ་ཧྲཱྀ་ཕཊ་ཨ་ཕཊ། ཡུངས་ཀར་བསྣུན་པ་ཙམ་གྱིས་ནི། །བུ་མོ་གྲགས་ཆེན་མ་ནི་རྒོད། །དེ་ཡི་ཁ་ནས་རལ་གྲི་བདུན། །འབྱུང་བ་ལ་ནི་ཐེ་ཚོམ་མེད། །སངས་རྒྱས་ཐོད་པའི་རྣལ་འབྱོར་པས་སྐད་ཅིག་མ་དེ་ཉིད་ལ་འགྲུབ་པར་ ― DKG080_Page_0294 ―
[མ་དཔེ་གཟིགས་ན་འདིར་གནོན།]
འདིར་སོམ་ཉི་མེད་དོ། །དེ་ལྟར་རལ་གྲི་གཅིག་གྲུབ་པས་བྱེ་བ་བརྒྱ་སྟོང་གི་རིག་འཛིན་གྲུབ་པས་བསྐོར་བར་འགྱུར་རོ། །འདི་ལྟ་བུའི་སྦྱོར་བ་ནི་འཇིག་རྟེན་གསུམ་ན་ཡང་རྙེད་པར་དཀའོ། །བུ་མོ་བཀྲུས་པ་ཙམ་གྱིས་རྣལ་མར་འགྱུར་རོ། །དེའི་ཐལ་བ་ལྕགས་གསུམ་གྱིས་དཀྲིས་ཏེ་རིལ་བུ་བྱས་ནས་ཁར་བཅུག་པ་ཙམ་གྱིས་ནི་མི་སྣང་བར་འགྱུར་རོ། །ཤེས་རབ་ཅན་གྱིས་སུམ་ཅུ་པ་ཡང་བསྐོར་རོ། །སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མི་གཟིགས་སོ། །རིལ་བུ་ལག་པར་བླངས་པས་དངོས་པོ་གང་དང་གང་ལ་རེག་པ་ཙམ་གྱིས་དེ་དབང་དུ་འགྱུར་རོ། །ཐལ་བའི་སྦྱོར་བ་འདི་དག་ནི། །སངས་རྒྱས་ཀྱིས་ཀྱང་རྙེད་པར་དཀའ། །ཨོཾ་བུདྡྷ་ཀ་པཱ་ལ་ཛཿཧཱུྃ་ཁཾ་རྃ་ཨ། འཇིག་རྟེན་གསུམ་བསྒྲུབ་པའི་སྔགས་སོ། །ཨོཾ་བུདྡྷ་ཀ་པཱ་ལི་ནི་ཧྲཱྀཿཧཱུྃ། དགྲ་བརླག་པའི་སྔགས་སོ། །ཨོཾ་མ་ཧཱ་ཀ་པཱ་ལ་བཛྲི་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་དུཥྚན་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦྦ་ཤ་ཏྲུྃ་ཨོཾ་ཧི་ཏྲཱྃ་ཧཱུྃ་ཕཊ། བསྐྲད་པའི་སྔགས་སོ། །སངས་རྒྱས་ཐོད་པའི་རྒྱུད་ཆེན་པོ། རྣལ་འབྱོར་མ་རྣམས་ཀྱི་གོང་ན་མེད་པ་གསང་བའི་ཡང་ཤིན་ཏུ་གསང་བ་ཞེས་བྱ་བ་ལས་ཐལ་བའི་སྦྱོར་བ་དང་ལས་སྣ་ཚོགས་གཏན་ལ་དབབ་པ་དང་། སྔགས་ཀྱི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་སྣ་ཚོགས་སྡེ་མ་ལ་བཏུད་དེ་འདི་སྐད་ཅེས་གསོལ་ཏོ། །སེམས་ཅན་དོན་ལ་གཅིག་བརྩོན་པ། །ལེགས་སོ་བཅོམ་ལྡན་འདས་ལྷ་མོ། །འདི་ལྟའི་རབ་ཏུ་སྦྱོར་ཞེས་པ། །རྒྱུད་གཞན་དག་ཏུ་མ་གསུངས་ཤིང་། །སངས་རྒྱས་ཀུན་གྱིས་རབ་སྦས་པ། །དེ་ནི་འབད་དེ་གསལ་བར་མཛོད། །ལྷ་མོ་ཆེན་མོ་ཁྱོད་ཀྱིས་གསུངས། །ལྷ་ཡི་ལེའུ་ནི་ཇི་ལྟ་བུ། །སངས་རྒྱས་ཐོད་པའི་རྣལ་འབྱོར་མའི། །རྒྱུད་དུ་ལྷ་རྣམས་དུ་ཞིག་གསུངས། །དེ་རུ་གཟུགས་ནི་ཇི་ལྟ་བུ། །གུས་པ་ཡིས་ནི་ཉན་པར་འཚལ། །གསུངས་པ། རྃ་ལས་ཉི་མ་བསམ་པར་བྱ། །ཉི་མའི་སྟེང་དུ་ཧཱུྃ་བྱུང་བའི། །རྡོ་རྗེ་ནག་པོ་སྲེག་པའི་བདག། རྡོ་རྗེ་དེ་ཉིད་འོད་ཟེར་གྱིས། །ར་བ་དྲ་བས་མཚམས་བཅིང་ངོ་། །དེ་བཞིན་རྡོ་རྗེ་ནག་གྱུར་པའི། །རྡོ་རྗེའི་ས་ ― DKG080_Page_0295 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཞི་བསམ་པར་བྱ། །རྡོ་རྗེའི་ས་གཞིའི་དབུས་ཆུད་པར། །ཨེ་ཡི་རྣམ་པ་བདག་ཉིད་ཆེ། །གྲུ་གསུམ་ཁམས་གསུམ་བདག་ཉིད་ཅན། །ཡི་གེ་ལྃ་གྱུར་ས་ཡི་ནི། །དཀྱིལ་འཁོར་གྲུ་བཞི་རབ་སེར་པོའོ། །དེ་ཡི་དབུས་ནས་ས་བོན་ནི། །ཡི་གེ་ཨོཾ་སྟེ་ཆོས་བདག་ཉིད། །ཨོཾ་ལས་བྱུང་བའི་འཁོར་ལོ་ནི། །རྩ་རྣམས་ཀུན་གྱི་རང་བཞིན་ཅན། །རྣལ་འབྱོར་མ་ནི་རྣམ་པར་བཞུགས། །རྩ་ནི་དྲུག་ཅུ་ལ་རྒྱན་དང་། །སྤྲུལ་པ་དྲུག་ཅུ་རྩ་བཞི་འདབ། །དེས་ན་རྩ་བརྒྱ་ཉི་ཤུའོ། །རྡོ་རྗེ་སྐུ་ཡི་བདག་ཉིད་ཆེ། །ཤེས་རབ་ཅན་གྱིས་དེ་ལྟར་བསམ། །དེ་ཡི་དབུས་གནས་ས་བོན་ནི། །བྃ་དཀར་ཡི་གེ་ལས་བྱུང་བ། །ཆུ་ཡི་དཀྱིལ་འཁོར་ཟླུམ་པོའོ། །རྩ་རྣམས་ཐམས་ཅད་ཆུ་ཡི་ནི། །དཀྱིལ་འཁོར་ལ་ནི་ཐིམ་པར་འགྱུར། །སླར་ཡང་བསམ་པར་བྱ་བ་ནི། །རྃ་དམར་ལས་བྱུང་མེ་དཀྱིལ་འཁོར། །གྲུ་གསུམ་འབར་བའི་བདག་ཉིད་ཅན། །རབ་ཏུ་འབར་བཞིན་པ་ཡི་ནི། །རྩ་བའི་འཁོར་ལོ་ཡང་དག་བལྟ། །དེ་ནས་བསམ་པར་བྱ་བ་ནི། །ཡྃ་གྱུར་རླུང་གི་དཀྱིལ་འཁོར་ནི། །ཟླ་བ་ཕྱེད་པའི་རྣམ་འདྲ་སྔོ། །རྩ་རྣམས་རབ་ཏུ་གཡོ་བའི་གཟུགས། །ཐིམ་གྱུར་འཁོར་ལོའི་རིག་པར་གསུངས། །དེ་དག་ཐམས་ཅད་ཐིམ་འགྱུར་བ། །དེ་ཡི་དབུས་གནས་རྣལ་འབྱོར་པ། །དེ་ལྟར་ཤེས་པར་བྱེད་གང་ཞིག། སངས་རྒྱས་ཐོད་པའི་རྣལ་འབྱོར་པས། །དེ་ནས་ཟླ་བ་བསམ་པར་བྱ། །ཟླ་བའི་སྟེང་དུ་ཉི་མའོ། །དེ་ཡི་དབུས་ཆུད་ས་བོན་ནི། །ཧཱུྃ་དང་ཨ་ཡི་རང་བཞིན་ནོ། །ཡི་གེ་ཀ་ཡིས་ཧ་བརྒྱན་ཏེ། །ཀ་ནི་ཧ་ལ་ཐིམ་པར་འགྱུར། །མི་ཕྱེད་པ་ཡི་ཧ་དང་ཧཱུྃ། །གཉི་གའི་བདག་ཉིད་ཅན་བལྟའོ། །ཧ་ནི་མི་ཤིགས་ཤེས་རབ་ཀྱི། །བདག་ཉིད་ཨུ་དང་ཐིག་ལེ་དག། གཉི་ག་གཅིག་ཏུ་གྱུར་པ་ནི། །ཡི་གེ་ཧཱུྃ་གི་མཆོག་བལྟའོ། །ཧཱུྃ་ལས་བྱུང་བའི་འོད་ཟེར་རྣམས། །དེ་ཡིས་བདེ་བ་ཆེ་བསྐུལ་ཏེ། །བ་མོ་ལྟ་བུའི་རི་བོང་ཅན། །ཉི་མར་ལྷན་ཅིག་ཞུ་གྱུར་ཅིང་། །དཀྱིལ་འཁོར་གཉི་ག་གཅིག་གྱུར་པ། །ཉི་མའི་མཆོག་ཏུ་བལྟ་བར་བྱ། །ཡང་ནི་ཧཱུྃ་བྱུང་འོད་ཟེར་དེས། །རྩ་བའི་ ― DKG080_Page_0296 ―
[མ་དཔེ་གཟིགས་ན་འདིར་གནོན།]
འཁོར་ལོ་ཐམས་ཅད་ལ། །རེག་མ་ཐག་པའི་མོད་ལ་ནི། །རྩ་བའི་འཁོར་ལོ་ལས་འབབ་འགྱུར། །ཞུ་བ་དེ་ཡིས་ས་བོན་བཀྲུ། །ཧཱུྃ་གྱུར་པ་ལས་རྡོ་རྗེ་སྟེ། །དབུས་སུ་དེ་ཉིད་ཀྱིས་བྱིན་བརླབས། །ས་བོན་རྡོ་རྗེ་ལས་བྱུང་བ། །དཔའ་བོ་ཁྲག་འཐུང་མདོག་སྔོན་པོ། །ཞལ་གཅིག་པ་ལ་ཕྱག་བཞི་པ། །གཙོ་བོ་ཧཱུྃ་ཞེས་འདོན་པ་སྟེ། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས། །གཉི་གའང་ཁྲོ་བའི་བདག་ཉིད་ཅན། །སྟག་གི་པགས་པའི་ན་བཟའ་མནབས། །མགོ་བོ་རློན་པའི་ཕྲེང་བ་འཆང་། །བསྲེགས་སུ་མཆོད་ཕྱིར་ཐོགས་པ་ཡི། །ཤིན་ཏུ་བཞད་པས་འཇིགས་ཆེ་བའི། །གཙོ་བོ་སྙིང་རྗེའི་བདག་ཉིད་བལྟ། །དཔུང་རྒྱན་མགུལ་དོ་འཁོར་གདུབ་དང་། །གཅེར་བུ་རུས་པའི་སྐ་རགས་འཆང་། །གཡེར་ཀར་བཅས་པའི་རྐང་གདུབ་ཅན། །མ་ལུས་བདུད་རྣམས་འཇོམས་པར་བྱེད། །རལ་པའི་ཅོད་པན་ཡང་དག་ལྡན། །སངས་རྒྱས་རྣམ་པ་ལྔ་ཡིས་བརྒྱན། །ཟླ་བ་ཕྱེད་པ་འཛིན་པའི་ལྷ། །དབུ་ལ་སྣ་ཚོགས་རྡོ་རྗེས་མཚན། །འཁོར་ལོ་རྣ་ཆ་གདུ་བུ་དང་། །ཕྱག་རྒྱ་རྣམ་པ་ལྔ་ཡིས་མཚན། །ཐལ་བའི་རྡུལ་ཅན་འཇིགས་པར་བྱེད། །ཐོད་པ་གཏི་མུག་གིས་བརྒྱན་པའི། །དཔའ་བོ་འཁོར་བ་སྒྲོལ་བྱེད་པ། །བྱང་ཆུབ་ས་བོན་རང་བཞིན་ནོ། །གཙོ་ཆེན་དེ་ཡི་ཤེས་རབ་མ། །སྣ་ཚོགས་སྡེ་མ་རྣལ་འབྱོར་མ། །གཅེར་བུ་མགོ་བོའི་ཕྲེང་བ་སྤངས། །རྒྱན་མེད་མཆོད་ཕྱིར་ཐོགས་མེད་མ། །བདེ་བ་ཀུན་གྱི་གཟུགས་ཅན་མ། །ཕྱག་གཉིས་སྐྲ་ནི་གྲོལ་བ་མོ། །ཧེ་རུ་ཀ་ལ་འཁྱུད་གནས་མ། །དེ་ལྟར་ཕ་རོལ་ཕྱིན་ལྷ་མོ། །ཁ་དོག་དམར་པོ་རྣམ་གསལ་མ། །ཞལ་ནི་ཤིན་ཏུ་རྣམ་འགྱུར་བ། །ཅུང་ཟད་མཆེ་བ་གཙིགས་འཇིགས་མ། །གཡས་ན་ཅང་ཏེའུ་གྲི་གུག་སྟེ། །གཡོན་ན་ཁ་ཊྭཱྃ་ཐོད་པའོ། །རང་གི་ལུས་སྐྱེས་འོད་ཟེར་གྱིས། །རྩ་ཡི་འཁོར་ལོ་བསྐུལ་བར་བྱ། །དེ་ཡིས་བསྐུལ་བ་ཙམ་གྱིས་ནི། །རྩ་ཡི་འཁོར་ལོའི་རང་བཞིན་ལས། །འཛག་འགྱུར་འདིར་ནི་ཐེ་ཚོམ་མེད། །འཛག་པ་དེ་ལས་རྣལ་འབྱོར་མ། །བརྒྱད་པོ་བུ་མོ་རྣམས་ཀྱི་མཆོག། མཆོད་པ་སྣ་ཚོགས་ ― DKG080_Page_0297 ―
[མ་དཔེ་གཟིགས་ན་འདིར་གནོན།]
འཛིན་པ་ཡིས། །མགོན་པོ་ཧེ་རུ་ཀ་མཆོད་དོ། །རྡོ་རྗེ་མགོན་པོའི་ཤར་གནས་པ། །རྡོ་རྗེ་མཆེ་བ་མ་ཡིས་ནི། །ཐོད་པ་ཁྲག་གིས་བཀང་བཟུང་སྟེ། །གཟི་བརྗིད་ཆེན་པོ་གསོལ་བར་མཛད། །རྡོ་རྗེ་ཕོ་ཉ་བདག་ཉིད་ཆེ། །དབང་ལྡན་དུ་ནི་ཅང་ཏེའུ་བརྡུང་། །རྡོ་རྗེ་གདོང་མ་དྲི་སྣོད་དང་། །མེ་ཡི་ཕྱོགས་སུ་རྣམ་པར་གནས། །རྡོ་རྗེ་ཅན་མ་གྲགས་ཆེན་མོ། །མཆོད་ཡོན་སྣོད་བཅས་བདེན་བྲལ་ན། །རྡོ་རྗེ་གཙིགས་མ་ལྷོ་ཡི་ནི། །ཕྱོགས་ན་རྔ་བོ་ཆེ་འཛིན་གསུངས། །རླུང་དུ་རྡོ་རྗེ་ལྟེ་བ་མ། །རི་བོང་ཅན་གྱི་སྣོད་འཛིན་ནོ། །ནུབ་ཏུ་རྡོ་རྗེ་འཇིགས་མ་ནི། །ཅེ་སྤྱང་ཕྱག་ན་འཛིན་པར་གསུངས། །བྱང་དུ་འདོད་ཆགས་རྡོ་རྗེ་མ། །ལྷ་མོའི་ཆགས་པས་གཙོ་བོ་མཆོད། །དེ་ལྟར་ཧེ་རུ་ཀ་བསམས་ནས། །རྣལ་འབྱོར་མ་ནི་བརྒྱད་ཀྱིས་མཆོད། །སྣ་ཚོགས་ཟས་དང་སྣ་ཚོགས་སྐོམ། །སྣ་ཚོགས་རོལ་མོ་མཆོག་གསུངས་དང་། །དྲི་ཞིམ་ལྔ་དང་མེ་ཏོག་སྤོས། །འདི་དག་གིས་ནི་གཙོ་བོ་མཆོད། །མཆོད་ཡོན་ཞལ་བསིལ་དེ་བཞིན་ཁྲུས། །གླུ་ཡི་མཆོག་ནི་རྣམ་མང་པོས། །མགོན་པོ་ཁྲག་འཐུང་བདག་ཉིད་ཆེ། །འདི་དག་གིས་ནི་མཆོད་པར་བྱ། །དཔའ་བོ་རྫོགས་པར་མཐོང་ནས་ནི། །རྩ་ཡི་འཁོར་ལོ་ལས་ནི་འཛག། འཛག་པ་དེ་ལས་རྣལ་འབྱོར་མ། །རྣམ་མང་བརྩེ་བ་ཆེར་ལྡན་པ། །བདེར་གཤེགས་ཀུན་གྱིས་བྱིན་བརླབས་མ། །སྣ་ཚོགས་རྒྱན་གྱིས་རྣམ་པར་བཀླུབས། །སྣ་ཚོགས་པ་ཡི་ན་བཟའ་མནབས། །གཟུགས་ནི་ལང་ཚོ་གཞོན་པས་བརྒྱན། །ལོ་ནི་བཅུ་དང་གཉིས་ལོན་པ། །ཕྱག་གཡས་བྱང་ཆུབ་སེམས་བཀང་བའི། །བུམ་པ་ཨ་མྲའི་ལྕུག་བཅས་བསྣམས། །ཞལ་ནི་རབ་བཞད་དང་བ་ཡིས། །ཧེ་རུ་ཀ་ནི་རྒྱལ་གྱུར་ཅིག། རྒྱལ་གྱུར་ཅིག་ཅེས་འདི་ལྟར་སྨྲ། །མགོན་པོས་མདུན་དུ་བལྟས་ནས་ནི། །དབང་བསྐུར་མཆོག་སྟེ་གསོལ་བ་གདབ། །བརྩེ་དང་ལྡན་པའི་གྲགས་ཆེན་མོ། །འཁོར་བའི་འདམ་དུ་བྱིང་བ་བདག། དབང་བསྐུར་བ་ཡིས་བདག་བསྒྲལ་ཕྱིར། །རྡོ་རྗེ་རྣལ་འབྱོར་མས་ཁྲུས་ཤིག། དཔེར་ན་བུ་ཚ་མེད་པའི་ཁྱིམ། །ཤི་བ་ ― DKG080_Page_0298 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཙམ་གྱིས་སྟོང་པ་ཉིད། །དེ་བཞིན་དབང་དང་བྲལ་ན་ནི། །ཡེ་ཤེས་ཀུན་གྱིས་སྟོང་པ་ཉིད། །དཔེར་ན་པི་བང་སྦྱོར་ཀུན་ཚོགས། །རྒྱུད་དང་བྲལ་ན་བརྡུང་མི་རུང་། །དེ་བཞིན་དབང་དང་བྲལ་ན་ནི། །སྔགས་དང་བསམ་གཏན་འགྲུབ་མི་འགྱུར། །རྨོངས་པ་གང་ཞིག་དབང་མེད་པར། །བདག་ནི་དབང་བསྐུར་ཞེས་སྨྲ་བ། །ཇི་སྲིད་སངས་རྒྱས་བཞུགས་ཀྱི་བར། །སློབ་མར་བཅས་ཏེ་དམྱལ་བར་འགྲོ། །དེ་ལྟར་ཤེས་བྱ་རྣལ་འབྱོར་མས། །སླར་ཡང་བདག་ལ་དབང་བསྐུར་ཅིག། ཡང་དང་ཡང་དུ་ཕྱག་འཚལ་ཏེ། །ཐལ་མོ་སྦྱར་ནས་གསོལ་བ་གདབ། །གལ་ཏེ་དབང་བསྐུར་མེད་ན་ནི། །ཧེ་རུ་ཀ་ཡི་བདག་གྱུར་ཅིང་། །དེ་ནས་རྣལ་འབྱོར་མ་དེ་རྣམས། །རྒྱལ་གྱུར་རྒྱལ་གྱུར་ཞེས་སྨྲ་ཞིང་། །བཅོམ་ལྡན་དབང་བསྐུར་ཁྲུས་གསོལ་ལོ། །ཕྱི་ནང་གསང་བར་བཅས་པ་ཡི། །དབང་བསྐུར་ཙམ་གྱིས་ནམ་མཁའ་ཡི། །ཁམས་ནས་རྔ་ཡི་སྒྲ་གྲག་ཅིང་། །མེ་ཏོག་ཙནྡན་ཆར་འབབ་འགྱུར། །དེ་ནས་རྣལ་འབྱོར་མ་དེ་རྣམས། །རྩ་བའི་འཁོར་ལོ་ལ་ནི་ཐིམ། །སངས་རྒྱས་ཐོད་པའི་རྒྱུད་རྣལ་འབྱོར་མའི་གོང་ན་མེད་པ་གསང་བའི་ཡང་ཤིན་ཏུ་གསང་བ་ཞེས་བྱ་བ་ལས་ལྷ་བསྐྱེད་པ་དང་། དབང་བསྐུར་བའི་ལེའུ་སྟེ་གསུམ་པའོ།། །།་དེ་ནས་ནོར་རྒྱས་ལ་སོགས་པའི་ཀླུ་རྣམས་ཀྱིས་ཕྱག་ན་རྡོ་རྗེ་ལ་ཕྱག་བྱས་ནས་འདི་སྐད་ཅེས་གསོལ་ཏོ། །ཅི་ཡི་ཕྱིར་ན་བདག་ཅག་རྣམས། །འོད་ཟེར་གྱིས་ནི་འཚལ་ཏེ་མཆིས། །བཅོམ་ལྡན་བདག་ལ་བཤད་དུ་གསོལ། །དེ་ནས་ཕྱག་ན་རྡོ་རྗེ་གནོད་སྦྱིན་གྱི་བདག་པོ་ཆེན་པོས་རྣལ་འབྱོར་མ་སྣ་ཚོགས་སྡེ་མ་ལ་འདི་སྐད་ཅེས་གསོལ་ཏོ། །ནོར་རྒྱས་ལ་སོགས་བདག་ཉིད་ཆེ། །ཀླུ་རྣམས་ཅི་ཕྱིར་དགུག་པ་ལགས། །རྣལ་འབྱོར་ཆེན་པོ་བདག་ལ་གསུངས། །དེ་ནས་སྣ་ཚོགས་སྡེ་མའི་སྙིང་གི་འོད་ཟེར་གྱིས་ཀླུ་ཐམས་ཅད་ཀྱི་སྙིང་ག་དང་སྤྱི་བོའི་མཐར་ཐུག་པར་ཞུགས་ཏེ། ཚིམ་པར་བྱས་ནས་སླར་ལོག་གོ། །དེ་ནས་ཀླུ་དེ་རྣམས་ཐམས་ཅད་ཀྱིས་ཕྱག་འཚལ་ཏེ། འདི་སྐད་ཅེས་གསོལ་ཏོ། །ལྷ་མོ་བཀའ་ནི་ཅི་ཞིག་གསོལ། །ཀྱཻ་ལགས་ཇི་ལྟ་བུ་ཞིག་བགྱི། །གསུངས་ ― DKG080_Page_0299 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ། མུ་སྟེགས་ལ་སོགས་མཁའ་ལྡིང་སྔགས། །ཡེ་ཤེས་ལས་བྱུང་ཇི་ལྟ་བུ། །དུས་སུ་ཟིན་པ་ཇི་ལྟར་ཡིན། །ཇི་ལྟར་དུག་ནི་སྐྱེ་བར་འགྱུར། །སྦྲུལ་གྱིས་ཟིན་པ་ཙམ་གྱིས་ནི། །སླར་ཡང་སེམས་ཅན་འཆི་འགྱུར་ཞིང་། །ཞུས་པ། ཁྱབ་འཇུག་དབང་ཕྱུག་སོགས་ལྷ་དང་། །ཚངས་པ་ཚངས་པ་མདུན་ན་འདོན། །དེ་རྣམས་ལ་ནི་འཆི་འཕོ་མཆིས། །དུག་གི་ཉེས་པས་གནོད་པར་འགྱུར། །དེ་ལྟར་དུས་སུ་ཟིན་ཅེས་སྨྲ། །སྦྲུལ་གྱི་དུག་ནི་སེལ་བ་མེད། །དེ་བཞིན་སྦྲུལ་ལ་དུག་ནི་ཡོད། །སྦྲུལ་ཟིན་འཚོ་འམ་མི་འཚོ་བ། །བདེ་བྱེད་ལ་སོགས་རྫུ་འཕྲུལ་ཆེའི། །ལྷ་དེ་རྣམས་ནི་དེ་ལྟར་སྨྲ། །སྟོན་པ་སྟོང་ཉིད་ངེས་གསུང་བ། །བཅོམ་ལྡན་རྡོ་རྗེ་འཆང་བས་གསུངས། །ཆོས་རྣམས་ཐམས་ཅད་སྟོང་པ་ལ། །སྦྲུལ་གྱི་དུག་ནི་ཇི་ལྟར་ཡོད། །གང་གིས་འཛིན་ཅིང་གང་ཞིག་འཛིན། །དུས་དང་དུས་མིན་ཇི་ལྟར་འགྱུར། །ཇི་ལྟར་སྤྱོད་ཅིང་ཇི་ལྟར་བསྡུ། །གང་ཕྱིར་འཛིན་ཅིང་གང་དུ་འཛིན། །སེམས་ཅན་དུག་ཟིན་མི་འཆི་བ། །སྟོང་ཉིད་སྨྲ་བའི་ངེས་པ་ཡིན། །འདོད་ཆགས་གཏི་མུག་སྟོང་པ་ཉིད། །གྲགས་ཆེན་ཡུལ་ནི་སྟོང་པ་ཉིད། །ཡུལ་གྱི་རང་བཞིན་དྲི་མ་མེད། །དྲི་མ་དང་བྲལ་ཇི་ལྟར་དུག། སྦྲུལ་གྱིས་ཀྱང་ནི་ཅི་ཞིག་བྱེད། །ཐ་མལ་པ་ཡི་ཡུལ་ནི་སྦྲུལ། །ཡུལ་གྱི་ཉེས་པ་དུག་ཉིད་དོ། །ལྷ་རྣམས་ཡུལ་རྣམས་ཀྱིས་ནི་བསྒྲིབས། །ཐམས་ཅད་དུས་སུ་ཟིན་པ་ཡིན། །ཡུལ་གྱི་ཉེས་པ་སྦྱངས་པ་ཉིད། །སྟོན་པ་ལོངས་སྤྱོད་གོས་མི་འགྱུར། །སངས་རྒྱས་ཐོད་པའི་རྣལ་འབྱོར་པས། །འདོད་ཀུན་ཉེ་བར་ལོངས་སྤྱོད་བྱ། །རི་སྐེགས་སྦྱོར་བ་རྙེད་དཀའ་དང་། །སངས་རྒྱས་ཐོད་པའི་སྦྱོར་ལྡན་པས། །འདིར་ནི་ཀླུ་རྣམས་ཐམས་ཅད་ལྷགས། །དེ་ཕྱིར་རབ་ངེས་ལྷ་མོ་ཀྱཻ། །དུས་ཟིན་ཐེ་ཚོམ་མེད་པ་རུ། །བློ་མེད་མུ་སྟེགས་ཅན་དེ་སྨྲ། །འདི་ལྟར་སྨྲས་ཏེ་ཀླུ་རྣམས་ཀྱིས། །སྣ་ཚོགས་སྡེ་ལ་ཕྱག་འཚལ་ཏེ། །རང་རང་གི་ནི་གནས་སུ་དོང་། །དེ་ནས་བཅོམ་ལྡན་འདས་མས་ཡུལ་གྱི་ཉེས་པ་སྤོང་བའི་སྔགས་གསུངས་པ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧྃ། ― DKG080_Page_0300 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྟོང་དང་སྟོང་མིན་མཐའ་དག་བཅས། །སྒྱུ་མ་རྨི་ལམ་ལྟ་བུར་གཅིག། འཇིག་རྟེན་མཐའ་དག་བརྫུན་གྱིས་བཅིངས། །ཀྱཻ་ལགས་བཤས་མོ་འདི་ལྟར་ལྟོས། །དེ་ནས་ཕྱག་ན་རྡོ་རྗེ་གནོད་སྦྱིན་གྱི་བདག་པོ་ཆེན་པོས་བཅོམ་ལྡན་འདས་མའི་ཞབས་ལ་སྤྱི་བོས་གཏུགས་ཏེ། འདི་སྐད་ཅེས་གསོལ་ཏོ། །རི་སྐེགས་སྦྱོར་བ་རྙེད་དཀའ་བ། །ལྷ་མོ་ཡིས་ནི་བཤད་དུ་གསོལ། །སེམས་ཅན་དོན་ལ་གཅིག་ཏུ་འབད། །དེ་རུ་བདག་ལ་ལྟད་མོ་མཆིས། །གསུངས་པ། དཀྱིལ་འཁོར་མེད་པར་སྦྱིན་མི་བྱ། །སློབ་མ་བསྡུ་བར་མི་བྱའོ། །གཙོ་བོས་ཇི་ལྟར་གསུངས་པ་ཡི། །དཀྱིལ་འཁོར་ལས་ནི་སྨྲ་བར་བྱ། །མཐོ་ལྔ་པ་ཡི་ས་བཟུང་སྟེ། །ཁོར་ཡུག་ཏུ་ནི་གྲུ་བཞིའོ། །དེ་ཡི་ཕྱེད་ཀྱི་ཟླུམ་པོ་ལ། །བརྒྱད་ལས་འདམ་སྐྱེས་འདབ་མ་བརྒྱད། །ཨོཾ་ཧཱུྃ་ཧྲཱྀཿཧཱུྃ་ཁྃ་ཧཱུྃ་ཨ་ཧཱུྃ་ཏིཥྛ་ཏིཥྛ་བཛྲ་ས་མ་ཡ་ཨ་དྷིཥྛ་ཡེད། ས་སྦྱང་བའི་སྔགས་སོ། །བཛྲ་ཧེ་རུ་ཀ་བཛྲ་ས་མ་ཡ་ཧྲི་སརྦྦ་དུཥྚ་ས་མ་ཡ་མུ་དྲཱ་པྲ་བྷཾ་ཛ་ཧ་ཧཱུྃ་རུ་ལུ་རུ་ལུ་བྷྱོ་ཧཱུྃ་ཧཱུྃ་ཕཊ། ས་སྦྱང་བའི་དུས་སུ་གཏོར་མ་གཏང་བའི་སྔགས་སོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་དྷིཥྛཱ་ན་ཨི་དམ་སཱུ་ཏྲ་ཏིཥྛ་མཱ་ཙ་ལ་ཧེ་ཧེ་བུདྡྷ་ཀ་པཱ་ལ་བཛྲ་ཧེ་རུ་ཀ་ཧཱུྃ་ཧཱུྃ་ཋ་ཋ། སྔགས་འདིས་ལན་བདུན་དུ་སྲད་བུ་ལ་མངོན་པར་བསྔགས་པར་བྱའོ། །ཐིག་སྐུད་ཀྱི་སྔགས་སོ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་དང་ཡང་དག་ལྡན། །ཁ་ཁྱེར་སྣམ་བུ་སྤངས་པ་ལ། །བ་དན་རྣམ་པ་བརྒྱད་ཀྱིས་བརྒྱན། །སངས་རྒྱས་ཐོད་པའི་སྦྱོར་བ་ཡིས། །རྡུལ་ཚོན་གཞན་དང་འདྲེས་མེད་པའི། །རྡུལ་ཚོན་དམར་པོར་རྫོགས་པར་བྱ། །དེ་རུ་བུམ་པ་བཞི་པོ་རྣམས། །གྲྭ་དང་གྲྭ་རུ་རྣམ་པར་བཞག། བུམ་པར་མཚན་མ་བྲི་བྱ་བ། །ཐོད་པ་དང་ནི་ཁ་ཊྭཱྃ་ག། གྲི་གུག་དང་ནི་ཅང་ཏེའུ་དང་། །ཅང་ཏེའུ་གནས་སུ་རྡོ་རྗེ་བྲི། །རྡོ་རྗེའི་སྟེང་དུ་འདམ་སྐྱེས་ཏེ། །དེ་ལྟར་བུམ་པར་བྲི་བྱས་ནས། །ཆུ་ཡིས་ཡོངས་སུ་དགང་བར་བྱ། །བུམ་པ་ལ་ནི་རས་ཀྱིས་བརྒྱན། །རིན་ཆེན་རྣམ་པ་ལྔ་གཞུག་ཅིང་། །བུམ་པར་ཀུན་ནས་འབྲུ་ལྔ་དང་། །ཨ་མྲའི་ལྕུག་མས་དགབ་པར་བྱ། །དེ་ནས་འོ་མའི་སྣོད་བཞག་སྟེ། །རྡོ་རྗེ་སློབ་དཔོན་བློ་ཆེན་གྱིས། ། ― DKG080_Page_0301 ―
[མ་དཔེ་གཟིགས་ན་འདིར་གནོན།]
སངས་རྒྱས་ཐོད་པའི་སྦྱོར་དང་ལྡན། །པདྨའི་སྟེང་དུ་ཉི་མ་སྟེ། །ཉི་མའི་སྟེང་དུ་ཧཱུྃ་ཡིག་བསམ། །ཧཱུྃ་གྱུར་པ་ལས་རྡོ་རྗེ་ནི། །སྔོན་པོ་ཧཱུྃ་གི་བདག་ཉིད་སྐྱེས། །ཧཱུྃ་དང་རྡོ་རྗེ་བྱུང་དཔའ་བོ། །ཧེ་རུ་ཀ་ནི་བདག་ཉིད་ཆེ། །སྐུ་མདོག་སྔོན་པོ་ཕྱག་བཞི་པ། །གཙོ་བོ་ཆེན་པོ་ཞལ་གཅིག་པ། །གཡས་ན་གྲི་གུག་ཐོད་པ་སྟེ། །གཡོན་ན་ཁ་ཊྭཱྃ་རྡོ་རྗེའོ། །སྐུ་ལ་མི་ཡི་རུས་པས་བརྒྱན། །ཀླུ་རྣམས་སྐྲག་པར་བྱེད་པ་པོ། །་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས། །གཅེར་བུ་འཇིགས་བྱེད་རང་བཞིན་ཏེ། །ཞལ་གྱི་མཆེ་བ་ཅུང་ཟད་གཙིགས། །དབུ་སྐྲ་སེར་ཞིང་གྱེན་དུ་འབར། །ཐོད་པས་སྤྱི་བོ་བརྒྱན་བྱས་པ། །ས་འོག་བདུན་ནི་འཁྲུག་པར་བྱེད། །དཔའ་བོ་དེ་ལྟར་བསམ་པར་བྱ། །ཕྱིས་ནི་ཕྱོགས་ཀྱི་འདབ་མ་ལ། །ཨོཾ་དང་ཧཱུྃ་དང་ཁྃ་དང་སྭ། །ཡི་གེ་ཡོངས་སུ་གྱུར་པ་ལས། །རྣལ་འབྱོར་མ་ནི་རྣམ་པ་བཞི། །སྣ་ཚོགས་སྡེ་མ་འདོད་ཅན་མ། །ས་འོག་གནས་མ་རབ་བཟང་མ། །ལྷ་མོ་དེ་དག་མདོག་སྔོན་མོ། །གྲགས་ཆེན་ཞལ་གཅིག་ཕྱག་བཞི་མ། །ཉི་མའི་དཀྱིལ་འཁོར་རྣམ་པར་བཞུགས། །གཡོན་བརྐྱང་བ་ཡི་ཞབས་ཀྱིས་བཞུགས། །གཡས་ན་གྲི་གུག་ཐོད་པ་འཛིན། །གཡོན་ན་ཁ་ཊྭཱྃ་ཅང་ཏེའུ། །རུས་རྒྱན་ལྷ་མོ་ཀུན་འཇིགས་མ། །ཞལ་གྱི་མཆེ་བ་ཅུང་ཟད་གཙིགས། །སྟག་གི་པགས་པའི་ན་བཟའ་མནབས། །སྐྲ་ནི་སེར་པོ་གྱེན་དུ་འབར། །ཐོད་པའི་ཕྲེང་བས་སྤྱི་བོར་བརྒྱན། །དེ་རྣམས་མགོ་རྒྱུས་ཕྲེང་བ་ཅན། །ལྷ་མོའི་འོད་ཟེར་སྤྲོས་གྱུར་པས། །ཀླུ་རྣམས་སྐྲག་པར་མཛད་པ་མོ། །ཕྱོགས་ཀྱི་འདབ་བཞུགས་ཆེར་བཞད་མའོ། །བློ་ལྡན་མཚམས་ཀྱི་འདབ་བཟང་ལ། །ཉི་མ་བཞི་ལ་ཧཱུྃ་ཡིག་བཞི། །ཧཱུྃ་ཡིག་སོ་སོར་གྱུར་པ་ལས། །ཆང་འཚོང་མ་དང་འབྱུང་པོ་མ། །བཞིན་བཟང་ནམ་མཁར་འགྲོ་མ་སྟེ། །མཚམས་ཀྱི་འདབ་མར་གནས་ལྷ་མོ། །ཁ་དོག་སེར་མོ་གྲགས་ཆེན་མོ། །ཐམས་ཅད་ན་བཟའ་སེར་པོ་མནབས། །གཡས་བརྐྱང་བ་ཡི་ཞབས་ཀྱིས་གནས། །ཞལ་གཅིག་མ་ལ་ཕྱག་བཞི་མ། །ཀླུ་བརྒྱད་རྒྱན་བྱས་ལྷ་མོ་ནི། །གཡས་ན་གྲི་གུག་ཅང་ཏེའུ་འཛིན། །གཡོན་ན་ཁ་ཊྭཱྃ་ཐོད་པའོ། །སྐུ་ལས་ ― DKG080_Page_0302 ―
[མ་དཔེ་གཟིགས་ན་འདིར་གནོན།]
འོད་ཟེར་སེར་པོ་འཕྲོ། །ཤིན་ཏུ་སྒེག་པའི་ཉམས་དང་ལྡན། །ཅུང་ཟད་མཆེ་བ་གཙིགས་པའི་ཞལ། །ཐམས་ཅད་གར་བྱེད་སྐྲ་སེར་མ། །ཀླུ་རྣམས་སྐྲག་པར་སྐྱེད་བྱེད་མ། །མཚམས་ཀྱི་ཆ་རུ་རྣམ་པར་གནས། །དེ་ནས་བསམ་པར་བྱ་བ་ནི། །སློབ་དཔོན་ཧེ་རུ་ཀས་རང་གི་ལུས་ལས་སྐྱེས་པའི་འོད་ཀྱིས་ཕྱོགས་བཅུར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ལ་ཡང་དག་པར་རེག་པར་བྱས་ནས་སླར་ལོག་སྟེ། དེ་བཞིན་གཤེགས་པ་རྣམས་ལ་ཡང་དག་པར་རེག་པའི་འོད་ཟེར་ལས་ལྷ་མོའི་ཚོགས་ཡང་དག་པར་སྤྲོས་པས་ཧེ་རུ་ཀ་དང་རྣལ་འབྱོར་བརྒྱད་ལྷན་ཅིག་ཏུ་བཀྲུས་སོ། །བཀྲུས་པ་ཙམ་གྱིས་དེ་བཞིན་གཤེགས་པ་རྣམས་ཅོད་པན་དུ་གྱུར་ཏོ། །དཀྱིལ་འཁོར་རྫོགས་པར་མཐོང་ནས་ནི། །སློབ་དཔོན་བདག་ཉིད་ཆེན་པོ་ཡིས། །ཕྱིས་ནི་གཏོར་མ་གཏང་བར་བྱ། །ཁྱད་པར་དུ་ནི་འོ་མའོ། །སངས་རྒྱས་ཐོད་པའི་སྦྱོར་ལྡན་པའི། །ཤེས་རབ་ཅན་གྱིས་ཆང་བཏུང་ཞིང་། །མར་མེ་བཞི་ནི་དབུལ་བར་བྱ། །འབྲས་བུ་བཞི་ཡང་དབུལ་བྱ་ཞིང་། །དེ་ནས་སློབ་མ་བློ་ཆེན་གྱིས། །རས་ཟུང་གསུམ་ནི་དབུལ་བར་བྱ། །དེར་ནི་གདན་ཡང་བསྟབས་པར་བྱ། །སློབ་དཔོན་བདག་ཉིད་ཆེན་པོ་ཡིས། །དེ་རུ་རྣལ་འབྱོར་མ་མཆོད་དོ། །བློ་གྲོས་ཆེན་པོ་ཐུགས་དགྱེས་པས། །སྣ་ཚོགས་ཟས་དང་སྣ་ཚོགས་སྐོམ། །དཔའ་བོ་རྣལ་འབྱོར་མ་ཚིམ་བྱ། །མགུ་བར་སེམས་པའི་ཡིད་ཀྱིས་ནི། །འཁོར་ལོ་ཁྱད་པར་ཆེ་བྱ་སྟེ། །ཕྱིས་ནི་སློབ་དཔོན་བརྩེ་ཆེན་བདག། ཕྱི་རོལ་ས་རུ་བྱུང་ནས་ནི། །བདེ་བ་ཡི་ནི་གདན་བཞུགས་ཏེ། །སློབ་མས་མཎྜལ་གསུམ་བྱས་ལ། །བླ་མ་མེ་ཏོག་སྣ་ཚོགས་མཆོད། །ཞབས་ལ་སྤྱིས་གཏུགས་འདི་སྐད་གསོལ། །སྟོན་པ་བཅོམ་ལྡན་བླ་མ་ཀྱཻ། །སེམས་ཅན་དོན་ལ་གཅིག་བརྩོན་པ། །ནམ་མཁའ་ལྡིང་བཟང་སྦྱོར་བ་དང་། ཤ་རི་ཀ་ཡི་སྦྱོར་བ་འཚལ། །དུས་སུ་ཟིན་པ་བཟློག་པ་ཡིན། །སེམས་ཅན་དོན་ནི་བཟང་པོ་འཚལ། །སངས་རྒྱས་ཐོད་པའི་རྣལ་འབྱོར་པས། །སྟོན་པ་ཆེན་པོས་དེ་དག་གསུངས། །བདག་གི་ཐེ་ཚོམ་བཟློག་པ་དང་། །སེམས་ཅན་དོན་ནི་མཐར་ཐུག་བགྱི། །བརྟན་པ་དང་ ― DKG080_Page_0303 ―
[མ་དཔེ་གཟིགས་ན་འདིར་གནོན།]
ནི་རྒྱུ་བ་དང་། །ཡན་ལག་སྐྱེས་དང་བཅོས་མ་ཡི། །དུག་རྣམས་དུག་མེད་པར་བགྱི་ཞིང་། །སེམས་ཅན་ཐམས་ཅད་འཚོ་བགྱི་བ། །བླ་མ་ཆེན་པོ་དེ་དག་གསུངས། །དེ་ནས་སློབ་དཔོན་བརྩེ་བ་ཡིས། །བྱིན་གྱིས་བརླབ་པའི་ཐུགས་ཀྱིས་ནི། །ཁྲག་འཐུང་གོ་འཕང་གནས་པ་ཡི། །སློབ་མ་ལ་ནི་སོ་ཤིང་སྦྱིན། །སོ་ཤིང་སྔགས་ནི་སྦྱིན་པར་བྱ། །ཨོཾ་ཧཱུྃ་ཧེ་བྷ་ག་བ་ཏི་མུ་ཁྃ་པ་རི་ཤུཏྱཱུ་ཀུ་རུ་སྭཱ་ཧཱ། ལན་བདུན་མངོན་པར་བསྔགས་བྱས་ལ། །སོ་བྲུད་ནས་ནི་ཁ་བཤལ་ཏེ། །སློབ་མ་ལྷག་པར་གནས་པར་བྱ། །རང་གི་ལག་པ་བྱུག་བྱ་ཞིང་། །མེ་ཏོག་གིས་ཀྱང་དཀྲི་བར་བྱ། །མགྲིན་པ་ལག་པར་ཟླ་བ་བསམ། །ཟླ་བའི་ཟེར་གྱིས་ཕྱོགས་བཅུ་ཡི། །སངས་རྒྱས་སྤྱན་དྲངས་གདོན་མི་ཟ། །སངས་རྒྱས་ཚོགས་ཀུན་ཟླ་བར་བལྟ། །གྲགས་ཆེན་ཐམས་ཅད་རབ་ཞུགས་ཤིང་། །ཟླ་བ་ཞུ་བར་གདོན་མི་ཟ། །སློབ་དཔོན་བསྒོམས་པའི་ནུས་པ་ཡིས། །སློབ་མའི་མགོ་རུ་ལག་བཞག་སྟེ། །ལྷག་པར་གནས་པའི་གསང་སྔགས་བཟླས། །ཨོཾ་སརྦྦ་བུདྡྷ་ཨ་ཏྲ་ཨ་མུ་ཀ་སྱ་ཀཱ་ཡ་མ་དྡྷིཥྛ་ན། ཡནྟུ་མ་ཙ་ལ་མ་ཙ་ལ་ཏིཥྛ་ཏིཥྛ་ཧ་ར་ཧ་ར། བི་དྷ་ར་བི་དྷ་ར། དྷ་ར་དྷ་ར། ཏྲ་བ་ཏྲ་བ་བྷོ་བྷ་ག་ཝཱནྟ་སརྦྦ་བུདྡྷ་ཀ་པཱ་ལི་བཛྲ་སྱ་ཀ་ཏཾ་མ་ལ་ཡ་ཤཱི་གྷྲཾ་ཀུ་རུ་ཀུ་རུ་ཧཱུྃ་ཧཱུྃ་ཧ་ཧ། སྔགས་འདིས་ལན་བདུན་དུ་བཟླས་པས་ལྷག་པར་གནས་པར་བྱའོ། །སངས་རྒྱས་དེ་དག་ཐམས་ཅད་ཀྱིས་དེའི་ལུས་ལ་ཡང་དག་པར་བྱིན་གྱིས་རློབ་པར་འགྱུར་རོ། །ལྷག་པར་གནས་པ་ཙམ་གྱིས་རྫུ་འཕྲུལ་ཆེན་པོའི་ཀླུ་རྣམས་སྐྲག་ཅིང་དུག་གི་བུམ་པ་ཡང་འདོར་རོ། །ནོར་རྒྱས་ལ་སོགས་པའི་ཀླུ་སྟོབས་པོ་ཆེ་རྣམས་དཔྱོད་པར་འགྱུར་རོ། །ཨེ་མའོ་སངས་རྒྱས་ཀྱིས་གསུངས་པའི། །ལྷག་པར་གནས་པ་ཙམ་གྱིས་ནི། །འདི་ལྟའི་སྡུག་བསྔལ་ཐོབ་འགྱུར་ན། །མཁའ་ལྡིང་རྟོགས་པའི་སེམས་ཅན་གྱིས། །བདག་ནི་ཇི་ལྟར་འགྲོ་བར་འགྱུར། །དེ་མ་ཐག་ཏུ་སློབ་དཔོན་གྱིས། །དཀྱིལ་འཁོར་ནང་དུ་མེ་ཏོག་ནི། །རྣམ་པ་སྣ་ཚོགས་དབུལ་བར་བྱ། །སྣ་ཚོགས་སྤོས་དང་ལྷ་བཤོས་དབུལ། །དུང་ཆོས་ཟངས་ཆོས་སྣོད་དག་ནི། །མཉྫིའི་སྟེང་དུ་གཞག་པར་བྱ། །མཆོད་ཡོན་གྱི་ནི་དོན་ཆེད་དུ། ། ― DKG080_Page_0304 ―
[མ་དཔེ་གཟིགས་ན་འདིར་གནོན།]
བུམ་པ་རྣམས་ལ་ལྷག་གནས་བྱ། །ཁྲག་འཐུང་གོ་འཕང་གནས་པ་ཡིས། །རྣལ་འབྱོར་མ་བརྒྱད་བསྐོར་བ་ཡི། །ཁྲག་འཐུང་རྣམ་པར་སྤྱན་དྲངས་ཏེ། །དཀྱིལ་འཁོར་ཇི་བཞིན་ཡང་དག་ལྡན། །མདོག་དང་མཚན་མར་ལྡན་པ་ཡི། །དེ་བཞིན་གཤེགས་རྣམས་ས་བོན་གྱི། །འོད་ཟེར་གྱིས་ནི་རྣམ་པར་བསམ། །བདག་ཉིད་ཆེན་པོ་གྲགས་ཆེན་པོ། །བུམ་པ་རུ་ནི་ཞུགས་ཙམ་གྱིས། །དམ་ཚིག་དཀྱིལ་འཁོར་ཞུ་བར་འགྱུར། །རྣལ་འབྱོར་ལྡན་པའི་སེམས་དང་ནི། །སློབ་དཔོན་གྱིས་ནི་འདི་ལྟར་བལྟ། །དེ་ནས་ཟངས་མའི་སྣོད་དུ་ཆུ་བླུགས་ཤིང་དུང་ཕོར་ཆུས་བཀང་སྟེ། མནྫིའི་སྟེང་དུ་གཞག་པར་བྱའོ། །ཡང་ཕྱིར་བྱུང་ནས་སློབ་མའི་དོན་དུ་བདག་ཉིད་ཀྱིས་རས་ཀྱིས་མིག་དགབ་པར་བྱའོ། །རས་གསུམ་གོན་པར་གྱུར་པའི་སློབ་མ་ཕྱིས་དཀྱིལ་འཁོར་གྱི་སྒོར་བཞག་ལ་ཆུས་གཏོར་ཏེ་སྔགས་བཟླའོ། །ཨ་བྷི་ཥིཉྩནྟུ་མཱཾ་སརྦ་ཡོ་གི་ནི་མ་ཀུ་ཏོ་ཨ་ཏྲ་ཨ་ཏིཥྛ་ཡནྟུ། ཨ་ཙནྟུ་ཧཱུྃ་སྭཱ་ཧཱ། ཅོད་པན་བྱིན་གྱིས་བརླབ་པའི་སྔགས་སོ། །དེ་ནས་སློབ་དཔོན་གྱིས་ཀྱཻ་ཁྱོད་སུ་ཞེས་སྨྲའོ། །སློབ་མས་བདག་ནི་རྒྱལ་བའི་སྲས་ཞེས་སྨྲའོ། །དེའི་རྗེས་སུ་དཀྱིལ་འཁོར་གྱི་དབུས་སུ་མེ་ཏོག་ལན་གསུམ་དུ་གཏོར་ལ། མིག་རས་བསལ་ཏེ། དཀྱིལ་འཁོར་མཆོད་པར་བྱའོ། །ཨོཾ་ཧེ་རུ་ཀ་བཛྲ་པུཥྤ་ཡཾ་པྲ་ཏཱིཙྪ་ཧཱུྃ། དབུས་སུའོ། །ཨོཾ་ཙི་ཏྲ་སེ་ནཱ་པུཥྤ་ཡཾ་པྲ་ཏཱིཙྪ་ཧཱུྃ། ཤར་དུའོ། །ཨོཾ་ཀཱ་མི་ནཱི་པུཥྤ་ཡཾ་པྲ་ཏཱིཙྪ་ཧཱུྃ། ལྷོའིའོ། །ཨོཾ་པཱ་ཏཱ་ལ་བཱ་སི་ནི་པུཥྤ་ཡཾ་པྲ་ཏཱིཙྪ་ཧཱུྃ། ནུབ་ཏུའོ། །ཨོཾ་སུ་བྷ་དྲེ་པུཥྤ་ཡཾ་པྲ་ཏཱིཙྪ་ཧཱུྃ། བྱང་དུའོ། །ཨོཾ་ཤོཎྜི་ནི་པུཥྤ་ཡཾ་པྲ་ཏཱིཙྪ་ཧཱུྃ། མེར་རོ། །ཨོཾ་བུདྡྷཱི་ནི་པུཥྤ་པྲ་ཏཱིཙྪ་ཧཱུྃ། བདེན་བྲལ་དུའོ། །ཨོཾ་ཙ་ཏུ་ར་བྷ་དྲ་པུཥྤ་པྲ་ཏཱིཙྪ་ཧཱུྃ། རླུང་ངོ་། །ཨོཾ་ཨཱ་ཀཱ་ཤ་བཱ་སི་ནི་པུཥྤ་པྲ་ཏཱིཙྪ་ཧཱུྃ། དབང་ལྡན་དུའོ། །དེ་ནས་དཀྱིལ་འཁོར་གྱི་ལྷའི་སྐུ་མདོག་ཇི་ལྟ་བ་དང་། མཚན་མ་ལ་སོགས་པ་དེ་བཞིན་དུ་སློབ་མ་ལ་བསྟན་པར་བྱའོ། །ཡང་དུང་ཕོར་བླངས་ཏེ་ཆུ་བཏུང་བར་བྱའོ། །དེ་འཐུངས་པ་ཙམ་གྱིས་ཀླུ་ཐམས་ཅད་སྐྲག་ཅིང་སྐྱོ་བས་དུག་སྐྱུགས་པར་འགྱུར་རོ། །བརྟན་པ་དང་གཡོ་བའི་དུག་གང་ཡིན་པ་ ― DKG080_Page_0305 ―
[མ་དཔེ་གཟིགས་ན་འདིར་གནོན།]
དང་། གཞན་ཡང་སྦྱར་བ་དང་། ཉེ་བར་སྦྱར་བའི་དུག་གང་ཡིན་པ་དང་། མདའ་དུག་དང་། བྱུག་པའི་དུག་དང་། དགྲ་རྣམས་ཀྱིས་གང་སྦྱར་བ་དང་། བུད་མེད་རྣམས་ཀྱིས་གང་སྦྱར་བའི་དུག་དེ་རྣམས་ཉེ་བར་འཕོ་བར་འགྱུར་རོ། །གལ་ཏེ་ཀླུ་ཡིས་ཟིན་པ་ཡང་། །དེ་རུ་དེ་ནི་ངེས་པར་འགྲོ། །གཞན་ཡང་སྦྲུལ་གྱི་དུག་ཀྱང་རུང་། །ཆུ་ནི་འཐུངས་པ་ཙམ་གྱིས་ཀྱང་། །དེ་དག་ཐམས་ཅད་འཆི་བར་འགྱུར། །དེ་ཡི་ཕྱིར་ན་དུག་གི་ཆུ། །འདི་རུ་བཏུང་བར་ཐེ་ཚོམ་མེད། །དེ་ནས་སློབ་མ་དྲི་བར་བྱ། །འདིར་ནི་ཤ་ལི་ཀར་བྱེད་ཅིང་། །མཁའ་ལྡིང་ཤེས་པའི་སློབ་དཔོན་འགྱུར། །བསམ་པ་རྣམ་པར་དག་ཤེས་ནས། །ཕྱིས་ནི་བཀས་གནང་སྦྱིན་པར་བྱ། །སྟོང་ངམ་བརྒྱ་རུ་གསོལ་བ་གདབ། །དེ་ནས་སྔགས་ཀྱི་མན་ངག་སྦྱིན། །ཇི་སྲིད་སྦྲུལ་གྱིས་ཟིན་དུས་དང་། །ཇི་སྲིད་མཁའ་ལྡིང་རིགས་ཡོད་པར། །དེ་སྲིད་དེ་དང་དེ་ལས་ཀྱང་། །ཇི་སྲིད་དུས་སུ་ཟིན་མེད་པར། །སངས་རྒྱས་ཐོད་པའི་རྣལ་འབྱོར་པས། །དེ་སྲིད་འབད་རྩོལ་བྱ་བ་མིན། །དུས་ཟིན་འཆི་བའང་ཤེས་བྱ་སྟེ། །ནམ་མཁའ་ལྡིང་གི་བྱ་བ་བྱ། །དུས་སུ་ཟིན་ནོ་ཞེས་སྨྲ་བ། །དེ་སྲིད་རྣལ་འབྱོར་ཆེ་འདི་ཡིས། །དེ་རུ་ལས་ནི་བརྩམ་པར་བྱ། །བདག་ཉིད་ཧེ་རུ་ཀར་གྱུར་ཅིང་། །རྣལ་འབྱོར་མ་བརྒྱད་ཡང་དག་ལྡན། །བློ་ལྡན་སྔོན་གསུངས་གསང་སྔགས་ཀྱིས། །ཕྱིས་ནི་གཏོར་མ་སྦྱིན་པར་བྱ། །དེར་རྗེས་དཀྱིལ་འཁོར་བྱས་ནས་ནི། །སྔོན་དུ་གསུངས་པའི་གསང་སྔགས་ཀྱིས། །གནས་དགུ་རུ་ནི་མཆོད་པར་བྱ། །མཁས་པ་ཡིས་ནི་མཆོད་བྱས་རྗེས། །མཉམ་པར་བཞག་པས་ལས་རྣམས་བརྩམ། །གང་དུ་རྫུ་འཕྲུལ་ཆེ་ཀླུ་ཡོད། །དེ་རུ་སེམས་བཟང་འོད་ཟེར་སྤྲོ། །ཀླུ་རྣམས་ཀྱི་ནི་སྙིང་སྐམས་པས། །ཅི་ཞིག་བགྱིའོ་ཞེས་ནི་སྨྲ། །གསུངས་པ། ལྷ་མོ་སྣ་ཚོགས་སྡེ་མ་ཡིས། །སངས་རྒྱས་ཐོད་པར་སྔོན་དུ་གསུངས། །ཀྱེ་ཀྱེ་གྲགས་པ་ཆེ་བའི་ཀླུ། །སོང་སྟེ་འདིར་དུས་ཟིན་གྱུར་པའི། །དུས་ཟིན་འཛིན་པ་བཟུང་བ་མེད། །དུག་མེད་སྦྲུལ་ཡང་མེད་པའོ། །གང་ཕྱིར་དོགས་པས་རྨོངས་གྱུར་པ། །དེ་ཕྱིར་སྐྱེ་བོ་རྣམས་ ― DKG080_Page_0306 ―
[མ་དཔེ་གཟིགས་ན་འདིར་གནོན།]
འཆིར་འགྱུར། །དེ་ནས་འོད་ཟེར་སླར་ལོག་སྟེ། །སྙིང་ག་རུ་ནི་ཐིམ་པར་འགྱུར། །ཡང་ནི་སེམས་ནི་མཉམ་གཞག་པའི། །སློབ་དཔོན་གྱིས་ནི་ངོ་མཚར་བསྟན། །དེ་ནས་ས་ལ་མ་ལྷུང་བའི། །ལྕི་བ་བླངས་ཏེ་འདབ་ཆགས་རི་སྐེགས་གཉིས་བྱ་ཞིང་སྣོད་དཀར་པོ་བྱས་ཏེ། རོ་བསྲེགས་པའི་སོལ་བ་ལ་གཞག་པར་བྱའོ། །རོ་བསྲེགས་པའི་སོལ་བ་ལས་སྣག་ཚ་བྱས་ཏེ། སེམས་ཅན་གྱི་དོན་རིག་པས་དབེན་པར་སྔགས་བྲི་བར་བྱའོ། །ཨོཾ་བུདྡྷ་ཀ་པཱ་ལི་ནི་ཧྲི་ཏཏྛ་བ་ཡ་བྷོ་ཤ་ལི་ཀ་ན་ཨ་ན་ཡ་ནཱ་བུདྡྷ་ཀ་པཱ་ལ་བཛྲ་སྱ་ཨཱ་ཛྙཱ་མ་ལྃ་གྷ་ཡ་ཧཱུྃ་ཧཱུྃ་ས་རནྟུ་སརྦྦ་ད་ཌཱི་ཀ་ཕ་ཏི་ཀ་ཙེ་ཏེ། མནྡྷྱ་གྷི་དི་སརྦྦ་ཛི་ཨི་ན་སུ་ནནྟི་བ་ཡ་ག་རེ་རེ་ཀར་ཀོ་ཊ་ཀ་པྲ་བྷཱི་ཏ་ཡ་ནཱ་ག་རཱ་ཛ་ན་སྤུ་ཏནྟི་མུརྡ་ན་རེ་རེ་ས་སྤྱ། ཨ་བ་ས་སྤྱ་མ་ཙ་ལ་ཧ་མ་བུ་ལ་ཧ་ཛ་ཨི་ཙ་ལ་ཧ་བུ་ལ་ཧ་རེ་རེ་བྷ་རུ་ཀྲི་པྲ་བྷཱི་ཏ་ཡ་ནཱ་ག་རཱ་ཛ་ན་ཨུ་ཧ་པུ་ཊ་ཊ་མུ་དྷི་པྲ་ན་ཛ་ཨི་ཞེས་པ་ནི་ཤ་ལི་ཀའི་སྙིང་པོའི་སྔགས་སོ། །དེ་ནས་བློ་ཆེན་རྣལ་འབྱོར་པས། །སེམས་ནི་ཤིན་ཏུ་མཉམ་གཞག་པས། །ཡོངས་རྫོགས་ཤ་ལི་ཀ་བྱས་ལ། །ཕོ་དང་མོ་རུ་བརྟག་པར་བྱ། །སྣག་ཚ་ཡིས་ནི་བྲི་བར་བྱ། །མིག་གི་སྔོན་དུ་མི་གཞག་ཅིང་། །ཤ་ལི་ཀ་བཟང་པོས་ཕྱོགས་བལྟ། །དེ་ནས་ལྕུག་མ་སྔགས་ཀྱིས་བསྔགས། །ཨོཾ་ཧྃ་ཧ་ལ་ཁྱབ་འཇུག་གི་ས་བོན་ནོ། །ཨོཾ་བྃ་ཚངས་པའི་ས་བོན་ནོ། །ཨོཾ་སྃ་ཞེས་པ་ནི་ཞི་བྱེད་ཀྱི་ས་བོན་ནོ། །ཨོཾ་ཧ་ཧ་ཧ་ཧ་ཧ་ཧ་ཧྃ་སྭཱ་ཧཱ། མངག་པའི་སྔགས་སོ། །འདི་ལྟ་བུ་ཡི་སྔགས་ཀྱི་མཆོག། སྟོང་གསུམ་ན་ཡང་རྙེད་པར་དཀའ། །ལན་བདུན་བསྔགས་པ་ཙམ་གྱིས་ནི། །འགྲོ་བར་འདིར་ནི་ཐེ་ཚོམ་མེད། །ཀླུ་རྣམས་སྐྲག་པར་བྱེད་པ་ཡི། །མཁའ་ལྡིང་ཉམས་དགའ་སོང་ནས་ནི། །ཀླུ་ཡི་གནས་སུ་ཞུགས་དེའི་ཚེ། །མཁའ་ལྡིང་བྱེ་བའི་སྟོབས་དང་ལྡན། །རིངས་ནས་ཀྱང་ནི་གཤོག་རླུང་གིས། །སྟོབས་པོ་ཆེ་ཡི་ཀླུ་རྣམས་སྐྲག། མཐོ་རིས་མི་ཡུལ་ས་འོག་དང་། །གང་ཡང་གཞན་ན་གནས་པ་དང་། །གཞན་ཡང་རུང་སྟེ་དེ་ཐམས་ཅད། །སྐྲག་ནས་ཅི་བགྱི་ཞེས་ནི་སྨྲ། །ཀླུ་གང་གིས་ཟིན་པ་དེ་གལ་ཏེ་ཡང་ཤི་ན། བདག་ཉིད་ཆེན་པོ་ཤ་ལི་ཀ་མཐོང་མ་ཐག་ལོང་བར་འགྱུར་རོ། ། ― DKG080_Page_0307 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཀླུ་དང་སྦྲུལ་དེ་དག་གིས་ཤ་ལི་ཀ་ལ་འདི་སྐད་གསོལ་ཏོ། །ཀྱཻ་ཤ་ལི་ཀ་གཞན་དུ་གསུང་བར་མ་མཛད་ཅིག། དེ་ལྟར་ཐོས་ནས་ཤ་ལི་ཀ་མགུ་བའི་སེམས་ཀྱིས་དུག་གིས་ཟིན་པའི་མདུན་དུ་སྦྲུལ་ལོང་བ་ཁྱེར་ཏེ་འཇོག་གོ། །དེ་ནས་སློབ་དཔོན་གྱིས་བལྟས་ཏེ། སའི་གོང་བུ་བླངས་ལ་ཤ་ལི་ཀ་མངག་པའི་སྔགས་ཀྱིས་སྦྲུལ་ལོང་བ་ལ་བསྣུན་ན། །སྐད་ཅིག་དེ་ཉིད་ལ་དེའི་མིག་འབྱེ་བར་འདིར་སོམ་ཉི་མེད་དོ། །དུས་སུ་ཟིན་པ་འབྱེལ་ཏེ་ཤི་བ་སྦྲུལ་གྱིས་མཐོང་ནས་དེའི་ལུས་ལ་འགྲོ་བ་དང་འོང་བར་བྱེད་པས་དུས་སུ་ཟིན་པ་དུག་མེད་པར་འགྱུར་ཞིང་། དགའ་བའི་སེམས་ཀྱིས་ལྡང་ངོ་། །ཟིན་པ་ལངས་པ་ཙམ་ཉིད་ན་ཤ་ལི་ཀས་སྦྲུལ་བཟུང་སྟེ་མི་སྣང་བར་འགྱུར་རོ། །སྐད་ཅིག་མ་དེ་ཉིད་ལ་སློབ་དཔོན་གྱིས་སྟོང་པ་ཉིད་ཀྱི་ཡེ་ཤེས་བསྒོམ་པར་བྱའོ། །སྟོང་པ་དྲི་མེད་ཀུན་རང་བཞིན། །ཆོས་རྣམས་སྟོང་པའི་རང་བཞིན་ཀྱཻ། །གང་གིས་འཛིན་ཅིང་གང་ཞིག་འཛིན། །མཐའ་དག་སྒྱུ་མའི་རང་བཞིན་ཀྱཻ། །དངོས་པོ་མ་ལུས་པ་མཐའ་དག་དང་དུག་ཀྱང་སྟོང་པ་ཉིད་དུ་སངས་རྒྱས་ཐོད་པའི་རྒྱུད་ལས་གསུངས་ཏེ། ཞག་ཉི་ཤུ་རྩ་གཅིག་གི་མཐར་ཐུག་པར་ཇི་སྲིད་དུ་ལུས་མ་ཞིག་པ་དེ་སྲིད་དུ་སློབ་དཔོན་གྱིས་ཡང་དག་པར་བརྩམ་པར་བྱའོ། །དེ་ལྟར་སློབ་མ་ལ་རྗེས་སུ་གནང་བ་བྱིན་ནས་ཕྱིས་ལུང་བསྟན་པར་བྱའོ། །དེས་ལན་བརྒྱའམ་སྟོང་དུ་གསོལ་བ་བཏབ་ནས། དུག་འཇོམས་པའི་སྔགས་བསྟན་པར་བྱའོ། །ཨོཾ་བུདྡྷ་ཀ་པཱ་ལི་ནི་ཨ་ཧཱུྃ། དུག་བཟའ་བའི་སྔགས་སོ། །དེ་ནས་གཞན་ཡང་དོན་དུ་གཉེར་བའི་སེམས་ཅན་དེ་རྣམས་ཐམས་ཅད་ལ་དཀྱིལ་འཁོར་བསྟན་ཏེ། དུང་ཕོར་གྱི་ཆུ་འཐུངས་པ་དེས་ན་དུག་མེད་པར་འགྱུར་ཏེ། སྦྲུལ་གྱིས་མི་འཛིན་ནོ། །གལ་ཏེ་འཛིན་ན་དེའི་ཚེ་ཀླུ་འཆི་བར་འདིར་ཐེ་ཚོམ་མེད་དོ། །དེ་ལྟར་སློབ་མ་ཤ་ལི་ཀའི་སྦྱོར་བ་ལ་མངོན་པར་བརྩོན་པ་ལ་བཀས་གནང་བ་བྱིན་ཏེ། གྲོང་གང་དུ་གནས་པ་དེར་དུག་གིས་འཛིན་པ་མེད་དོ། །གལ་ཏེ་ཡོད་ན་དེའི་ཚེ་ཀླུ་འཆི་བར་འགྱུར་རོ། །དེ་ལྟར་ཐོས་ནས་སློབ་མ་རྡོ་རྗེའི་སྦྱོར་བ་དང་ལྡན་པའི་སེམས་ཀྱིས་གང་ཅི་ཡང་རུང་བའི་ཡོན་དེར་དབུལ་བར་བྱའོ། །དེ་ནས་ཕྱི་རོལ་གྱི་སར་བྱུང་ ― DKG080_Page_0308 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྟེ་གཏོར་མ་གཏང་བར་བྱའོ། །དེ་ནས་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་སྔགས་ཀྱིས་གཤེགས་སུ་གསོལ་ཏེ། ཨོཾ་བུདྡྷ་ཀ་པཱ་ལི་ནི་ཧྲཱྀཿཨུ་ཏིཥྛ་གཙྪ་ཧཱུྃ་གཙྪ་ཧཱུྃ་ཕཊ། དཀྱིལ་འཁོར་གཤེགས་སུ་གསོལ་བའི་སྔགས་སོ། །དེ་ནས་ཡང་དག་བཤད་པར་བྱ། །ཆུ་ཡི་སྦྱོར་བ་བླ་མེད་པ། །གང་གིས་བྱིན་པ་ཙམ་གྱིས་ནི། །དུག་གིས་ཟིན་པ་འཚོ་བར་འགྱུར། །ཉི་མ་བདུན་ན་འཆི་བ་དང་། །གཞན་ཡང་དུག་གིས་ཉམས་པ་རྣམས། །ཆུ་ནི་བྱིན་པ་ཙམ་གྱིས་ནི། །འདི་རུ་འཚོ་བར་ཐེ་ཚོམ་མེད། །སྔགས་འདིས་དཀྱིལ་འཁོར་བྱས་ནས་ནི། །གནས་དགུ་རྣམས་སུ་མཆོད་པར་བྱ། །དུང་ཕོར་ཆུ་ཡིས་བཀང་བྱས་པ། །དཀྱིལ་འཁོར་དབུས་སུ་གཞག་པར་བྱ། །དེ་ནས་བརྩེ་བ་ཆེན་པོ་ཡི། །བདག་ཉིད་རྣལ་འབྱོར་པ་ཡིས་ནི། །རང་གི་ལག་པ་གཡོན་པ་ལ། །ཟླ་བ་ཡི་ནི་ཁྱད་པར་བསམ། །བཅུ་དྲུག་ཆ་ལས་ཡོངས་རྫོགས་པའི། །དྲི་མེད་དགེ་བའི་ལུས་ཅན་ཏེ། །དེའི་དབུས་ས་བོན་མི་ཤིགས་དགེ། ཁ་དོག་དཀར་པོའི་ལུས་ཅན་ནོ། །ལག་དེས་སྣོད་ཀྱི་ཁ་བཅད་དེ། །དེ་ནས་གསང་སྔགས་བཟླ་བར་བྱ། །ཨོཾ་སརྦྦ་བི་ཥ་ཧ་ར་ཧ་ར་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། སྔགས་འདིས་ལན་བདུན་གྱི་བར་དུ་མངོན་པར་བསྔགས་ཏེ། མི་ཤིགས་པ་དང་ལྷན་ཅིག་ཟླ་བ་ཞུ་བར་གྱུར་ནས་ཆུའི་ནང་དུ་ཐིམ་སྟེ། ཆུ་དང་ཟླ་བ་གཅིག་ཏུ་འདྲེས་པས་ཤིན་ཏུ་དཀར་པོར་འགྱུར་རོ། །གལ་ཏེ་དུག་གིས་ཟིན་པ་མ་ཤི་ན་དེའི་ཚེ་ཆུ་བླུད་དོ། །ཡང་ན་ཤི་བ་ཡིན་ན་མགོ་ནས་རྐང་པའི་མཐར་ཐུག་པར་ལན་གསུམ་གསུམ་དུ་ཆུ་རྒྱུན་མི་འཆད་པར་བླུགས་ན་ལངས་པར་འདིར་ཐེ་ཚོམ་མེད་དོ། །དེ་ནས་ཆུ་བླུད་ན་རྣལ་མར་འགྱུར་རོ། །སངས་རྒྱས་ཐོད་པའི་རྒྱུད་རྣལ་འབྱོར་མའི་གོང་ན་མེད་པ་གསང་བའི་ཡང་ཤིན་ཏུ་གསང་བ་ཞེས་བྱ་བ་ལས་ཤ་ལི་ཀའི་སྦྱོར་བ་དང་། ཆུའི་སྦྱོར་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་དག་རབ་བཤད་པ། །ཤིན་ཏུ་རྙེད་དཀའི་བཅུད་ལེན་ལེའུ། །དེ་བཞིན་གཤེགས་པའི་སྙིང་པོ་མཆོག། རྣལ་འབྱོར་མ་ཡི་གོང་ན་མེད། །གཞོན་ནུ་མ་དང་ཤ་རི་ཀ། གྲུབ་མ་བྱིས་པ་ཅན་མ་དང་། །དེ་བཞིན་ཐོད་བཟངས་ཅན་ ― DKG080_Page_0309 ―
[མ་དཔེ་གཟིགས་ན་འདིར་གནོན།]
མའོ། །འདི་དག་སྨན་ནི་ཆེན་པོ་ལྔ། །སངས་རྒྱས་ལྔས་ཀྱང་རྙེད་པར་དཀའ། །འདི་དག་ཟོས་པ་ཙམ་གྱིས་ནི། །བསྐལ་པ་བྱེ་བར་དེ་འཚོའོ། །གཞོན་ནུ་མ་ནི་ཟླ་དྲུག་ཏུ། །དེ་བཞིན་ཤ་རི་ཀ་ཟླ་གསུམ། །གྲུབ་མ་ཟླ་བ་གཅིག་ཏུའོ། །བྱིས་ཅན་མ་ནི་ཟླ་ཕྱེད་གཉིས། །ཐོད་པ་ཅན་ཡང་ཟླ་བར་ཏེ། །ཚེ་འཕེལ་བ་ཡི་མཆོག་ཡིན་ནོ། །བྱ་རོག་མ་ནི་བྱ་རོག་གཟུགས། །གླང་པོ་མ་ནི་ངང་པའི་གཟུགས། །དྲོད་མ་དྲོད་ཀྱི་གཟུགས་ཅན་ཏེ། །སྔོ་བསངས་དཀར་མོ་སྔོན་མོའི་མིག། ཁ་སྦྱར་སྦྱོར་བའི་དུས་སུ་ནི། །མིག་ལས་བྱུང་བའི་རྫས་གང་ཡིན། །སྨན་དེའི་མིང་ནི་གཞོན་ནུ་མ། །འདི་རུ་བསྟན་པར་སོམ་ཉི་མེད། །དེ་ཡི་པདྨ་ལས་བྱུང་རྫས། །རྩ་ཡི་ནང་ན་རྣམ་པར་གནས། །གེ་སར་སྦས་པའི་སྤྱོད་ཡུལ་ཏེ། །སྨན་ནི་ཤ་རི་ཀ་རུ་གསུངས། །མེ་ཏོག་ལྡན་པའི་བུ་མོ་གང་། །ཁ་དོག་ནག་མོས་རབ་མཛེས་མ། །གང་དུ་ཐབས་ཤེས་གཉིས་འདུས་པ། །དེ་ཡི་ཁ་སྦྱར་སྦྱོར་ལས་བྱུང་། །སྨན་དེའི་མིང་ནི་གྲུབ་མར་བཤད། །སངས་རྒྱས་ཐོད་པའི་སྦྱོར་བ་ཡིས། །བུད་མེད་རབ་མཛེས་མ་ཉམས་དང་། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །མི་ཕྱེད་ཉེ་བར་སྤྱད་པ་ཡི། །དེ་ལས་དང་པོར་བྱུང་བའི་རྫས། །སྨན་དེ་བྱིས་པ་ཅན་ནོ་ཞེས། །བདག་ཉིད་ཆེན་པོའི་ལྷ་མོས་གསུངས། །ལྷན་ཅིག་སྐྱེས་དག་བྱུང་བའི་རྫས། །མཆོག་ཆེན་མར་ཁུ་དག་དང་ནི། །བསྲེ་འགྱུར་འདིར་ནི་ཐེ་ཚོམ་མེད། །སྨན་དེའི་མིང་ནི་ཐོད་ཅན་མོའོ། །ཟླ་བ་ཉི་མའི་སྦྱོར་བ་ཡིས། །བྱ་བར་འདིར་ནི་ཐེ་ཚོམ་མེད། །ཟླ་བས་ཟླ་བར་ཉི་མས་ཉིར། །དེ་ལུས་སྐྲ་དཀར་གཉེར་མ་ཞི། །ཇི་སྲིད་སངས་རྒྱས་བཞུགས་ཀྱི་བར། །དེ་ཡི་ཚེ་ནི་རྒྱས་པར་འགྱུར། །སྨན་འདི་གྲུབ་པ་ཙམ་གྱིས་ནི། །དག་པའི་ལུས་སུ་འབྱུང་བར་འགྱུར། །དངོས་པོ་གང་དང་གང་ཡང་རུང་། །ལྕགས་དང་ཟངས་མའི་སྣོད་དག་ལ། །དངུལ་ནི་བྱུགས་པ་ཙམ་གྱིས་ནི། །དངུལ་དང་གསེར་དུ་འགྱུར་བ་ཡིན། །དེ་ནས་ཡང་དག་རབ་བཤད་པ། །དགོངས་བཤད་ཤིན་ཏུ་རྙེད་དཀའ་བ། །རྒྱུད་གཞན་དུ་ནི་རབ་སྦས་པ། །འབད་པས་དེ་འདིར་ ― DKG080_Page_0310 ―
[མ་དཔེ་གཟིགས་ན་འདིར་གནོན།]
རབ་གསལ་བྱ། །དྲི་ཆུ་ཡེ་ཤེས་རྡོ་རྗེ་སྟེ། །དྲི་ཆེན་རྡོ་རྗེ་བཟང་པོ་ཉིད། །ཁྲག་ནི་མར་མེ་རྡོ་རྗེ་ཡིན། །ཁུ་བ་རྡོ་རྗེའི་ཐབས་བྱུང་ཉིད། །ཤ་ནི་ཆོས་ཀྱི་རྡོ་རྗེ་ཡིན། །དེ་ལྔ་རྣལ་འབྱོར་མ་ཡི་མཆོག། གང་གི་དམ་ཚིག་རྙེད་དཀའ་བའི། །ཐབས་འདིར་བདག་གིས་བཤད་པར་བྱ། །བ་ལང་ཤ་ནི་འབར་བ་སྟེ། །ཁྱི་ཡི་ཤ་ལ་སྤྲོ་བར་གསུངས། །རྟ་ཡི་ཤ་ལ་བཟའ་བར་བཤད། །གླང་པོའི་ཤ་ལ་ཞུ་བར་གསུངས། །ཤ་ཆེན་ལ་ནི་བཟང་པོར་བཤད། །དེ་ལྔ་རྣལ་འབྱོར་མཆོག་ཏུ་གསུངས། །རྣལ་འབྱོར་རྣལ་འབྱོར་མ་ལྡན་པར། །གལ་ཏེ་གཅིག་ཏུ་བྱེད་ནུས་པ། །དེ་ཚེ་རྣམ་རྟོག་དེ་ཐམས་ཅད། །འཇིག་འགྱུར་འདིར་ནི་ཐེ་ཚོམ་མེད། །ཟན་ལ་བསོད་ནམས་ཞེས་བྱ་སྟེ། །ཚོད་མ་ལ་ནི་སྡིག་པ་ཉིད། །རོ་ལ་ཤིན་ཏུ་རྙེད་དཀའ་གསུངས། །བྱིས་པ་ལ་ནི་འགལ་བ་ཉིད། །གཡུང་མོ་ལ་ནི་བཟང་མོར་གསུངས། །རུས་པའི་ཕྲེང་ལ་རྫས་ཞེས་བྱ། །སྐྱེས་བུ་ལ་ནི་རྡོ་རྗེར་གསུངས། །བུད་མེད་ལ་ནི་སྣོད་བཟང་ཉིད། །དབང་པོ་གཉིས་ཀྱི་རབ་སྦྱོར་ལ། །གཟི་བརྗིད་ཕྲེང་ཆེན་དེ་བཤད་དོ། །རབ་ཆགས་ཤིན་ཏུ་མཐོང་བ་ཉིད། །འཁྱུད་པ་ལ་ནི་ཆོས་ཞེས་བརྗོད། །འདྲི་བ་ལ་ནི་མར་མེའོ། །ཤིན་ཏུ་འདྲི་ལ་མེ་ཞེས་བྱ། །འགྲོ་བ་ལ་ནི་ཕྲེང་ཅན་མ། །འོང་ལ་ཤིན་ཏུ་ཕྲེང་ཅན་མ། །མྱུར་བ་ལ་ནི་བྱུག་ཅེས་བྱ། །དཔའ་བ་ལ་ནི་བཟང་དེ་བརྗོད། །པདྨ་རྩེ་འཇོ་ཕྲེང་ཅན་མ། །སྔགས་ཀྱིས་མཚན་མ་རབ་ངེས་ཞེའོ། །ལྗགས་ལ་ལྕེ་འོག་ཅེས་བྱ་སྟེ། །སོ་ལ་བཟའ་བ་སྣ་ལ་བདེ། །མིག་ལ་རོལ་རྩེད་མུ་ཏིག་རྣ། །གསང་བའི་ཡུལ་ལ་རྙེད་དཀའ་ཞེའོ། །འདི་དག་བཤད་དོ་ལག་ཆེན་པོ། །འཇིག་རྟེན་གསུམ་ན་རབ་རྙེད་དཀའ། །སངས་རྒྱས་ཐོད་པའི་རྣལ་འབྱོར་པ། །མེད་པར་ཕན་ཚུན་སྨྲ་མི་བྱ། །འོན་ཀྱང་བཤད་ཆེན་དེ་ཉིད་འདི། །གཅིག་ལ་གཅིག་གིས་སྨྲ་བར་བྱ། །རྒྱུད་རྣམས་ཐམས་ཅད་དུ་སྦས་པ། །རྒྱུད་འདི་རུ་ནི་གསལ་བར་བྱས། །ཉེ་འདུན་གྲོང་མཐའ་ལྷན་ཅིག་ཞེའོ། །འདུས་པ་ཕྱི་རོལ་ཞེས་སུ་གསུངས། །ཉེ་བའི་འདུས་པ་ནང་དེ་བཞིན། །གནས་ལ་འབྲས་བུ་ཞེས་སུ་ ― DKG080_Page_0311 ―
[མ་དཔེ་གཟིགས་ན་འདིར་གནོན།]
གསུངས། །ཉེ་བའི་གནས་ལ་ཤིང་ཉིད་དོ། །གྲོང་མཐའ་ལ་ནི་ས་བོན་གསུངས། །ཉེ་བའི་གྲོང་མཐའ་མྱུ་གུའོ། །ཚོགས་པ་ལ་ནི་སྡོང་བུར་གསུངས། །གཅིག་པུ་ལ་ནི་འདབ་མ་སྟེ། །སྟོང་པ་ལ་ནི་རྩ་བཞིའོ། །དེ་ལྟར་དགོངས་པས་བཤད་པ་ནི། །བདེ་གཤེགས་རྣམས་ཀྱིས་མི་མཁྱེན་ནོ། །སྤྱན་མ་ལ་སོགས་རྣལ་འབྱོར་མ། །རྣམས་ཀྱིས་ཁོང་དུ་མི་ཆུད་ཅིང་། །བྱང་ཆུབ་སེམས་དཔའི་ཡུལ་མིན་ཞིང་། །བླ་མ་གུས་པའི་རྣལ་འབྱོར་པས། །སྤྲོས་པ་ཐམས་ཅད་སྤངས་ནས་ནི། །རྫས་ལ་ཆགས་པར་མི་བྱའོ། །ཤིན་ཏུ་སྟོང་སྒོམ་རྣལ་འབྱོར་པ། །འདོད་ཆགས་ཞེ་སྡང་ཕྲག་དོག་མེད། །གཏི་མུག་དང་ནི་ང་རྒྱལ་སྤངས། །ཉོན་མོངས་ཐམས་ཅད་རྣམ་པར་སྤངས། །ཟ་འཐུང་དེ་བཞིན་གླུ་ལེན་ན། །ཤིན་ཏུ་སྤྲོས་པ་སྤང་བར་བྱ། །བདེ་བས་དགའ་བ་ཉིད་དང་ནི། །ཤེས་རབ་ཐབས་ཀྱིས་བདག་ཉིད་གསུངས། །བླ་མེད་དེ་ཉིད་ཟླ་ཕྱེད་ཀྱིས། །འགྲུབ་པར་ཐེ་ཚོམ་མེད་པའོ། །ཀྱཻ་ལགས་གྲོགས་མོ་འགྲོ་ཀུན་གང་། །མཐའ་དག་དྲི་མ་མེད་པ་ཡི། །བལྟ་དང་བྲལ་ལ་སྐྱེ་བོ་ལྟོས། །གསོག་གསོབ་རང་བཞིན་བརྫུན་བསླུ་བ། །པད་རྩའི་གྲིབ་མ་ལྟ་བུར་ལྟོས། །དབང་པོ་ལྔ་ནི་སྒྱུ་འདྲ་ཞིང་། །ལྔ་ཕུང་དག་པའི་རང་བཞིན་གྱིས། །རྣལ་འབྱོར་འདི་ནི་བསྒོམས་པས་འགྲུབ། །སངས་རྒྱས་ཐོད་པའི་རྒྱུད་རྣལ་འབྱོར་མའི་གོང་ན་མེད་པ་གསང་བའི་ཡང་ཤིན་ཏུ་གསང་བ་ཞེས་བྱ་བ་ལས་སྨན་བཟང་པོ་དང་། དགོངས་པ་བཤད་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་དག་རབ་བཤད་པ། །དཀྱིལ་འཁོར་འཇིགས་པ་མཆོག་གསང་བར། །ཐབས་དང་ཤེས་རབ་སྒྲུབ་པ་ཡིས། །གང་གིས་སློབ་མ་དབང་བསྐུར་བ། །ཤེས་རབ་པདྨའི་ནང་དབུས་སུ། །དཔག་ཚད་བྱེ་བའི་དཀྱིལ་འཁོར་ལ། །སུམ་བརྩེགས་དག་པའི་བདག་ཉིད་ལུས། །འཁོར་བའི་འཇིགས་པ་ལས་སྐྱོབ་པ། །དཀྱིལ་འཁོར་དེ་ཡི་དབུས་གནས་པར། །མཁས་པས་སློབ་མ་བཟང་དབང་བསྐུར། །གལ་ཏེ་བྱང་ཆུབ་བླ་མེད་འདོད། །ཕྱི་ཡི་དཀྱིལ་འཁོར་བྱ་བ་མིན། །ལྷ་རྣམས་བཤིག་པ་ཙམ་གྱིས་ནི། །སྡིག་པ་ཆེན་པོ་སྐྱེ་བར་འགྱུར། །དེས་ ― DKG080_Page_0312 ―
[མ་དཔེ་གཟིགས་ན་འདིར་གནོན།]
ན་རྡུལ་ཚོན་ཙམ་གྱིས་ནི། །དེ་བཞིན་ལྷ་རྣམས་དག་མི་འགྱུར། །རྡོ་རྗེ་འཁོར་ལོ་རིན་ཆེན་དང་། །དེ་བཞིན་པདྨ་རལ་གྲི་ཉིད། །བྱས་ནས་སླར་ཡང་འཇིག་བྱེད་པ། །སྐྱེས་བུ་ཐ་ཤལ་དམྱལ་བར་འགྲོ། །གང་གིས་སངས་རྒྱས་སྤྱན་དྲངས་ཤིང་། །གང་གིས་གཤེགས་སུ་གསོལ་བ་ཡིས། །རྡོ་རྗེ་སེམས་དཔའ་བྱོན་པ་དང་། །དེ་བཞིན་གཤེགས་པ་བྱོན་པ་རྣམས། །གང་ནའང་བྱོན་པ་མ་ཡིན་ནོ། །དྲི་མ་མེད་ཅིང་དག་པའི་ལུས། །གང་གིས་སྤྱན་དྲངས་གཤེགས་སུ་གསོལ། །དེ་ཉིད་ཀྱིས་ན་བརྟག་མེད་པར། །དེ་བཞིན་གཤེགས་པ་རྣམས་ཕྱག་བྱ། །ལོ་བཅུ་གཉིས་པའི་བུ་མོ་ནི། །ཚུལ་ཁྲིམས་མ་ཉམས་ཆགས་ཆུང་བའི། །ཐོས་དང་ལྡན་ཞིང་གྲགས་ཆེན་མོ། །ནད་མེད་སྙིང་རྗེ་དང་ལྡན་མ། །སེམས་ཅན་དོན་ལ་གཅིག་ནན་ཏན། །དགོད་ཅིང་པདྨའི་སྤྱན་དང་ལྡན། །ཟླ་བའི་ཆ་འདྲ་གདོང་མཛེས་མ། །མུ་ཅོར་མི་སྨྲ་བརྟན་ཞིང་དུལ། །དེས་ན་སློབ་མ་བློ་ཆེན་པོ། །ཤིན་ཏུ་དད་པའི་སེམས་དང་ལྡན། །འདོད་མེད་དབང་པོ་དུལ་བ་དང་། །ཆགས་དང་ཆགས་བྲལ་རྣམ་པར་སྤངས། །སེམས་ཅན་དོན་ལ་ཤིན་ཏུ་སྦྱོར། །གཏི་མུག་ཞེ་སྡང་ཕྲག་དོག་སྤངས། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །དེ་རྣམས་ལ་ནི་དེ་ཉིད་བཤད། །གསང་བ་ཕྱི་ཡི་ལྔ་དང་ནི། །བདུན་དང་བཅུ་བཞིར་བཤད་པ་དང་། །གཉི་ག་གཅིག་ཏུ་འདུས་པའོ། །གསང་བའི་དེ་ཉིད་བཤད་པར་བྱ། །སློབ་མ་ལེགས་དང་ལྡན་པ་དང་། །བརྩེ་ལྡན་སེམས་གཞན་མེད་པ་ཡིས། །གསེར་ནི་འབུམ་ཕྲག་བཅུ་དྲུག་དང་། །ས་གཞི་ཡུལ་འཁོར་ལྡན་པ་དང་། །གླང་པོ་བུད་མེད་དམ་པ་དང་། །རལ་གྲི་འཁོར་ལོ་རྟ་དང་ནི། །ཡོངས་འདྲེན་སྐྱེས་བུ་རིན་ཆེན་རྣམས། །སྦྱོར་དང་ལྡན་པའི་སེམས་ཀྱིས་ནི། །དེར་ནི་བླ་མ་དབུལ་བར་བྱ། །ཤིན་ཏུ་དྲི་མེད་སེམས་ཀྱིས་ནི། །དེ་ནས་འདིར་ནི་གསོལ་བ་གདབ། །འཁོར་བའི་འདམ་དུ་བྱིང་བ་བདག། དཔུང་གཉེན་ཁྱོད་ཀྱིས་བསྒྲལ་དུ་གསོལ། །བདག་ནི་རྩོལ་ཆུང་སྐལ་དམན་ཞིང་། །སངས་རྒྱས་ཆོས་ནི་རྣམ་པར་སྤངས། །ཀྱེ་ ― DKG080_Page_0313 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཀྱེ་སྟོན་པ་བླ་མ་ཆེ། །མགོན་པོ་ཁྱོད་ཀྱིས་བརྩེ་བར་མཛོད། །དེ་ལྟར་གསོལ་འདེབས་ཚིག་གསན་ནས། །དེ་རུ་བླ་མ་མི་གསུངས་བཞུགས། །མན་ངག་འདི་ཡི་ཆ་དག་ནི། །གླེགས་བམ་རྣམས་ལས་སྤྱོད་ཡུལ་མིན། །བླ་མའི་ཞལ་ལས་ཤེས་པར་བྱ། །དཀྱིལ་འཁོར་གང་ལ་གང་གིས་བརྒྱན། །མཚན་མའི་དོན་གཞན་གར་བཀོད་ཀྱེ། །སུ་ཡིས་སངས་རྒྱས་སྤྱན་དྲངས་ཀྱེ། །འགྲོ་བ་བརྫུན་འདྲའི་སོམ་ཉིར་ལྷུང་། །མཐའ་དག་སྟོང་པ་གོས་མེད་ཀྱེ། །ཆུ་ནང་ཟླ་བ་ཅི་འདྲ་བ། །དེ་འདྲའི་དཀྱིལ་འཁོར་པད་དབུས་གནས། །ཀྱེ་ལགས་རྣལ་འབྱོར་མ་ཚོགས་ལྟོས། །དེར་ནི་ཧེ་རུ་ཀ་གཅིག་དང་། །ཐམས་ཅད་སྐྱེད་པར་བྱེད་པ་ཡིན། །འགྲོ་ཀུན་རྨི་ལམ་བསླུ་བས་ན། །གཏི་མུག་ལས་ནི་བསྐྱེད་པ་ལྟོས། །སངས་རྒྱས་ཐོད་པའི་རྒྱུད་རྣལ་འབྱོར་མའི་གོང་ན་མེད་པ་གསང་བའི་ཡང་ཤིན་ཏུ་གསང་བ་ལས་དཀྱིལ་འཁོར་འཇིགས་པ་བྲི་བ་དང་། སློབ་མ་དབང་བསྐུར་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་དག་རབ་བཤད་པ། །རི་དང་ཕུག་དང་ཚང་ཚིང་ངམ། །ཡང་ན་དུར་ཁྲོད་དག་ན་ནི། །གདོད་ནས་གྲུབ་པའི་གནས་སུ་འམ། །འོན་ཏེ་རྒྱ་མཚོའི་འགྲམ་དག་ཏུ། །ཕྱི་ཡི་དཀྱིལ་འཁོར་བླ་མེད་བྲི། །རྡུལ་ཚོན་སྔོན་པོ་ནི་རོ་བསྲེགས་པའི་སོལ་བ་ལས་བྱའོ། །རྡུལ་ཚོན་དམར་པོ་ནི་དུར་ཁྲོད་ཀྱི་སོ་ཕག་ལས་བྱའོ། །རྡུལ་ཚོན་ལྗང་ཁུ་ནི་ནིམ་པའི་འདབ་མ་ལས་བྱའོ། །རྡུལ་ཚོན་དཀར་པོ་ནི་མིའི་རུས་པའི་ཕྱེ་མ་ལས་བྱའོ། །རྡུལ་ཚོན་སེར་པོ་ནི་ཡུང་བའི་ཕྱེ་མ་ལས་བྱའོ། །དེ་ལྟར་རྡུལ་ཚོན་ལྔ་རྣམས་ཀྱིས། །མཁས་པས་དཀྱིལ་འཁོར་བྲི་བར་བྱ། །ཕོ་བྲང་རིགས་གསུམ་ཟླུམ་པོ་ལ། །རྡོ་རྗེ་གསུམ་གྱིས་ཡོངས་སུ་བསྐོར། །ཕྱི་རོལ་གྲུ་བཞི་ལྷམ་པ་ཡི། །སྒོ་བཞིར་རྟ་བབས་རྣམས་ཀྱིས་བརྒྱན། །བ་དན་རྣམ་པ་བཞི་ཡིས་བརྒྱན། །དྲ་བ་དྲ་བ་ཕྱེད་པས་སྤྲས། །ཕྱི་རོལ་ཁ་ཁྱེར་དག་པ་དང་། །རིན་ཆེན་ཕ་གུར་ཡང་དག་ལྡན། །པདྨ་ཉི་མ་ཉི་ཤུ་ལྔའི། །གདན་རྣམས་ཀྱིས་ནི་ཤིན་ཏུ་མཛེས། །དེ་ཡི་དབུས་ཆུད་ས་བོན་ནི། །ཡི་གེ་ཧཱུྃ་གི་རང་བཞིན་སྔོ། །སྐད་ཅིག་ཙམ་གྱིས་ཧེ་རུ་ཀ། སྐུ་མདོག་སྔོན་པོ་གྲགས་ཆེན་པོ། ། ― DKG080_Page_0314 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཡས་ན་ཅང་ཏེའུ་གྲི་གུག་སྟེ། །གཡོན་ན་ཁ་ཊྭཱྃ་ཐོད་པའོ། །སྐྱིལ་ཀྲུང་ཕྱེད་པས་འཇིགས་ཆེན་པོ། །ཞལ་གྱི་མཆེ་བ་ཅུང་ཟད་གཙིགས། །རལ་པའི་ཅོད་པན་གྱིས་བརྒྱན་ཅིང་། །སངས་རྒྱས་ལྔ་ཡི་ཅོད་པན་ཅན། །དབུ་ལ་སྣ་ཚོགས་རྡོ་རྗེ་མནན། །ཟླ་བ་ཕྱེད་པ་འཛིན་པའི་ལྷ། །སྐུ་ལ་ཐལ་བའི་རྡུལ་གྱིས་བྱུགས། །དཔའ་བོ་ཕྱག་བཞི་ཕྱག་མཚན་འཆང་། །ཤིན་ཏུ་ཧཱུྃ་སྒྲོགས་འཇིགས་བྱེད་པ། །གར་གྱི་སྟབས་ཀྱིས་རྣམ་པར་བཞུགས། །མགོ་བོ་རློན་པའི་ཕྲེང་བ་ཅན། །མཆོད་ཕྱིར་ཐོད་པ་འཆང་བ་པོ། །ཐོད་པ་གཏི་མུག་རྣམ་དག་པ། །ཕྲེང་བ་བརྒྱུད་པས་བརྒྱན་པའི་ལྷ། །མགུལ་དོ་དང་ནི་འཁོར་ལོ་དང་། །རྐང་གདུབ་དང་ནི་དཔུང་རྒྱན་དང་། །གདུ་བུ་རྐེད་པའི་སྐ་རགས་དང་། །དཔའ་བོ་རྣ་ཆ་མཆོག་གིས་བརྒྱན། །འདི་འདྲའི་གཟུགས་ཅན་གཙོ་བོ་ནི། །ཧཱུྃ་ཞེས་ཟློས་པར་བྱེད་པའོ། །དེ་ལས་བྱུང་བའི་རྣལ་འབྱོར་མ། །ཉི་ཤུ་རྩ་བཞིའི་བདག་ཉིད་རྣམས། །སྐུ་མདོག་སྔོན་མོ་གྲགས་ཆེན་མོ། །ཤིན་ཏུ་འཇིགས་པའི་གཟུགས་ཅན་མ། །ཞལ་གཅིག་ཕྱག་གཉིས་ཐོད་པ་འཆང་། །སོ་སོ་ཡི་ནི་མིང་ཇི་བཞིན། །དེ་རྣམས་མིང་ནི་རབ་ཏུ་བཤད། ཕྲེང་བཟང་མ། འདོད་ཅན་མ། འཇིགས་མ། ཐུབ་དཀའ་མ། དགེ་བའི་སྐ་རགས་ཅན་མ། གཟུགས་ཅན་མ། རྣམ་རྒྱལ་མ། འབྱུང་གནས་མ། ཐོད་ཅན་མ། མཚོ་ཆེན་མ། བྱེད་མ། གསོད་མ། སྒྲོལ་མ། འཇིགས་མ། མཐོང་མ། མི་ཕམ་མ། དགེ་མ། འཛུར་བྱེད་མ། དུས་མཚན་མ། གྲགས་ཆེན་མ། མཛེས་སྡུག་མ། ནོར་འཛིན་མ། སྐལ་བཟང་མ། གྲགས་མཐོང་མའོ། །འདི་ལྟ་བུ་ཡི་དཀྱིལ་འཁོར་མཆོག། ཁ་དོག་རྣམ་པ་ལྔ་ཡིས་བརྒྱན། །དེ་ཡི་དབུས་གནས་ལྷ་མོ་ནི། །ཧེ་རུ་ཀ་ལ་བདེ་སྟེར་མ། །སྐྱིལ་ཀྲུང་ཕྱེད་པའི་གར་བྱེད་མ། །མི་ཡི་རུས་པའི་ཕྲེང་བས་བརྒྱན། །ལྷ་མོ་འོད་ཟེར་དཔག་དཀའ་ཞིང་། །སྐྲ་སེར་གྱེན་དུ་འབར་བ་སྟེ། །ཧཱུྃ་གི་བདག་ཉིད་ལས་སྐྱེས་འཇིགས། །ཞལ་ནས་ཁྲག་ནི་འཐོར་བྱེད་མ། །དཀར་མོ་ནག་མོ་ལྗང་ཁུ་མ། །ཐམས་ཅད་ཁུ་བ་ལྡན་གྱུར་མ། ། ― DKG080_Page_0315 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལྷ་ཡི་དཀྱིལ་འཁོར་བསྐྱེད་པ་ནི། །ཉི་ཤུ་རྩ་བཞིའི་བདག་ཉིད་གསུངས། །བདག་ཉིད་ཧེ་རུ་ཀ་གཟུགས་ལ། །ཉི་ཤུ་རྩ་བཞིའི་ལྷ་མོས་མཆོད། །ཐོད་པ་བདུད་རྩི་ལྔས་བཀང་བ། །ཧེ་རུ་ཀ་ཡིས་བཏུང་བར་བྱ། །དེ་ཡིས་འཐུངས་པ་ཙམ་གྱིས་ནི། །འགྲོ་བའི་བླ་མ་བདག་ཉིད་ཆེ། །གཙོ་བོ་ལས་གཞན་ཐ་དད་གཟུགས། །རྣལ་འབྱོར་མ་ཀུན་དེ་དང་འདྲ། །དེ་ལྟར་ཧེ་རུ་ཀ་མགོན་པོས། །རྣལ་འབྱོར་མ་ཀུན་སྤྱད་པར་བྱ། །ཐམས་ཅད་སྤྱད་པས་ཞུ་གྱུར་ཏེ། །ཉི་མའི་དཀྱིལ་འཁོར་རྣམ་པར་གནས། །དེ་ནི་ཞུ་བར་མཐོང་ནས་ནི། །ཤིན་ཏུ་སྲིད་པ་བསྒྲུབ་པའི་ཕྱིར། །སྒོ་ཡི་རྣལ་འབྱོར་མ་ཡིས་བསྐུལ། །ཅི་སྟེ་འཇིག་རྟེན་སྙན་མནན་ན། །ཅི་ཕྱིར་ཁྱོད་ནི་མི་དགྱེས་གྱུར། །གལ་ཏེ་ཁྱོད་བདག་ཚིག་གསན་ན། །མི་དགྱེས་གྱུར་པ་མཐའ་དག་ཐོང་། །སྲིད་འཇིགས་སྐྱེ་བོ་ཀུན་ལྷུང་བས། །སྟོང་པའི་ཐུགས་ནི་མ་མཛད་པར། །ཉིད་ཀྱི་དགོངས་པ་ཀུན་བསྒྲུབས་ཀྱེ། །རྣལ་འབྱོར་མ་ཡི་གྲོགས་པོ་བཞེངས། །གལ་ཏེ་སྔོན་གཙོ་ཚིག་གསན་ན། །འབྲས་བུ་ཡལ་བར་མ་དོར་ཅིག། ཁྱོད་མི་སྣང་ན་འགྲོ་བ་ཡི། །སྐྱེ་བོ་མཐའ་དག་གདུང་བས་ནོན། །ལོག་པའི་ང་རྒྱལ་མ་མཛད་པར། །སྟོང་པའི་རང་བཞིན་སྤངས་ནས་ནི། །ཁྱོད་ཀྱིས་དངོས་མེད་ཀུན་ཐོང་ལ། །རྣལ་འབྱོར་མ་ཡི་ཚོགས་ལ་སྤྱོད། །རྣལ་འབྱོར་མ་ནི་བཞི་པོ་ཡིས། །འདི་ལྟ་བུ་ཡི་གླུ་ཡིས་བསྐུལ། །སྔོན་བཞིན་མདོག་དང་མཚན་སོགས་ལྡན། །ཀུན་ནས་རྣལ་འབྱོར་མ་རྣམས་བསྐོར། །འཇིགས་པ་འཁོར་བ་སྒྲོལ་བྱེད་པའི། །དཔའ་བོ་ཆེན་པོ་འདི་བཞེངས་སོ། །སངས་རྒྱས་ཐོད་པ་ཞེས་བྱ་བའི་རྣལ་འབྱོར་མའི་རྒྱུད་བླ་ན་མེད་པ་གསང་བའི་ཡང་ཤིན་ཏུ་གསང་བ་ལས། དཀྱིལ་འཁོར་དང་ཧེ་རུ་ཀ་བསྐྱེད་པ་དང་སྒོམ་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་དག་རབ་བཤད་བྱ། །སྦྱིན་སྲེག་དཀྱིལ་འཁོར་མཆོག་བཟང་པོ། །ཞི་བ་དང་ནི་རྒྱས་པ་དང་། །དེ་བཞིན་དབང་དང་མངོན་སྤྱོད་དེ། །སྦྱིན་སྲེག་རྣམ་པ་བཞི་རུ་གསུངས། །ཤིང་གི་སྦྱིན་སྲེག་མི་བྱ་ཞིང་། །འབྲས་དང་འབྲུ་རྣམས་ཀྱིས་ཀྱང་མིན། །བློ་ལྡན་གལ་ཏེ་ཞི་འདོད་ན། །མེ་ཏོག་གིས་ནི་སྦྱིན་སྲེག་ ― DKG080_Page_0316 ―
[མ་དཔེ་གཟིགས་ན་འདིར་གནོན།]
བྱ། །མེ་ཏོག་ལྔ་པོ་མཆོག་ཆེན་དང་། །འོ་མར་ཡང་དག་ལྡན་པས་བྱ། །གལ་ཏེ་ཞི་བའི་སྦྱིན་སྲེག་འདོད། །ཞི་བའི་གཟུགས་སོགས་ལྡན་པ་ཡིས། །ཞི་བའི་ཐབ་ཁུང་གྲུ་བཞི་པ། །ཟབས་དང་རྒྱར་ནི་མཐོ་གང་བ། །ཁ་ལ་རྡོ་རྗེ་རྩེ་ལྔ་པ། །དཀར་པོ་རྩེ་མོ་འདུས་པ་བྲི། །རྡོ་རྗེ་རྩེ་གསུམ་སྔོན་པོ་ནི། །ཞི་བ་ཧཱུྃ་བདག་འཁོར་བར་ནི། །དེ་ཡི་དབུས་སུ་འཁོར་ལོ་ལ། །གྲུ་གསུམ་པ་ཡི་ཡི་གེས་བརྒྱན། །ཨེ་བྃ་མ་ཡཱ་མཆོག་ཆེན་གྱི། །ལྟེ་བ་རུ་ནི་བསྐྱེད་པར་གསུངས། །རྩེ་གསུམ་འཇིགས་པའི་རྡོ་རྗེས་བསྐོར། །རྡོ་རྗེའི་ནང་དུ་པདྨ་སྟེ། །པདྨའི་དབུས་སུ་ཉི་མ་བསམ། །ཉི་མའི་དབུས་སུ་ཡི་གེ་ཧཱུྃ། །ཁ་དོག་དམར་པོའི་འོད་ཆེན་པོ། །མཚམས་དང་མཚམས་སུ་རྡོ་རྗེ་ནི། །རྩེ་དགུ་སེར་པོ་བྲི་བར་བྱ། །བདག་ཉིད་ཧེ་རུ་ཀར་བལྟ་སྟེ། །ཕྱིས་ནི་སྦྱིན་སྲེག་ཡང་དག་བརྩམ། །ཤེས་རབ་ཅན་གྱིས་མེ་ཡི་ལྷ། །སྔགས་འདི་ཡིས་ནི་སྤྱན་དྲང་ངོ་། །ཨོཾ་སརྦྦ་དེ་བཱ་ཧུ་ཏ་པྲ་དྷི་ནི་ཨྃ་བི་ཀལྦེ་སུ་ད་ཧ་ད་ཧ་ནེ་ད་ཧ་ད་ཧ་ཛྭ་ལ་ཛྭ་ལ། པྲ་ས་ར་པྲ་ས་ར། ཨཱ་གཙྪ་ཨཱ་གཙྪ། ཡ་ཏྲི་ཀུནྡི་ཨ་དྷིཥྛ་ཡ། ཨ་དྷིཥྛ་ཡ། ཏིཥྛ་ཏིཥྛ། ཀི་ལི་ཀི་ལི། ཧ་ཧེ་ཧོ་ཧྃ་ཧྲཿཧྲིཿཧཱུྃ་སྭཱ་ཧཱ། མེ་ལྷ་སྤྱན་དྲང་བའི་སྔགས་སོ། །སངས་རྒྱས་ཐོད་པའི་སྦྱོར་བ་ཡིས། །ཤེས་རབ་ཅན་སྔགས་ལན་བདུན་བཟླས། །སངས་རྒྱས་ཀུན་གྱིས་བྱིན་བརླབས་ཤིང་། །མདོག་དཀར་དུ་བ་དང་བྲལ་བའི། །མེ་ལྷ་རྒྱལ་དབང་བྱོན་ནས་ཀྱང་། །ཐབ་ཁུང་གི་ནི་དབུས་སུ་བཞུགས། །དེ་ནས་བློ་ལྡན་སྦྱིན་སྲེག་བྱ། །དེ་རུ་སོལ་བ་གཞུག་བྱ་བ། །ཨ་ཤྭཏྠ་དང་ནྱ་གྲོ་དང་། །ཨུ་དུམ་བཱ་ར་ར་ཀ་ཏི། པ་ལ་ཤ་སྟེ་ཤིང་ལྔ་ལས། སོལ་བྱས་དུ་མེད་འབར་བའི་མེ། བློ་ལྡན་ཐབ་ཁུང་དབུས་སུ་གཞུག། གལ་ཏེ་དངོས་གྲུབ་མཆོག་འདོད་ན། །པདྨ་བརྒྱ་ནི་རྩ་བརྒྱད་དང་། །དེ་བཞིན་ཨུཏྤ་ལ་ཉིད་དང་། །ཀུ་མུ་ད་དམར་དྲི་ཞིམ་འདྲ། །ཀ་ར་བཱི་ར་གཞན་ཉིས་འགྱུར། །བྱས་ཏེ་བསྲེགས་པས་ཞི་བར་གསུངས། །སྦྱིན་བདག་མདུན་ན་འདུག་པ་ལ། །དེ་ཚེ་དུ་བ་དབབ་པར་བྱ། །མཁས་པས་གསང་སྔགས་འདི་བཏོན་ཞིང་། །པདྨ་མར་སྦགས་བསྲེག་པར་བྱ། །ཨོཾ་པདྨ་རཱ་ཛེ་ཨགྣི་པྲ་ཎི་ཡ་ ― DKG080_Page_0317 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཨ་མུ་ཀ་སྱ་ཤཱཐྱཱུ་ཀུ་རུ་སྭཱ་ཧཱ། མཁས་པ་ཡིས་ནི་སྔགས་བཟླས་ཏེ། །ཨུཏྤལ་འོ་མས་སྦྱིན་སྲེག་བྱ། །ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་ཏེ་ཛོ་རཱ་ཛ་བི་ནཱ་ཡ་ཤཱཐྱཱུ་ཀུ་རུ་སྭཱ་ཧཱ། མཁས་པ་བདེ་གཤེགས་ཀུན་བདག་གིས། །གུར་གུམ་ཀུ་མུ་ད་སྔགས་བསྲེག། ཨོཾ་སུ་པུཥ྇་སུ་ཀ་ར་ཙ་ལེ་ཛྭ་ལ་ནཱི་ཡེ་ཤཱཐྱཱུ་ཀུ་རུ་སྭཱ་ཧཱ། གསང་སྔགས་རྒྱལ་པོ་འདི་ཡིས་ནི། །དྲི་ཞིམ་ཙནྡན་སྦྱིན་སྲེག་བྱ། །ཨོཾ་དྷ་མེ་མ་ཧཱ་མེ་རཱ་ཛེ་ད་ཧ་ད་ཧ་སརྦ་བི་ཤཱཐྱཱུ་ཀུ་རུ་སྭཱ་ཧཱ། ཀ་ར་བཱི་ར་དྲི་ཞིམ་མར། །མཁས་པས་སྔགས་རྒྱལ་བཟླས་ཏེ་བསྲེག། ཨོཾ་ཀཱ་ལི་སུ་ཀཱ་ལི་ཀ་རཱ་ལ་རཱ་ཏྲི་སརྦྦ་པཱ་པྃ་ད་ཧ་ད་ཧ་ཤཱཐྱཱུ་ཀུ་རུ་སྭཱ་ཧཱ། མེ་ཏོག་རེ་རེ་རེ་རེ་ལ། །གསང་སྔགས་རྒྱལ་པོ་ལན་རེ་བཟླ། །ཞི་བའི་སྦྱིན་སྲེག་བླ་མེད་པ། །འཇིག་རྟེན་གསུམ་ན་རྙེད་པར་དཀའ། །མེ་ནི་འོ་མས་ཞི་བར་བྱ། །དེ་ནས་གཞན་ཡང་རྒྱས་པ་ཡི། །སྦྱིན་སྲེག་ཁྱད་པར་བཤད་པར་བྱ། །རྒྱས་ལ་ཐབ་ཁུང་ཟླུམ་པོ་སྟེ། །ཆུ་ཡི་དཀྱིལ་འཁོར་ལྟར་སྣང་བ། །ཟབས་དང་རྒྱར་ནི་མཐོ་གསུམ་སྟེ། །ཁ་དོག་སེར་པོར་རྣམ་པར་བསམ། །དེ་དབུས་རྡོ་རྗེ་རྩེ་དགུ་པ། །སྔོ་བྲི་དེ་སྟེང་པད་འདབ་བརྒྱད། །བདག་ཉིད་ཧེ་རུ་ཀ་རྣམ་པ། །ཁྲོ་བའི་སེམས་ཀྱི་བདག་ཉིད་ཀྱིས། །ཤིང་བསྲེག་པ་ཡི་སྦྱིན་སྲེག་བྱ། །གལ་ཏེ་རྒྱས་པ་མཆོག་འདོད་ན། །ཨ་མྲ་ཀནྠ་པ་ལ་དང་། །ཨརྒ་བིལ་བ་དུ་དུ་ར། །ཤིན་ཏུ་རྙེད་དཀའི་ཤིང་ལྔ་ལས། །སོར་བཅུ་གཉིས་ཀྱི་ཚད་ཙམ་དུ། །སློབ་དཔོན་གྱིས་ནི་གཟུང་བར་བྱ། །མ་གས་མ་སྐམས་མ་བཅད་ཅིང་། །བུ་ག་ཅན་གྱི་ཤིང་སྤང་ངོ་། །དེ་ཡི་དབུས་སུ་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་ཐམས་ཅད་བསམ། །རེ་རེ་ལ་ནི་བརྒྱ་རྩ་བརྒྱད། །བགྲངས་ཏེ་དེ་ནས་སྦྱིན་སྲེག་བྱ། །བདག་ཉིད་ཧེ་རུ་ཀ་ཡི་ཚུལ། །སྐུ་མདོག་ནག་པོ་འོད་ཆེན་པོས། །མར་དང་ཡམ་ཤིང་ཐམས་ཅད་ནི། །སྔགས་བསྲེགས་འདིར་ནི་ཐེ་ཚོམ་མེད། ཨོཾ་ག་ག་ནི་ག་ག་ན་བི་ལོ་ཀ་ནེ་ཧཱུྃ་ཕཊ། ཏེ་ཛོ་རཱ་ཛཱ་པུམྱཱུ་ཀུ་རུ་སྭཱ་ཧཱ། ཤིང་རྣམས་ཀུན་གྱི་སྔགས་འདི་ཡིས། །རེ་རེ་བཞིན་དུ་སྦྱིན་སྲེག་བྱ། །ཕྱིས་ནི་སེར་པོའི་ཆུས་ཞི་བྱ། །འདི་ལྟའི་རྒྱས་པའི་སྦྱིན་སྲེག་ནི། །འཇིག་རྟེན་གསུམ་ན་རྙེད་པར་དཀའ། །རྒྱུད་གཞན་རྣམས་སུ་སྦས་པ་ནི། ། ― DKG080_Page_0318 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྒྱུད་འདི་རུ་ནི་གསལ་བར་བྱས། །དེ་ནས་ཡང་དག་རབ་བཤད་པ། །དབང་དུ་བྱ་བའི་སྦྱིན་སྲེག་མཆོག། ཐབ་ཁུང་གྲུ་གསུམ་དམར་པོ་ལ། །ཟབས་དང་རྒྱར་ནི་སོར་མོ་བརྒྱད། །དེ་དབུས་པདྨ་འདབ་བརྒྱད་དམར། །ཟླ་བ་དམར་ལ་སོགས་པས་བརྒྱན། །གྲྭ་གྲྭ་རུ་ནི་རྡོ་རྗེ་དམར། །བདག་ཉིད་ཧེ་རུ་ཀར་བསམ་པ། །དམར་པོ་ལྟར་སྣང་ཆགས་པའི་བདག། རྡོ་རྗེ་དམར་པོ་ཐོད་པ་བསྣམས། །ཡོངས་སུ་གང་བའི་ཁྲག་ཉིད་ཀྱིས། །ཁམས་གསུམ་པ་ལ་རྗེས་སུ་ཆགས། །ཨ་ཤོ་ཀ་ཡི་ཡམ་ཤིང་དང་། །གོ་རོ་ཙ་ནར་ལྡན་པ་ནི། །བློ་ལྡན་བརྒྱ་རྩ་བརྒྱད་བསྲེགས་ཏེ། །ཤིན་ཏུ་མཉམ་གཞག་སྔགས་ནི་གདོན། །ཨོཾ་ཨ་ཤོ་ཀ་ནི་སུ་ར་ཀེ་ཨ་ནུ་རཱ་ག་ཡ་ཏྲཻ་ལོཀྱ་བ་ཤྃ་ཀ་རཱི་ཏྲཻ་ལོ་ཀྱཾ་བཱ་ཤཱ་མཱ་ན་ཡཱ་ཧྲཱྀ་སྭཱ་ཧཱ། ཉིན་བདུན་སྦྱིན་སྲེག་བྱས་ཙམ་གྱིས། །ཁམས་གསུམ་དབང་དུ་འགྱུར་བ་ཡིན། །ཆུ་ནི་དམར་པོར་མེ་ཞི་བྱ། །དེ་ནས་ཡང་དག་རབ་བཤད་པ། །མངོན་སྤྱོད་དང་ནི་གསད་པ་མཆོག། ཟླ་བ་ཕྱེད་པའི་ཆ་འདྲའི་ཐབ། །ཟབས་དང་རྒྱར་ནི་ཁྲུ་གང་ཚད། །འཇིགས་ཆེན་མདོག་ནི་ལྗང་ཁུའོ། །གྲྭ་གྲྭ་རུ་ནི་རྡོ་རྗེ་བྲི། །དབུས་ཀྱི་ས་གཞི་སྟོང་པ་རུ། །བློ་ལྡན་ཤ་ལྔས་སྦྱིན་སྲེག་བྱ། །གསོད་པ་ཡི་ནི་སྦྱིན་སྲེག་མཆོག། མངོན་སྤྱོད་གསོད་པ་རུ་ནི་གསུངས། །དགྲ་ཀུན་བསྣུན་ཅིང་ཟློག་པར་བྱེད། །དགྲ་བོ་ཐུར་དུ་ཁ་བལྟས་ཤིང་། །ཁ་ནས་ཁྲག་ནི་སྐྱུག་པ་ཉིད། །ཤ་ཡི་དབུས་སུ་བསམ་པར་བྱ། །སེང་ལྡེང་སོལ་བས་མེ་བྱ་སྟེ། །མེད་ན་འབའ་འབོ་ལ་ཉིད་ཀྱི། །འབའ་འབོ་ཚེར་མས་ཤ་ཕུག་སྟེ། །བརྒྱ་རྩ་བརྒྱད་དུ་སྔགས་ཀྱིས་བསྲེག། ཨོཾ་མཱ་ར་ཡ་མཱ་ར་ཡ་ཀཱི་ལ་ཡ་ཀཱི་ལ་ཡ་སརྦྦ་ཤ་ཏྲུཾ་ནཱ་ཤ་ཡ་ཧཱུྃ་ཕཊ། བདག་ཉིད་ཧེ་རུ་ཀར་གྱུར་ཅིང་། །སྐུ་མདོག་སྔོན་པོ་ཐུགས་འཁྲུགས་པས། །དགྲ་རྣམས་ཐམས་ཅད་བརླག་པར་ནི། །སྐད་ཅིག་དེ་ལ་ཐེ་ཚོམ་མེད། །ཕེད་མཛད་འཇིགས་ཤིང་འཇིགས་པར་བྱེད། །ཧ་ཧ་ཞེས་མཛད་འཇིགས་པར་མཛད། །གདུག་པ་ཐམས་ཅད་གསོད་པར་ནི། །སྦྱིན་སྲེག་ཙམ་གྱིས་ཐེ་ཚོམ་མེད། །འདི་ལྟའི་བསད་པའི་སྦྱིན་སྲེག་དང་། །མངོན་སྤྱོད་ཀྱང་ནི་རྙེད་དཀའ་བ། །རྣལ་འབྱོར་ལྷ་མོས་རྟོགས་མིན་ན། །སྔགས་སྐྱེས་ཕལ་ལྟ་སྨོས་ཅི་ ― DKG080_Page_0319 ―
[མ་དཔེ་གཟིགས་ན་འདིར་གནོན།]
དགོས། །དེ་ཕྱིར་སངས་རྒྱས་ཐོད་པ་ཡི། །རྣལ་འབྱོར་ང་རྒྱལ་དང་བྲལ་བས། །ཤིན་ཏུ་མཉམ་པར་གཞག་པའི་སེམས། །ལྷ་རྣམས་ཀྱིས་ཀྱང་རྙེད་པར་དཀའ། །ལྗང་ཁུའི་ཆུ་ཡིས་མེ་ཞི་བྱ། །གང་གིས་བསྲེགས་ཤིང་གང་ཞིག་བསྲེགས། །གང་གི་ཞི་བ་གང་ཞི་བ། །གང་གིས་རྣམ་རྟོག་ཀུན་བཅོམ་པ། །དེ་ཡིས་སེམས་ནི་མགུ་བར་བྱེད། །སངས་རྒྱས་ཐོད་པ་ཞེས་བྱ་བའི་རྣལ་འབྱོར་མའི་རྒྱུད་བླ་ན་མེད་པ་གསང་བའི་ཡང་ཤིན་ཏུ་གསང་བ་ལས་སྦྱིན་སྲེག་གི་ཆོ་གའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་དག་རབ་བཤད་པ། །སྤྱོད་པའི་ལེའུ་ཤིན་ཏུ་རྙེད་དཀའ་བ། །བུད་མེད་ཤིན་ཏུ་མཆོག་གྱུར་དང་། །རྣལ་འབྱོར་གང་གིས་སྤྱོད་ཀུན་བྱེད། །དངོས་གྲུབ་བརྒྱད་དང་ཡང་དག་ལྡན། །དེ་ནས་སྤྱོད་པ་ཡང་དག་བརྩམ། །སེམས་ཅན་དངོས་གྲུབ་གང་གང་འདོད། །དེ་དེའི་དངོས་གྲུབ་རྟག་ཏུ་སྟེར། །ལག་པས་ཐོད་པ་གཟུང་བྱས་ཏེ། །གཅེར་བུ་སྐྲ་གྲོལ་གྱུར་པ་ཡི། །བརྟུལ་ཞུགས་ཅན་གྱིས་སྤྱོད་པས་འཁྱམ། །གང་དང་གང་ཚེ་དེ་ཚེ་དེར། །རྟག་ཏུ་སྤྱོད་པ་ཐམས་ཅད་བྱ། །རྒྱན་རྣམས་ཀུན་ལས་རྣམ་གྲོལ་ཞིང་། །ནམ་མཁའ་དང་མཚུངས་གྱུར་པ་ཡི། །ཤེས་རབ་ཅན་གྱིས་ཁྱིམ་ཁྱིམ་དུ། །སློང་མོ་བྱ་བར་ཐེ་ཚོམ་མེད། །ཡིད་དང་མཐུན་པ་ཀུན་བླངས་ན། །བསམ་གཏན་གནས་སུ་ཐེ་ཚོམ་མེད། །དགའ་བའི་སེམས་ཀྱིས་བསམས་ནས་ནི། །རྣལ་འབྱོར་པ་ཡི་སློང་མོ་བླང་། །ཆོས་ལ་གཞོལ་བའི་རྣལ་འབྱོར་པས། །ཐོད་པའི་སྟེང་དུ་གཞག་པ་ཡི། །རྫས་ནི་དེ་ནས་བཟའ་བར་བྱ། །རྫས་ནི་ཟོས་མ་ཐག་ཏུ་ཡང་། །ཁྱིམ་ཁྱིམ་ཐལ་ཕུང་ཤིང་དྲུང་དང་། །གང་དུ་གང་ཚེ་དེར་དེའི་ཚེ། །གང་གིས་དགའ་བའི་སེམས་དེ་ཡིས། །བློ་གྲོས་ཆེན་པོ་གཉིད་ལོག་ཕྲེང་། །འདི་ལྟའི་སྤྱོད་པའི་སྦྱོར་བ་ཡིས། །ཕྱག་རྒྱ་ཆེན་པོ་ངེས་པར་ཐོབ། །དེ་ལྟར་ཡང་རྒྱུད་ལས་གསུངས་པ། །གང་དུ་ཇི་ལྟར་དེར་དེ་ལྟར། །གང་གིས་དེ་ཡིས་སངས་རྒྱས་ཏེ། །རང་གི་རྣམ་རྟོག་དག་གིས་ཉམས། །མཐའ་དག་རང་བཞིན་རྣམ་པར་དག། སངས་རྒྱས་ཐོད་པ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་བླ་ན་མེད་པ་གསང་བའི་ཡང་ཤིན་ཏུ་གསང་བ་ལས་སྤྱོད་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ ― DKG080_Page_0320 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡང་དག་རབ་བཤད་པ། །གཅིག་ཏུ་སེམས་ཅན་དོན་རབ་ངེས། །གསེར་དུ་ངེས་པར་བྱེད་པའི་ལེའུ། །སློབ་དཔོན་ལ་ནི་རབ་དང་བས། །མུ་ཏིག་དང་ནི་ཉ་ཕྱིས་དང་། །དངུལ་ཆུ་དང་ནི་བྱི་རུ་ཡིས། །གང་གིས་སེམས་ཅན་ནོར་ལྡན་འགྱུར། །འདི་ནི་ཕྱི་ཡི་སྨན་མིན་ཏེ། །ཤུན་ལྤགས་ལོ་མ་མ་ཡིན་ཞིང་། །དངུལ་ཆུ་བཅུད་ལེན་མ་ཡིན་ཏེ། །མུ་ཟི་ལྷང་ཚེར་མ་ཡིན་ཞིང་། །ལྕགས་དང་ཞ་ཉེ་ཟངས་མ་མིན། །ལྕགས་གཞན་དག་ནི་མ་ཡིན་ཏེ། །གྲུབ་པའི་སྨན་གྱི་མཆོག་ཡིན་ནོ། །འདི་ལྟ་བུ་ཡི་ཚིག་ཐོས་ནས། །ཕྱག་ན་རྡོ་རྗེ་སྟོབས་པོ་ཆེས། །ཞབས་ཀྱི་རྡུལ་གྱི་ཆ་བཏུད་ནས། །སེམས་དཔའ་གཅིག་ཏུ་དད་བརྟན་པས། །ལྷ་མོ་ལེགས་སོ་ཞེས་ནི་སྨྲ། །སྨན་གྱི་མཆོག་ནི་གང་ཡིན་ཞིང་། །དངོས་གྲུབ་ཀྱང་ནི་ཇི་ལྟ་བུ། །གུས་པ་ཡིས་ནི་ཉན་པར་འཚལ། །ལྷ་མོ་ཆེན་མོ་ཁྱོད་ཀྱིས་གསུངས། །གྲུབ་པའི་སྨན་གྱི་མཆོག་གང་ལགས། །གང་གིས་སེམས་ཅན་ནོར་ལྡན་འགྱུར། །ཚེ་འཕེལ་བ་ལ་བརྩོན་པ་གང་། །སྔོན་བསྙེན་ལྟོས་པ་མེད་པ་ཡིས། །སྨན་ཆེན་གྲགས་པས་འགྲུབ་པ་གང་། །གང་གིས་རྫས་རྣམས་མང་པོར་འགྱུར། །མོ་ཤམ་བུ་དང་ལྡན་འགྱུར་གང་། །ཡང་དང་ཡང་དུ་མི་འཆི་ཞིང་། །ཤི་ནས་ཡང་དག་འཚོར་འགྱུར་བ། །ལྷ་མོ་ཆེན་མོ་ཁྱོད་ཀྱིས་གསུངས། །བཀའ་སྩལ་པ། ཁྱིམ་འདི་ཉིད་དུ་གནས་པ་ཡི། །སྨན་ཆེན་པོ་ཡིས་འགྲུབ་པ་སྟེ། །དེ་ཡང་སྣོད་བཟང་མཆོག་ལ་འགྲུབ། །བྱིས་པ་རྨོངས་པས་མི་ཤེས་སོ། །བདག་དོན་གཅིག་པུ་ལ་འབབ་ཅིང་། །ཀྱེ་མ་གཅིག་ཏུ་དཀའ་འབད་པས། །ཇི་ལྟར་སེམས་ཅན་དོན་འགྲུབ་འགྱུར། །སྣོད་བཟང་ལ་ནི་གནས་པའི་བཅུད། །ཟེའུ་འབྲུ་གསང་བའི་སྤྱོད་ཡུལ་ཏེ། །རོ་བཅུད་རྩ་ཡི་ནང་གནས་པའི། །སྨན་ཆེན་རོ་བཅུད་མ་རུ་བརྗོད། །གང་གིས་ལྕགས་ནི་གསེར་འགྱུར་བ། །གཅིག་གིས་ཀྱང་ནི་གྲངས་མེད་འགྱུར། །འདི་ལྟ་བུ་ཡི་སྨན་ཆེན་མཆོག། རོ་བཅུད་མ་ནི་དེ་བཞིན་གནས། །རབ་འབྱོར་ཆོ་ག་སྔོན་འགྲོ་བས། །སྨན་གྱི་མཆོག་ནི་འགྲུབ་པར་འགྱུར། །དེར་ནི་ཡང་དག་སྦྱོར་བ་བཤད། །དད་པ་བརྟན་པ་ཡིས་ནི་ཉོན། །མེ་ཏོག་ལྡན་པའི་བུད་མེད་གང་། །གཞོན་ ― DKG080_Page_0321 ―
[མ་དཔེ་གཟིགས་ན་འདིར་གནོན།]
ནུ་ཁ་དོག་ནག་པོ་སྟེ། །རྒྱུད་འདི་ཐོས་པ་དང་ལྡན་ཞིང་། །ངོ་ཚ་མེད་ཅིང་ལྟོས་མེད་མ། །འདོད་པ་ཆུང་ཞིང་སེམས་ཅན་བརྩེ། །དེ་བཞིན་གཤེགས་པ་རྣམས་བསྟེན་ཅིང་། །རྟག་ཏུ་རབ་སྦས་བཙོག་མེད་མ། །འདི་ལྟའི་བུད་མེད་རབ་བླངས་ཏེ། །སྨན་ཆེན་མཆོག་ནི་ཡང་དག་བརྩམ། །སྐྱེས་བུ་ཤིན་ཏུ་ཆགས་ཆེ་ཞིང་། །མྱུར་དུ་བྱང་ཆུབ་སེམས་འབབ་པ། །གང་ཡིན་དེ་ལ་དངོས་གྲུབ་མེད། །འདི་ལྟ་བུ་ཡི་སྨན་ཆེན་པོ། །སངས་རྒྱས་ཀྱིས་ཀྱང་རབ་རྙེད་དཀའ། །ཤིན་ཏུ་བརྟན་པའི་སེམས་ཀྱིས་ནི། །བློ་ལྡན་བུད་མེད་དེ་རྣམས་བསྟེན། །དེ་ལྟར་ཡང་ཞེས་གསུངས་པ། རབ་ཏུ་བརྟན་པ་གཙོ་བོའི་གནས། །ཞེས་ནི་སྒྲུབ་པ་པོ་རྣམས་སྨྲ། །དེ་ཕྱིར་བརྟན་པའི་སེམས་ཀྱིས་ནི། །སྣོད་བཟང་འབྲས་བུ་བསྐུལ་བར་བྱ། །དེར་ནི་མེ་ཏོག་ལྡན་བུད་མེད། །གསེར་གྱི་སྦྱོར་བ་རྙེད་དཀའ་བརྩམ། །གྲུབ་པའི་བཅུད་ཀྱིས་བྱུགས་པ་ཡི། །ཟླ་བ་རང་གི་སྙིང་ཁར་བསམ། །སྔོན་དུ་རི་ཡི་རྒྱལ་པོས་བརྒྱན། །དེར་ནི་ཡི་གེ་ཧྲཱྀཿས་བོན། །སེམས་ཅན་དོན་ལ་གཅིག་ཏུ་འབད། །བློ་ལྡན་དགོས་པ་ཡང་དག་བརྩམ། །ཟངས་མའི་དངོས་པོ་སྲང་གཅིག་བཅས། །ཟླུམ་པོ་སྣོད་བཟང་ལ་བཅུག་སྟེ། །གཡོན་པ་བསྐུམ་པའི་གཡས་ཟུར་གཞག། མེད་ན་ལྕགས་ཀྱང་བྱ་བ་ཡིན། །བརྟན་པའི་སྦྱོར་བའི་སེམས་ཀྱིས་ནི། །དེ་ནས་བློ་ལྡན་ལས་རྣམས་བརྩམ། །རི་རབ་ཟླ་བ་ས་བོན་རྒྱལ། །ཞུ་འགྱུར་ཐེ་ཚོམ་མེད་པ་ཡིན། །སྣོད་བཟང་དེར་ནི་ངལ་བསོས་པས། །འབོ་བའི་སྦྱོར་བས་འཛག་པ་ཉིད། །བཟང་པོས་མྱུར་དུ་རབ་བླངས་ཏེ། །མཁས་པ་ཡིས་ནི་བྱུག་པར་བྱ། །རྡོག་པོ་བྱུགས་པ་ཙམ་གྱིས་ནི། །མེ་ཡི་ནང་དུ་གཞུག་བྱ་ཞིང་། །དེ་ནས་ཤེས་རབ་ཅན་བལྟས་ན། །གསེར་དུ་འགྱུར་བ་ཐེ་ཚོམ་མེད། །དེ་ནི་མ་ཤ་གཅིག་གིས་ནི། །སྲང་བརྒྱ་རུ་ནི་འགྱུར་བ་ཡིན། །དེ་ལྟར་གསེར་གྱི་སྦྱོར་བ་མཆོག། འཇིག་རྟེན་གསུམ་ནའང་རྙེད་པར་དཀའ། །གལ་ཏེ་སྨན་ཆེན་ཚད་མིན་ན། །དེ་ཚེ་སངས་རྒྱས་ཚད་མ་ཡིན། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདིར། །དངོས་པོ་གང་དང་གང་གསུངས་པ། །སངས་རྒྱས་ཐོད་པའི་སྦྱོར་བ་ཡིས། །དེ་དག་ཐམས་ཅད་ ― DKG080_Page_0322 ―
[མ་དཔེ་གཟིགས་ན་འདིར་གནོན།]
བདེན་པར་འགྱུར། །གང་ཞིག་འདི་ཚད་མིན་སྨྲ་བའི། །བློ་གྲོས་ཆེན་པོ་ཐོས་ལྡན་པ། །ཇི་སྲིད་སངས་རྒྱས་བཞུགས་ཀྱི་བར། །དེ་དག་ཐམས་ཅད་དམྱལ་བར་འགྲོ། །སྨན་འདི་ཙམ་གྱིས་མ་གྲུབ་ན། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དང་། །བླ་མེད་རྣལ་འབྱོར་མ་རྣམས་ཀྱི། །དེ་དག་ཐམས་ཅད་བརྫུན་པར་འགྱུར། །མཚམས་མེད་ལྔ་ནི་བྱེད་པ་དང་། །སེམས་ཅན་སངས་རྒྱས་ཆོས་ལ་འཚེ། །སྨན་གྱིས་མཆོག་ནི་འགྲུབ་འགྱུར་བ། །སྐད་ཅིག་དེ་ལ་ཐེ་ཚོམ་མེད། །སེམས་ཅན་དོན་ལ་གཅིག་ཏུ་འབད། །སྒོམ་ལྡན་འགྲུབ་པ་ལྟ་ཅི་སྨོས། །སྨན་མཆོག་གསེར་དང་དངུལ་དུ་འགྱུར། །ཇི་སྲིད་སངས་རྒྱས་ཡེ་ཤེས་ཡོད། །མི་ནི་བསྐལ་པ་བྱེ་བར་འཚོ། །དེ་ནས་ཡང་དག་རབ་བཤད་པ། །མོ་ཤམ་རྣམས་ཀྱི་བུ་མེད་པ། །ཡང་དག་སྦྱོར་བས་བཀྲུས་ཙམ་གྱིས། །སྐད་ཅིག་དེ་ལ་བུ་ལྡན་འགྱུར། །སྔོན་གྱི་གཙོ་བོས་ཇི་སྐད་གསུངས། །ཁྲུས་ཀྱི་ཆོ་ག་རབ་ཏུ་བཤད། །ཁ་དོག་ལྔ་ཡི་རྡུལ་ཚོན་ནམ། །ཡང་ན་རྡུལ་ཚོན་དཀར་པོ་ཡིས། །དཔག་དཀའ་སྐྲག་པར་བྱེད་པ་ཡི། །དཀྱིལ་འཁོར་འཇིགས་པ་བྲི་བར་བྱ། །དེར་ནི་བུམ་པ་ལྟོ་ཆེ་བ། །ཟླུམ་པོ་བཞི་ནི་གཞག་པར་བྱ། །ཤེས་རབ་ཅན་གྱིས་ཆུ་ཡིས་དགང་། །རས་ཀྱིས་ཀྱང་ནི་དཀྲི་བར་བྱ། །རང་གི་ཁྲག་གིས་མཚན་མ་བྲི། །བུད་མེད་མོ་ཤམ་དེ་ཡི་ནི། །ཁམས་ཀྱི་གཙོ་བོ་བླངས་ནས་ནི། །མཁས་པས་བུམ་པའི་ཁ་ལ་བྱུག། དེ་ནས་ཁྲག་འཐུང་གོ་འཕང་ལ། །གནས་པ་བསྒོམ་པའི་མཆོག་ལྡན་པས། །ནག་པོ་དམར་མོ་འཇིགས་ཆེན་པོ། །རྡོ་རྗེ་ཧཱུྃ་ལས་ཡང་དག་བྱུང་། །འཇིགས་པའི་མེ་ལྟར་འཇིགས་བྱེད་པ། །ཞལ་གཅིག་པ་ལ་ཕྱག་བཞི་པ། །བླ་མ་འཇིགས་པའི་གར་བྱེད་ཅིང་། །མཁས་པས་ཧཱུྃ་ནི་སྒྲོགས་བཞིན་པ། །བློ་ལྡན་བུམ་པའི་ནང་དུ་བསམ། །དེ་ནས་རལ་གྲི་འཛིན་པ་ཡི། །སྐྱེས་པ་བཞི་པོ་གྲགས་ཆེན་པོ། །ཁྲོ་བོ་གཞན་གྱི་སེམས་དང་ལྡན། །འཇིགས་ཆེན་སྐྱེས་བུ་དེ་རྣམས་ཀྱིས། །རལ་གྲིས་ནམ་མཁར་བསྣུན་ཅིང་གསོད། །སངས་རྒྱས་ཐོད་པའི་སྦྱོར་བ་དང་། །འདི་ལྟ་བུ་ཡི་སྦྱོར་ལྡན་པས། ། ― DKG080_Page_0323 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་བཞིན་དུ་ནི་བུད་མེད་བཀྲུ། །སྐད་ཅིག་དེ་ལ་བཀྲུས་ཙམ་གྱིས། །བུད་མེད་བུ་དང་ལྡན་པར་འགྱུར། །སངས་རྒྱས་ཐོད་པ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་བླ་ན་མེད་པ་གསང་བའི་ཡང་ཤིན་ཏུ་གསང་བ་ལས་སྨན་ཆེན་པོ་ཁྱད་པར་ཅན་དང་། མོ་ཤམ་གྱི་ཁྲུས་ཀྱི་ཆོ་གའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་དག་རབ་བཤད་པ། །མཁའ་ལྡིང་སྦྱོར་ལས་བྱུང་བའི་ལེའུ། །སྔོན་དུ་གསུངས་པའི་ཆོ་ག་ཡིས། །མཁས་པས་དཀྱིལ་འཁོར་བྲི་བར་བྱ། །བློ་ལྡན་ཧེ་རུ་ཀ་དང་ནི། །ཀུན་ནས་རྣལ་འབྱོར་མ་བརྒྱད་བསྐྱེད། །མཚན་མ་ཕྱག་སོགས་སྔོན་གསུངས་བཞིན། །ཁ་དོག་དཀར་པོ་འབའ་ཞིག་ཉིད། །ཕྱོགས་ཀྱི་རྣལ་འབྱོར་མ་དཀར་ཞིང་། །མཚམས་ཀྱི་དམར་པོ་ཉིད་ཡིན་ནོ། །སྔོན་དུ་གསུངས་པའི་ཆོ་ག་ཡིས། །མཁས་པས་དཀྱིལ་འཁོར་བྱིན་གྱིས་བརླབ། །བུམ་པ་རྣམ་པ་བཞི་པོ་ལ། །སྔོན་གསུངས་ཕྱག་མཚན་བྲི་བར་བྱ། །རིག་པ་འཛིན་པའི་སྦྱོར་བ་ཡིས། །ཕྱིས་ནི་སློབ་མ་རྗེས་སུ་གཟུང་། །སྔོན་གྱི་ཆོ་གས་གསོལ་བཏབ་སྟེ། །སྦྱིན་དང་ཚོགས་ཀྱི་འཁོར་ལོ་དང་། །དེ་ནས་དཀྱིལ་འཁོར་མཆོད་པར་བྱ། །སླར་ཡང་གསང་སྔགས་འདི་ཡིས་ནི། །སློབ་མ་རྗེས་སུ་གཟུང་བར་བྱ། །ས་སྟེངས་ན་ནི་དུས་ཟིན་ལ། །ཅུང་ཟད་གསོ་བར་མི་ནུས་ཏེ། །ནམ་མཁའ་ལྡིང་ཅན་གྱིས་བཏང་ཞིང་། །དུས་སུ་ཟིན་ཅེས་སྨྲ་བ་ནི། །སངས་རྒྱས་ཐོད་པའི་རྣལ་འབྱོར་པ། །བློ་ལྡན་དེ་ནས་ལས་བརྩམ་མོ། །བདག་ཉིད་ཧེ་རུ་ཀར་གྱུར་ཅིང་། །ཀུན་ནས་རྣལ་འབྱོར་མ་བརྒྱད་དེ། །དེ་ཀུན་སྐུ་ནི་དཀར་པོ་རུ། །ཆོ་ག་བཞིན་དུ་སྦྱར་བར་བྱ། །འབྲས་བཏགས་རང་བཞིན་བླངས་ནས་ནི། །རིག་པ་འཛིན་པ་གཉིས་བྱའོ། །ཤིན་ཏུ་མཉམ་པར་གཞག་པ་ཡིས། །དེ་ཡི་ལག་པར་རལ་གྲི་སྦྱིན། །དེ་ཡི་སྙིང་གར་སྔགས་བཞུགས་པ། །འདབ་མ་གང་དང་གང་དེ་ལ། །མར་ཁུ་ཆེ་བྱས་སྣག་ཚ་དང་། །མཁས་པས་སྔགས་ནི་བྲི་བར་བྱ། །ཨོཾ་བུདྡྷ་ཀ་པཱ་ལེ་ནི་ཧྲཱྀཿཨོཾ་ཀ་པཱ་ལ་ནི་བཛྲི་ཎི་ཨཿབི་དྷྭྨ་ས་ཡ་སརྦྦ་ནཱ་ག་ན་ཨུ་ད་པ་ཡ་དྱ་དྷ་ར་ནི། བི་བྷ་བ་ཡ་ཀ་ལ་ད་ཤ་ན། བྷོ་བྷོ་བྷ་ག་བ་ཏི། བུདྡྷ་ཀ་པཱ་ལ་ནཱི། སརྦྦཱ་ན་ཎ་ཀྵ་ཡྃ་ཀ་ ― DKG080_Page_0324 ―
[མ་དཔེ་གཟིགས་ན་འདིར་གནོན།]
རཱི་ཧ་ཧ་ཧ་སྭཱ་ཧཱ། རིག་པ་འཛིན་པའི་སྔགས་སོ། །དེ་ལྟར་ཡོངས་སུ་རྫོགས་ནས་ནི། །འདབ་མ་སྙིང་ཁར་གཞུག་པར་བྱ། །གསང་སྔགས་འདི་དང་ལྕུག་མ་ཡིས། །ལན་བདུན་བར་དུ་སྤྱན་དྲང་ངོ་། །ཨོཾ་བུདྡྷ་ཀ་པཱ་ལི་ནི་གྷ་ཊ་གྷ་ཊ། གྷ་ཌ་གྷ་ཌ་ཧྲི་ཧྲི་ཧཿཧཿཧེ་ཧེཿཧྃ། ལན་བདུན་བསྔགས་པ་ཙམ་གྱིས་ནི། །རིག་པ་འཛིན་པ་རྣམ་པ་གཉིས། །བར་སྣང་དུ་ནི་ལྡིང་འགྱུར་ཏེ། །གཅིག་ནི་དུམ་བུ་དུམ་བུ་རུ། །ས་ལ་ལྟུང་བ་རུ་ནི་འགྱུར། །དུས་ཟིན་འདིར་ལངས་ཐེ་ཚོམ་མེད། །གཞན་ཡང་སྦྱོར་བ་རྙེད་དཀའ་གང་། །པད་སྟེགས་ལ་སོགས་བཅྭ་ལྔ་པོ། །གླེགས་བམ་ལ་ནི་བྲི་མ་བྱས། །བླ་མའི་དྲིན་ལས་ཤེས་པར་བྱ། །སངས་རྒྱས་ཐོད་པ་ཞེས་བྱ་བའི་རྣལ་འབྱོར་མའི་རྒྱུད་བླ་ན་མེད་པ་གསང་བའི་ཡང་ཤིན་ཏུ་གསང་བ་ལས་རིག་པ་འཛིན་པའི་སྦྱོར་བའི་མན་ངག་ངེས་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཕྱག་ན་རྡོ་རྗེས་རྣལ་འབྱོར་མ་སྣ་ཚོགས་སྡེ་མ་ལ་ཡང་དང་ཡང་དུ་ཕྱག་འཚལ་ཏེ། འདི་སྐད་ཅེས་གསོལ་ཏོ། །རྣལ་འབྱོར་མ་ཡི་གཙོར་གྱུར་པ། །ཤེས་རབ་ཆེན་པོའི་ལྷ་མོ་ལེགས། །ཁྱོད་ཀྱིས་གསུངས་པའི་སྦྱོར་བ་གང་། །འཇིག་རྟེན་ན་ཡང་རྙེད་པར་དཀའ། །བདག་གིས་རྒྱུད་ཀུན་མཐོང་མོད་ཀྱི། །སྦྱོར་བ་འདི་དག་རྙེད་པར་དཀའ། །རྒྱུད་འདིར་ཁྱོད་ཀྱིས་གང་གསུངས་པ། །སངས་རྒྱས་ཀུན་གྱིས་མ་བཤད་དོ། །ཨེ་མའོ་སེམས་ཅན་དོན་ལ་བརྩོན། །ཨེ་མའོ་སངས་རྒྱས་ཀུན་སྐྱེད་མ། །ཨེ་མའོ་ཕྱག་རྒྱ་ཆེ་ལ་བརྩོན། །སྔགས་རྣམས་ཀུན་གྱི་རབ་སྦྱོར་མ། །ཤིན་ཏུ་རྙེད་དཀའ་གང་ཡིན་དེས། །རྣལ་འབྱོར་པ་གང་ངོ་མཚར་བ། །སྣ་ཚོགས་བྱེད་འགྱུར་ལྷ་མོ་གསུངས། །དང་པོའི་ལེའུ་གང་གང་གསུངས། །སྦྱོར་དེ་ལྷ་མོས་བདག་ལ་ཤོད། །འདི་ལྟ་བུ་ཡི་ཚིག་གསན་ནས། །རྣལ་འབྱོར་མ་ནི་སྣ་ཚོགས་སྡེ། །བཞད་ཅིང་ཤིན་ཏུ་བཞད་པ་ཡིས། །ལྷ་རྣམས་ཐམས་ཅད་སྐྲག་པ་དང་། །བདུད་སྡེ་ཐམས་ཅད་འབྲོས་པ་དང་། །བགེགས་རྣམས་ཐམས་ཅད་འཇིག་པར་འགྱུར། །ཨེ་མའོ་བཞད་པའི་ངེས་པ་ཡིས། །རྒྱལ་བའི་མཆོག་ཀུན་ངོ་མཚར་རོ། །གསུངས་པ། རྒྱལ་མཚན་ ― DKG080_Page_0325 ―
[མ་དཔེ་གཟིགས་ན་འདིར་གནོན།]
འཕྱང་བ་བླངས་བྱས་ལ། །དེ་ཡི་ཤ་ཡང་བླང་བྱ་ཞིང་། །དེ་ཡི་རྐེད་ཆའི་རུས་པ་ནི། །བླངས་ནས་ཐབ་ཁུང་དུ་ནི་བྱ། །དེ་ཡི་ཐོད་པའི་རྗེས་བཟུང་སྟེ། །རྒྱུས་པ་སྡོང་བུར་བྱས་ཏེ་གཞག། དེ་ཡི་མར་ཁུས་དགང་བྱ་ཞིང་། །ཐབ་ཁུང་གྲུ་གསུམ་སྟེང་དུ་གཞག། གཞན་ཡང་དུད་པ་འབེབས་པ་དང་། །ཇི་སྲིད་དུད་པ་ཆགས་ཀྱི་བར། །སངས་རྒྱས་ཐོད་པའི་རྣལ་འབྱོར་པས། །གསང་སྔགས་འདི་ནི་བཟླས་པར་བྱ། །ཨོཾ་བུདྡྷ་ཀ་པཱ་ལི་ནི་བྷ་ར་བྷ་ར། དྷ་དྷ་ར། དྷ་དྷ་ར། དྷ་རཱ་པ་ཡ་དྷ་རཱ་པ་ཡ། ཤོ་ཥ་ཡ། ཤོ་ཥ་ཡ། ཏ་པ་ཡ་ཏ་པ་ཡ། ཏྲཱྃ་ཏྲཱྃ་ཨོཾ་མྃ་སྃ་ར་དྷཱཾ་ཀུ་རུ་ཀུ་རུ་བྷོ་བྷ་ག་བ་ཏེ་བུདྡྷ་ཀ་པཱ་ལ་སྱ་ཛྙཱ་མ་ལཾ་གྷ་ཡ་ཤཱི་གྷྲཾ་ཀ་ཛ་ལ་པ་ཏཾ། པ་ཏ་ཡ་པ་ཏ་ཡ། ཏྲཱྃ་ཏྲཱྃ་ཨ་ཧཱུྃ་སྟམ་བྷ་ཡ་བྷོ་བྷ་ག་བ་ཏི་ཧཱུྃ་ཨོཾ་ཕཊ། འདི་ལྟར་སྔགས་ཀྱི་རྒྱལ་པོ་ཡིས། །འཇིག་རྟེན་གསུམ་ཡང་སྐེམས་པར་བྱེད། །འབྱུང་པོ་རོ་ལངས་མཁའ་འགྲོ་མ། །སྲིན་པོ་ཤ་ཟ་ལ་སོགས་དང་། །གཞན་ཡང་རུང་སྟེ་བགེགས་དེ་རྣམས། །ཐོས་པ་ཙམ་གྱིས་འབྲོས་པར་འགྱུར། །ཇི་སྲིད་དུད་པ་མ་བབས་པ། །དེ་སྲིད་སྔགས་ནི་བཟླ་བར་བྱ། །དུད་པ་བབས་མ་ཐག་ཏུ་ནི། །ལག་པ་གཉི་གས་གཟུང་བར་བྱ། །དེ་ནས་བློ་ཆེན་རྣལ་འབྱོར་པས། །རོལ་རྩེད་ཕྲེང་བ་བཏུང་བར་བྱ། །བུ་མོ་ལོ་ནི་བཅུ་དྲུག་མ། །ལང་ཚོའི་གཟུགས་ལ་བརྩེ་བ་ཅན། །འདི་ནི་རྣལ་འབྱོར་པ་ཡིས་སྤྱད། །གཅིག་ཏུ་སེམས་ཅན་དོན་འབད་པ། །གཅེར་བུ་སྐྲ་གྲོལ་གྱུར་པ་ཡི། །མཁས་པས་ཧི་ཧིའི་སྔགས་བཏོན་ཏེ། །རོལ་རྩེད་ཕྲེང་མ་བཏུང་བར་བྱ། །དེ་ཡི་རྗེས་ལ་རྩེ་འཇོ་བརྩམ། །ཤིན་ཏུ་བཞད་གྱུར་ཕེད་མཛད་པའི། །བརྩེ་བ་ཆེན་པོའི་ལག་གཡོན་དུ། །དུད་ཆེན་མཆོག་ནི་གཞག་པར་བྱ། །སྦྱོར་བ་ལ་ནི་མཁས་པ་ཡིས། །ཕྱིས་ནི་བགས་ཀྱིས་བྱ་བ་བྱ། །པདྨ་ལས་བྱུང་རྫས་གང་ཞིག། དེ་ཉིད་ཀྱིས་ནི་དུད་པ་མཉེ། །མིང་མེད་མཐེ་བོས་མེ་ཏོག་སྦྱིན། །རིལ་བུ་བརྒྱ་དང་རྩ་བརྒྱད་བྱ། །རིལ་བུ་རེ་རེ་རེ་རེ་ལ། །གསང་སྔགས་བརྒྱ་དང་རྩ་བརྒྱད་བཟླ། །ཨོཾ་བུདྡྷ་ཀ་པཱ་ལི་ནི་ཏྲཱྃ་ཧྲཱྀཿཧཱུྃ་ཕཊ། འཇིག་རྟེན་གསུམ་ན་རྙེད་དཀའ་ཞིང་། །རྒྱུད་རྣམས་ཀུན་ཏུ་རྙེད་དཀའ་བ། །རྣལ་འབྱོར་ ― DKG080_Page_0326 ―
[མ་དཔེ་གཟིགས་ན་འདིར་གནོན།]
མས་ཀྱང་རྙེད་དཀའ་བའི། །སྔགས་འདི་ཡིས་ནི་དུད་པ་བསྒྲུབ། །སྲིན་ལག་གི་ནི་སོར་མོ་ཡིས། །མིག་ལ་དུད་པ་བྱུགས་ཙམ་གྱིས། །སྟོང་གསུམ་རྡུལ་ཕྲན་ལྟ་བུ་ཡི། །སངས་རྒྱས་ཐམས་ཅད་མཐོང་བར་འགྱུར། །དཔག་ཚད་འབུམ་ཕྲག་བརྒྱད་ཅུ་ཡི། །སྟེང་དང་འོག་ནི་མཐོང་བར་འགྱུར། །ལག་པ་གཡོན་པས་མཉེས་ཙམ་གྱིས། །སྐད་ཅིག་དེ་ལ་རྣལ་མར་འགྱུར། །མཛུབ་མོས་བྱུགས་པ་ཙམ་གྱིས་ནི། །རྒྱུ་དང་མི་རྒྱུ་མཐོང་འགྱུར་ཏེ། །འབྱུང་པོ་ཡི་དགས་ཤ་ཟ་དང་། །གཞན་ཡང་གྲུབ་པ་རྣམས་དང་ནི། །དཔག་ཚད་བྱེ་བ་སྟོང་ཕྲག་གི། །སྟེང་དང་འོག་ནི་མཐོང་བར་འགྱུར། །ལག་པ་གཡོན་པས་མཉེས་ཙམ་གྱིས། །རྣལ་མར་འགྱུར་བར་ཐེ་ཚོམ་མེད། །གུང་མོས་བྱུགས་པ་ཙམ་གྱིས་ནི། །ཤིན་ཏུ་ངོ་མཚར་བྱེད་འགྱུར་ཏེ། །ཕེག་བརྡབས་བདུན་གྱི་སྒྲ་ཚད་དུ། །ནག་པོ་འབར་བྱེད་རྩེ་མོ་ཡིས། །སྤྲིན་རྣམས་ཐམས་ཅད་འཐོར་བར་འགྱུར། །འདི་ལྟའི་དུད་པ་རྙེད་པར་དཀའ། །ལག་པ་གཡོན་པས་མཉེས་ཙམ་གྱིས། །སྐད་ཅིག་དེ་ལ་མི་རུ་འགྱུར། །མཐེ་བོང་གིས་ནི་དུད་པ་ཡི། །བདག་ཉིད་ཆེན་པོ་བྱུགས་ཙམ་གྱིས། །གཟུགས་བརྙན་མཚན་མ་རི་དང་ཤིང་། །གཞན་དག་གང་ཡང་རུང་བ་རྣམས། །ཁྲོ་བོའི་ལྟ་བས་བལྟས་ཙམ་གྱིས། །དུམ་བུ་སྟོང་དུ་འགྱུར་བ་ཡིན། །གཡོན་པས་མཉེས་པ་ཙམ་གྱིས་ནི། །རྣལ་མར་འགྱུར་བར་ཐེ་ཚོམ་མེད། །མཐེའུ་ཆུང་གིས་ནི་མིག་བྱུགས་ན། །སྐད་ཅིག་དེ་ལ་མི་སྣང་འགྱུར། །སངས་རྒྱས་ཀྱིས་ཀྱང་གཟིགས་མི་འགྱུར། །སྐད་ཅིག་སུམ་ཅུ་གསུམ་དུ་འཁོར། །མཛོད་དང་བུད་མེད་རྫས་ཉིད་དང་། །དངོས་པོ་གང་དང་གང་འདོད་པ། །དུད་པའི་བདག་ཉིད་ཆེན་པོ་ཡིས། །སྐད་ཅིག་དེ་ལ་འཕྲོག་པར་འགྱུར། །འདི་ལྟ་བུ་ཡི་དུད་མཆོག་གི། །སྦྱོར་བ་སྣ་ཚོགས་ལེགས་པར་བཤད། །དེ་ནི་མིག་ལ་བྱུགས་ཙམ་གྱིས། །རང་གི་གཟུགས་ནི་བསྒྱུར་བར་བྱེད། །དུད་པ་འདི་ནི་བྱུགས་ཙམ་གྱིས། །རིག་པ་འཛིན་པའི་གཙོ་བོར་འགྱུར། །བྱ་རོག་འུག་པ་བྱ་རྒོད་དང་། །སྦྲུལ་དང་ཁྱི་དང་ཅེ་སྤྱང་དང་། །སྟག་དང་གུང་དང་བྱི་ལ་དང་། ། ― DKG080_Page_0327 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྦྲང་བུ་གླང་པོ་བོང་བུ་རུ། །དེ་ལྟར་དུད་པ་ཆེན་པོ་ཡིས། །སྣ་ཚོགས་པ་ཡི་ལས་བྱེད་པའོ། །ཀུན་ལ་ལས་ཀུན་ཡོད་མོད་ཀྱི། །སྦྱོར་བ་འབའ་ཞིག་རྙེད་པར་དཀའ། །སྦྱོར་བ་གླེགས་བམ་ལ་མ་བྲིས། །བླ་མའི་ཞལ་ནས་ཤེས་པར་བྱ། །དེ་ནས་ཡང་དག་རབ་བཤད་དེ། །སྦྱོར་བ་ཤིན་ཏུ་རྙེད་དཀའ་བ། །སྔགས་དང་རུས་པའི་སྦྱོར་བ་ཡིས། །རྟག་ཏུ་སྣ་ཚོགས་ལས་བྱེད་དོ། །གླང་པོའི་རུས་པས་བསད་པའི་སྦྱོར་བ་བྱའོ། །ཨོཾ་བུདྡྷ་ཀ་པཱ་ལི་ནཱི་ཧྲཱྀཿཧཱུྃ། རྟ་ཡི་རུས་པས་བསྐྲད་པ་རྙེད་པར་དཀའ་བ་བྱའོ། །ཨོཾ་བུདྡྷ་ཀ་པཱ་ལི་ནཱི་ཁྃ་ཧྲཱྀཿཧཱུྃ་ཕཊ། བ་ལང་གི་རུས་པས་དགྲའི་སྙིང་གར་ཕུར་བུ་གདབ་པར་བྱའོ། །ཨོཾ་བུདྡྷ་ཀ་པཱ་ལི་ནཱི་ཏྲཱྃ་ཧྲཱྀཿ། ཁྱིའི་རུས་པས་རེངས་པ་ཆེན་པོ་བྱ་བར་གསུངས་སོ། །ཨོཾ་བུདྡྷ་ཀ་པཱ་ལི་ནཱི་ཨཱཿཧཱུྃ་ཕཊ། རུས་པ་ཆེན་པོས་ནི་དགུག་པར་བྱའོ། །ཨོཾ་བུདྡྷ་ཀ་པཱ་ལི་ནཱི་ཧྲཱྀཿབཽ་ཥཊ། བོང་བུའི་རུས་པས་རྨོངས་པར་བྱའོ། །ཨོཾ་བུདྡྷ་ཀ་པཱ་ལི་ནཱི་བྲུཾ་ཧཱུྃ། འུག་པའི་རུས་པས་དབང་དུ་བྱའོ། །ཨོཾ་བུདྡྷ་ཀ་པཱ་ལི་ནཱི་ཏྲཱྃ་ཧྲཱྀ་ཿཧཱུྃ། བྱ་རྒོད་ཀྱི་རུས་པས་དབྱེ་བར་བྱའོ། །ཨོཾ་བུདྡྷ་ཀ་པཱ་ལི་ནཱི་ཧཱཿཕཊ་ཧཱུྃ། བོང་བུའི་རུས་པས་རེངས་པར་བྱའོ། །ཨོཾ་བུདྡྷ་ཀ་པཱ་ལི་ནཱི་བཛྲི་ཎི་ཏྲཾ། ཅེ་སྤྱང་གི་རུས་པས་གཡུལ་ལས་རྒྱལ་བར་བྱེད་དོ། །ཨོཾ་བུདྡྷ་ཀ་པཱ་ལི་ནཱི་བྷ་ག་བ་ཏི་དྷ་ར་དྷ་ར་ཧ་ཧེ་ཧོ་ཧ་ཧ། མ་ཧེའི་རུས་པས་དགའ་ཞིང་རྩེ་བས་ལོ་བཅུ་གཉིས་སུ་ཉིན་དང་མཚན་དུ་དེའི་བྱང་ཆུབ་སེམས་མི་ལྟུང་ངོ་། །ཨོཾ་བུདྡྷ་ཀ་པཱ་ལི་ནཱི་ར་མ་ར་མ་ཀྲི་ཊ་ཀྲི་ཊ་ཧ་ཧ། སྦྲུལ་གྱི་རུས་པས་ཤིང་རྩད་ནས་འདོན་ནོ། །ཨོཾ་བུདྡྷ་ཀ་པཱ་ལི་ནཱི་ཏ་ཊ་ཏ་ཊ། ཏྲ་ཏ་ཡ་ཏྲ་ཏ་ཡ། མ་ཏ་སྥོ་ཊ་ཡ་སྥོ་ཊ་ཡ། ཨུ་ཊ་ཡ་ཧཱུྃ་ཕཊ། སྟག་གི་རུས་པས་རི་འདེགས་པར་བྱེད་དོ། །ཨོཾ་བུདྡྷ་ཀ་པཱ་ལི་ནཱི། གྷ་ར་གྷ་ར། མ་ཊ་མ་ཊ་ཏྲ་ཊ་ཡ་ཏྲ་ཊ་ཡ། གྷ་ཊཱ་པ་ཡ་གྷ་ཊཱ་པ་ཡ། སྥོ་ཊ་སྥོ་ཊ་མོ་ཊ་མོ་ཊ་ཡ་སཾ་ཀྲ་མ་ཡ་ཧྲཱྀཿཧཱུྃ་ཏྲཾ་ཕཊ། ལྕགས་ཀྱུས་ནི་ནགས་སྟུག་པོ་སྟོང་པར་བྱེད་དོ། །ཨོཾ་བུདྡྷ་ཀ་པཱ་ལི་ནཱི་བཛྲེ་ནཱ་ཤ་ཡ་མཱ་ར་ཡ་གྷུ་ཊ་གྷུ་ཊི་ནི་སརྦྦ་བི་ན་ཡ་ཏི་ན་ཧྲི་ཡེ་ཡཾ་ཏ་ཌ་ཡ་བྷི་ཏྲཱ་པ་ཡ་ཙ་མཾ་ཙ་མཾ། བྷྲ་མ་ཡ་བྷྲ་མ་ཡ། བྷོ་བྷ་ག་བ་ཏི་ཨྃ་ཨྃ་ཏཊ་ ― DKG080_Page_0328 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཧཱུྃ་ཕཊ། སེམས་གཅིག་དྲི་མེད་མེ་ལོང་བཞིན། །གང་བསམས་དེ་ཡང་གཟུགས་བརྙན་དང་། །རྨི་ལམ་ལྟ་བུར་ཤེས་མོད་ཀྱི། །འོན་ཀྱང་རྣམ་པར་རྟོག་པས་བཟུང་། །སངས་རྒྱས་ཐོད་པ་ཞེས་བྱ་བའི་རྣལ་འབྱོར་མའི་རྒྱུད་བླ་ན་མེད་པའི་གསང་བའི་ཡང་ཤིན་ཏུ་གསང་བ་ལས་སྔགས་སྣ་ཚོགས་ཀྱི་རབ་ཏུ་སྦྱོར་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་དག་རབ་བཤད་པ། །རྣམ་དག་ལེའུ་རབ་རྙེད་དཀའ། །ནེ་ནེ་མོ་དང་ཚ་མོ་དང་། །མ་དང་བུ་མོ་ཆུང་མ་ཉིད། །གལ་ཏེ་ཕྱག་རྒྱ་ཆེ་འདོད་ན། །ཤེས་རབ་ཅན་གྱིས་འདི་དག་སྤྱད། །གཡུང་མོ་དང་ནི་གར་མཁན་མ། །ཁྲུས་མཁན་མ་དང་གཏུམ་མོ་ཡི། །བུ་མོ་ཀོ་བ་བྱེད་པར་གསུངས། །བློ་དང་ལྡན་པས་འདི་དག་སྤྱད། །དེ་ལྔ་རྣལ་འབྱོར་མ་ཡི་མཆོག། དེ་ནས་ཡང་དག་རབ་བཤད་པ། །མ་དག་པ་ཡི་སེམས་སྦྱང་ཕྱིར། །མིག་ནི་སྲིང་མོར་གྱུར་པ་སྟེ། །རྣ་བ་ཚ་མོ་ཉིད་ཡིན་ནོ། །སྣ་ནི་མ་རུ་འགྱུར་བ་སྟེ། །ལྕེ་ནི་བུ་མོ་ཉིད་ཡིན་ནོ། །ཡིད་ནི་ཆུང་མར་འགྱུར་བ་སྟེ། །ལྔ་པོ་དེ་རྣམས་མཆོག་ལྷ་མོ། །ཕྱག་རྒྱ་ཆེན་པོ་རབ་སྟེར་མའོ། །གཏི་མུག་གར་མཁན་མ་རུ་འགྱུར། །ཞེ་སྡང་གཡུང་མོ་ཉིད་ཡིན་ནོ། །འདོད་ཆགས་ཁྲུས་མཁན་མ་ཡིན་ཏེ། །ང་རྒྱལ་གཏུམ་མོ་ཉིད་ཡིན་ནོ། །ཕྲག་དོག་ཀོ་བ་བྱེད་མའོ། །ལྔ་པོ་དེ་རྣམས་བུད་མེད་མཆོག། གཟུགས་ལས་གཏི་མུག་སྐྱེ་བ་སྟེ། །སྒྲ་ལས་ཞེ་སྡང་སྐྱེ་བ་ཡིན། །དྲི་ལ་ལོངས་སྤྱད་པས་འདོད་ཆགས། །རོ་ལས་ང་རྒྱལ་ཉིད་ཡིན་ཏེ། །རེག་བྱ་ལས་ནི་ཕྲག་དོག་སྐྱེ། །སེམས་ཀྱི་དག་པ་ཉིད་ཡིན་ནོ། །དེ་ཕྱིར་རྣལ་འབྱོར་བློ་ཆེན་གྱིས། །ཤིན་ཏུ་སྦྱོར་བའི་སེམས་ཀྱིས་ནི། །སྐྱེས་འདིར་དངོས་གྲུབ་མ་ཐོབ་ཀྱང་། །སྐྱེ་གཞན་སྲིད་པར་དངོས་གྲུབ་འཐོབ། །ཇི་ལྟར་དངོས་པོ་མེད་པར་བསྒོམ། །ཇི་ལྟར་དངོས་པོ་བསྒོམ་པར་བྱ། །དངོས་པོ་བསྒོམ་བྱ་ཇི་ལྟར་འགྱུར། །སྲིང་མོའི་གཟུགས་ནི་ཇི་ལྟར་ཡིན། །དཀར་མོ་ལྗང་ཁུ་སྔོན་མོའི་མདོག། འདི་ལྟའི་གཟུགས་དང་ལྡན་ ― DKG080_Page_0329 ―
[མ་དཔེ་གཟིགས་ན་འདིར་གནོན།]
པར་ནི། །དག་པའི་སེམས་ཀྱིས་བལྟ་མི་བྱ། །ཚ་མོས་ཇི་ལྟར་སྒྲ་ཐོས་པའི། །སྒྲ་གྲག་པ་ནི་རྣམ་གསུམ་ཉིད། །འདི་ལྟའི་སྦྱོར་དང་ལྡན་པར་ནི། །དག་པའི་སེམས་ཀྱིས་མཉན་མི་བྱ། །རབ་སྦས་སྐྱེད་མ་གང་ཡིན་དེས། །དྲི་ནི་རྣམ་པ་གསུམ་བལྟས་པ། །ལྟ་མིན་ཡིད་དང་ལྡན་པ་ལ། །ཇི་ལྟར་འདོད་ཆགས་སྐྱེ་བར་འགྱུར། །ལྕེ་དང་ལྷན་ཅིག་ལོངས་སྤྱོད་རྫས། །རོ་དྲུག་མྱངས་པ་ཅི་འདྲ་བ། །མྱངས་པས་ལོངས་སྤྱོད་ལྡན་པ་ཡི། །མྱངས་པའི་གཟུགས་ནི་ཇི་ལྟ་བུ། །ཡིད་ཀྱིས་ལོངས་སྤྱོད་དགའ་བ་དེ་ཉིད། །ཡིད་ཀྱིས་གཉི་ག་སྤྱད་པས་བདེ། །དེར་ནི་རྟག་པ་ཡོད་མ་ཡིན། །དངོས་པོ་ལས་ནི་དངོས་མེད་ཡོད། །དངོས་མེད་ལ་ཡང་དངོས་པོ་ཉིད། །དངོས་དང་དངོས་མེད་གཉི་ག་སྟོང་། །འདི་དག་སེམས་ཀྱི་དག་པ་ཉིད། །དེ་ནས་གཞན་ཡང་རབ་བཤད་པ། །ཕྱི་ཡི་ལུས་ནི་སྦྱང་ཕྱིར་རོ། །ལྟ་དང་ལྡན་པ་སྙིང་རྗེ་སྟེ། །འཁྱུད་པ་བྱམས་པར་འགྱུར་བའོ། །དྲུད་པའི་སྦྱོར་བའི་བདག་ཉིད་ནི། །དགའ་བ་ཡན་ལག་མ་ཡི་མཆོག། གཉི་ག་འདུས་ལས་གང་འཇོག་པ། །དེ་ནི་བདག་གིས་བཏང་སྙོམས་གསུངས། །དེ་ལྟར་དངོས་པོའི་སྦྱོར་ལྡན་པ། །ཇི་ལྟར་འདོད་ཆགས་ཀྱིས་འཆིང་འགྱུར། །མཐོང་བ་ལས་ནི་འདོད་ཆགས་སྐྱེ། །འཁྱུད་ལས་འབྲས་བུ་ཅུང་ཟད་ཙམ། །དྲུད་པ་ལས་ནི་དགའ་བ་སྐྱེ། །ཀུན་གྱི་མཐའ་མར་དགའ་བྲལ་ལོ། །དེ་ལྟར་དགའ་དང་དགའ་བྲལ་འབྲས། །ཁམས་གསུམ་པ་ལས་སྐྱེ་བར་འགྱུར། །རབ་དགའ་སེམས་ཀྱི་སྦྱོར་བ་ཡིས། །དངོས་པོ་གསུམ་གྱིས་འཆིང་མི་འགྱུར། །བཟའ་དང་བཏུང་བ་གང་ཅིའང་རུང་། །བདེ་བ་འབབ་པའི་ཁ་ཟས་རྣམས། །དེ་ཀུན་བཤང་དང་གཅི་སོགས་སུ། །རྣལ་འབྱོར་རིག་པས་རྟག་ཏུ་བརྟག། གང་ཅི་རུང་བའི་དགའ་རྩེ་འཇོ། །འཁྱུད་པ་དང་ནི་འོ་བྱེད་དང་། །ཉེད་དང་འཚིར་བ་ཉིད་ཀྱིས་ནི། །ཕྱག་རྒྱ་ཆེན་པོའང་མཐོང་བར་འགྱུར། །འདི་ལྟའི་བསྒོམ་དང་ལྡན་པས་ནི། །འདི་རུ་འགྲུབ་པར་ཐེ་ཚོམ་མེད། །རྣལ་འབྱོར་མ་ལྔས་སངས་རྒྱས་ཀྱི། །དཔལ་དང་ཕྱག་རྒྱ་ ― DKG080_Page_0330 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཆེར་སྟེར་བྱེད། །རྣལ་འབྱོར་པ་ཡིས་དེ་མཆོད་ན། །འདོད་པ་རྣམས་ཀྱིས་གོས་མི་འགྱུར། །ཕྲག་དོག་ལ་སོགས་ཀྱིས་སྦགས་ཀྱང་། །དེ་ལ་ཉེས་པས་གནོད་པ་མེད། །རྣལ་འབྱོར་པ་ཡི་མཆོག་དེ་ཉིད། །སྲིད་པའི་ཉེས་པས་གོས་མི་འགྱུར། །ཇི་སྲིད་ཁམས་ནི་ཕྱི་མི་གསོར། །སངས་རྒྱས་སྐུ་སྲིད་སྡིག་དང་བྲལ། །བྱང་ཆུབ་སེམས་ནི་འཛག་མེད་པ། །གང་ཚེ་ཕུན་སུམ་ཚོགས་པའི་ཤིང་། །སངས་རྒྱས་ཐོད་པ་ཞེས་བྱ་བའི་རྣལ་འབྱོར་མའི་རྒྱུད་བླ་ན་མེད་པ་གསང་བའི་ཡང་ཤིན་ཏུ་གསང་བ་ལས་སེམས་རྣམ་པར་དག་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་དག་རབ་བཤད་པ། །སྣ་ཚོགས་སྡེ་མས་བསྔགས་པའི་ལེའུ། །དེ་ལྟར་ཕྱག་ན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། རི་རབ་ཀྱི་རྡུལ་ཕྲ་རབ་སྙེད་དང་མཚུངས་པའི་རྣལ་འབྱོར་མ་རྣམས་སྤྱན་དྲངས་ཤིང་མགུ་བའི་སེམས་ཀྱིས་སྣ་ཚོགས་སྡེ་མ་ལ་བཏུད་དེ་བསྟོད་པ། །ཨེ་མའོ་བཅོམ་ལྡན་འདས་ལྷ་མོ། །སངས་རྒྱས་ཐམས་ཅད་སྐྱེད་བྱེད་མ། །དཔལ་དང་གྲགས་པ་ཆེ་ཞིང་འཇིགས། །སེམས་ཅན་ཀུན་ལ་ཕན་མཛད་མ། །ལྷ་མོ་སྙིང་རྗེ་ཆེ་ལྡན་མ། །ཕྱག་རྒྱ་ཆེན་པོ་བློ་ཆེན་མ། །དོན་ཆེན་འབྲས་བུ་སྟོན་མཛད་མ། །སངས་རྒྱས་ཐོད་པ་ཡི་ནི་རྒྱུད། །རྡོ་རྗེ་འཆང་གིས་སྦས་པ་དང་། །སངས་རྒྱས་རྣམས་ཀྱིས་མ་གསུངས་ཤིང་། །བྱང་ཆུབ་སེམས་དཔའི་ཡུལ་མིན་པ། །གསུང་གཅིག་གིས་ནི་གསལ་མཛད་དེ། །དེ་ནི་ལྷ་མོ་ཁྱོད་ཀྱིས་གསུངས། །ཨེ་མའོ་སྣོད་ཆེན་ལྷ་མོ་ཁྱོད། །རྣལ་འབྱོར་མ་ཀུན་བསྡུས་བྱས་པ། །དེ་བཞིན་གཤེགས་ཀུན་ཡུལ་མིན་པ། །རྙེད་དཀའི་དངོས་གྲུབ་གང་ཡིན་པ། །དེ་ནི་ལྷ་མོས་གསལ་བར་མཛོད། །གསུངས་པ། རྣལ་འབྱོར་མ་ནི་ཐམས་ཅད་ཉོན། །བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། །འདོད་ཆགས་བྲལ་དང་བདག་ཆེན་ཉོན། །སངས་རྒྱས་དེ་བཞིན་གཤེགས་པ་ཉོན། །ཀླུ་དང་ལྷར་བཅས་མི་རྣམས་ཉོན། །རྒྱུད་རྒྱལ་འདི་ནི་བཀླགས་ཙམ་གྱིས། །བསོད་ནམས་གང་ཡིན་ ― DKG080_Page_0331 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ཀུན་གྱི། །བསོད་ནམས་རྗེས་རང་ཡོངས་སུ་བསྔོ། །ཕྱག་རྒྱ་ཆེན་པོའི་དོན་དུ་ནི། །སངས་རྒྱས་ཡོན་ཏན་རྣམ་པ་དབུལ། །སྔགས་དོན་ཟབ་མོ་རྣམས་དང་ནི། །སྦྱོར་བ་ཤིན་ཏུ་རྙེད་དཀའ་བ། །གང་ཞིག་གསལ་བྱས་བདག་བཟོད་མཛོད། །ཤིན་ཏུ་སྦས་པའི་ཡུལ་དེ་ཡང་། །སེམས་ཅན་དོན་དུ་གསལ་བྱས་པས། །རྒྱལ་བའི་མཆོག་རྣམས་བདག་བཟོད་མཛོད། །དེ་ནས་ཡང་དག་རབ་བཤད་པ། །སྔགས་ཀྱི་བཟླས་པ་སྟོབས་པོ་ཆེ། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །སངས་རྒྱས་ཐོད་སྦྱོར་བཟང་པོ་བཟླ། །ཨོཾ་ཧྲཱྀཿབུདྡྷ་ཧཱུྃ་ཀ་པཱ་ལི་ནཱི་ཨཱཿའཇུག་པ་ལ་ཨོཾ། འབྱུང་བ་ལ་ཧྲཱྀཿགནས་པ་ལ་བུདྡྷ། བདེ་བ་ལ་ཧཱུྃ། ནུབ་པ་ལ་ཀ་པཱ་ལི་ནཱི། ལྡང་བ་ལ་ཨཱཿའོ། །དེ་ལྟར་བཟླས་པ་རབ་རྙེད་དཀའ། །སངས་རྒྱས་ཐོད་པའི་སྦྱོར་ཆུད་བཟླ། །དེ་ལྟར་ཡིད་ཀྱི་བཟླས་ལྡན་པས། །དངོས་གྲུབ་འཐོབ་པར་ཐེ་ཚོམ་མེད། །ཨོཾ་བུདྡྷ་ཀ་པཱ་ལི་ནཱི་ཨཱཿཧྲཱྀཿཧེཿཧཱུྃ་ཕཊ། སྙིང་པོའི་སྔགས་སོ། །ཨོཾ་བུདྡྷ་ཀ་པཱ་ལི་ནཱི་བཛྲི་ཎི་ཧོ་ཧཱུྃ། ཨ་དུར་ལ་ཀྵེ་ཧཱུྃ་ཕཊ། ཉེ་བའི་སྙིང་པོའི་སྔགས་སོ། །དེ་ནས་ཡང་དག་རབ་བཤད་པ། །དབང་དུས་ཆོ་ག་ཇི་བཞིན་དུ། །སློབ་མ་དད་བརྟན་གང་ཞིག་གིས། །ཤེས་རབ་མ་ལ་གསོལ་བ་གདབ། །དྲི་ཞིམ་པ་ཡི་དངོས་པོ་ཡིས། །མཎྜལ་རྣམ་པ་ལྔ་བྱས་ཏེ། །སངས་རྒྱས་ཀུན་གྱིས་བརྒྱན་བྱས་པ། །ལྷ་མོ་ཆེ་ལ་གསོལ་བ་གདབ། །ཞལ་དུ་བཟའ་བའི་རྫས་མཆོག་བསྟབ། །རྫས་དེ་རྣམས་ནི་གསོལ་བ་དང་། །ཡིད་ནི་ཚིམ་ཞིང་ཐུགས་དགྱེས་སོ། །ལྷ་མོ་དགྱེས་པར་མཐོང་ནས་ནི། །ཚིག་འདི་དག་གིས་སྨྲ་བར་བྱེད། །རྣམ་པར་རྟོག་པ་མང་པོ་ཡིས། །གཡོགས་པའི་བག་ཆགས་རབ་ལྡན་པ། །འཁོར་བའི་འདམ་དུ་བྱིང་བ་བདག། མཛེས་མ་ཁྱོད་ཀྱིས་སྐྱོབ་པར་མཛོད། །གྲགས་ཆེན་སྙིང་རྗེ་ལྡན་པ་ཡི། །ལྷ་མོ་དེ་ནི་ཞི་བར་མཛོད། །དེར་ནི་རྒྱན་རྣམས་ཐམས་ཅད་དང་། །ལྷབ་ལྷུབ་རྒྱན་རྣམས་དབུལ་བར་བྱ། །དད་པ་བརྟན་པའི་སེམས་ཀྱིས་ནི། །དེ་ནས་བདག་ཉིད་དབུལ་བར་བྱ། །སྣ་ཚོགས་ཟས་ ― DKG080_Page_0332 ―
[མ་དཔེ་གཟིགས་ན་འདིར་གནོན།]
དང་སྣ་ཚོགས་བཏུང་། །དེ་ཡི་མདུན་དུ་དབུལ་བར་བྱ། །གང་གིས་ཤེས་རབ་མ་མཉེས་པ། །སངས་རྒྱས་ཐམས་ཅད་ཀྱིས་ནི་མཆོད། །འདི་ཉིད་ལ་ནི་སངས་རྒྱས་བཞུགས། །གཞན་ཡང་དངོས་གྲུབ་གཙོ་བོ་དང་། །སྙིང་རྗེ་ལྡན་པ་གཞན་གང་ཞིག། མཁའ་འགྲོ་མ་ཀུན་འདི་ལ་བཞུགས། །གང་དུ་དབང་པོ་འགགས་གྱུར་པ། །བདག་རྟོག་རང་བཞིན་ཉམས་པ་སྟེ། །ཀྱེ་དེ་ལྷན་ཅིག་སྐྱེས་དགར་འགྱུར། །བླ་མའི་ཞལ་སྔར་གསལ་བར་ཞུས། །གང་ཞིག་འཆར་དུས་ཚེ་ན་དབང་པོ་དང་། །ཡུལ་མཉམ་ནུབ་གྱུར་དེ་ལ་ཕྱག་འཚལ་ལོ། །མཁས་པ་རྣམས་ཀྱི་སྙིང་སྦས་སུ་སད་པ། །ཕྱིས་ནི་མངོན་དགའ་རྒྱལ་བའི་མཛེས་སྐུ་གཅིག། སངས་རྒྱས་ཐོད་པ་ཞེས་བྱ་བའི་རྣལ་འབྱོར་མའི་རྒྱུད་བླ་ན་མེད་པ་གསང་བའི་ཡང་ཤིན་ཏུ་གསང་བ་ལས་སྔགས་ཀྱི་བཟླས་པ་དང་། ཤེས་རབ་མ་ལ་གསོལ་བ་གདབ་པ་དང་། རྒྱུད་ཐམས་ཅད་ཀྱི་གླེང་གཞིའི་ལེའུ་སྟེ་བཅུ་བཞི་པའོ།། །།འདི་གསུངས་ནས་སྣ་ཚོགས་སྡེ་མ་ལ་སོགས་པའི་རྣལ་འབྱོར་མ་ཐམས་ཅད་དང་། ཕྱག་ན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་རང་རང་གི་གནས་ན་འདུག་སྟེ། ཅིའང་མི་གསུང་བར་བཞུགས་སོ། །སངས་རྒྱས་ཐོད་པ་ཞེས་བྱ་བའི་རྒྱུད་རྣལ་འབྱོར་མ་ཆེན་མོས་གསུངས་པ་མཆོག་ཏུ་གསང་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་ག་ཡ་དྷ་ར་དང་། བོད་ཀྱི་ལོཙྪ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །། |