ཁྲོས་མའི་སྒྲུབ་ཐབས་ཆོ་ག་དངོས་གྲུབ་གཏེར་མཛོད་ལས་སྨད་ལས་དགྲ་བགེགས་ཚར་གཅོད་གནམ་ལྕགས་ཐོལ་མདེལ།
ཁྲོས་མའི་སྒྲུབ་ཐབས་ཆོ་ག་དངོས་གྲུབ་གཏེར་མཛོད་ལས་སྨད་ལས་དགྲ་བགེགས་ཚར་གཅོད་གནམ་ལྕགས་ཐོལ་མདེལ་བཞུགས་སོ༔
མ་གཅིག་ཁྲོས་མ་ནག་མོ་ལ་ཕྱག་འཚལ་ལོ༔ ཚོགས་ཕུད་གྷ་ན་ཙཀྲ་སོགས་ཡིག་བརྒྱ་སོང་བའི་རྗེས་སུ་འདིར་གཏོར་ཟློག་བྱེད་པར་འདོད་ན༔ ལྕགས་སམ་དྲག་པོའི་སྣོད་ནང་དུ༔ མདོས་གདན་གྲུ་བཞི་གཉིས་བརྩེགས་སྟེང་༔ གཙོ་མོའི་གཏོར་མ་ཟུར་གསུམ་ཆེ་བ་ཕག་མགོས་མཚན་པ་ལ༔ རྩོང་ཉེར་གཅིག་གམ་དབུ་ཕྱག་གི་གྲངས་དང་ལིང་དང་ཤ་ཁྲག་གིས་བརྒྱན་པ༔ ནང་གི་གྲུ་བཞི་ལ་བཞི༔ གཉིས་པ་ལ་བཞི་དང་གཙོ་འཁོར་དགུའམ་བཅུ་གང་ཡིན་མཐར་མཐེབ་སྐུ་ཤ་དུམ་དང་རྩང་ཉེར་བརྒྱད་ཀྱིས་བསྐོར༔ སྟེང་དུ་དར་ནག་གི་གདུགས་ཕུབ་ལ་བཤམས་ཁྲག་གི་ཨགྷཾ་སོགས་ཀྱི་མཆོད་པ་སྣ་བདུན་བཤམས༔ མཁའ་འགྲོ་འབུམ་བསྐུལ་གཏོར་ཆུང་བར༔ མདུན་དུ་ལྕགས་སྣོད་ནང་དུ་ལིངྒ་ཆེ་བ་གཅིག་དང་༔ ཕུར་པ་
གྲི་གུག་ཐུན་རྫས་རྣམས་དང་༔ བསྒྲལ་ཆས་དང་ཉེར་མཁོའི་ཡོ་བྱད་བཤམས་ལ༔ ཆུ་གཙང་གིས་བྲན༔ རྐང་གླིང་དང་རོལ་མོ་རྣམས་སྒྲོག་ལ་འདི་སྐད་དོ༔ ཕཊཿ རང་ཉིད་ཁྲོས་མར་གསལ་བའི་མདུན་དུ༔ ཨེ་ལས་ལྕགས་ཁང་ནག་པོ་ཁ་རུབ་ལ་གཏིང་ཟབ་པ༔ བང་རིམ་གསུམ་པ༔ ཁྲག་མཚོ་ཁོལ་ཞིང་མཚོན་ཆའི་ཆར་འབེབས་པ༔ ཕོ་ཉ་དྲེགས་པ་ཅན་རྡུལ་ལྟར་འཚུབ༔ དེའི་དབུས་སུ་ནིཾཏྲིའི་འཕྲོ་འདུ་ལས༔ དམ་ཉམས་པའི་དགྲ་བགེགས་གཟུགས་ཕུང་མྱ་ངན་ལུས་ཁམས་ཡོངས་སུ་སྨྲེ་སྔགས་འདོན༔ སྐུ་གཟེང་བ༔ ཡན་ལག་བཅིང་ཞིང་སྡོམ་པ་ཞིག་ཏུ་གྱུར༔ དེ་ནས་འགུགས་གཞུག་བྱ་བ་
ནི༔ ཛཿ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ ཐུགས་རྗེ་ཁྲོས་མའི་ལྷ་ཚོགས་བདེན་པའི་མཐུས༔ བསྟན་པའི་སྤྱི་དགྲ་རྣལ་འབྱོར་སྒོས་དགྲ་དང་༔ བདག་དང་བསྲུང་བྱ་ལ་གནོད་དགྲ་དང་བགེགས༔ ཕོ་གདོན་མོ་འདྲེ་གསོན་བདུད་ཤི་གཤེད་དང་༔ ལྟས་ངན་མ་རུངས་ཐན་ལྟས་གཏོང་བ་རྣམས༔ གནོད་བྱེད་འདྲེ་གདོན་སྲི་ཡི་རིགས་རྣམས་ཀུན༔ ལིང་ག་འདི་ལ་ཛཿཧཱུྃ་བྃ་ཧོཿས་ཁུག༔ དེ་ནས་ཚོགས་ལིང་ཡིན་ན་ཚོགས་དུམ་ཤ་ཁྲག་གིས་སྦག་ལ༔ ཧཱུ་བྷྱོ༔ མ་ཁྲག་འཐུང་ཁྲོས་མའི་ཐུགས་ཀ་ནས༔ ལས་ཀྱི་ཌཱཀྐིས་སྟོང་གསུམ་གང་༔ གནོད་ཅིང་འཚེ་བའི་དགྲ་བགེགས་ཚོགས༔ གུང་ལ་བྱ་བ་ཁྱོད་ཀྱིས་ཤེས༔ ཁུག་ཅིག་རྡོ་རྗེ་ལྕགས་ཀྱུ་མ༔ ཆིངས་ཤིག་རྡོ་རྗེ་ཞགས་པ་མ༔ སྡོམས་ཤིག་རྡོ་རྗེ་ལྕགས་སྒྲོག་མ༔ མྱོས་པར་གྱིས་ཤིག་དྲིལ་བུ་མ། ལྷ་དང་ཕྲོལ་ཅིག་ཕྲ་མེན་མ༔ བདུད་དང་སྤྱོད་ཅིག་ཤ་ཟ་མ༔ དབུགས་དང་ཕྲོལ་ཅིག་དབུགས་ལེན་མ༔ རྣམ་ཤེས་སྤོར་ཅིག་ཌཱཀྐི་མ༔ ཤ་རུས་ཕྱེས་ཤིག་ཞིང་སྐྱོང་མ༔ དྲག་པོའི་ཕྲིན་ལས་མྱུར་འགྲུབ་མཛོད༔ དེ་ནས་གྲི་གུག་ཐོགས་ལ༔ ཧཱུྃ་བྷྱོ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ ཕྱག་ན་སྲོག་གཅོད་
གྲི་གུག་བསྣམས༔ ཡར་རྩེ་རྡོ་རྗེ་རྩེ་ལྔ་ནི༔ ཡེ་ཤེས་ལྔ་ལྡན་དུག་ལྔ་སྒོལ༔ ཆང་བཟུང་ཆུ་སྲིན་རྒྱ་མདུད་འདི༔ འཁོར་འདས་གཅིག་ཏུ་འདུ་འཁོར་འདས་གཅིག་ཏུ་འདུས་པ་ཡིན༔ མར་གྱི་ཟངས་གྲི་འབར་བ་འདི༔ སྲིད་པའི་འདྲེ་གདོན་སྐྱེ་ཤི་གཅོད༔ བཏབ་ན་ལྷ་ཡང་རླག་པར་བྱེད༔ དགྲ་དང་བགེགས་ལ་སྨོས་ཅི་དགོས༔ ཡེ་ཤེས་ཌཱཀྐིའི་བཀའ་བྱུང་གིས༔ ལས་ཀྱི་མཁའ་འགྲོས་ལས་མཛོད་ཅིག༔ དགྲ་བགེགས་སྲོག་ལ་མཱ་ར་ཡ༔ ཨོཾ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀཱི་ལི་ཧ་རི་ནི་ས་ལོ་ཀ་ཌཱཀྐི་ནཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊཿ ཅེས་ཕུར་པ་བཏབ་ལ་ལིང་རོ་ཤ་དུམ་བྷནྡྷའི་སྣོད་དུ་བླུགས་ལ་གཏོར་མར་བསྟབ༔ ཧཱུྃ་བྷྱོཿ འཇིགས་བྱེད་ཁྲོས་མའི་ལྷ་ཚོགས་རྣམས༔ གནམ་ས་ཙམ་གྱི་ཞལ་ཕྱེས་ལ༔ གངས་རི་ཙམ་གྱི་མཆེ་བ་གཙིགས༔ གློག་དམར་ཙམ་གྱི་ལྗགས་བརྐྱང་ལ༔ བདག་ལ་སྡང་བའི་དགྲ་དང་བགེགས༔ ཚོགས་སུ་རོལ་ཅིག་ཁྲོས་མའི་ཚོགས༔ བཞེས་ཤིག་རོལ་ཅིག་མཁའ་འགྲོ་མ༔ རྣམ་ཤེས་མཁའ་སྤྱོད་གནས་སུ་དྲོངས༔ འཁྲུལ་མེད་མངོན་སངས་རྒྱས་པར་མཛོད༔ ཨོཾ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀ་ལི་ཧ་རི་ནི་ས་ཌཱཀྐི་ནི་དགྲ་བགེགས་ཀྱི་ཤ་ཁྲག་ལ་ཁཱ་ཧི་ཁཱ་ཧི༔ ཞེས་
ལིང་རོས་ཟློག་གཏོར་གསོས་ལ་བདུད་རྩིས་བྲན༔ སྨན་རཀྟ་གཏོར་མར་བྲན་ལ་སྤྲོ་ན་མཁའ་འགྲོ་འབུམ་བསྐུལ་བྱ་སྟེ༔ མཁའ་འགྲོ་འབུམ་བསྐུལ་ནི་འདི་སྐད་དོ༔ ཧཱུྃ་བྷྱོཿ ཕྱོགས་ཕྱོགས་དེ་ནི་ཕ་ཀི་ན༔ རི་བོ་ཆེན་པོའི་བྱང་གི་ཕྱོགས༔ དབུས་འགྱུར་ཚལ་གྱི་ནུབ་བྱང་མ༔ རི་བོ་ཐམས་ཅད་རུས་པའི་རི༔ ཆུ་ཀླུང་ཐམས་ཅད་ཁྲག་དང་རྣག༔ རྩི་ཤིང་ཐམས་ཅད་མདའ་དང་མདུང་༔ སྒྲ་སྐད་ཐམས་ཅད་སོད་དང་རྒྱོབ༔ རིགས་ལྔའི་སངས་རྒྱས་སྐྲག་པའི་གནས༔ ཕྱག་ན་རྡོ་རྗེ་འཇིགས་པའི་ས༔ ཁྲོ་བཅུ་རྒྱུ་བར་མི་ནུས་པའི༔ རབ་ཏུ་འཇིགས་པའི་གནས་མཆོག་དེར༔ གཙོ་མཆོག་ཁྲོས་མ་དེ་ན་བཞུགས༔ ཁྲོས་མ་རིགས་ལྔ་དེ་ན་བཞུགས༔ མཁའ་འགྲོ་སྡེ་བརྒྱད་དེ་ན་བཞུགས༔ ཧཱུྃ༔ རྟོག་མེད་ཕག་མོའི་ཞལ་ལས་བྱུང་བ་ཡི༔ དོན་དམ་སྟོང་ཉིད་རྟོགས་པའི་མཁའ་འགྲོ་འབུམ༔ དབུ་སྐྲ་དམར་ནག་སྤྲིན་ལྟར་གཏིབས་པ་ལ༔ ཐུགས་རྗེ་ཆར་ལྟར་འབེབས་པའི་མཁའ་འགྲོ་འབུམ༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན་པ་ནི༔ རིགས་ལྔས་འགྲོ་དོན་མཛད་པའི་མཁའ་འགྲོ་འབུམ༔ སྤྱན་གསུམ་སྡང་མིག་རབ་ཏུ་གཟིགས་པ་ལ༔ དུག་གསུམ་རྩད་ནས་གཅོད་པའི་མཁའ་འགྲོ་འབུམ་
ཞལ་གྱི་ཁྲོ་གཉེར་ལྔ་དང་ལྡན་པ་ལ༔ དུག་ལྔ་རང་སར་གྲོལ་བའི་མཁའ་འགྲོ་འབུམ༔ ཞལ་གདངས་ལྗགས་ཀྱང་རབ་ཏུ་བསྐྱོད་པ་ལ༔ སྤྲུལ་པ་གློག་ལྟར་འཁྱུག་པའི་མཁའ་འགྲོ་འབུམ༔ འཇིགས་པའི་མཆེ་བ་རབ་ཏུ་གཙིགས་པ་ཡི༔ སྐྱེ་ཤི་རྩད་ནས་གཅོད་པའི་མཁའ་འགྲོ་འབུམ༔ དགྱེས་པའི་གད་མོ་ཧི་ཧི་བཞད་པ་ལ༔ འཁོར་བ་སྐམ་སར་འདོན་པའི་མཁའ་འགྲོ་འབུམ༔ ཁྲོས་པའི་གད་མོ་ཧ་ཧི་སྒྲོག་པ་ལ༔ བདུད་སྲིན་ཐལ་བར་བརླག་པའི་མཁའ་འགྲོ་འབུམ༔ གཡས་ཀྱི་གྲི་གུག་རབ་ཏུ་འབར་བ་ལ༔ སྲོག་གཅོད་དབུགས་ལེན་བྱེད་པའི་མཁའ་འགྲོ་འབུམ༔ གཡོན་གྱི་ཐོད་ཁྲག་དམར་པོ་གསོལ་བ་ལ༔ དམ་ཉམས་སྙིང་ཁྲག་འཇིབ་པའི་མཁའ་འགྲོ་འབུམ༔ ཁ་ཊྭཱཾ་ག་ནི་རྩེ་གསུམ་བསྣམས་པ་ལ༔ དུག་གསུམ་རྩད་ནས་གཅོད་པའི་མཁའ་འགྲོ་འབུམ༔ ཐོད་པ་སྐམ་རློན་གསུམ་གྱིས་བརྒྱན་པ་ལ༔ ཁམས་གསུམ་དབང་དུ་སྡུད་པའི་མཁའ་འགྲོ་འབུམ༔ མཐིང་ནག་དར་གྱི་ཅོད་པན་འཕུར་བ་ལ༔ སྲིད་གསུམ་ཟིལ་གྱིས་གནོན་པའི་མཁའ་འགྲོ་འབུམ༔ ཌཱ་རུ་གསེར་གྱི་རྡེའུ་ཆུང་འཁྲོལ་བ་ལ༔ སྙན་བརྒྱུད་གསང་བ་
འཛིན་པའི་མཁའ་འགྲོ་འབུམ༔ དྲང་ཞིང་ཡུ་བ་དཀར་པོ་འདྲིལ་བ་ལ༔ ལྷ་མིན་གཡུལ་ངོ་ཟློག་པའི་མཁའ་འགྲོ་འབུམ༔ སྙན་ཆ་མགུལ་ཆུན་རབ་ཏུ་མཛེས་པ་ལ༔ ཡབ་ལ་བསྙེན་བཀུར་བྱེད་པའི་མཁའ་འགྲོ་འབུམ༔ ཕྱག་རྒྱ་དྲུག་གིས་རབ་ཏུ་བརྒྱན་པ་ལ༔ ཕ་རོལ་ཕྱིན་དྲུག་རྫོགས་པའི་མཁའ་འགྲོ་འབུམ༔ གདུག་པ་སྦྲུལ་གྱི་ག་ཤལ་མཛེས་པ་ལ༔ མཛེ་ནད་ཁྲག་སྐྱུག་གཏོང་བའི་མཁའ་འགྲོ་འབུམ༔ ཐོད་རློན་ལྔ་བཅུའི་དོ་ཤལ་བྱས་པ་ལ༔ འདུ་བྱེད་ལྔ་བཅུ་དག་པའི་མཁའ་འགྲོ་འབུམ༔ ང་རྒྱལ་སྟག་གི་ཤམ་ཐབས་བྱེད་པ་ལ༔ སྡིག་ཅན་ཟིལ་གྱིས་གནོན་པའི་མཁའ་འགྲོ་འབུམ༔ གཅེར་བུ་སྐྲ་གྲོལ་གར་གྱིས་བཞུགས་པ་ལ༔ ལེགས་ཉེས་ཞལ་ལྕེ་གཅོད་པའི་མཁའ་འགྲོ་འབུམ༔ གཡས་བསྐུམ་གཡོན་བརྐྱང་ཚུལ་གྱིས་བཞུགས་པ་ལ༔ རྟོག་མེད་ཉམས་དང་ལྡན་པའི་མཁའ་འགྲོ་འབུམ༔ མེ་རི་མེ་དཔུང་དབུས་ན་བཞུགས་པ་ལ༔ ཐ་དད་རྟོག་པ་སྲེག་པའི་མཁའ་འགྲོ་འབུམ༔ རྟོག་མེད་རོ་ཡི་གདན་ལ་བཞུགས་པ་ལ༔ དུར་ཁྲོད་ཤ་ལ་རོལ་བའི་མཁའ་འགྲོ་འབུམ༔ སྐུ་མདོག་མཐིང་ག་རབ་ཏུ་རྔམས་པ་ལ༔ གཏི་མུག་རྩད་ནས་གཅོད་པའི་
མཁའ་འགྲོ་འབུམ༔ སྐུ་སྤྲུལ་མཁའ་འགྲོ་འབུམ་ཚོ་ཉི་ཤུ་དྲུག༔ མཁའ་འགྲོའི་བརྡ་སྐད་ཏི་རི་རི༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དོ་ནུབ་སྡང་བའི་དགྲ་ལ་ཕ༔ བར་ཆད་བྱེད་པའི་བགེགས་ལ་ཡ༔ སྐུ་མདོག་དཀར་མོ་རབ་ཏུ་འཚེར་བ་ལོས༔ ཞེ་སྡང་རྩད་ནས་གཅོད་པའི་མཁའ་འགྲོ་འབུམ༔ སྐུ་མདོག་སེར་མོ་རབ་ཏུ་མཛེས་པ་ལ༔ ང་རྒྱལ་རྩད་ནས་གཅོད་པའི་མཁའ་འགྲོ་འབུམ༔ སྐུ་མདོག་དམར་མོ་མདངས་དང་ལྡན་པ་ལ༔ འདོད་ཆགས་རང་སར་གྲོལ་བའི་མཁའ་འགྲོ་འབུམ༔ སྐུ་མདོག་ལྗང་མོ་རབ་ཏུ་བརྗིད་པ་ལ༔ ཕྲག་དོག་རྩད་ནས་གཅོད་པའི་མཁའ་འགྲོ་འབུམ༔ ཤར་གྱི་ཕྱོགས་ཀྱི་དུར་ཁྲོད་ནི༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་འབུམ༔ ་ལྷོ་ཡི་ཕྱོགས་ཀྱི་དུར་ཁྲོད་ན༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་འབུམ༔ ནུབ་ཀྱི་ཕྱོགས་ཀྱི་དུར་ཁྲོད་ན༔ པདྨ་རིགས་ཀྱི་མཁའ་འགྲོ་འབུམ༔ བྱང་གི་ཕྱོགས་ཀྱི་དུར་ཁྲོད་ན༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་འབུམ༔ ཤར་ལྷོའི་ཕྱོགས་ཀྱི་དུར་ཁྲོད་ན༔ དམ་ཚིག་རིགས་ཀྱི་མཁའ་འགྲོ་འབུམ༔ ལྷོ་ནུབ་ཕྱོགས་ཀྱི་དུར་ཁྲོད་ན༔ སྣ་ཚོགས་རིགས་ཀྱི་མཁའ་འགྲོ་འབུམ༔ ནུབ་
བྱང་ཕྱོགས་ཀྱི་དུར་ཁྲོད་ན༔ ཐམས་ཅད་རིགས་ཀྱི་མཁའ་འགྲོ་འབུམ༔ བྱང་ཤར་ཕྱོགས་ཀྱི་དུར་ཁྲོད་ན༔ འཇིག་རྟེན་རིགས་ཀྱི་མཁའ་འགྲོ་འབུམ༔ མཁའ་འགྲོའི་བརྡ་སྐད་དི་རི་རི༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དོ་ནུབ་སྡང་བའི་དགྲ་ལ་ཡ༔ བར་ཆད་བྱེད་པའི་བགེགས་ལ་ཡ༔ དམ་ཉམས་དགྲ་བོ་བསྒྲལ་བའི་དུས་ལ་བབ༔ བར་ཆད་བགེགས་རྣམས་བཟློག་པའི་དུས་ལ་བབ༔ ཅེས་བསྐུལ༔ གཏོར་ཆུང་བརྒྱད་མདོས་སུ་ཕུལ༔ དེ་ནས་བཟློག་པ་ནི༔ མཁའ་འགྲོ་ཐམས་ཅད་དགྲ་བོའི་སྟེང་དུ་ཆས་པར་བསམས་ལ༔ དགྲ་བགེགས་བྱད་མ་ལྟས་ངན་ཐམས་ཅད་བཟློག་པར་བསམས་ལ་འདི་སྐད་དོ༔ ཧཱུྃ་བྷོ༔ ནུབ་ཕྱོགས་ཨོ་རྒྱན་སྤྲུལ་པའི་ཞིང་ཁམས་ནས༔ རབ་འཇིགས་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་དབུས༔ རིན་ཆེན་སྣ་ལྔ་ཐོད་པའི་གཞལ་ཡས་ནས༔ ཆོས་འབྱུང་རུ་ཏྲ་བམ་ཆེན་བསྣོལ་བའི་སྟེང་༔ རྒྱལ་བའི་བསྐྱེད་ཡུམ་རྡོ་རྗེ་རྣལ་འབྱོར་མ༔ སྐུ་མདོག་མཐིང་ནག་ཆར་སྤྲིན་གཏིབས་པ་འདྲ༔ མ་རིག་འཁོར་བའི་བག་ཆགས་བཟློག་ཏུ་གསོལ༔ ཟིལ་གནོན་ཕག་ཞལ་ནག་མོ་ངུར་པ་ཡིས༔ ཁྲོ་བོ་ཁྲོ་མོའི་ཟིལ་གནོན་བཟློག་ཏུ་གསོལ༔ སྤྱན་གསུམ་བསྐལ་པའི་མེ་ལྟར་འབར་བ་
ཡིས༔ སྲིད་གསུམ་ལྷ་འདྲེའི་གནོད་པ་བཟློག་ཏུ་གསོལ༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས་པ་ནི༔ བར་ཆད་བདུད་ཀྱི་དམག་དཔུང་བཟློག་ཏུ་གསོལ༔ རལ་པའི་གསེབ་ནས་ཁྲོ་ཆུང་ཕྱོགས་བཅུར་འགྱེད༔ ཕྱོགས་སྐྱོང་བཅུ་ཡི་གདོན་ཚོགས་བཟློག་ཏུ་གསོལ༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན་པ་ནི༔ ཉོན་མོངས་དུག་ལྔའི་དམག་དཔུང་བཟློག་ཏུ་གསོལ༔ ཐོད་རློན་ལྔ་བཅུས་དོ་ཤལ་བྱས་པ་ལས༔ ལྟས་ངན་བརྒྱད་ཅུ་རྩ་བརྒྱད་བཟློག་ཏུ་གསོལ༔ སྦྲུལ་རིགས་ལྔ་ཡིས་སྐུ་ལ་བརྒྱན་པ་ནི༔ ཀླུ་དང་ས་བདག་གནོད་པ་བཟློག་ཏུ་གསོལ༔ གླང་ཀོ་ཞིང་ལྤགས་སྟག་ཤམ་བརྒྱན་པ་ནི༔ ལས་ཀྱི་གཤིན་རྗེའི་ཕོ་ཉ་བཟློག་ཏུ་གསོལ༔ རུས་པའི་རྒྱན་དྲུག་སྐུ་ལ་གསོལ་བ་ནི༔ མ་མོ་མཁའ་འགྲོའི་གནོད་པ་བཟློག་ཏུ་གསོལ༔ ཕྱག་གཡས་རྡོ་རྗེའི་གྲི་གུག་ཕྱར་བ་ཡིས༔ གཟའ་དང་རྒྱུ་སྐར་གནོད་པ་བཟློག་ཏུ་གསོལ༔ ཕྱག་གཡོན་ཐོད་ཁྲག་ཐུགས་ཀར་བསྣམས་པ་ནི༔ མ་མོ་མཁའ་འགྲོའི་ཁྲག་ནད་དལ་ཡམས་ཟློག༔ ཁ་ཊྭཱཾ་རྩེ་གསུམ་མཆན་དུ་བསྒྲེང་བ་ནི༔ ཕོ་རྒྱུད་རྣམས་ཀྱི་གནོད་པ་བཟློག་ཏུ་གསོལ༔ དར་ནག་སྟོད་
གཡོགས་སྨད་དཀྲིས་བྱས་པ་ནི༔ ནག་མོ་བདུད་ཀྱི་དམག་དཔུང་བཟློག་ཏུ་གསོལ༔ བདུད་ཀྱི་ཁྲམ་ཤིང་མཆན་དུ་བཅུག་པ་ནི༔ བདུད་དང་གཤིན་རྗེའི་ཁྲམ་ཁ་བཟློག་ཏུ་གསོལ༔ རིན་ཆེན་དབུ་རྒྱན་ཕྱག་གདུབ་བྱས་པ་ནི༔ དཀོར་བདག་འགོང་པོའི་གནོད་པ་བཟློག་ཏུ་གསོལ༔ ཞབས་གཉིས་བརྐྱང་བསྐུམ་གར་སྟབས་བསྐྲད་པ་ནི༔ འཇིག་རྟེན་མཁའ་འགྲོའི་སུན་མ་བཟློག་ཏུ་གསོལ༔ ཡེ་ཤེས་མེ་དཔུང་དབུས་ན་བཞུགས་པ་ནི༔ ངན་སྔགས་བྱད་སྟེམས་ཐམས་ཅད་བཟློག་ཏུ་གསོལ༔ བྷྱོཿ སྐུ་ཡི་སྤྲུལ་པ་བདེ་ཆེན་དཀར་མོ་ལ༔ གཏི་མུག་རྩད་གཅོད་ཁྲོ་མོ་དཀར་མོ་འབུམ༔ གཟུགས་སྣང་མཁའ་འགྲོ་འབུམ་ཕྲག་དབང་དུ་སྡུད༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་ལ་རོལ༔ སྲིད་པའི་འདྲེ་གདོན་དགྲ་ལ་བཟློག་ཏུ་གསོལ༔ ཡོན་ཏན་སྤྲུལ་པ་སེར་མོ་དོན་གྲུབ་ལ༔ ང་རྒྱལ་རྩད་གཅོད་ཁྲོ་མོ་སེར་མོ་འབུམ༔ རྫུ་འཕྲུལ་མཁའ་འགྲོ་འབུམ་ཕྲག་དབང་དུ་སྡུད༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་ལ་རོལ༔ སྲིད་པའི་འདྲེ་གདོན་དགྲ་ལ་བཟློག་ཏུ་གསོལ༔ གསུང་གི་སྤྲུལ་པ་དམར་མོ་སྒྲ་སྒྲོག་མ༔ འདོད་ཆགས་རྩད་གཅོད་ཁྲོ་མོ་དམར་
མོ་འབུམ༔ སྐད་སྒྲོག་མཁའ་འགྲོ་འབུམ་ཕྲག་དབང་དུ་སྡུད༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་ལ་རོལ༔ སྲིད་པའི་འདྲེ་གདོན་དགྲ་ལ་བཟློག་ཏུ་གསོལ༔ ཕྲིན་ལས་སྤྲུལ་པ་སྣ་ཚོགས་མཐར་ཕྱིན་མ་ཕྲག་དོག་རྩད་གཅོད་ཁྲོ་མོ་ནག་མོ་འབུམ༔ བརྟུལ་ཞུགས་མཁའ་འགྲོ་འབུམ་ཕྲག་དབང་དུ་སྡུད༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་ལ་རོལ༔ སྲིད་པའི་འདྲེ་གདོན་དགྲ་ལ་བཟློག་ཏུ་གསོལ༔ ཧཱུྃ༔ ནུབ་ཕྱོགས་ཨོ་རྒྱན་དུར་ཁྲོད་ནས༔ བདེ་གཤེགས་རྡོ་རྗེ་ཕག་མོ་ཡིས༔ མ་མོ་མཁའ་འགྲོའི་རིམས་ཁ་སྡང་བའི་དགྲ་ལ་ཟློག༔ བྷྱོཿ ཤར་ཕྱོགས་གཏུམ་དྲག་དུར་ཁྲོད་ནས༔ རྡོ་རྗེ་མཁའ་འགྲོ་འཇིགས་ཚུལ་ཅན༔ གིང་གི་ཐན་ལྟས་དགྲ་ལ་ཟློག༔ ལྷོ་ཕྱོགས་གད་རྒྱངས་དུར་ཁྲོད་ནས༔ རིན་ཆེན་མཁའ་འགྲོ་གཟི་བརྗིད་ཅན༔ གཤིན་རྗེའི་ལྟས་ངན་དགྲ་ལ་ཟློག༔ ནུབ་ཕྱོགས་པདྨ་འཁྱིལ་བའི་དུར་ཁྲོད་ནས༔ པདྨ་མཁའ་འགྲོ་དྲི་མེད་མ༔ བཙན་གྱི་ལྟས་ངན་དགྲ་ལ་ཟློག༔ བྱང་ཕྱོགས་ཀཱི་ལ་སྒྲོག་པའི་དུར་ཁྲོད་ནས༔ ལས་ཀྱི་མཁའ་འགྲོ་བདེ་བ་ཅན༔ གནོད་སྦྱིན་ལྟས་ངན་དགྲ་ལ་ཟློག༔ ཤར་ལྷོ་རབ་།
འཇིགས་དུར་ཁྲོད་ནས༔ དམ་ཚིག་མཁའ་འགྲོ་དམིགས་པ་ཅིན༔ ཀླུ་ཡི་ལྟས་ངན་དགྲ་ལ་ཟློག༔ ལྷོ་ནུབ་གཏུམ་པོའི་དུར་ཁྲོད་ནས༔ སྣ་ཚོགས་མཁའ་འགྲོ་མི་ཐུབ་མས༔ གཟའ་ཡི་ལྟས་ངན་དགྲ་ལ་ཟློག༔ ནུབ་བྱང་རབ་གཏུམ་དུར་ཁྲོད་ནས༔ ཐམས་ཅད་མཁའ་འགྲོ་ཀུན་རྒྱུ་མས༔ སྲིན་པོའི་ལྟས་ངན་དགྲ་ལ་ཟློག༔ བྱང་ཤར་རྒྱུག་བྱེད་དུར་ཁྲོད་ནས༔ རྒྱུད་འཛིན་འཇིག་རྟེན་མཁའ་འགྲོ་མས༔ མ་མོའི་ལྟས་ངན་དགྲ་ལ་ཟློག༔ བྷྱོཿ ཤར་གྱི་སྒོ་མ་ཁ་གདོང་མས༔ འགུགས་བྱེད་མ་ཚོགས་དབང་སྡུད་ལ༔ ལྕགས་ཀྱུ་ཅན་གྱི་གནོད་པ་དགྲ་ལ་ཟློག༔ ལྷོ་ཡི་སྒོ་མ་ཕག་གདོང་མས༔ འཆིང་བྱེད་མ་ཚོགས་དབང་སྡུད་ལ༔ ཞགས་པ་ཅན་གྱི་ཕོ་ཉ་དགྲ་ལ་ཟློག༔ ནུབ་ཀྱི་སྒོ་མ་ཁྱི་གདོང་མ༔ སྡོམ་བྱེད་མ་ཚོགས་དབང་སྡུད་ལ༔ ལྕགས་སྒྲོག་ཅན་གྱི་བྱད་ཁ་དགྲ་ལ་ཟློག༔ བྱང་གི་སྒོ་མ་འུག་གདོང་མ༔ དབྱེན་བྱེད་མ་ཚོགས་དབང་སྡུད་ལ༔ དྲིལ་བུ་ཅན་གྱི་ཆོ་འཕྲུལ་དགྲ་ལ་ཟློག༔ ལས་ཀྱི་མཁའ་འགྲོ་ནག་མོ་འབུམ༔ འདུ་བ་རྣམ་བཞི་དགྲ་ལ་ཟློག༔ བད་ཀན་དཀར་སྨུག་དགྲ་ལ་ཟློག༔ མཁྲིས་པ་བཤལ་ཡ་དགྲ་ལ་ཟློག༔ རླུང་
སྨྱོ་འབོག་པ་དགྲ་ལ་ཟློག༔ ཁྲག་ནད་དམར་བཤལ་དགྲ་ལ་ཟློག༔ བྷྱོཿ ལས་ཀྱི་མཁའ་འགྲོ་དཀར་མོ་འབུམ༔ སྨྱོ་བ་ཉེར་ལྔ་དགྲ་ལ་ཟློག༔ སྨྱོ་འབོག་བརྒྱལ་ནད་དགྲ་ལ་ཟློག༔ ལྐུགས་དང་འདར་བུ་དགྲ་ལ་ཟློག༔ རླུང་སྨྱོ་ཆེན་པོ་དགྲ་ལ་ཟློག༔ བྷྱོཿ ལས་ཀྱི་མཁའ་འགྲོ་སེར་མོ་འབུམ༔ མཛེ་རིགས་བཅོ་བརྒྱད་དགྲ་ལ་ཟློག༔ མཛེ་ནད་འབྲུམ་ནད་དགྲ་ལ་ཟློག༔ སིབ་དང་བས་ལྡག་དགྲ་ལ་ཟློག༔ དྲེགས་དང་གྲུམ་བུ་དགྲ་ལ་ཟློག༔ ལྷོག་པ་འབྲས་ཆེན་དགྲ་ལ་ཟློག༔ སྐེམ་པ་གཡེམ་པ་དགྲ་ལ་ཟློག༔ ཤུ་བ་རྒྱ་ཐོར་དགྲ་ལ་ཟློག༔ རླུང་སྐམ་འབྲས་ཆེན་དགྲ་ལ་ཟློག༔ ཕོལ་མིག་རྐང་ནད་དགྲ་ལ་ཟློག༔ ཚ་བ་གྲང་བ་དགྲ་ལ་ཟློག༔ བྷྱོཿ ལས་ཀྱི་མཁའ་འགྲོ་དམར་མོ་འབུམ༔ རིམས་ནད་དལ་ཡམས་དགྲ་ལ་ཟློག༔ གློ་སྙིང་མཆིན་གཟེར་དགྲ་ལ་ཟློག༔ རྒྱུ་གཟེར་ཁྲག་ནད་དགྲ་ལ་ཟློག༔ དམར་བཤལ་སྐྱ་བཤལ་དགྲ་ལ་ཟློག༔ བྷྱོཿ ལས་ཀྱི་མཁའ་འགྲོ་ལྗང་མོ་འབུམ༔ མཚོན་འཁྲུག་སྣ་བདུན་དགྲ་ལ་ཟློག༔ མདའ་མདུང་རལ་གྲི་དགྲ་ལ་ཟློག༔ ཁ་ཊྭཱཾ་ཏྲི་ཤུལ་དགྲ་ལ་ཟློག༔ སྒྱོགས་དང་འཁྲུལ་
འཁོར་དགྲ་ལ་ཟློག༔ དགྲ་སྟ་ཐོ་བ་དགྲ་ལ་ཟློག༔ གྲི་སྟོང་བེར་དབྱུག་དགྲ་ལ་ཟློག༔ གཏུན་ཤིང་མདུང་སྟོང་དགྲ་ལ་ཟློག༔ སོག་ལེ་འཁོར་ལོ་དགྲ་ལ་ཟློག་མཚོན་གྱི་བསྐལ་པ་དགྲ་ལ་ཟློག༔ སརྦ་ཌཱཀྐི་ནི་བྷོ་བྷོ་ཟློག་ཟློག༔ དེ་ནས་བཟློག་བསྒྱུར་ནི༔ བྷྱོཿ གཞན་ཡང་བཟློག་ཅིང་བསྒྱུར་བ་ནི༔ ཆག་ཆེན་ཉམ་ང་དགྲ་ལ་སྒྱུར༔ ལོ་སྐག་ཟླ་སྐག་དགྲ་ལ་སྒྱུར༔ ཟ་མའི་བདུན་ཟུར་སྐག་རྣམས་སྒྱུར༔ ཟོད་གཏོང་རྦད་འདྲེ་དགྲ་ལ་སྒྱུར༔ འབྱུང་བའི་གཙུག་ལག་ངན་པ་སྒྱུར༔ ལོ་དང་རྟེན་འབྲེལ་ངན་པ་དགྲ་ལ་སྒྱུར་རྨིས་ལྟས་མཚན་མ་ངན་པ་དགྲ་ལ་སྒྱུར༔ ཐན་དང་ལྟས་ངན་ཆོ་འཕྲུལ་དགྲ་ལ་སྒྱུར༔ ཡས་ཀྱི་བདུད་གཡོས་དགྲ་ལ་སྒྱུར༔ མས་ཀྱི་སྲི་ལངས་དགྲ་ལ་སྒྱུར༔ བར་གྱི་བཙན་ཁྲོས་དགྲ་ལ་སྒྱུར༔ ཕ་ཚན་རྒྱབ་འདྲེ་དགྲ་ལ་སྒྱུར༔ དར་ཚན་སྟོང་འདྲེ་དགྲ་ལ་སྒྱུར༔ མ་བུའི་བྱུར་འདྲེ་དགྲ་ལ་སྒྱུར༔ ཕུ་ནུས་རུས་འདྲེ་དགྲ་ལ་སྒྱུར༔ ཕྱུགས་ཀྱི་གོད་འདྲེ་དགྲ་ལ་སྒྱུར༔ ཆེ་སྲི་ཆུང་སྲི་དགྲ་ལ་སྒྱུར༔ ཟ་འདྲེ་ཤི་གཤེད་དགྲ་ལ་སྒྱུར༔ ལྟག་པའི་བདུད་བབས་དགྲ་ལ་སྒྱུར༔ དཔྲལ་བའི་གཤེད་འཁོར་དགྲ་ལ་སྒྱུར༔ ཕོ་བདུད་དལ་
ཁ་གཡས་སུ་སྒྱུར༔ མོ་བདུད་དལ་ཁ་གཡོན་དུ་སྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་སྒྱུར༔ སྔགས་པའི་བྱད་ཟོར་ཕུར་ཁ་དགྲ་ལ་སྒྱུར༔ བནྡེའི་གཏོར་ཟོར་དགྲ་ལ་སྒྱུར༔ བོན་གྱི་བྱད་ཁ་གཏད་མནན་དགྲ་ལ་སྒྱུར༔ ཕུར་པའི་དབལ་ཟོར་དགྲ་ལ་སྒྱུར༔ དྲང་སྲོང་དམོད་མོ་དགྲ་ལ་སྒྱུར༔ རང་གཤེད་རང་འཁོར་དགྲ་ལ་སྒྱུར༔ མི་ནད་ཕྱུགས་ནད་ཐམས་ཅད་དགྲ་ལ་སྒྱུར༔ ནད་རིགས་བཞི་བརྒྱ་རྩ་བརྒྱད་དགྲ་ལ་སྒྱུར༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དགྲ་ལ་སྒྱུར༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དགྲ་ལ་སྒྱུར༔ བྱིས་པའི་གདོན་ཆེན་བཅོ་ལྔ་དགྲ་ལ་སྒྱུར་རྟ་ནད་འཚེར་རྩུབ་ཐམས་ཅད་དགྲ་ལ་སྒྱུར༔ ཕྱུགས་ཀྱི་གོད་ཡམས་ཐམས་ཅད་དགྲ་ལ་སྒྱུར༔ ཕྱུགས་ལ་ལྟས་ངན་ཁྲིད་པ་དགྲ་ལ་སྒྱུར༔ བསེ་རིག་སྲིས་ལ་རྐུ་བ་དགྲ་ལ་སྒྱུར༔ གློ་བུར་བརྒྱད་ཅུ་རྩ་གཅིག་དགྲ་ལ་སྒྱུར༔ སྐག་རིགས་བདུན་བརྒྱ་ཉི་ཤུ་དགྲ་ལ་སྒྱུར༔ དུས་མིན་འཆི་བ་བཅོ་བརྒྱད་དགྲ་ལ་སྒྱུར༔ རླུང་གི་སེམས་ཀྱི་ཕུང་ཤིང་དགྲ་ལ་སྒྱུར༔ སིལ་གྱི་ཕུང་ཤིག་ཐམས་ཅད་དགྲ་ལ་སྒྱུར༔ ལྟས་ངན་ཉི་ཁྲི་ཆིག་སྟོང་དགྲ་ལ་སྒྱུར༔ མི་མཐུན་ཕྱོགས་རྣམས་
ཐམས་ཅད་དགྲ་ལ་སྒྱུར༔ བཟློག་གོ་ཆག་ཆེན་ཉམ་ང་ཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར༔ སྡང་དགྲའི་གནོད་བྱེད་ཀྱི་སྟེང་དུ་བྷྱོ་བྷྱོ༔ ཟློག་ཟློག༔ སྒྱུར་སྒྱུར༔ མཱ་ར་ཡ་དགྲ་བོ་བྱད་མ་གནོད་བྱེད་བྷྱོཿབྷྱོཿཟློག་ཟློག༔ ཨོཾ་ཧ་དྷེ་མོ་ཧ་ཧྲཱིཿཏ་ཡ༔ སི་ཏི་ཧ་རི་ཏ་ཡཱ་ཟློག་ཟློག༔ ཁ་ལིང་ཏ་ཡཱ༔ མཱ་ར་ཡ་ནན༔ ཧཱུྃ་ཧཱུྃ༔ ཕཊཿཕཊཿ བྷྱོཿབྷྱོཿ ས་མ་ཡ་ཟློག་ཟློག༔ ཨ་ལ་ལ་པྲ་མོ་ཧེ་བྷྱོ་བྷྱོཿ ཨ་ཏི་ཀྲ་མ་ཟློག་ཟློག༔ རྦད་འདྲེ་རྦོད་གཏོང་ཐམས་ཅད་ཟློག་ཟློག༔ ཅེས་ཟློག་སྔགས་ཅི་མང་བཟླས༔ ཐལ་མོ་བརྡབ༔ དེ་ནས་རྩང་གྱེར་རྒྱས་བསྡུས་གང་ལྕོགས་འདོན་དུ་རུང་ངོ་༔ འདིའི་ལུགས་ཀྱི་བསྡུས་པ་ཁོ་ནས་ཆོག༔ སྟོང་ཉིད་ཁྲོས་མ་ནག་མོའི་རྩང་གྱེར་བསྡུས་པ་ཐན་ཟློག་ནི༔ ཧཱུྃ༔ ཤར་ཕྱོགས་རྡོ་རྗེ་མ་བདུན་ནི༔ མིང་པོ་ཚངས་པ་ལ་སོགས་ཏེ༔ རྣལ་འབྱོར་ཀུན་གྱི་ཡུམ་གཅིག་མ༔ ཁྱད་པར་རྣལ་འབྱོར་ཀུན་གྱི་ཡུམ༔ གདུག་པའི་རྩང་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གདུག་པའི་རྩང་དང་གཉིས་སུ་མེད༔ དགྲ་བོའི་སྲོག་གི་ཤན་པ་མཛོད༔ ཧཱུྃ༔ ལྷོ་ཕྱོགས་རིན་ཆེན་མ་བདུན་ནི༔ མིང་པོ་གཤིན་རྗེ་ལ་སོགས་ཏེ༔ རྣལ་འབྱོར་ཀུན་གྱི་སྲིང་གཅིག་མ༔ ཁྱད་པར་རྣལ་
འབྱོར་བདག་གི་སྲིང་༔ གདུག་པའི་རྩང་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གདུག་པའི་རྩང་དང་གཉིས་སུ་མེད༔ དགྲ་བོའི་སྲོག་གི་ཤན་པ་མཛོད༔ ཧཱུྃ༔ ནུབ་ཕྱོགས་པད་མའི་མ་བདུན་ནི༔ མིང་པོ་ཀླུ་དབང་ལ་སོགས་ཏེ༔ རྣལ་འབྱོར་ཀུན་གྱི་གྲོགས་གཅིག་མ༔ ཁྱད་པར་རྣལ་འབྱོར་བདག་གི་གྲོགས༔ གདུག་པའི་རྩང་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གདུག་པའི་རྩང་དང་གཉིས་སུ་མེད༔ དགྲ་བོའི་སྲོག་གི་ཤན་པ་མཛོད༔ ཧཱུྃ༔ བྱང་ཕྱོགས་ལས་ཀྱི་མ་བདུན་ནི༔ མིང་པོ་གནོད་སྦྱིན་ལ་སོགས་ཏེ༔ རྣལ་འབྱོར་ཀུན་གྱི་བྲན་གཅིག་མ༔ ཁྱད་པར་རྣལ་འབྱོར་བདག་གི་བྲན༔ གདུག་པའི་རྩང་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གདུག་པའི་རྩང་དང་གཉིས་སུ་མེད༔ དགྲ་བོའི་སྲོག་གི་ཤན་པ་མཛོད༔ ཧཱུྃ༔ དབང་ཕྱུག་ཆེན་མོ་ཉི་ཤུ་བརྒྱད༔ བུད་མེད་ལུས་ལ་མགོ་བརྙན་ཅན༔ གཅེར་བུ་ལུས་ལ་དུར་ཁྲོད་ཆས༔ ལག་ན་མཚོན་ཆ་སྣ་ཚོགས་ཐོགས༔ གདུག་པའི་རྩང་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གདུག་པའི་རྩང་དང་གཉིས་སུ་མེད༔ དགྲ་བོའི་སྲོག་གི་ཤན་པ་མཛོད༔ ཧཱུྃ༔ ཤར་གྱི་ཕྱོགས་
ནས་ཆུང་འཛུགས་པ༔ རྡོ་རྗེ་མཁའ་འགྲོ་སྒྲུབ་པའི་རྩང་༔ དཀར་མོ་ཞི་བའི་ལས་བྱེད་བདུན༔ སྐེད་པ་རྒྱ་མདུད་ཧཱུྃ་ལས་སྐྱེས༔ ཡར་གྱི་རྩེ་ལ་བྱ་རྒོད་ལྡིང་༔ མར་གྱི་རྩེ་ལ་སྟག་གཟིག་རྔམ༔ རྩང་གི་དྲ་མིག་ཐམས་ཅད་ལ༔ གདུག་པའི་ཁྲོ་མོ་འབུམ་འབུམ་འཕྲོ༔ དགྲ་བོ་མ་ཤོར་ཀཱི་ལ་ཡ༔ ཧཱུྃ༔ ལྷོ་ཡི་ཕྱོགས་ནས་རྩང་འཛུགས་པ༔ རིན་ཆེན་མཁའ་འགྲོ་སྒྲུབ་པའི་རྩང་༔ སེར་མོ་རྒྱས་པའི་ལས་བྱེད་བདུན༔ སྐེད་པ་རྒྱ་མདུད་ལམ་ལས་སྐྱེས༔ ཡར་གྱི་རྩེ་ལ་འུག་པ་གྲག༔ མར་གྱི་རྩེ་ལ་དྲེད་མོང་རྔམ༔ རྩང་གི་དྲ་མིག་ཐམས་ཅད་ལ༔ གདུག་པའི་ཁྲོ་མོ་འབུམ་འབུམ་འཕྲོ༔ དགྲ་བོ་མ་ཤོར་ཀཱི་ལ་ཡ༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ནས་རྩང་འཛུགས་པ༔ པདྨ་མཁའ་འགྲོ་སྒྲུབ་པའི་རྩང་༔ དམར་མོ་དབང་གི་ལས་བྱེད་བདུན༔ སྐེད་པ་རྒྱ་མདུད་ལམ་ལས་སྐྱེས༔ ཡར་གྱི་རྩེ་ལ་ཉ་མོ་འཕྱོ༔ མར་གྱི་རྩེ་ལ་ཆུ་སྲིན་རྔམ༔ རྩང་གི་དྲ་མིག་ཐམས་ཅད་ལ༔ གདུག་པའི་ཁྲོ་མོ་འབུམ་འབུམ་འཕྲོ༔ དགྲ་བོ་མ་ཤོར་ཀཱི་ལ་ཡ༔ ཧཱུྃ༔ བྱང་གི་ཕྱོགས་ནས་རྩང་འཛུགས་པ༔ ལས་ཀྱི་མཁའ་འགྲོའི་སྒྲུབ་པའི་རྩང་༔ མཐིང་ནག་དྲག་པོའི་ལས་
བྱེད་བདུན༔ སྐེད་པ་རྒྱ་མདུད་ཧཱུྃ་ལས་སྐྱེས༔ ཡར་གྱི་རྩེ་ལ་ཁྲག་གི་བྱ་རྒོད་ལྡིང་༔ མར་གྱི་རྩེ་ལ་ལྕགས་ཀྱི་སྦྲང་མ་འཚུབ༔ རྩང་གི་དྲ་མིག་ཐམས་ཅད་ལ༔ གདུག་པའི་ཁྲོ་མོ་འབུམ་འབུམ་འཕྲོ༔ དགྲ་བོ་མ་ཤོར་ཀཱི་ལ་ཡ༔ རྩང་ལ་གནས་པའི་མཁའ་འགྲོ་རྣམས༔ རྫུ་འཕྲུལ་མྱུར་མགྱོགས་གློག་ལྟར་འཁྱུག༔ དགྲ་བོ་མ་ཤོར་ཀཱི་ལ་ཡ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ སྐུ་ཡི་མངའ་བདག་འགྲོ་བའི་མགོན༔ དུས་གསུམ་སངས་རྒྱས་ཀུན་གྱི་ཡུམ༔ གསུང་གི་དབང་ཕྱུག་འགྲོ་བའི་མགོན༔ བཀའ་ལ་མི་གནས་གང་ཡང་མེད༔ ཐུགས་ནི་སྣོད་བཅུད་ཀུན་ལ་ཁྱབ༔ ང་ཡིས་མི་འདུལ་གང་ཡང་མེད༔ འབྱུང་བ་ལྔ་དང་སྣང་སྲིད་དང་༔ ཕྱི་ནང་སྣོད་བཅུད་དྲེགས་པ་ཀུན༔ ང་ཡིས་མི་འདུལ་གང་ཡང་མེད༔ ཟློག་པས་མི་ཟློག་གང་ཡང་མེད༔ སྣང་སྲིད་ལྷ་འདྲེའི་དྲག་ཤུལ་ཟློག༔ སྔོ་དམར་སྣལ་མས་དཀྲིས་པ་འདིས༔ མི་ནད་ཕྱུགས་ནད་ཡམས་ནད་ཟློག༔ བྱད་ཁ་རྦོད་གཏོང་ཐམས་ཅད་ཟློག༔ ཆག་ཆེན་ཉམ་ང་ཐམས་ཅད་ཟློག༔ དྲག་པོ་རྩང་གི་ཕྲིན་ལས་མཛོད༔ དགྲ་
བགེགས་བསྒྲལ་བའི་དུས་ལ་བབ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ་བྷྱོཿ མདོས་ཟོར་ཤ་ཁྲག་གཏོར་མ་དང་༔ དྲག་པོ་རྩང་གི་ཕུར་པ་འདིས༔ ད་ལྟ་རྣལ་འབྱོར་བདག་ཅག་ལ་སྡེ་བརྒྱུད་ཆད་པ་བྱུང་བ་ཟློག༔ བྱད་ཟོར་ཕུར་ཁ་ཐམས་ཅད་ཟློག༔ བནེའི་སྔགས་ཟོར་འདུས་པ་ཟློག༔ མུ་སྟེགས་བོན་པོའི་ཟོ་དམར་ཟློག༔ ལྷ་འདྲེའི་ཟ་ཁ་ཟུག་པ་ཟློག༔ རྒྱལ་པོ་ལོ་ཡི་བདུན་ཟུར་ཟློག༔ བློན་པོ་ཟླ་བའི་དབང་བཙན་ཟློག༔ དམག་མི་ཞག་གི་དཔུང་དགྲ་ཟློག༔ མཚོན་ཆ་དུས་ཀྱི་རྣོ་ངར་ཟློག༔ སྤར་ཁའི་སྐྱ་མདའ་ཟུག་པ་ཟློག༔ སྨེ་བ་དུར་དུ་ཚུད་པ་ཟློག༔ ས་བདག་ཀོ་ལོང་སྡོམ་པ་ཟློག༔ འབྱུང་བའི་དགྲ་གཤེད་འཐབ་པ་ཟློག༔ གཟའ་སྐར་དུས་ཚོད་ངན་པ་ཟློག༔ ལོ་ཟླ་ཞག་དུས་བབ་པ་ཟློག༔ ཁྲམ་དང་བྱད་དུ་བཅུག་པ་ཟློག༔ ཧོམ་དང་པར་བུ་སྐོར་བ་ཟློག༔ དགྲ་ཇག་བདུད་དུ་བབ་པ་ཟློག༔ ལྟས་ངན་གློ་བུར་ཡེ་འདྲོག་ཟློག༔ དུས་མིན་འཆི་བ་རྣམ་བརྒྱད་ཟློག༔ མི་ཁ་བྲ་མཆུ་ཐམས་ཅད་ཟློག༔ ཆག་ཆེན་ཉམ་ང་ཐམས་ཅད་ཟློག༔ སྔོན་བསྒྲིག་ཕྱིས་ནས་དེད་པ་ཟློག༔ དགྲ་སྣ་ཕུང་སྣ་གྱོད་སྣ་ཟློག །
ནད་སྣ་ཡམས་སྣ་རིམས་སྣ་ཟློག༔ དགྲ་སྲི་རྨི་ལམ་ངན་པ་ཟློག༔ ཆེ་སྲི་ཆུང་སྲི་དགྲ་སྲི་ཟློག༔ གཞོན་སྲི་དར་སྲི་གོད་སྲི་ཟློག༔ དགྲ་སྲི་ནད་སྲི་མཚོན་སྲི་ཟློག༔ མདོར་ན་སྲིད་པའི་ཆག་སྒོ་ཟློག༔ བདག་ལ་གནོད་པའི་དགྲ་འདྲེ་རྣམས༔ སྡང་བྱེད་དགྲ་བོའི་སྟེང་དུ་ཟློག༔ གནོད་བྱེད་བགེགས་ཀྱི་སྟེང་དུ་བྷྱོཿ བར་ཆད་བགེགས་ཀྱི་སྟེང་དུ་བྷྱོཿ ཟ་འདྲེ་ཕུང་སྲིའི་སྟེང་དུ་སྒྱུར༔ དམ་ཉམས་བྱད་མའི་སྟེང་དུ་བྷྱོཿ ཟློག་ཅིག་སྒྱུར་ཅིག་བདེན་པའི་བཀའ༔ ད་ནི་བཟློག་བསྒྱུར་དུས་ལ་བབ༔ དགྲ་བགེགས་འདུལ་བའི་དུས་ལ་བབ༔ དེ་ནས་ཐན་ཟློག་ནི༔ ཧཱུྃ་བྷྱོཿ གདུག་རྩུབ་དྲག་པོའི་རྩང་ཕུར་འདིས༔ ད་ནི་བཟློག་བསྒྱུར་དུས་ལ་བབ༔ སྟེང་ཕྱོགས་ལྷ་ཡི་གདུག་པ་ཡང་༔ དམར་ནག་རྩང་གི་བཟློག་ཏུ་གསོལ༔ འོག་ཕྱོགས་ཀླུ་ཡི་གདུག་པ་ཡང་༔ དམར་ནག་རྩང་གིས་བཟློག་ཏུ་གསོལ༔ བར་སྣང་གཉན་གྱི་གདུག་རྩུབ་རྣམས༔ དམར་ནག་རྩང་གིས་བཟློག་ཏུ་གསོལ༔ གནམ་ལོ་རྒྱལ་པོའི་སྐེག་བབ་དེ༔ དམར་ནག་རྩང་གིས་བཟློག་ཏུ་གསོལ༔ ཟླ་བ་བློན་པོའི་རྩིས་མཚལ་ཡང་༔ དམར་ནག་རྩང་གིས་བཟློག་ཏུ་
གསོལ༔ ཞག་གི་དམག་མའི་སྣ་དྲང་ཡང་༔ དམར་ནག་རྩང་གིས་བཟློག་ཏུ་གསོལ༔ དུས་ཚོད་མཚོན་ཆའི་བདུད་གཅོད་ཀྱང་༔ དམར་ནག་རྩང་གིས་བཟློག་ཏུ་གསོལ༔ སྤར་ཁ་རུས་པའི་སྟེང་ཆགས་ཀྱང་༔ དམར་ནག་རྩང་གིས་བཟློག་ཏུ་གསོལ༔ སྨེ་བ་ཤ་ཡི་རྒྱ་རལ་ཡང་༔ དམར་ནག་རྩང་གིས་བཟློག་ཏུ་གསོལ༔ དར་རྒུད་ལྤགས་པ་རལ་བ་ཡང་༔ དམར་ནག་རྩང་གིས་བཟློག་ཏུ་གསོལ༔ ཤ་ངུར་འབྱུང་བ་ལྔ་ཡི་ས་བདག་ཡང་༔ དམར་ནག་རྩང་གིས་བཟློག་ཏུ་གསོལ༔ སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱི༔ བསམ་སྦྱོར་གདུག་རྩུབ་ངན་པ་རྣམས༔ དམར་ནག་རྩང་གིས་བཟློག་ཏུ་གསོལ༔ ནད་རིགས་བཞི་བརྒྱ་རྩ་བཞི་ཡང་༔ དམར་ནག་རྩང་གིས་བཟློག་ཏུ་གསོལ༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཡང་༔ དམར་ནག་རྩང་གིསབཟློག་ཏུ་གསོལ༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཡང་༔ དམར་ནག་རྩང་གིས་བཟློག་ཏུ་གསོལ༔ དགྲ་འདྲེ་བྱུར་གསུམ་མི་ཁ་ཡང་དམར་ནག་རྩང་གིས་བཟློག་ཏུ་གསོལ༔ སྲེ་མོང་བྱི་རོ་ཁྱེར་བ་དེ༔ ནལ་ཕྲུག་ཡོང་བའི་ལྟས་ངན་ཡིན༔ དམར་ནག་རྩང་གིས་བཟློག་ཏུ་གསོལ༔ རྨོས་གླང་རོལ་ནས་འཁུན་པ་
དེ༔ ས་བདག་གནོད་པའི་ལྟས་ངན་ཡིན་དམར་ནག་རྩང་གིས་བཟློག་ཏུ་གསོལ༔ སྦྲ་ཡི་གུང་ཤིང་ཆག་པ་དེ༔ ལྷ་འདྲེ་འཁྲུག་པའི་ལྟས་ངན་ཡིན༔ དམར་ནག་རྩང་གིས་བཟློག་ཏུ་གསོལ༔ རི་དྭགས་ཁྱིམ་སྒོར་འོང་བ་དེ༔ མ་དང་བུ་མོའི་བཙོག་ནལ་ཡིན༔ དམར་ནག་རྩང་གིས་བཟློག་ཏུ་གསོལ༔ ར་ལུག་བཤའ་རྒྱུད་ཁྱེར་བ་དེ༔ ཡུལ་བུད་སོང་བའི་ལྟས་ངན་ཡིན༔ དམར་ནག་རྩང་གིས་བཟློག་ཏུ་གསོལ༔ སྦལ་སྦྲུལ་ཁྱིམ་དུ་འོང་བ་དེ༔ བུ་སྲིང་བྱེ་ཡུགས་འོང་བའི་ལྟས་ངན་ཡིན༔ དམར་ནག་རྩང་གིས་བཟློག་ཏུ་གསོལ༔ དྲེལ་རྟས་རྔ་རྔོག་འཆའ་བ་དེ༔ མཚོན་ཆ་འཁྲུག་པའི་ལྟས་ངན་ཡིན༔ དམར་ནག་རྩང་གིས་བཟློག་ཏུ་གསོལ༔ ལུག་ཤ་ལག་འགྲམ་ངན་པ་དེ༔ ར་ལུག་ཤི་ཆད་འོང་བའི་ལྟས་ངན་ཡིན༔ དམར་ནག་རྩང་གིས་བཟློག་ཏུ་གསོལ༔ སོག་པའི་མེ་ལོང་རྡོལ་བ་དེ༔ རིམས་ནད་འོང་བའི་ལྟས་ངན་ཡིན༔ དམར་ནག་རྩང་གིས་བཟློག་ཏུ་གསོལ༔ ཕ་སྤུན་ཟེར་ཁ་མང་བ་དེ༔ བྱེ་བྲལ་འོང་བའི་ལྟས་ངན་ཡིན༔ དམར་ནག་རྩང་གིས་བཟློག་ཏུ་གསོལ༔ འུག་པ་སྒོ་ནས་རྒོད་པ་དང་༔ སྲིན་
བྱས་ཉིན་པར་ཀུས་འདེབས་དེ༔ བྱེ་བྲལ་ཁྱིམ་ཕུགས་ཤོར་བའི་ལྟས་ངན་ཡིན༔ དམར་ནག་རྩང་གིས་བཟློག་ཏུ་གསོལ༔ སྒོ་ཁྱི་ངུ་ཟུག་བྱེད་པ་དེ༔ བུ་ཚ་ད་ཕྲུག་འོང་བའི་ལྟས་ངན་ཡིན༔ དམར་ནག་ཆུང་གིས་བཟློག་ཏུ་གསོལ༔ བྱི་ལོང་ལམ་ཁར་ལོང་བ་དང་༔ བུད་མེད་ནག་མོའི་ཅོ་འཛིང་ནི༔ ཉེ་བ་ཀུན་གྱི་ལྟས་ངན་ཡིན༔ དམར་ནག་རྩང་གིས་བཟློག་ཏུ་གསོལ༔ ལྟས་ངན་ཐམས་ཅད་རྩང་གིས་བཟློག་ཏུ་གསོལ༔ སྐྱེས་པ་ཕོ་ཡི་རུས་འདྲེ་བཟློག་ཏུ་གསོལ༔ ཟ་མ་མོ་ཡི་སྐག་འདྲེ་བཟློག་ཏུ་གསོལ༔ རྐྱེན་ཕྱོགས་རྐྱེན་འདྲེ་འཁོར་བ་བཟློག་ཏུ་གསོལ༔ ཕ་མྱེས་བསྒྲེན་འདྲེ་ཐམས་ཅད་བཟློག་ཏུ་གསོལ༔ ལྟས་ངན་ཆེ་དགུ་ཐམས་ཅད་བཟློག་ཏུ་གསོལ༔ ཁང་ཁྱིམ་བཀྲག་མདངས་ཤོར་བ་བཟློག་ཏུ་གསོལ༔ དུར་ས་ཝ་མོ་བརྒྱལ་བ་བཟློག་ཏུ་གསོལ༔ རྟ་ཕོ་སྲོད་ལ་འཚེར་བ་བཟློག་ཏུ་གསོལ༔ ཐོ་རངས་སྒོ་ཁྱི་དུ་བ་བཟློག་ཏུ་གསོལ༔ ཕུ་ཡི་ཤ་ཕོ་རུ་འཛིང་བཟློག་ཏུ་གསོལ༔ མདའ་ཡི་ཉ་མོ་རྫ་འཛིང་བཟློག་ཏུ་གསོལ༔ བར་གྱི་རྒོད་པོ་སྡེར་འཛིང་བཟློག་ཏུ་གསོལ༔་ཁང་ཁྱིམ་འུག་པ་རྒོད་པ་བཟློག་ཏུ་གསོལ༔ སྲིན་བྱས་ཕུང་ཕུང་ཟེར་བ་
བཟློག་ཏུ་གསོལ༔ སྦྲུལ་ནག་ལམ་ཁར་ཉལ་བ་བཟློག་ཏུ་གསོལ༔ ཕྱུགས་ཀྱི་འགྲམ་འཁྲུགས་ངན་པ་བཟློག་ཏུ་གསོལ༔ མཚེ་མ་བུ་ཕུང་ངན་པ་བཟློག་ཏུ་གསོལ༔ ཁང་ཁྱིམ་སྲིན་བྱས་ཚང་བཅས་བཟློག་ཏུ་གསོལ༔ དེ་ལ་སོགས་པའི་སྐག་ཆེན་རྣམས༔ ལྟས་ངན་སྣ་ཚོགས་བསྒྱུར་དུ་གསོལ༔ བཟློག་བསྒྱུར་ཆེན་པོའི་དུས་ལ་བབ༔ ས་མ་ཡཱ༔ གྷོ་གྷོ༔ ཟློག་ཟློག༔ སྒྱུར་སྒྱུར༔ མཱ་ར་ཡ་དགྲ་བོ་བྱད་མ་གནོད་བྱེད་ཀྱི་སྟེང་དུ་བྷྱོ་བྷྱོ་ཟློག་ཟློག༔ ཨོཾ་ཧ་དྷེ་མོ་ཧཱ་ཧྲི་ཏཱ་ཡ༔ སི་ཏི་ཧཱ་རི་ཏ་ཡ༔ ལིཾ་ཏ་ཡ་མཱ་ར་ཡ་ནན༔ ཧཱུྃ་ཧཱུྃ་ཕཊ་ཕཊཿབྷྱོ་བྷྱོཿ ས་མ་ཡ་ཟློག་ཟློག༔ ཨ་ལི་ལ་པྲ་མོ་ཧེ་བྷྱོ་བྷྱོ༔ ཨ་ཏི་པྲ་མ་ན་ཟློག༔ ཆོད་འདྲེ་རྦོད་གཏོང་ཐམས་ཅད་ཟློག༔ ཐབས་ཤེས་རྫས་རྣམས་དྲངས་ཤིང་། ཀྱི། དཔའ་བོ་ཆེན་པོ་སོགས་གོང་ནས་དྲངས། སུ་ཁ་མར་གྱི་ལོངས་སྤྱོད་ལྷག་མ་གོང་ལྟར་ཕུལ། ན་མོ་དཀོན་མཆོག་གསུམ་དང་སོགས་ནས་ཤ་ཁྲག་ལ་ཁཱ་ཧི། བསྐུལ་པ་ནི། ཧཱུྃ༔ རང་བཞིན་གདོད་ནས་སོགས་ནས་འགྲུབ་པར་མཛོད་བར་བྱའོ། །དེ་ནས་གསེར་སྐྱེམས་དང་སྒོ་དབྱེ་བྱ་བ་ནི༔ གསེར་སྐྱེམས་བྱིན་གྱིས་བརླབས་ལ་ཕྱོགས་ཐམས་ཅད་དུ་མཆོད་བཅུག་ལ་འདི་སྐད་དོ༔ ཀྱེ༔
འཇིག་རྟེན་འཛམ་གླིང་སྟེང་དང་འོག༔ ཕྱོགས་བཅུ་ཀུན་ན་བཞུགས་པ་ཡི༔ སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀུན༔ ཐམས་ཅད་བདག་ལ་སྙན་གསོན་འཚལ༔ རིན་ཆེན་ལས་གྲུབ་སྣོད་མཆོག་ཏུ༔ རོ་བཅུད་ཟས་དང་འབྲུ་བཅུད་ཆང་༔ ས་ཡི་སྙིང་པོ་རིན་ཆེན་གསེར༔ རྡོ་ཡི་སྙིང་པོ་རིན་ཆེན་དངུལ༔ བཀྲག་མདངས་རྒྱས་པ་མཚོ་རོ་གཡུ༔ སྔོན་མོ་འཕེལ་ཆེན་འབྲུ་བཅུད་ནས༔ གཉིས་སུ་སྦྱར་བའི་གསེར་སྐྱེམས་འདི༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ ཆོས་སྐྱོང་དཔལ་མགོན་རྣམས་ལ་འབུལ༔ རྣལ་འབྱོར་བདག་གིས་རྒྱབ་རྟེན་མཛོད༔ གཏོར་མདོས་དགྲ་ཡུལ་བསྐྱོད་པའི་ཚེ༔ དགྲ་དང་བགེགས་ལ་ཟོར་འཕེན་ན༔ ཕྱོགས་བཅུའི་ཀུན་ལ་གནས་པ་དང་༔ མདོས་གཏོར་གཏོང་ཕྱོགས་གནས་པ་ཡི༔ ཕྱོགས་སྐྱོང་སྡེ་བརྒྱད་དྲེགས་པའི་ཚོགས༔ རྒྱལ་པོ་བཙུན་མོ་བློན་པོ་དང་༔ ནང་མི་དམག་དཔུང་སྡེ་དང་བཅས༔ འབྱུང་པོའི་ཚོགས་རྣམས་མ་ལུས་ཀུན༔ གསེར་སྐྱེམས་བདུད་རྩི་འདི་བཞེས་ལ༔ ཉམས་པའི་མགོན་སྐྱབས་མ་མཛད་པར༔ རྣལ་འབྱོར་བདག་གི་སྡོང་གྲོགས་མཛོད༔ ཐུན་ཟོར་མདོས་ཀྱི་ལམ་ཕྱེས་ཤིག༔ གང་ཞིག་བསྒོ་བ་
མ་ཉན་པར༔ ཉམས་པའི་གྲིབ་ཀྱིས་ཉེས་བྱུང་ན༔ ང་ནི་མ་ཉེས་མ་ལན་ཅིང་༔ ཉེས་ལན་དགྲ་དང་བགེགས་ལ་ཕོབ༔ ཕྱི་ནང་གསང་བའི་ལྷ་མ་སྲིན༔ ལོ་ཟླ་ཞག་དུས་འབྱུང་བའི་བདག༔ ཡུལ་ལྷ་གཞི་བདག་མཐུ་ཆེན་རྣམས༔ གསེར་སྐྱེམས་མཆོད་གཏོར་འདི་བཞེས་ལ༔ རྣལ་འབྱོར་བདག་གི་སྡོང་གྲོགས་མཛོད༔ ཁྱད་པར་ཡུལ་དང་གྲོང་གི་བདག༔ གཉུག་མར་གནས་པ་མ་ལུས་པ༔ གཏོར་ལམ་གནས་པའི་འབྱུང་པོའི་ཚོགས༔ གསེར་སྐྱེམས་གཏོར་མ་འདི་བཞེས་ལ༔ མཐོ་བ་རྣམས་ཀྱི་ཞབས་ཡར་སྐུམས༔ དམའ་བ་རྣམས་ཀྱི་དབུ་མར་ཁུག༔ བར་པ་རྣམས་ཀྱི་སྐུ་གཟུར་ལ༔ ཡས་ལམ་ཕྱེས་ལ་གཏོར་ལམ་ཕྱེས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་གསེར་སྐྱེམས་ཕུལ༔ དེ་ནས་སྒོ་དབྱེ་བྱ་བ་ནི༔ ཧཱུྃ་བྷྱོ༔ དཀྱིལ་འཁོར་ཡོངས་ཀྱི་ཕྱི་ཡི་སྒོ་སྐྱོང་མ༔ རྒྱལ་ཆེན་སྡེ་བཞི་ཕྱོགས་སྐྱོང་བཅུ༔ གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ སྐུ་སྤྱན་གཡོལ་དམག་དཔུང་བསྐྱེད༔ སྡང་དགྲ་གནོད་བྱེད་སྟེང་དུ་བྷོ༔ ཧཱུྃ་བྷྱོཿ ཕྱོགས་བཞི་སྒོ་མ་ཆེན་མོ་བཞི༔ ཕྱག་མཚན་བཞི་ཡི་ཕྱག་རྒྱ་ཡིས༔ དཀྱིལ་འཁོར་
ཕྱོགས་བཞིའི་སྒོ་རྣམས་ཕྱེས༔ གསེར་སྐྱེམས་གཉན་པོ་འདི་གསོལ་ལ༔ གཏོར་མའི་ཟོར་ལམ་དགྲ་ལ་སྟོན༔ བཛྲ་རཏྣ་པདྨ་ཀརྨ་པྲ་ཝེ་ཤ་ཡ་ཕཊཿ ཅེས་གསེར་སྐྱེམས་མདོས་ཀྱི་ཕྱོགས་བཞི་ལ་མཆོད༔ ཨོཾ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀ་ལི་མཎྜལ་ལ་སྤ་ར་ཎ་ཧཱུྃ༔ མདོས་ཀྱི་རྟེན་པ་དང་བརྟེན་པར་བཅས་པའི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མ་ཡཱ་ཛ་ཛཿ ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཏེག་ལ་བར་སྣང་གང་བར་བསྒོམ༔ དེ་ནས་འགྲིགས་རིམ་བཞིན་དུ་བཤམས་ལ༔ མདོས་ཐོག་ཙཀླུ་བླངས་ལ་ཞལ་བསྒྱུར་དང་དམག་འགྱེད་བྱ་བ་ནི༔ ཧཱུྃ་བྷྱོ༔ ད་ནི་ཟློག་མདོས་ཞལ་བསྒྱུར་རོ༔ ཁྲོས་མ་ནག་མོ་ཞལ་བསྒྱུར་རོ༔ སྡང་བའི་དགྲ་ལ་ཞལ་བསྒྱུར་རོ༔ མཁའ་འགྲོའི་དམག་དཔུང་བྱེ་བའི་ཚོགས༔ སྡང་བའི་དགྲ་ལ་ཞལ་བསྒྱུར་རོ༔ ལྷ་སྲིན་སྡེ་བརྒྱད་ཚོགས་དང་བཅས༔ སྡང་བའི་དགྲ་ལ་ཞལ་བསྒྱུར་རོ༔ སྣང་སྲིད་ལྷ་འདྲེའི་དམག་དང་བཅས༔ སྡང་བའི་དགྲ་ལ་ཞལ་བསྒྱུར་རོ༔ ཆིབས་ཁ་དགྲ་ཡི་ཡུལ་དུ་སྒྱུར༔ དམག་སྣ་དགྲ་ཡི་ཡུལ་དུ་དྲོངས༔ དམག་དཔུང་དགྲ་ཡི་ཡུལ་དུ་ཆོས༔ སྦྲ་ནག་དགྲ་ཡི་སྒོ་ཁར་ཕུབ༔ རུ་དར་དགྲ་ཡི་ཁྱིམ་དུ་ཚུགས༔ མདུང་དར་དགྲ་ཡི་ཡུལ་དུ་
སྒྱུར༔ མཚོན་ཆས་དགྲ་ཡི་ལུས་སྲོག་ཕྲོལ༔ བདུད་ཞགས་དགྲ་ཡི་མགུལ་དུ་ཐོབ༔ ཁྲམ་བམ་སྡང་མིག་དགྲ་ལ་རྒྱོབས༔ དུག་གཟེར་དགྲ་བོའི་ཁོང་དུ་ཐོངས༔ ཟས་སུ་དགྲ་བོའི་ཤ་ལ་ཟོ༔ སྐོམ་དུ་དགྲ་བོའི་ཁྲག་ལ་འཐུང་༔ སྔོན་གྱི་དམ་བཅའ་མ་གཡེལ་བར༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ་བྷྱོཿ ཤར་གྱི་ཕྱོགས་སུ་དམག་འདྲེན་ན༔ དམག་དཔོན་རྡོ་རྗེ་མཁའ་འགྲོས་མཛོད༔ དམག་སྣ་དཔལ་ལྡན་ལྷ་མོས་གྱིས༔ དམག་གཏིང་ཡུལ་འཁོར་སྲུང་གིས་སྐྱོངས༔ དམག་འདི་དགྲ་ཡི་སྟེང་དུ་བྷྱོ༔ ཧཱུྃ་བྷྱོ༔ ལྷོ་ཡི་ཕྱོགས་སུ་དམག་འདྲེན་ན༔ དམག་དཔོན་རིན་ཆེན་མཁའ་འགྲོས་མཛོད༔ དམག་སྣ་རེ་མ་ཏི་ཡིས་དྲོངས༔ དམག་གཏིང་འཕགས་སྐྱེས་པོ་ཡི་སྐྱོངས༔ དམག་འདི་དགྲ་ཡི་སྟེང་དུ་བྷྱོ་ཧཱུྃ་བྷྱོ༔ ནུབ་ཀྱི་ཕྱོགས་སུ་དམག་འདྲེན་ནི༔ དམག་དཔོན་པདྨ་མཁའ་འགྲོས་མཛོད༔ དམག་སྣ་སྲིད་པའི་རྒྱལ་མོས་དྲོངས༔ དམག་གཏིང་སྤྱན་མི་བཟང་གིས་སྐྱོངས༔ དམག་འདི་དགྲ་ཡི་སྟེང་དུ་བྷོ༔ ཧཱུྃ་བྷྱོ༔ བྱང་གི་ཕྱོགས་སུ་དམག་འདྲེན་ན༔ དམག་དཔོན་ལས་ཀྱི་མཁའ་འགྲོས་མཛོད༔ དམག་
སྣ་མ་མོ་ཡོངས་ཀྱིས་དྲོངས༔ དམག་གཏིང་རྣམ་ཐོས་སྲས་ཀྱིས་སྐྱོངས༔ དམག་འདི་དགྲ་ཡི་སྟེང་དུ་བྷྱོ༔ རིགས་བཞི་མཁའ་འགྲོ་དམག་ལ་ཆོས༔ རྒྱལ་ཆེན་སྡེ་བཞིས་དམག་གཏིང་སྐྱོངས༔ སྣང་སྲིད་མ་མོས་དམག་སྣ་དྲོངས༔ སངས་རྒྱས་བསྟན་པ་རིན་ཆེན་སྲུངས༔ རྣལ་འབྱོར་བདག་གི་སྡོང་གྲོགས་མཛོད༔ དགྲ་བགེགས་འདུལ་བའི་ཕྲིན་ལས་མཛོད༔ དམ་ཉམས་དགྲ་བོ་ཁྲམ་ལ་ཐོབ༔ དགྲ་བགེགས་ཡུལ་དུ་དམག་ལ་ཆོས༔ ཐུལ་ཅིག་སྡང་དགྲ་གནོད་བྱེད་བགེགས༔ ཟློག་ཅིག་ལྷ་འདྲེའི་དམག་ཟློག༔ རང་ཉིད་ཁྲོས་མ་ནག་མོ་ཞལ་སྲིད་གསུམ་རྩེ་ནས་ཕྱིར་གཟིགས་ནས་སྲིད་གསུམ་ཟིལ་གྱིས་མནན་པར་བསམ༔ དེ་ནས་མཁའ་འགྲོའི་དམག་ཚོགས་རྣམས་དགྲ་བགེགས་ཀྱི་སྟེང་དུ་ཆས་པར་བསམ་ལ་མེ་རླུང་འཚུབ་མ་ལྟར་སོང་བར་བསམ་ལ་འདི་སྐད་དོ༔ ཧཱུྃ་བྷྱོ༔ ད་ནི་ཟློག་མདོས་སྐྱོད་རེ་རན༔ ཁྲོས་མ་ནག་མོ་སྐུ་སྐྱོད་འཚལ༔ འཁོར་གྱི་མཁའ་འགྲོ་སྐུ་སྐྱོད་འཚལ༔ ལས་ཀྱི་ཕོ་ཉ་སྐུ་སྐྱོད་འཚལ༔ ལྷ་སྲིན་དམག་ཚོགས་སྐུ་སྐྱོད་ཅིག༔ དགྲ་བགེགས་ཡུལ་དུ་སྐུ་སྐྱོད་ཅིག༔ ཆིབས་ཁ་དགྲ་ཡི་ཡུལ་དུ་སྒྱུར༔ དགྲ་བོའི་ཡུལ་ཁམས་དམག་གིས་ཁེངས༔ སྡང་བའི་དགྲ་ལ་སྐུ་ཟུར་སྟོན༔ ཐུན་ཟོར་
སྡང་བའི་དགྲ་ལ་རྒྱོབས༔ དགྲ་བོའི་མི་ནོར་ཆམ་ལ་ཕོབ༔ དགྲ་བགེགས་ཡུལ་ཁམས་རྡུལ་དུ་རློགས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཕྱི་རོལ་གོམ་པ་བདུན་ཅུའི་སར་ཁྱེར་ལ་གསེར་སྐྱེམས་དང་དཀར་གཏོར་བྲན་ལ༔ གསེར་སྐྱེམས་འཐོར་ཞིང་འདི་སྐད་དོ༔ ཧཱུྃ་བྷྱོ༔ སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས༔ ཐམས་ཅད་བདག་ལ་སྙན་གསོན་འཚལ༔ རིན་ཆེན་ལྔ་དང་འབྲུ་བཅུད་ཆང་༔ མཉམ་དུ་སྦྱར་བའི་གསེར་སྐྱེམས་འདི༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ ཆོས་སྐྱོང་དཔལ་མགོན་རྣམས་ལ་འབུལ༔ རྣལ་འབྱོར་བདག་གི་རྒྱབ་རྟེན་མཛོད༔ ཕྱི་ནང་གསང་བའི་ལྷ་མ་སྲིན༔ ལོ་ཟླ་ཞག་དུས་འབྱུང་བའི་བདག༔ ཡུལ་ལྷ་གཞི་བདག་མཐུ་ཆེན་རྣམས༔ གསེར་སྐྱེམས་མཆོད་གཏོར་འདི་བཞེས་ལ་རྣལ་འབྱོར་བདག་གི་སྡོང་གྲོགས་མཛོད༔ ཁྱད་པར་ཡུལ་དང་གྲོང་གི་བདག༔ གཉུག་མར་གནས་པ་མ་ལུས་དང་༔ གཏོར་ལམ་འདིར་གནས་འབྱུང་པོའི་ཚོགས༔ གསེར་སྐྱེམས་གཏོར་མ་འདི་བཞེས་ལ་མཐོ་བ་རྣམས་ཀྱི་ཞབས་ཡར་སྐུམས༔ དམའ་བ་རྣམས་ཀྱི་དབུ་མར་ཁུག༔ བར་པ་རྣམས་ཀྱི་སྐུ་བཟུར་ཅིག༔ ཡས་ལམ་ཕྱེས་ལ་གཏོར་ལམ་
ཕྱེས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་གསེར་སྐྱེམས་དཀར་གཏོར་ཕུལ༔ དེ་ནས་ཟ་ལམ་ལ་དཔལ་འབར་བཙུགས་གོམ་པ་བདུན་ཅུ་འདས་པའི་སར་ཁྱེར་ལ༔ བདུད་རྩི་ས་བྲན་ལ་ཟ་ལམ་བྱའོ༔ དེ་ནས་གཏོར་ཟོར་རྣམས་ཀྱི་བསྐུལ་པ་ནི༔ ཧཱུྃ་བྷྱོ༔ མ་གཡེལ་མ་གཡེལ་རིག་འཛིན་ཚོགས༔ མ་གཡེལ་མ་གཡེལ་ཡི་དམ་ཚོགས༔ མ་གཡེལ་མ་གཡེལ་མཁའ་འགྲོའི་ཚོགས༔ ཐམས་ཅད་ཐུགས་དམ་གནད་ནས་སྐུལ༔ རང་རང་གནས་ནས་སྐུ་བཞེངས་འཚལ༔ དམར་ཆེན་གཏོར་མ་འདི་བཞེས་ལ༔ དེ་རིང་བདག་གི་དཔུང་གྲོགས་མཛོད༔ ཁྱེད་རྣམས་ཐུགས་དམ་དུས་ལ་བབ༔ ཧཱུྃ༔ མཚན་མོ་སྒྲ་སྒྲོག་གཅེར་བུའི་ལུས༔ གར་མཛད་དགྱེས་པའི་གད་རྒྱངས་ཅན༔ བདུད་འཇོམས་དྲག་མོའི་ཆ་ལུགས་ཅན༔ དབང་བསྒྱུར་མཁའ་འགྲོའི་སྐུ་ལ་བསྟོད༔ ཧཱུྃ༔ བསྐུལ་ལོ་མ་མོ་མཁའ་འགྲོའི་ཚོགས༔ རྦད་དོ་ཤ་ཟ་ཌཀྐི་མ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་ནས་ཟོར་འཕེན་པ་ནི༔ ཧཱུྃ་བྷྱོཿ དམར་གྱི་གཏོར་མ་ཆེན་པོ་འདི༔ མཁའ་འགྲོ་དམ་ཅན་མཆོད་པའི་རྫས༔ དགྲ་བགེགས་དམ་ཉམས་བསྒྲལ་བའི་མཚོན༔ ནད་དང་རིམས་ཀྱི་ན་བུན་འཐུལ་དུག་
དང་མཚོན་གྱི་ཆར་པ་འབེབས༔ བསྟན་པ་བཤིག་པའི་དགྲ་བགེགས་ལ༔ མཚོན་གྱི་ཆར་པ་དེ་ལ་ཕོབ༔ དུག་དང་ནད་རིམས་དེ་ལ་ཕོབ༔ ཐུན་ཟོར་སྔགས་ཟོར་དེ་ལ་རྒྱོབས༔ སྡང་དགྲ་བགེགས་ལ་གཏོར་ཟོར་རྒྱོབས་གནོད་བྱེད་འདྲེ་ལ་གཏོར་ཟོར་རྒྱོབས༔ བར་ཆད་བདུད་ལ་གཏོར་ཟོར་རྒྱོབས༔ ཕུང་བའི་སྲི་ལ་གཏོར་ཟོར་རྒྱོབས༔ ཟ་བའི་འདྲེ་ལ་གཏོར་ཟོར་རྒྱོབས༔ དགྲ་བགེགས་ཐལ་བ་རྡུལ་དུ་རློགས༔ ཨོཾ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀ་ལི་ཧ་རི་ནི་ས་ཌཱཀྐི་ནི་དགྲ་བགེགས་མཱ་ར་ཡ་ཕཊཿ ཅེས་ཟོར་དུ་འཕང་བའམ་དམིགས་པའི་ཕྱོགས་སུ་བསྐྱལ་ལོ༔ དེ་ནས་གཏོར་མདོས་བསྐུལ་ཞིང་ལག་ཏུ་ཐོགས་ལ༔ ཧཱུྃ་བྷྱོ༔ ནུབ་ཕྱོགས་པདྨ་དབང་གི་དཀྱིལ་འཁོར་ནས༔ དཔལ་ཆེན་རྟ་མགྲིན་ཡབ་ཡུམ་དགྲ་ལ་བྷྱོ༔ དུར་ཁྲོད་སོ་ས་གླིང་གི་དཀྱིལ་འཁོར་ནས༔ ཐུགས་རྗེ་ཁྲོས་མ་ནག་མོ་དགྲ་ལ་བྷོ༔ ཞེ་སྡང་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ རྡོ་རྗེ་མཁའ་འགྲོའི་དམག་ཚོགས་དགྲ་ལ་བྷོ༔ ང་རྒྱལ་རི་ལྟར་ཉིལ་བའི་ཀློང་དཀྱིལ་ནས༔ རིན་ཆེན་མཁའ་འགྲོའི་དམག་ཚོགས་དགྲ་ལ་བྷོ༔ འདོད་ཆགས་ཆུ་ལྟར་ཁོལ་བའི་ཀློང་དཀྱིལ་ནས༔ པདྨ་མཁའ་འགྲོའི་
དམག་ཚོགས་དགྲ་ལ་བྷོ༔ ཕྲག་དོག་རླུང་ལྟར་འཚུབ་པའི་ཀློང་དཀྱིལ་ནས༔ ལས་ཀྱི་མཁའ་འགྲོའི་དམག་ཚོགས་དགྲ་ལ་བྷྱོ༔ གཏི་མུག་མུན་ལྟར་གཏིབས་པའི་ཀློང་དཀྱིལ་ནས༔ སངས་རྒྱས་མཁའ་འགྲོའི་དམག་ཚོགས་དགྲ་ལ་བྷྱོ༔ བསིལ་བ་ཚལ་གྱི་དུར་ཁྲོད་ཆེན་པོ་ནས༔ དཔལ་ལྡན་ནག་པོ་ཆེན་པོ་དགྲ་ལ་བྷྱོ༔ ཐོད་མཁར་མེ་རླུང་འཚུབ་པའི་ཀློང་དཀྱིལ་ནས། དཔལ་ལྡན་ལྷ་མོ་ཆེན་མོ་དགྲ་ལ་བྷོ༔ བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ ཆོས་སྐྱོང་རྣམ་སྲས་འཁོར་བཅས་དགྲ་ལ་བྷྱོ༔ ཟངས་རི་འཁྱིལ་པའི་ཕོ་བྲང་དམ་པ་ནས༔ འབར་བ་བཙན་རྒོད་སྤུན་བདུན་དགྲ་ལ་བྷྱོ༔ ཨོ་རྒྱན་སྨུག་ནག་འཁྱིལ་བའི་ཀློང་དཀྱིལ་ནས༔ བསྟན་སྲུང་མ་མོ་མཆེད་གསུམ་དགྲ་ལ་བྷྱོ༔ ཉོན་མོངས་ཆུ་ལྟར་ཁོལ་བའི་ཀློང་དཀྱིལ་ནས༔ གནས་པོ་ལྷ་སྲིན་སྡེ་བརྒྱད་དགྲ་ལ་བྷོ༔ བར་སྣང་གློག་མདའ་འབྲུག་གིས་བསྐུལ་བ་བཞིན༔ རྫུ་འཕྲུལ་རྩལ་དང་བཅས་པ་ད་རྒྱུག་ཅིག་ཅེས་ཤིན་ཏུ་གཉན་པས་གལ་ཆེ་བ་མ་གཏོགས་གར་ཐོད་ཐོད་དུ་མི་བྱ༔ མཁའ་འགྲོའི་བཀའ་ཆད་འོང་༔ རྒྱུན་ཁྱེར་ནི༔ རྗེ་དགུ་པས་མཛད་པའི་མཁའ་འགྲོ་ཆོས་སྐྱོང་སྤྱིའི་བསྐུལ་པ་ནི༔ ཧཱུྃ་བྷྱོ༔ མཁའ་འགྲོ་ཆོས་སྐྱོང་ཡེ་
ཤེས་སྤྱན་ལྡན་པ༔ ལེགས་ཉེས་ཤན་ཕྱེས་ཉམས་པའི་སྲོག་གཅོད་པ༔ མྱུར་མགྱོགས་རྫུ་འཕྲུལ་མཐུ་ལྡན་ཁྱེད་རྣམས་ཀྱིས༔ བདག་ལ་སྡང་བའི་དགྲ་བགེགས་བྱད་མ་རྣམས༔ ལྷག་མ་རྗེས་ཤུལ་ཙམ་ཡང་མེད་པར་མཛོད༔ མ་གཡེལ་མ་གཡེལ་བཀའ་སྡོད་རྒྱ་མཚོའི་ཚོགས༔ འབོད་དོ་སྙན་མ་སྲ་ལ་རྒྱང་མ་རིང་༔ བཅོམ་ལྡན་སྤྱན་སྔར་ཞལ་བཞེས་མ་གཡེལ་བ༔ དགྲ་བགེགས་མྱུར་དུ་བསྒྲལ་བའི་ལས་མཛོད་ཅིག༔ ཅེས་གཏོར་མ་བསྐུལ་ལ་རྒྱབ་བོ༔ སླར་སྤྲོ་ན་གཏོར་གཞོང་ཆུས་བཤལ་ལ་བརྟན་མར་ཕུལ༔ ཨོཾ་ཨཱཿཧཱུྃ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱི་ཋཱ༔ ཞེས་བདུད་རྩིར་བྱིན་གྱིས་བརླབ་ཅིང་བརྟན་མ་མཆོད༔ དེ་ནས་གཏོར་གཞོང་ཁ་སྦུབས་ལ་གཏོར་བྲོ་ནི༔ ཧཱུྃ་བྷྱོ༔ ཐུགས་རྗེ་ཁྲོས་མའི་གཟི་བརྗིད་ཀྱིས༔ བགེགས་དང་དམ་སྲི་བར་ཆད་རྣམས༔ རི་རབ་ཆེན་པོའི་འོག་ཏུ་མནན༔ ཌཱཀྐི་སྡེ་ལྔའི་བྲོ་ར་བཙུགས༔ དཔའ་བོའི་བྲོ་རྡུང་ཁྲིགས་སེ་ཁྲིག༔ དཔའ་མོས་གར་བྱེད་ཁྱུགས་སེ་ཁྱུག༔ ཡེ་ཤེས་ལྔ་ཡི་བྲོ་བརྡུངས་བས༔ དུག་ལྔའི་ཕུང་པོ་གཏན་ནས་བརླག༔ བདུད་དགྲ་ཐལ་བ་རྡུལ་དུ་རློགས༔ ཨོཾ་ལཾ་ཨ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན༔ དེ་ནས་རྗེས་ཆོག་བྱ་བ་ནི༔ ཧཱུྃ༔ ཐུགས་རྗེ་ཁྲོས་
མའི་ལྷ་ཚོགས་འཁོར་བཅས་ལ༔ དངོས་འབྱོར་ཡིད་སྤྲུལ་ཕྱི་ནང་གསང་མཆོད་འབུལ༔ ཨརྒྷཾ་སོགས། བསྟོད་དབྱངས་ཡན་ལག་རྒྱ་མཚོས་རབ་ཏུ་བསྟོད༔ ཆོ་ག་ལྷག་ཆད་འགལ་འཁྲུལ་བཟོད་པར་བཞེས༔ ཡིག་བརྒྱ་བརྗོད། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད༔ སོགས་ནས། བཛྲ་མུཿ རང་གནས་གཤེགས་སམ་རྟེན་ལ་བརྟན་པར་བཞུགས༔ མདུན་བསྐྱེད་དམ་ཚིག་རང་ལ་ཐིམ༔ རང་ཉིད་ཀྱང་མཐའ་ནས་དབུས་སུ་ཡལ༔ མི་དམིགས་སྟོང་ཉིད་དུ་གྱུར༔ དགེ་བས་མཆོག་ཐུན་དངོས་གྲུབ་ཐོབ་པར་ཤོག༔ བདེ་ལེགས་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག༔ ཧཱུྃ༔ བཀའ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔ སྟོང་ཉིད་སྙིང་རྗེའི་ངང་ལས་ཐུགས་རྗེའི་སྐུ༔ རྒྱལ་བའི་བསྐྱེད་ཡུམ་རྡོ་རྗེ་རྣལ་འབྱོར་མ༔ བྱིན་རླབས་དངོས་གྲུབ་ཐམས་ཅད་འབྱུང་བའི་གནས༔ ཐུགས་རྗེ་ཁྲོས་མའི་ལྷ་ཚོགས་བཀྲ་ཤིས་ཤོག༔ ཞི་རྒྱས་དབང་དྲག་ལས་རྣམས་སྒྲུབ་མཛད་མ༔ མཁའ་འགྲོ་སྡེ་བཞི་ལྷ་ཚོགས་བཀྲ་ཤིས་ཤོག༔ དཔའ་བོ་མཁའ་འགྲོ་རྣམས་ཀྱི་བཀྲ་ཤིས་ཤོག༔ ཆོས་སྐྱོང་སྲུང་མ་
རྣམས་ཀྱི་བཀྲ་ཤིས་ཤོག༔ ནོར་ལྷ་གཏེར་བདག་རྣམས་ཀྱི་བཀྲ་ཤིས་ཤོག༔ དཀར་ཕྱོགས་སྐྱོང་བའི་རྣམས་ཀྱི་བཀྲ་ཤིས་ཤོག༔ གནས་པོ་དགེ་བསྙེན་རྣམས་ཀྱི་བཀྲ་ཤིས་ཤོག༔ གནས་འདིར་ཉིན་མོ་བདེ་ལེགས་མཚན་བདེ་ལེགས༔ ཉི་མའི་གུང་ཡང་བདེ་ལེགས་ཤིང་༔ ཉི་མཚན་རྟག་ཏུ་བདེ་ལེགས་པ༔ དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག༔ ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་༔ རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི༔ དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ༔ ཐམས་ཅད་རྫོ་གས་པའི་བྱང་ཆུབ་ཕྱིར་བསྔོ་འོ༔ དགེ་བ་འདི་ཡིས་མྱུར་དུ་བདག༔ གཅོད་ཡུལ་ཕྱག་རྒྱ་ཆེན་པོ་འགྲུབ་གྱུར་ནས༔ འགྲོ་བ་སེམས་ཅན་གཅིག་ཀྱང་མ་ལུས་པ༔ ཐམས་ཅད་དེ་ཡི་ས་ལ་འགོད་པར་ཤོག༔ ཅེས་ཉང་ལུགས་ལྷ་གྲངས་བཅུ་གསུམ་ཡིན༔ སེར་མ་སྒྱུར་བ་ཇོ་མོ་ལུགས༔ དམ་པ་ཨོ་རྒྱན་གཉིས་པོས་བསྒྱུར་བ་ཡིན༔ ཐམས་ཅད་འདོན་པ་རྒྱས་པ་སྟེ༔ དང་པོ་མཆེད་བཞི་ནས་ཀྱང་བཟུང་༔ བསྟོད་པ་གཞན་དག་འབུམ་བསྐུལ་སྒྱུར༔ དེ་ནི་འབྲིང་པོའི་འདོན་ལུགས་ཡིན༔ བདག་བསྐྱེད་ཁོ་ན་བསྐུལ་པ་སྟེ༔ དེ་ལ་ཚོགས་འཁོར་བྱ་ཡང་རུང་༔ ཡི་དམ་གཞན་གྱིས་ཁོག་ཕུབ་ནས༔ བདུད་རྩི་བྱིན་རླབས་སྔོན་དུ་འགྱུར༔ རྒྱུན་དུ་
གཏོར་འབུལ་མེད་ཀྱང་རུང་༔ བསྙེན་དུས་བདག་བསྐྱེད་གཏོར་བསྔོས་སྦྱར་སྒྲུབ་དུས་མདུན་བསྐྱེད་བསྙེན་པ་བྱ༔ དུས་བཟང་མཆོད་པ་ཚོགས་འཁོར་བྱས༔ བསྐུལ་དང་གཏོར་ཟློག་ཟོར་ལས་བྱས༔ ཚིག་ཉུང་དོན་འཐུས་ཁྱེར་བདེ་འདི༔ གཅོད་ཡུལ་ཉམས་ལེན་བྱེད་རྣམས་ལ༔ ཕན་པར་བསམས་ནས་འབད་པས་བྲིས༔ ཉེས་འགལ་ཆོས་བདག་རྣམས་ལ་བཤགས༔ དགེ་བས་ནམ་ཞིག་འཕོ་བའི་ཚེ༔ མཁའ་འགྲོས་བདེ་ཆེན་ཞིང་ཁྲིད་ཤོག༔ ཅེས་པ་འདི་རཱ་ག་ཨ་སྱས་བསྒྲིགས་པའོ༔ ཡུམ་ཆེན་ཌཱཀིའི་གོ་འཕང་མྱུར་ཐོབ་ཤོག༔ སརྦ་མངྒ་ལཾ༔ དགེའོ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།