Nitartha Digital Library
Tibetan
གླེགས་བམ་བརྒྱད་པ།


   
   
   
   
   
   
   
བདེ་བ་ཅན་གྱི་ཞིང་སྦྱོང་བའི་དད་པ་གསལ་བར་བྱེད་པ་དྲང་སྲོང་ལུང་གི་ཉི་མ།
   
   
   
   
   
   


 
previousབདེ་བ་ཅན་གྱི་ཞིང་སྦྱོང་བའི་དད་པ་གསལ་བར་བྱེད་པ་དྲང་སྲོང་ལུང་གི་ཉི་མ།next

བདེ་བ་ཅན་གྱི་ཞིང་སྦྱོང་བའི་དད་པ་གསལ་བར་བྱེད་པ་དྲང་སྲོང་ལུང་གི་ཉི་མ།


MR08_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཅན་གྱི་ཞིང་སྦྱོང་བའི་དད་པ་གསལ་བར་བྱེད་པ་དྲང་སྲོང་ལུང་གི་ཉི་མ་ཞེས་བྱ་བ་བཞུགས་སོ། །


MR08_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། གང་མཚན་རྣ་བར་སོན་པའི་སྐད་ཅིག་ནས། །བྱང་ཆེན་ལམ་ལས་ཕྱིར་མི་ལྡོག་པ་སོགས། །དཔག་མེད་ཡོན་ཏན་ཚོགས་ཀྱི་མཆོག་སྦྱིན་པ། །འོད་མཛད་ཚེ་མཐའ་ཡས་པས་འགྲོ་འདི་སྐྱོངས། །དེ་ལ་འདིར་གང་ཟག་སྐལ་བ་དང་ལྡན་པ་རྣམས་ཀྱིས་དོན་དུ་གཉེར་བྱའི་མཆོག་ནི་སྲིད་ཞིར་མི་གནས་པའི་མྱ་ངན་ལས་འདས་པ་ཡིན་ལ། ཚུལ་དེའང་ཚེགས་ཆུང་ངུས་བདེ་བླག་ཏུ་འཐོབ་པའི་ཐབས་ཀྱི་དམ་པ་ནི་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་གདབ་པ་ཡིན་ཏེ། རྒྱལ་བ་ཉིད་ཀྱི་སྨོན་ལམ་གྱི་སྟོབས་ལས་ཞིང་དེར་སྐྱེ་བར་སླ་ཞིང་། སྐྱེས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་ཏུ་གྱུར་ལ། གཞན་ལས་ཆེས་ཁྱད་པར་དུ་འཕགས་པའི་ཡོན་ཏན་ཚད་མེད་པ་དང་ལྡན་པའི་བསྔགས་པ་ཞིང་མཐའ་ཡས་པ་ན་བཞུགས་པའི་རྒྱལ་བ་ཀུན་གྱིས་ཡང་ཡང་བསྒྲགས་པར་དེ་


MR08_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པའི་བཀའ་ལུང་དྲི་མ་མེད་པ་ནས་འབྱུང་བའི་ཕྱིར་རོ། །དེས་ན་ཞིང་དེར་སྐྱེ་བར་བྱ་བ་ལ། རྒྱུ་ནི་ཇི་སྐད་དུ། འོད་དཔག་མེད་པའི་ཞིང་གི་ཡོན་ཏན་བཀོད་པའི་མདོ་ལས་ཀུན་དགའ་བོ། །སེམས་ཅན་གང་དག་ཁ་ཅིག་ནི་དེ་བཞིན་གཤེགས་པ་དེ་རྣམ་པས་ཡང་དང་ཡང་དུ་ཡིད་ལ་བྱེད་པ་དང་། དགེ་བའི་རྩ་བ་མང་པོ་དཔག་ཏུ་མེད་པ་བསྐྱེད་པ་དང་། བྱང་ཆུབ་ཏུ་སེམས་ཡོངས་སུ་བསྔོས་ཏེ་འཇིག་རྟེན་གྱི་ཁམས་དེར་སྐྱེ་བར་སྨོན་ལམ་འདེབས་པ་དེ་དག་འཆི་བའི་དུས་ཉེ་བར་གནས་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་དེ་དགེ་སློང་གི་ཚོགས་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་བཞུགས་པར་འགྱུར་ཏེ། དེ་དག་གིས་བཅོམ་ལྡན་འདས་འོད་དཔག་མེད་དེ་མཐོང་ནས་རབ་ཏུ་དང་བའི་སེམས་ཀྱིས་ཤི་འཕོས་ཏེ། །


MR08_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་གྱི་ཁམས་བདེ་བ་ཅན་དེ་ཉིད་དུ་སྐྱེ་བར་འགྱུར་རོ། །ཞེས་སངས་རྒྱས་འོད་དཔག་མེད་ཡིད་ལ་བྱེད་པ་དང་། དགེ་རྩ་དཔག་མེད་གསོག་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དགེ་རྩ་རྣམས་ཞིང་དེར་སྐྱེ་བའི་ཕྱིར་བསྔོ་ཞིང་སྨོན་ལམ་གདབ་པ་དང་རྒྱུ་བཞི་གསུངས་པ་ལས། གཙོ་བོ་སངས་རྒྱས་དྲན་པ་དང་ཞིང་དེར་སྐྱེ་བར་འདུན་པ་གཉིས་ཡིན་ཅིང་། དེའི་གྲོགས་སུ་དགེ་རྩ་གསོག་པ་དང་། ཐེག་ཆེན་གྱི་རིགས་སུ་ངེས་པ་ལ་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་གཉིས་གསུངས་སོ། །དེས་ན་སངས་རྒྱས་ལ་དད་པ་ཉིད་གཙོ་བོར་བསྟན་པའི་སླད་དུ། མདོ་དེ་ལས། ཀུན་དགའ་བོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་གིས་ཚེ་འདི་ཉིད་ལ་དེ་བཞིན་གཤེགས་པ་འོད་དཔག་མེད་མཐོང་ཡང་ཅི་མ་རུང་སྙམ་དུ་སེམས་པ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལ། ལྷག་པའི་བསམ་པའི་རྒྱུད་ཀྱིས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་བྱ་བའི་ཕྱིར་སེམས་ཡང་དག་པར་བཏང་སྟེ་དགེ་བའི་རྩ་བ་རྣམས་བསྐྱེད་པར་བྱ་ཞིང་ཡོངས་སུ་བསྔོ་བར་བྱའོ། །ཞེས་དང་། ཞིང་དེར་སྐྱེ་བའི་འདུན་པ་གཙོ་བོར་བསྟན་པའི་ཆེད་དུ་ཡང་མདོ་དེ་ལས། ཀུན་དགའ་བོ་གང་དག་ཡང་དེ་བཞིན་གཤེགས་པ་དེ་ཡང་ཡིད་ལ་བྱེད་ཅིང་དགེ་བའི་རྩ་བ་མང་པོ་དཔག་ཏུ་མེད་པ་རྒྱུན་དུ་བསྐྱེད་ལ། སངས་རྒྱས་ཀྱི་ཞིང་དེར་སེམས་ཡང་དག་པར་གཏོད་པ་དེ་དག་འཆི་བའི་དུས་ཉེ་བར་གནས་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་དེའི་ཁ་དོག་དང་། དབྱིབས་དང་།


MR08_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ཞིང་དང་། ཞབས་འབྲིང་བ་དགེ་སློང་གི་དགེ་འདུན་ཅི་འདྲ་བ་དེ་འདྲ་བའི་སངས་རྒྱས་ཀྱི་སྤྲུལ་པ་དག་མདུན་དུ་གནས་པར་འགྱུར་ཏེ། དེ་དག་དེ་བཞིན་གཤེགས་པ་མཐོང་བས་རབ་ཏུ་དང་བ་ལ་དམིགས་པའི་ཏིང་ངེ་འཛིན་དེ་དང་། བརྗེད་པ་མེད་པའི་དྲན་པས་ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་དེ་ཉིད་དུ་སྐྱེ་བར་འགྱུར་རོ། །ཞེས་གསུངས་ལ། དེའི་ཕྱིར་དོན་བསྡུས་ནས་སངས་རྒྱས་ལ་དད་ཅིང་ཞིང་ཁམས་སུ་སྐྱེ་བར་འདུན་པ་གཉིས་གལ་ཆེ་ཞིང་དེ་དང་ལྡན་ན་ཞིང་དེར་སྐྱེ་བར་བསྟན་པ་མདོ་དེ་ལས། ཀུན་དགའ་བོ། སེམས་ཅན་གང་དག་དེ་བཞིན་གཤེགས་པ་དེ་ཐ་ན་སེམས་བསྐྱེད་པ་གཅིག་ཙམ་རྗེས་སུ་དྲན་པར་བྱེད་ཅིང་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འདོད་ལ། ཆོས་ཟབ་མོ་དག་འཆད་པ་ན་དཀའ་བ་ཐོབ་ཅིང་སྒྱིད་ལུག་པ་མེད་ལ་མི་འགོང་མི་ཞུམ་ཞིང་ཐ་ན་སེམས་བསྐྱེད་པ་གཅིག་ཙམ་དེ་བཞིན་གཤེགས་པ་འོད་དཔག་མེད་དེ་ཡིད་ལ་བྱེད་དེ༑ འདོད་པ་ཡང་བསྐྱེད་ན་དེ་དག་རྨི་ལམ་ན་དེ་བཞིན་གཤེགས་པ་འོད་དཔག་མེད་དེ་མཐོང་ཞིང་། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དེར་སྐྱེ་བར་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་དེ་དག་དོན་གྱི་དབང་དེ་གཟིགས་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མེད་དཔག་ཏུ་མེད་པ་དག་ན་དེ་བཞིན་གཤེགས་པ་འོད་དཔག་མེད་དེའི་མཚན་ཡང་ཡོངས་སུ་བརྗོད། བསྔགས་པ་ཡང་གསུང་། བསྟོད་པ་ཡང་སྒྲོགས་སོ། །ཞེས་གསུངས་ཤིང་། འཆི་མེད་རྔ་སྒྲ་ལས་ཀྱང་། འདི་ནས་ནུབ་ཀྱི་ཕྱོགས་རོལ་


MR08_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ན། །བདེ་བ་ཅན་གྱི་འཇིག་རྟེན་ཁམས། །དེ་ན་རྫོགས་པའི་སངས་རྒྱས་བཞུགས། །དེ་བཞིན་གཤེགས་པ་ཚེ་དཔག་མེད། །སུ་ཞིག་དེ་ཡི་མཚན་བརྗོད་ན། །དེ་ནི་དེ་རུ་སྐྱེ་བར་འགྱུར། །ཞེས་པ་ལ་སོགས་པ་བཀའ་རྣམས་ནས་ཡང་ཡང་གསལ་པོར་འབྱུང་བ་བཞིན་ཡིད་ཆེས་པ་བསྐྱེད་དགོས་ཏེ། དེ་ཡང་ཞིང་དེ་ཡོན་ཏན་གྱིས་ཁྱད་པར་འཕགས་པར་ཤེས་ཤིང་། དེ་ལྟ་བུའི་ཡོན་ཏན་ཀྱང་བདེ་བར་གཤེགས་པ་དེའི་སྨོན་ལམ་དང་ཡེ་ཤེས་ཀྱི་རྣམ་པར་འཕྲུལ་བ་འབའ་ཞིག་ཡིན་པས་རྟེན་དང་བརྟེན་པའི་ཚུལ་ལ་མོས་པ་ནི་རྒྱུའི་གཙོ་བོ་སྟེ། འཆི་མེད་རྔ་སྒྲའི་གཟུངས་བསྟན་པ་ལས། དད་པའི་རིགས་ཀྱི་བུའམ་བུ་མོ་གང་ལ་ལ་མོས་པ་དང་། དད་པ་དང་། གུས་པ་མང་བ་དེ་དེར་སྐྱེ་བར་འགྱུར་ཏེ། ཞེས་དང་། ཞིང་མདོ་ལས། སེམས་ཅན་ཐམས་ཅད་བདེ་བར་གཤེགས་གྱུར་ལ། །དམ་པའི་དོན་མཁས་ཡེ་ཤེས་རྣམ་དག་སྟེ། །དེ་དག་བསྐལ་པའམ་འོན་ཏེ་ལྷག་པར་ནི། །བདེ་བ་ཅན་གྱི་བསྔགས་པ་རབ་བརྗོད་ཀྱང་། །བསྔགས་པའི་ཕྲེང་བ་རབ་ཏུ་བརྗོད་པ་ན། །བསྐལ་པ་བྱེ་བ་དེ་དག་ཟད་འགྱུར་གྱི། །བདེ་བ་ཅན་གྱི་བསྔགས་པ་མཐར་མི་ཕྱིན། །དེ་དག་སྤོབས་པའང་ཟད་པར་འགྱུར་མ་ཡིན། །གང་གིས་ཕྲ་རབ་རྡུལ་སྙེད་འཇིག་རྟེན་ཁམས། །བཤིག་ཅིང་བཏགས་ཏེ་རྡུལ་དུ་བྱས་གྱུར་པ། །དེ་བས་མང་བའི་འཇིག་རྟེན་ཁམས་ཀྱི་རྣམས། །རིན་ཆེན་བཀང་སྟེ་སྦྱིན་པ་བྱིན་པས་ནི། །གང་གིས་དཔག་ཏུ་མེད་པའི་འོད་མཚན་དང་། །བདེ་བ་ཅན་གྱི་ཡོན་ཏན་ཁྱད་འཕགས་རྣམས། །ཐོས་ནས་དགའ་སྟེ་


MR08_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་མོ་སྦྱོར་བྱེད་པ། །བསོད་ནམས་འདི་ཡི་ཆར་ཡང་འགྱུར་མ་ཡིན། །དེ་ལྟ་བས་ན་དེ་བཞིན་གཤེགས་པ་དེའི། །ཡོན་ཏན་ཐོས་ནས་མགུ་དང་དད་སྐྱེད་ལ། །བདེ་བ་ཅན་གྱི་འཇིག་རྟེན་ཁམས་མཆོག་ཏུ། །འགྲོ་བར་བྱ་ཕྱིར་མོས་པ་དྲག་པོ་སྐྱེད། །གང་གིས་བདེ་བ་ཅན་གྱི་འཇིག་རྟེན་གྱི། །མིང་ཐོས་པ་ཡི་བསོད་ནམས་དེ་ལ་ནི། །ཞིང་མཆོག་ཐ་གྲུ་ཆེན་པོ་དེ་དག་ཀུན། །ཆ་དང་དཔེར་ཡང་འགྱུར་བ་མ་ཡིན་ནོ། །གང་དག་རྒྱལ་བའི་བཀའ་དང་ཤེས་རབ་ཅན། །དེ་དག་དེ་བས་བསོད་ནམས་མང་དུ་འགྱུར། །དོན་དམ་ཐོབ་ཕྱིར་དད་པ་རྩ་བ་སྟེ། །དེ་ལྟ་བས་ན་ཐོས་ནས་ཡིད་གཉིས་སོལ། །ཞེས་དང་། གཞན་ཡང་། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་འདྲའི་འབྲས་བུ་འཐོབ་པར་འགྱུར། །ཞེས་དང་། དགེ་བའི་ཆོས་རྣམས་ཐམས་ཅད་ཀྱི། །རྩ་བ་མོས་པར་ཐུབ་པས་གསུངས། །ཞེས་པ་བཞིན་དད་པ་ཉིད་བསྐྱེད་པ་གལ་ཆེ་ལ། དད་པ་དེ་ཚུལ་བཞིན་མི་སྐྱེ་བའི་གེགས་ནི། མ་རྟོགས་པ་དང་། ལོག་པར་རྟོག་པ་དང་། ཐེ་ཚོམ་དང་གསུམ་ཡིན་པས་དེ་དག་བསལ་བར་བྱ་དགོས་ཏེ། ༈ དེ་ཡང་བདེ་བ་ཅན་གྱི་ཞིང་དང་སྟོན་པའི་ཡོན་ཏན་ཁྱད་པར་ཅན་མི་ཤེས་ཤིང་མ་རྟོགས་པ་དག་ནི། རིགས་ངན་བླུན་པོ་ཕལ་གྱིས་ནོར་བུ་རིན་པོ་ཆེ་དག་གི་ཡོན་ཏན་མི་ཤེས་པའི་རྒྱུས་མི་འདྲི་མི་རྩོལ་བ་དང་འདྲ་བར་ཞིང་དེར་སྐྱེ་བ་དོན་དུ་མི་གཉེར་བས་ན། ཐོག་མར་ཞིང་དེའི་ཡོན་ཏན་རྣམས་ཡང་དག་པའི་ལུང་ལས་


MR08_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

བསྔགས་པ་བཞིན་རང་གིས་མཉན་ཞིང་གཞན་ལ་བསྟན་པར་ཡང་བྱ་སྟེ། མདོ་ལས། མི་ཕམ་པ་གང་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ཀྱི་མཚན་ཐོས་པའི་སེམས་ཅན་དེ་དག་རྙེད་པ་ཇི་སྙེད་ཅིག་ལེགས་པར་རྙེད་པ་ལ་ལྟོས། སེམས་ཅན་གང་དག་དེ་བཞིན་གཤེགས་པ་འོད་དཔག་མེད་དེ་ལ་ཐ་ན་སེམས་དད་པ་གཅིག་ཙམ་རྙེད་པ་དང་། ཆོས་ཀྱི་རྣམ་གྲངས་འདི་ལ་དད་པ་མི་ཕྱེད་པ་དེ་དག་ནི་དམན་པ་ལ་མོས་པར་མི་འགྱུར་རོ། །མི་ཕམ་པ་དེ་ལྟ་བས་ན་ཁྱོད་མོས་པར་བྱ། ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱ་སྟེ། ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེའི་སྐྱེ་རྒུ་དང་བཅས་པའི་འཇིག་རྟེན་གྱི་མདུན་དུ་ཆོས་ཀྱི་རྣམ་གྲངས་འདི་གཟུང་བ་དང་། བཅང་བ་དང་། བཀླག་པ་དང་། ཀུན་ཆུབ་པར་བྱ་བ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་བསྟན་པར་བྱ་བ་དང་། བསྒོམ་པ་ལ་མངོན་པར་དགའ་བར་བྱའོ། །མི་ཕམ་པ་ཆོས་ཀྱི་རྣམ་གྲངས་འདི་ཉིན་ཞག་གཅིག་ཙམ་ཡང་བཟུང་ཞིང་བཅངས་ཏེ། བཀླགས་ཤིང་ཀུན་ཆུབ་པར་བྱས་ལ་བསམ་པ་ཐག་པ་ནས་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་བཤད་པར་བྱའོ། །ཐ་ན་གླེགས་བམ་ལ་ལེགས་པར་བྲིས་ཏེ་བཅང་བར་བྱ་ཞིང་སྟོན་པའི་འདུ་ཤེས་ཀྱང་བསྐྱེད་པར་བྱའོ། །གང་ཞིག་སེམས་ཅན་དཔག་ཏུ་མེད་པ་དག་མྱུར་དུ་བླ་ན་མེད་པ་ཡང་དག་པ་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ལ་དགོད་པ་དང་། བཅོམ་


MR08_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་མེད་དེ་ལ་ལྟ་བ་དང་། བདག་ཉིད་ཀྱང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་རྒྱན་བཀོད་པ་ཕུན་སུམ་ཚོགས་པ་ཁྱད་པར་དུ་འཕགས་པ་ཡོངས་སུ་གཟུང་བར་འདོད་པ་དེས་ཆོས་ཀྱི་རྣམ་གྲངས་འདི་མཉན་པའི་ཕྱིར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་ཡོངས་སུ་གང་བ་ལས་བརྒལ་ཏེ། ཆོས་ཀྱི་རྣམ་གྲངས་འདི་མཉན་པར་བྱའོ། །ཐོས་ནས་ཀྱང་གཡོར་མ་ལྷུང་བའི་རྒྱུད་ཀྱིས་བསམ་པ་ཐག་པ་ནས་རྗེས་སུ་དགའ་བར་བྱའོ། །ཆོས་ཀྱི་རྣམ་གྲངས་འདི་གཟུང་བ་དང་། ཀུན་ཆུབ་པར་བྱ་བ་དང་། བཅང་བར་བྱ་བ་དང་། ཡི་གེར་འབྲི་བ་དང་། བསྒོམ་པའི་ཕྱིར་བརྩོན་འགྲུས་རླབས་པོ་ཆེ་ཆེན་པོ་བརྩམ་པར་བྱའོ། །ཐ་ན་བ་གཅིག་འཇོས་པ་དེ་སྲིད་དུ་ཡང་གཞན་དག་ལ་བརྗོད་པར་བྱའོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་ཡོངས་སུ་གང་བ་དེ་བརྒལ་ནས་ཀྱང་འགྱོད་པ་དང་ལྡན་པའི་སེམས་གཅིག་ཀྱང་བསྐྱེད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མི་ཕམ་པ་འདི་ལྟར་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་ཁྲིག་ཕྲག་དུ་མ་དག་ཆོས་ཀྱི་རྣམ་གྲངས་རྒྱ་ཆེན་པོ་རྣམ་པ་འདི་ལྟ་བུ་འདི་ཉན་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་ཕྱིར་རོ། །ཞེས་གསུངས་པ་བཞིན་ནོ། ༈ །གལ་ཏེ་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་ཐོས་ཀྱང་སྔོན་ཚོགས་མ་བསགས་པ་དག་མོས་པར་མི་འགྱུར་ལ། དེ་ཡང་ཇི་སྐད་བཤད་པའི་དོན་ལ་ལོག་པར་ལྟ་བ་ནི་ཕྱི་རོལ་མུ་སྟེགས་ཅན་ལྟ་བུ་སྟེ། དེ་དག་ལ་ལུང་ཙམ་ཚད་མར་སོང་བ་མིན་ཡང་། ཡང་དག་པའི་


MR08_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་གི་དོན་ལ་གཞུག་པའི་ཕྱིར་ཐབས་ཀྱིས་གདུལ་བར་བྱ་བའམ། རིགས་པའི་སྒོ་ནས་གདུལ་བར་བྱ་བ་ལ་རིམ་པ་བཞིན་རྫུ་འཕྲུལ་ལ་སོགས་པས་བསྟན་པ་འདི་ལ་འཛུད་པའམ། ཡང་དག་པའི་རིགས་ལམ་ནས་སྟོན་པ་ཚད་མའི་སྐྱེས་བུ་དང་། བསྟན་པ་རྣམ་གྲོལ་གྱི་འཇུག་ངོགས་སུ་ལེགས་པར་བསྒྲུབས་ནས། བྱེ་བྲག་ཏུ་སངས་རྒྱས་ཀྱི་སྨོན་ལམ་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཚུལ་ལ་ངེས་པ་བསྐྱེད་པའི་སྒོ་ནས་དཔྱད་པ་གསུམ་གྱིས་དག་པའི་ལུང་བདེ་བ་ཅན་གྱི་ཞིང་བཀོད་པའི་མདོ་ལ་སོགས་པ་རྣམས་ཀྱང་གཞལ་བྱ་ཤིན་ཏུ་ལྐོག་གྱུར་ལ་མི་བསླུ་བའི་ལུང་རྣམ་དག་ཏུ་ཡིད་ཆེས་པ་བསྐྱེད་པར་བྱ་དགོས་སོ། ༈ །གལ་ཏེ་ཆོས་འདི་པར་ཁས་འཆེ་བ་དག་ཀྱང་དམན་པ་ལ་མོས་པའི་དབང་གིས་དག་པའི་ཞིང་གི་ཡོན་ཏན་རྒྱ་ཆེ་བ་ཐོས་ནས་འདི་ལྟ་བུའི་ཞིང་དུ་སྐྱེ་བ་ལ་འཕགས་པ་ཁོ་ན་མ་གཏོགས་སོ་སོའི་སྐྱེ་བོ་དག་གིས་སངས་རྒྱས་ཀྱི་མཚན་བཟུང་བ་སོགས་ཀྱིས་སྐྱེ་བར་མི་ནུས་སམ་སྙམ་དུ་སེམས་ཐེ་ཚོམ་དང་བཅས་ཤིང་སྨྲ་བ་དག་ནི་དོན་ཆེན་པོ་ལས་ཉམས་པར་རིག་པར་བྱ་སྟེ། དེའི་ཚུལ་ནི་སོ་སོ་སྐྱེ་བོ་དག་ཀྱང་དད་པ་དང་འདུན་པའི་སྟོབས་ལས་ཞིང་འདིར་སྐྱེ་བ་ཡོད་པ་སོགས་ལུང་གིས་ཤེས་པར་བྱ་བ་ན། ཇི་སྐད་དུ། གནས་གསུམ་པར་ནི་འཕོ་བ་ན། །བསྟན་བཅོས་ལེན་པ་རིགས་ལྡན་ཡིན། །ཞེས་གསུངས་པ་ལྟར་གཞལ་བྱ་ཤིན་ཏུ་ལྐོག་གྱུར་འདི་ལྟ་བུ་ལ་མི་བསླུ་བའི་ལུང་ཉིད་ལ་བརྟེན་ནས་དོན་ཆེན་པོའི་ཚུལ་ལ་འཇུག་པ་ཁོ་ན་དམ་པ་རྣམས་ཀྱི་སྲོལ་ཡིན་ནོ། །དེའི་ཕྱིར་ཞིང་འདིའི་སྣོད་བཅུད་


MR08_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཡོན་ཏན་ཤིན་ཏུ་རྒྱ་ཆེ་བ་ཡང་ཡིན་ལ། བདེ་བར་གཤེགས་པ་འོད་དཔག་མེད་ཀྱི་མཚན་ཐོས་ནས་ཞིང་དེར་སྐྱེ་བར་འདུན་པ་རྣམས་ངེས་པར་སྐྱེ་བའང་ཡིན་པ་ནི་སྔོན་བདེ་བར་གཤེགས་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་དྲུང་དུ་དགེ་སློང་ཆོས་ཀྱི་འབྱུང་གནས་ཞེས་བྱ་བས་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་གི་བཀོད་པ་ཕུན་སུམ་ཚོགས་པ་མ་ལུས་པ་ཚང་ཞིང་དེ་ལས་ཀྱང་ཆེས་ཁྱད་པར་འཕགས་པའི་ཞིང་ཁམས་ཡོངས་སུ་བཟུང་ནས། སྨོན་ལམ་ཆེན་པོ་བཏབ་པ་དེ་དག་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཚད་དཔག་ཏུ་མེད་པ་ལ་བསླབ་པ་མཐར་ཕྱིན་ནས། ད་ལྟ་སྔོན་གྱི་སྨོན་ལམ་བཏབ་པ་ཡོངས་སུ་གྲུབ་སྟེ་ཞིང་ཁམས་བདེ་བ་ཅན་ཞེས་བྱ་བར་སངས་རྒྱས་ནས་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ་ཡིན་པའི་ཕྱིར་སངས་རྒྱས་དེའི་སྨོན་ལམ་གྱི་མཐུ་ལས་ཞིང་དེར་སྐྱེ་སླ་ལ་སྐྱེས་ན་དོན་ཆེ་བ་ཡིན་པར་རིགས་པར་བྱ་དགོས་ཏེ། མདོ་ལས། བཅོམ་ལྡན་འདས་གལ་ཏེ་བདག་བྱང་ཆུབ་ཐོབ་པའི་ཚེ། སངས་རྒྱས་ཀྱི་ཞིང་གྲངས་མ་མཆིས་དཔག་ཏུ་མ་མཆིས་པ་དག་ན་སེམས་ཅན་གང་དག་གིས་བདག་གི་མིང་ཐོས་ནས། སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་བགྱི་བའི་སླད་དུ་སེམས་གཏོང་ཞིང་དགེ་བའི་རྩ་བ་རྣམས་ཀྱང་ཡོངས་སུ་བསྔོ་བར་བགྱིད་ན་མཚམས་མ་མཆིས་པར་བགྱིད་པ་དང་། དམ་པའི་ཆོས་སྤང་བའི་སྒྲིབ་པས་བསྒྲིབས་པའི་སེམས་ཅན་རྣམས་མ་གཏོགས་པར་དེ་དག་ཐ་ན་སེམས་བསྐྱེད་པའི་འགྱུར་བ་


MR08_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བཅུས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་མ་གྱུར་པ་དེ་སྲིད་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་བགྱིའོ། །ཞེས་པ་ལ་སོགས་པ་དང་གོང་དུ་ཇི་སྐད་རྒྱུ་བཞི་བསྟན་པ་སོགས་ལུང་གིས་ངེས་པར་བྱའོ། །དེ་ལ་འདི་སྙམ་དུ་ཞིང་འདི་ནི་དག་པའི་ཞིང་གཞན་ལས་ཀྱང་ཁྱད་པར་འཕགས་ཤིང་དེར་སྐྱེས་པ་ཐམས་ཅད་གཟུངས་དང་ཏིང་ངེ་འཛིན་དང་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་ཚད་མེད་པ་དང་ལྡན་པ་ཤ་སྟག་ཡིན་པས་འཕགས་པ་མིན་པ་དག་དེར་སྐྱེ་བར་མི་ནུས་སྙམ་ན། དེར་སྐྱེས་པ་རྣམས་ནི་ཡོན་ཏན་དེ་ལྟ་བུ་དང་ལྡན་པ་སོགས་ལུང་ལས་འབྱུང་བ་བཞིན་འདོད་ན། དེར་སྐྱེ་བའི་རྒྱུ་ཡང་ལུང་བཞིན་ཅིའི་ཕྱིར་མི་འདོད་དེ། ཡོན་ཏན་ཤིན་ཏུ་ཆེ་བ་དེ་ལྟ་བུའང་ཚེགས་ཆུང་ངུས་འགྲུབ་པ་ནི་སངས་རྒྱས་ཀྱི་སྨོན་ལམ་དང་ཡེ་ཤེས་ཀྱི་མཐུར་བལྟ་བར་བྱ་སྟེ། སེམས་ཅན་རང་རང་གི་སྟོབས་སྨིན་པ་ཁོ་ན་ལས་བྱུང་བ་མིན་ནོ། །གལ་ཏེ་སངས་རྒྱས་ཀྱི་མཚན་བརྗོད་པས་ཞིང་དེར་སྐྱེ་བ་ལྟ་བུ་སོགས་དུས་གཞན་ལ་དགོངས་པའོ། །ཞེས་བཤད་པ་ཡོད་པས་ན་ནམ་ཞིག་འཕགས་ས་ཐོབ་ནས་གཟོད་སྐྱེ་བ་ལ་དགོངས་སོ་ཞེ་ན། སངས་རྒྱས་ཀྱི་མཚན་བརྗོད་པས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་གསུངས་པ་ལྟ་བུ་ཁ་ཅིག་མཚན་བརྗོད་པ་ཙམ་གྱིས་ཚེ་དེ་འཕོས་མ་ཐག་ཏུ་དེར་སྐྱེ་ངེས་པ་མིན་ཀྱང་། ནམ་ཞིག་སྐྱེ་བར་ངེས་པས་གསུང་དེ་ཉིད་ནམ་ཡང་བསླུ་བ་མེད་ལ། དད་པ་སོགས་སྟོབས་སུ་གྱུར་ན་ཁ་ཅིག་ཚེ་འཕོས་མ་ཐག་ཏུ་སྐྱེ་བའང་ཡོད་པས་ན་འཕོས་ནས་དེར་


MR08_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་གསུངས་པའང་རྫུན་མེད་ཅིང་དུས་གཞན་ན་སྐྱེ་བ་ལ་ཡང་དགོངས་ཞེས་བཤད་ཀྱི། སངས་རྒྱས་ཀྱི་མཚན་བརྗོད་པས་ཞིང་དེར་སྐྱེ་བ་སོགས་ལན་གྲངས་གཞན་གྱི་དུས་སུ་སྨིན་པ་ཁོ་ན་ཞེས་སུ་ཞིག་གིས་འཆད་ནུས་ཏེ་གང་ཟག་གི་ལས་དང་སྐལ་བ་དང་དབང་པོའི་རིམ་པ་ཚད་མེད་ལ། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པའང་ཚད་མེད་ཅིང་། ཚེ་འདི་བརྗེས་མ་ཐག་ཏུ་དག་པའི་ཞིང་དུ་སྐྱེ་བར་སངས་རྒྱས་ཀྱི་མཚན་ཐོས་པ་དག་གིས་བྱེད་པ་ཡང་སྲིད་པ་ལ་རིགས་པས་བཟློག་ཏུ་མེད་པའི་ཕྱིར་རོ། །གལ་ཏེ་སྒོམ་པ་ལ་སོགས་པ་འཕགས་པའི་རྟོགས་པ་སྐྱེད་ནུས་ཀྱི་ཡོན་ཏན་ཁྱད་པར་ཅན་ད་ལྟ་མ་མཐོང་བས་ན། ཤི་ནས་ཀྱང་དེ་མ་ཐག་ཏུ་ཞིང་དེར་སྐྱེ་མི་ནུས་སྙམ་ན། ཚེ་འདིར་ལམ་བསྒོམས་པར་འཕགས་ལམ་གྱི་རྟོགས་པ་མངོན་དུ་གྱུར་པའམ། འགྱུར་མ་རག་པ་ཞིག་ལ་སངས་རྒྱས་ཀྱི་མཚན་ཐོས་པ་སོགས་ཞིང་དེར་སྐྱེ་བའི་རྒྱུ་གཞན་ཚེགས་ཆུང་ལ་དོན་ཆེན་པོ་ཅན་འགའ་གསར་དུ་བསྣན་པ་མེད་ཀྱང་ཞིང་དག་པར་སྐྱེ་བ་ལ་ཐེ་ཚོམ་ཡང་མེད་ན། འདིར་ནི་མདོ་ལས་མཚམས་མེད་བྱེད་པ་དང་། ཆོས་སྤོང་གི་སྒྲིབ་པ་ཅན་མ་གཏོགས་ཞེས་སོ་སྐྱེ་ལ་དམིགས་ཀྱིས་བསལ་བ་དང་། ཐེ་ཚོམ་ཟ་བཞིན་པའང་སངས་རྒྱས་ཀྱི་མཚན་ཐོས་པ་དང་། སེམས་དད་པ་ཙམ་དེས་ཞིང་དེར་སྐྱེ་བའི་ཚུལ་གསུངས་པས་ན། སོ་སོ་སྐྱེ་བོ་མཚན་ཐོས་ཤིང་སྨོན་ལམ་འདེབས་པ་དག་ཞིང་དེར་སྐྱེ་བའི་ཚུལ་གསུངས་ཀྱི་འཕགས་པ་གང་དག་སངས་རྒྱས་ཀྱི་མཚན་ཐོས་ཤིང་སྨོན་ལམ་འདེབས་པ་སྐྱེ་བའི་ཚུལ་


MR08_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མ་གསུངས་སོ། །གལ་ཏེ་སོ་སྐྱེའི་དུས་ན་སྨོན་ལམ་བཏབ་པའི་རྒྱུས་སྔོན་དུ་འཕགས་ས་ཐོབ་ལ། དེ་ནས་གདོད་བདེ་བ་ཅན་དུ་སྐྱེ་བ་ལ་དགོངས་སྙམ་ན་མདོ་ལས་དད་འདུན་གྱི་སྟོབས་ཁོ་ནས་སྐྱེ་བར་ཅི་སྟེ་བཤད། གལ་ཏེ་དད་འདུན་གྱི་སྟོབས་ལས་མི་སྐྱེ་ན་ཡང་དད་འདུན་བསྐྱེད་ན་རིམ་གྱིས་འཕགས་པའི་རྟོགས་པ་ཐོབ་ཅིང་དེ་ནས་སྐྱེ་བའི་ཕྱིར་མདོ་དེ་ནི་དགོངས་པ་ཅན་ནོ་སྙམ་ན། དད་འདུན་ཙམ་གྱིས་སྐྱེ་བར་གསུངས་པའི་ལུང་དོན་ལ་དངོས་སུ་གནོད་པའི་རིགས་པ་མེད་དེ།སངས་རྒྱས་ཀྱི་སྨོན་ལམ་དང་ཡེ་ཤེས་ཀྱི་སྟོབས་ལས་མཚན་ཐོས་ཤིང་འདུན་པ་བསྐྱེད་ན་རྒྱུ་དེ་དག་གི་སྟོབས་ཁོ་ན་ལས་འཆི་བའི་ཚེ་བདེ་བར་གཤེགས་པའི་སྤྲུལ་པ་མཐོང་ནས་དེ་ལ་དད་པས་དམིགས་ཤིང་། མི་བརྗེད་པའི་དྲན་པ་སོགས་དབང་པོ་ལྔ་སྟོབས་སུ་གྱུར་པས་དུས་ཐུང་ངུ་དེ་ཉིད་དུ་འཕགས་པའི་ལམ་གྱི་རྟོགས་པ་བསྐྱེད་ནུས་སུ་འགྱུར་བ་ཡོད་དེ། དཔེར་ན་སྔགས་ཀྱིས་བཏབ་པའི་ས་བོན་མྱུར་དུ་སྨིན་པ་བཞིན་དུ་ཚེགས་ཆུང་ངུས་ཀྱང་འཕགས་ལམ་གྱི་རྟོགས་པ་ཐོད་རྒལ་དུ་འདྲེན་པ་སྲིད་པའི་ཕྱིར། དེ་ལྟ་མིན་ན་གསང་སྔགས་ཀྱི་ཐབས་ཟབ་མོ་རྣམས་དང་། རིག་སྔགས་ཀྱི་ཡོན་ཏན་ཟབ་མོ་དག་དང་། བདེ་བར་གཤེགས་པའི་རྣམ་འཕྲུལ་ཟབ་མོ་རྣམས་ལ་ཡིད་གཉིས་སུ་འགྱུར་ཏེ། དེ་དག་གིས་ཚེགས་ཆུང་ལ་དོན་ཆེན་པོ་བདེ་བླག་ཏུ་བྱེད་པ་མི་སྲིད་པའི་ཕྱིར་རོ། །གལ་ཏེ་སྲིད་ན་བསྒྲུབ་བྱའང་སྲིད་པར་འགྱུར་ཏེ། དཔེར་ན་ཆུ་བོ་གང་གཱ་དང་ཡ་མུན་འདུས་པར་མ་སྨད་ཤི་བ་གཟུགས་ཁམས་སུ་


MR08_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པའི་ལོ་རྒྱུས་བཞིན་ཏེ། དེ་དག་རྒྱུ་སྙོམས་འཇུག་སྔོན་དུ་གྲུབ་པ་མེད་ཀྱང་ཕན་ཚུན་བརྩེ་བའི་བསམ་པ་ཤུགས་དྲག་པའི་དགེ་བའི་མཐུས་དུས་དེ་ཉིད་དུ་བསམ་གཏན་གྲུབ་ནས་ལྷར་སྐྱེས་པ་དང་། གཞན་ཡང་བསྐལ་པ་འཇིག་པའི་དུས་སུ་མི་རྣམས་ཀྱིས་ཆོས་ཉིད་ཀྱི་སྟོབས་ལས་བསམ་གཏན་ཚེགས་མེད་པར་གྲུབ་པ་དང་། དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའི་ཕྱག་སྤྱི་བོར་བཞག་པ་ཙམ་གྱིས་བསྐལ་པར་ཡང་འགྲུབ་པར་དཀའ་བའི་ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་གྱི་ཁྱད་པར་འགྲུབ་པར་གསུངས་པ་བཞིན་ནོ། །ཡང་གལ་ཏེ་མདོ་ལས་ཀྱང་ཚོགས་དཔག་ཏུ་མེད་པ་བསགས་པ་ཞེས་སོགས་གསུངས་ཤིང་། སྨོན་ལམ་འགྲུབ་པའི་རྒྱུ་ཚོགས་ལ་རག་ལས་པས་ན་ཚོགས་རླབས་པོ་ཆེ་དང་མི་ལྡན་ན་སྨོན་ལམ་བཏབ་པ་སོགས་ཀྱིས་སྐྱེ་མི་ནུས་སྙམ་ན། སྤྱིར་སྨོན་ལམ་འགྲུབ་པའི་རྒྱུ་ཚོགས་བསག་ཡིན་ཅིང་། ཚོགས་བསགས་པ་སོགས་ལས་དང་དབང་པོ་སྐལ་བའི་ཁྱད་པར་བཞིན་དུ་ཚེ་འདི་བརྗེས་མ་ཐག་དང་། ཚེ་རབས་གཞན་དང་གཞན་ཅི་རིགས་སུ་ཞིང་དེར་སྐྱེ་བ་ཡོད་པར་འདོད་པ་ཡིན་ལ། འོན་ཀྱང་དད་འདུན་དྲག་པོ་དང་ལྡན་ན་གཞན་ལ་རག་མ་ལས་པར་ཚོགས་རླབས་པོ་ཆེ་རྒྱུ་དེ་ཉིད་ཀྱིས་འདུམས་པར་འགྱུར་ཏེ། འདི་ལྟར་བདེ་བ་ཅན་དང་སྟོན་པའི་མཚན་ཐོས་པ་རྣམས་ནི་སྔོན་ཚོགས་རྒྱ་ཆེན་པོ་བསགས་པ་ཡིན་པར་མདོ་ལས། མ་འོངས་པའི་དུས་ན་དམ་པའི་ཆོས་རབ་ཏུ་


MR08_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་འཇིག་པའི་བར་དུ་ཆོས་ཀྱི་རྣམ་གྲངས་རྒྱ་ཆེན་པོ་རྣམ་པ་འདི་ལྟ་བུ་སངས་རྒྱས་ཐམས་ཅད་ཀྱིས་ཡང་དག་པར་བསྔགས་པ། སངས་རྒྱས་ཐམས་ཅད་ཀྱིས་བསྟོད་པ། སངས་རྒྱས་ཐམས་ཅད་ཀྱིས་གནང་བ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆེན་པོ་མྱུར་དུ་སྒྲུབ་པ་འདི་གང་གི་རྣ་ལམ་དུ་གྲགས་པའི་སེམས་ཅན་དེ་དག་ནི་རྙེད་པ་ཤིན་ཏུ་ལེགས་པར་རྙེད་ཅིང་དགེ་བའི་རྩ་བ་རྣམས་བསྐྱེད་པ་དང་། སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ་དང་། སངས་རྒྱས་ཀྱི་བྱིན་གྱི་བས་ཀྱིས་བྱིན་གྱིས་བརླབ་པར་འགྱུར་རོ། །ཐོས་ནས་ཀྱང་དགའ་བ་དང་། མཆོག་ཏུ་དགའ་བ་རྒྱ་ཆེན་པོ་ཐོབ་པ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དང་། སྒོམ་པ་ལ་དགའ་བར་འགྱུར་བ་དང་། ཐ་ན་ཡི་གེར་བྲིས་ཏེ་མཆོད་པ་བྱེད་པ་དེ་དག་ཀྱང་བསོད་ནམས་མང་དུ་བསྐྱེད་པར་འགྱུར་ཏེ། དེ་བགྲང་བར་སླ་བ་མ་ཡིན་ནོ། །ཞེས་དང་། བསོད་ནམས་དག་ནི་མ་བྱས་པ། །འདི་འདྲ་འདི་དག་ཐོས་མི་འགྱུར། །དཔའ་བོ་གང་དག་གྲུབ་གྱུར་པ། །དེ་དག་གསུང་འདི་ཐོས་པར་འགྱུར། །ཞེས་དང་། གང་ཞིག་ཆོས་མཆོག་འདི་འདྲ་ཐོས་ནས་ནི། །བདེ་གཤེགས་དྲན་པ་དགའ་བ་འཐོབ་པར་འགྱུར། །གང་ཞིག་སངས་རྒྱས་བྱང་ཆུབ་མོས་བསྐྱེད་པ། །དེ་དག་འདས་པའི་དུས་ན་ངེད་དང་བཤེས། །ཞེས་གསུངས་པ་སོགས་ཀྱི་ལུང་གི་དོན་བཞིན་དུ་ད་ལྟ་རྙེད་པར་དཀའ་བ་རིན་པོ་


MR08_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའི་གཏེར་ལྟ་བུའི་བདེ་བར་གཤེགས་པའི་མཚན་ཐོས་པ་སོགས་ཀྱི་ཚུལ་ལ་དཔགས་ན་ཚོགས་རླབས་པོ་ཆེའི་རྒྱུ་སྔོན་དུ་སོང་བ་དང་། སླར་ཞིང་ཁམས་བདེ་བ་ཅན་དུ་སྐྱེ་ངེས་པར་རིག་པར་བྱ་བ་ཡིན་ཏེ། གཞན་དུ་སྐྱེ་བོ་ཕལ་པ་དག་བདག་གིས་བདག་ཉིད་སྔོན་དང་ཕྱི་མའི་གནས་སྐབས་ན་ཇི་ལྟ་བུ་ཞིག་ཏུ་གྱུར་པ་དང་འགྱུར་བའི་ཚུལ་དང་། ཐར་པ་དང་ཐམས་ཅད་མཁྱེན་པའི་སྐལ་བ་ཡོད་མེད་ནི་ཤེས་པར་མི་ནུས་པར་མ་ཟད། དགྲ་བཅོམ་པ་ཆེན་པོ་རྣམས་ཀྱིས་ཀྱང་དེ་དག་གི་རྒྱུད་ཚུལ་བཞིན་རྟོགས་པར་མི་ནུས་ཏེ་ཁྱིམ་བདག་དཔལ་སྐྱེས་ཀྱི་དགེ་རྩ་བཞིན་ནོ། །དེས་ན་གང་ཟག་རྣམས་ཀྱི་ལས་དང་དབང་པོ་སྐལ་བའི་ཁྱད་པར་བཞིན་དུ་འབྲས་བུ་གྲུབ་པ་ཡིན་མོད་ཀྱང་། དད་འདུན་ཆེན་པོ་དང་ལྡན་ན་སྐལ་པ་མེད་པ་མི་སྲིད་པར་ཤེས་ནུས་སོ། །དེ་ལྟ་བདེ་བ་ཅན་དང་འདྲེན་པ་འོད་དཔག་མེད་ལ་དད་པ་བསྐྱེད་པ་དེས་ཀྱང་ཚོགས་རླབས་པོ་ཆེ་འགྲུབ་པར་འགྱུར་ཏེ། རྡུལ་སྙེད་ཀྱི་ཞིང་རིན་པོ་ཆེས་བཀང་སྟེ་བྱིན་པའི་བསོད་ནམས་ལས་ལྷག་པའི་ཚུལ་མདོ་ལས་གསུངས་པ་སྔར་བཀོད་པ་ལྟ་བུ་དང་། གཞན་ཡང་བདེ་བར་གཤེགས་པ་དེའི་མཚན་ཐོས་ནས་བྱང་ཆུབ་ཀྱི་ལམ་ལས་ཕྱིར་མི་ལྡོག་པ་དང་། བྱང་ཆུབ་ཀྱི་སྙིང་པོའི་མཐའི་བར་དུ་གཟུངས་ཐོབ་པ་དང་། བུད་མེད་དུ་མི་སྐྱེ་བ་དང་། ཚངས་པར་སྤྱོད་པར་འགྱུར་བ་དང་། རིགས་བཟང་པོར་འགྱུར་བ་དང་། ཏིང་ངེ་འཛིན་དམ་པ་ཐོབ་པ་དང་། བྱང་ཆུབ་སེམས་དཔའི་


MR08_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་ལ་དགའ་བ་དང་། མཆོག་ཏུ་དགའ་བའི་དགེ་བའི་རྩ་བ་དང་ཕྲད་པ་སོགས་ཡོན་ཏན་ཚད་མེད་པ་འཐོབ་པར་མདོ་ལས་གསུངས་པའི་ཕྱིར་རོ། ༈ །དེ་ལྟར་མདོར་ན་བདེ་བ་ཅན་གྱི་ཞིང་འདི་ནི་ཡོན་ཏན་གྱི་ཁྱད་པར་ཆེས་བསམ་གྱིས་མི་ཁྱབ་ལ། འདིར་སྐྱེས་པ་ཐམས་ཅད་བྱང་ཆུབ་ཀྱི་ཤིང་གི་དབང་པོའི་དྲུང་ན་བཞུགས་པའི་དེ་བཞིན་གཤེགས་པ་མཐོང་ནས་འཕགས་པའི་སྤང་རྟོགས་མངོན་དུ་བྱས་ཏེ་ཕྱིར་མི་ལྡོག་པ་འགྱུར་ཞིང་། ཐམས་ཅད་འཕགས་པ་གཞན་ལས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་ཡོན་ཏན་རླབས་པོ་ཆེ་དང་ལྡན་པའི་སྒོ་ནས་ལམ་གྱི་མཐའི་བར་དུ་ཚེ་དེ་ཉིད་ལ་བགྲོད་པར་འགྱུར་བ་སོགས་ཡོན་ཏན་དཔག་པར་དཀའ་བ་ཤ་སྟག་ཡིན་ཞིང་། དེའི་ཕྱིར་ཞིང་དེའི་བྱང་ཆུབ་སེམས་དཔའ་རྣམས་དང་སྐལ་བ་མཉམ་པའི་ཡོན་ཏན་རང་སྟོབས་ཀྱིས་སྒྲུབ་པ་ལ་བསྐལ་པ་གྲངས་མེད་ཀྱི་སྦྱངས་པ་སྔོན་དུ་སོང་བ་དགོས་ཀྱང་། འདིར་དད་པ་དང་འདུན་པའི་སྐལ་བ་ཅན་དག་ལ་བདེ་བར་གཤེགས་པ་འོད་དཔག་ཏུ་མེད་པའི་སྔོན་གྱི་སྨོན་ལམ་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་མཐུས་ཅོ་ནས་དྲངས་པ་བཞིན་དུ། ཐུགས་རྗེ་ཆེན་པོའི་མཚན་གྱིས་ཞིང་དེར་དྲངས་པར་གྱུར་ནས་ཡོན་ཏན་རྒྱ་ཆེན་པོ་ལ་རང་དབང་འབྱོར་པ་ནི་ཇི་ལྟར་ཚེགས་ཀྱིས་འཚོ་བའི་དབུལ་པོ་དག་གི་ཡུན་རིང་པོའི་རྙེད་པ་རྣམས་ཀྱིས་ཀྱང་ནོར་བུ་རིན་པོ་ཆེ་དང་ཕྲད་པ་ཙམ་གྱིས་ཐོབ་པའི་འབྱོར་པ་ལ་ཆར་ཡང་བསྒྲུན་པར་མི་ནུས་པ་བཞིན་ནོ། །དེས་ན་སེམས་ཅན་གྱི་སྐལ་བ་དང་


MR08_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་ཡེ་ཤེས་བསམ་གྱིས་མི་ཁྱབ་ཅིང་དེ་གཉིས་ཕན་ཚུན་རྟེན་འབྲེལ་དུ་གྱུར་པའི་མཐུ་ལས་ཤིན་ཏུ་སྦྱང་བར་དཀའ་བའི་ལམ་ཡང་ཚེགས་ཆུང་ངུས་འགྲུབ་པ་ཡོད་ལ། སྤྱིར་མདོ་ལས་ཀྱང་ཕྱུགས་ཀྱི་འགྲོ་བ་སོགས་ལྔའི་ཚུལ་དུ་ལམ་མྱུར་བུ་ལ་གསུངས་པ་དང་། གཞན་ཡང་སྔགས་གྲུབ་པས་རགས་ལུས་དྭངས་མར་གྱུར་ཏེ་འདོད་གཟུགས་ཀྱི་རིག་འཛིན་ཐོབ་ལ་རྟེན་དེར་ལྷག་པའི་ལྷས་རྗེས་སུ་བཟུང་བས་སློབ་པ་དང་མི་སློབ་པའི་འབྲས་བུ་ཡོངས་སུ་རྫོགས་ནུས་པ་དང་། གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱིས་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་ཟུང་འཇུག་གི་འབྲས་བུ་འགྲུབ་པར་གསུངས་པ་ཡང་ལེགས་པར་དཔྱད་ན་དངོས་པོའི་ནུས་པ་བསམ་གྱིས་མི་ཁྱབ་པའི་མཐུས་དོན་ཤིན་ཏུ་ཆེ་བ་དག་ཀྱང་བདེ་བླག་ཏུ་བྱེད་ནུས་པ་ལ་ངོ་མཚར་ཆེ་བར་ཤེས་ཀྱི། དེ་དག་མི་སྲིད་པར་རིགས་པས་བསྒྲུབ་ཏུ་མི་ནུས་པ་བཞིན་དུ་འདིར་ཡང་འདི་ལྟ་བུའི་དོན་ཆེན་པོ་ཚེགས་ཆུང་ངུས་ཐོབ་པ་ནི་མི་སྲིད་པ་མ་ཡིན་ཏེ། བདེ་བར་གཤེགས་པ་འདིའི་ཡེ་ཤེས་ཀྱི་རྣམ་འཕྲུལ་ཚད་མེད་པ་ནི་ཚུལ་འདི་ལ་དངོས་པོ་སྟོབས་སུ་སོང་བ་ཡིན་ཅིང་། དེའི་སྒྲུབ་བྱེད་ཡང་དག་པའི་ལུང་ནི་གནས་འདི་ལ་ཚད་མར་སོང་བ་ཡིན་ན། ཅིའི་ཕྱིར་རྟོག་གེ་ངན་པ་དག་གིས་བདེ་བར་གཤེགས་པའི་བཀའི་ཕྱོགས་གཅིག་བདེ་བ་ཅན་གྱི་ཡོན་ཏན་རྒྱ་ཆེ་བ་ལུང་ལས་འབྱུང་བ་ལྟར་ཁས་བླངས་ནས། ཡོན་ཏན་རྒྱ་ཆེ་བའི་རྒྱུ་མཚན་དེ་ལ་བརྟེན་ནས་ཞིང་འདིར་བདེ་བར་གཤེགས་པས་


MR08_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཐོས་པ་སོགས་ཀྱིས་སྐྱེ་མི་ནུས་ཞེས་ལུང་གི་ཕྱོགས་གཅིག་ཁས་མི་ལེན་པ་དག་ནི་གཞལ་བྱ་ཤིན་ཏུ་ལྐོག་གྱུར་ལ་ལུང་བཞིན་ལེགས་པར་དཔྱོད་པའི་བློ་གྲོས་ཤེད་མ་བྱེ་བར་བྱིས་པའི་ཅལ་སྒྲོག་གིས་བདེ་བར་གཤེགས་པའི་བཀའི་དོན་དཀྲུགས་ནས་འཇིག་རྟེན་པ་རྣམས་རང་བཞིན་གྱི་ཐེ་ཚོམ་དྲག་པོས་ཟིལ་གྱིས་མནན་པ་ལ། སླར་ཡང་སྣོན་བཏབ་སྟེ་ཕལ་ཆེན་དོན་འགྱུར་གྱི་ཐེ་ཚོམ་དང་བཅས་བཞིན་ཞིང་དེར་སྐྱེ་བའི་འདུན་པས་སྐྱེ་བ་ཡོད་པ་རྣམས་ཀྱང་དོན་མི་འགྱུར་གྱི་ཐེ་ཚོམ་བསྐྱེད་ནས་ཞིང་དེར་སྐྱེ་བའི་དགེ་རྩ་གསོག་པ་སོགས་དོན་ཆེན་པོ་ལས་ཉམས་པ་དང་། གཞན་གྱི་དྲིང་ལ་འཇོག་པའི་བློ་གྲོས་ཅན་ཞིང་དེར་སྐྱེ་བར་འ དུན་པ་གཞན་དག་ཀྱང་ཆུད་ཟ་བར་བྱེད་པ་ཙམ་ལས། དངོས་སྟོབས་ཀྱི་རིགས་པ་དང་ལྡན་པར་སྨྲ་བ་གང་ཡང་མེད་དེ། ཞིང་གི་ཡོན་ཏན་དང་། དེར་སྐྱེ་བའི་རྒྱུ་གཉིས་ཀ་ལའང་དངོས་ལ་གནོད་བྱེད་མེད་པས་ན་རྒྱུ་བསྟན་པ་ནི་དེ་ལྟར་མིན་ནོ་ཞེས་རྣམ་པར་གཞག་པར་མི་ནུས་སོ། །གལ་ཏེ་རིགས་པ་མེད་པར་རང་གི་ཉམས་དང་སྦྱར་ནས་རྒྱུ་ལ་ཡིད་མི་ཆེས་ན། མཐར་ཞིང་གི་ཡོན་ཏན་དང་། རྒྱལ་བའི་ཡེ་ཤེས། ལམ་གྱི་ཐབས་ཟབ་མོ་ཀུན་ལའང་ཐེ་ཚོམ་སྐྱེས་ནས་ལམ་ལས་ཉམས་པར་འགྱུར་རོ། །དེ་ལྟར་ཡང་མདོ་ལས། མི་ཕམ་པ་དེ་ལྟ་ན་ངས་དེ་བཞིན་གཤེགས་པའི་མཛད་པ་དེ་བྱས་པ་ཡིན་ཏེ། ཁྱོད་ཀྱང་ད་ཐེ་ཚོམ་མེད་པར་བརྩོན་པར་གྱིས་ཤིག །སངས་རྒྱས་ཀྱི་ཡེ་ཤེས་


MR08_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པ་མེད་ཅིང་སྒྲིབ་པ་མེད་པ་ལ་སོམ་ཉི་མ་ཟ་ཞིག་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་རིན་པོ་ཆེའི་བཙོན་རར་ཆུད་ཏ་རེ་ཞེས་དང་། མི་ཕམ་པ་ཆོས་ཀྱི་རྣམ་གྲངས་འདི་ཆུད་མི་ཟ་བར་བྱ་བའི་ཕྱིར་ཡོངས་སུ་གཏད་པ་ཆེན་པོ་བྱའོ། །སངས་རྒྱས་ཀྱི་ཆོས་མི་ནུབ་པར་བྱ་བའི་ཕྱིར་བརྩོན་པར་གྱིས་ཤིག །དེ་བཞིན་གཤེགས་པའི་བཀའ་མ་འཁྲུགས་པར་གྱིས་ཤིག །ཡུན་རིང་པོར་གནོད་པ་དང་། མི་ཕན་པ་དང་། མི་བདེ་བ་དང་། སྡུག་བསྔལ་བ་དང་། ལོག་པར་ལྟུང་བར་འགྱུར་ཏ་རེ། ཞེས་གསུངས་པ་བཞིན་དུ་ཤེས་པར་བྱས་ནས་ཚུལ་འདི་ལྟ་བུ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་མཐུའོ་ཞེས་ཐེ་ཚོམ་མེད་པའི་ཡིད་ཀྱིས་གཅིག་ཏུ་དགའ་ཞིང་འདུན་པར་བྱ་སྟེ། གཞན་དུ་ན་དད་འདུན་ཙམ་གྱིས་མི་སྐྱེ་བར་འདོད་པ་དག་གིས་བདེ་བར་གཤེགས་པའི་སྨོན་ལམ་དང་ཡེ་ཤེས་ལ་ནུས་པ་དེ་ལྟ་བུ་མེད་པར་བཟུང་ནས་ཡང་དག་པའི་ལུང་ལ་ཐེ་ཚོམ་ཟ་བ་ཡིན་པས་ཤིན་ཏུ་མི་རུང་སྟེ། ཚངས་པས་བྱིན་གྱིས་ཞུས་པ་ལས། སངས་རྒྱས་སོམ་ཉི་ཟ་བ་གཡང་སའི་མཆོག །འཇིག་རྟེན་ཀུན་གྱིས་སྐྱབས་བྱེད་མི་ནུས་ཏེ། །བློ་ཆུང་དེ་ནི་བསྟན་ལས་ཉམས་གྱུར་པས། །མགོན་མེད་དེ་ནི་ངན་འགྲོར་འགྲོ་བར་འགྱུར། །ཞེས་དང་། ཞིང་མདོ་ལས། ལྟ་བ་ཅན་དང་དམན་དང་ཞུ མ་རྣམས་ཀྱིས། །སངས་རྒྱས་ཆོས་ལ་དད་པ་རྙེད་མི་ནུས། །གང་དག་


MR08_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་གྱི་སངས་རྒྱས་མཆོད་བྱས་པ། །དེ་དག་འཇིག་རྟེན་མགོན་གྱི་སྤྱོད་ལ་སློབ། །དཔེར་ན་སྐྱེས་བུ་ལོང་བ་མུན་ཁུང་ན། །ལམ་ཡང་མི་ཤེས་བསྟན་པར་ག་ལ་ནུས། །དེ་ལྟར་ཉན་ཐོས་ཐམས་ཅད་སངས་རྒྱས་ཀྱི། །ཡེ་ཤེས་མི་རྟོགས་སེམས་ཅན་གཞན་ཅི་སྨྲོས། །སངས་རྒྱས་ཀྱིས་ནི་སངས་རྒྱས་ཡོན་ཏན་མཁྱེན། །ལྷ་ཀླུ་ལྷ་མིན་གནོད་སྦྱིན་ཉན་ཐོས་མིན། །སངས་རྒྱས་ཡེ་ཤེས་རབ་ཏུ་བཤད་པ་ནི། །རང་སངས་རྒྱས་ཀྱི་ལམ་ཡང་འདི་མ་ཡིན། །གལ་ཏེ་སེམས་ཅན་ཐམས་ཅད་བདེ་བར་གཤེགས། །ཡེ་ཤེས་རྣམ་དག་དོན་དམ་མཁས་གྱུར་ཏེ། །དེ་དག་བསྐལ་པའམ་འོན་ཏེ་ལྷག་པར་ནི། །སངས་རྒྱས་གཅིག་གི་ཡོན་ཏན་རྗོད་བྱེད་ཀྱང་། །དེ་དག་རབ་ཏུ་མྱ་ངན་འདའ་འགྱུར་གྱི། །བསྐལ་པ་བྱེ་བ་མང་པོར་རབ་བརྗོད་ཀྱང་། །སངས་རྒྱས་ཡེ་ཤེས་ཚད་རྙེད་མི་འགྱུར་ཏེ། །དེ་ལྟར་རྒྱལ་བའི་ཡེ་ཤེས་ངོ་མཚར་ཏོ། །དེ་བས་མཁས་པ་རིག་པའི་རང་བཞིན་མི། །གང་ཞིག་ང་ཡི་ཚིག་ལ་ཡིད་ཆེས་ཏེ། །རྒྱལ་བའི་ཡེ་ཤེས་ཕུང་པོ་དབང་བྱས་ཏེ། །སངས་རྒྱས་ཉིད་ཀྱིས་མཁྱེན་ཅེས་ཚིག་ཏུ་བརྗོད། །བརྒྱ་ལམ་ན་ནི་མི་ཡི་ལུས་རྙེད་ལ། །བརྒྱ་ལམ་ན་ནི་སངས་རྒྱས་འབྱུང་བར་འགྱུར། །དད་དང་ཤེས་རབ་ཡུན་རིང་རྙེད་པར་འགྱུར། །དེ་བས་དོན་ཐོབ་བྱ་ཕྱིར་བརྩོན་འགྲུས་བསྐྱེད། །ཅེས་གསུངས་པ་ལྟར་འདི་ལྟར་སྐལ་བ་དང་ལྡན་པས་ཟབ་མོའི་གནས་རྣམས་ལ་དགའ་


MR08_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

བ་དག་གིས་ནི། ལས་དང་དབང་པོ་སྐལ་བའི་ཁྱད་པར་དང་ལམ་གྱི་རིམ་པ་ཚད་མེད་པས་འབྲས་བུ་འགྲུབ་པ་ལ་ཚེགས་ཆེ་ཆུང་སོགས་དངོས་པོའི་ནུས་པ་བསམ་གྱིས་མི་ཁྱབ་པ་དགག་ཏུ་མེད་པར་ཤེས་ཤིག །དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྟོབས་ལས་ཚེགས་ཆུང་ངུས་དོན་ཆེན་པོ་འདི་ལྟ་བུ་ཐོབ་པ་ནི་འཐད་པར་རྟོགས་ནུས་ཏེ། མདོ་ལས། ཀུན་དགའ་བོ། ལས་ཀྱི་རྣམ་པར་སྨིན་པ་དང་། ལས་མངོན་པར་འདུ་བྱེད་པ་བསམ་གྱིས་མི་ཁྱབ་པ་ནི་རྙེད་པར་རུང་གི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དགེ་བ་དང་། རྫུ་འཕྲུལ་དང་། བྱིན་གྱི་རླབས་བསམ་གྱིས་མི་ཁྱབ་པ་ནི་སུས་ཀྱང་མཐའ་འམ། ཚད་རྟོགས་པའམ། བསམ་པར་མི་ནུས་ཏེ། གཞན་དུ་ན་སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པོ་ཞེས་རབ་ཏུ་འབྱེད་དོ། །ཞེས་གསུངས་པ་བཞིན་ཏེ། ཇི་ལྟར་དཔེར་ན་སྔགས་ཀྱིས་ལྷ་གྲུབ་པའི་ཚེ་ལྷ་དེའི་ཕྱག་སྤྱི་བོར་བཞག་པ་ཙམ་གྱིས་མངོན་པར་ཤེས་པ་ཐོབ་པ་ན་དེ་སྔགས་ཀྱི་མཐུས་ཡིན་གྱི། སྒྲུབ་པ་པོས་སྔོན་དུ་བསམ་གཏན་དང་རྣམ་གནས་སྦྱངས་ནས་མངོན་ཤེས་གྲུབ་མ་དགོས་པ་ལྟ་བུ་དེ་གལ་ཏེ་རང་གིས་སྔོན་ནས་གྲུབ་ཟིན་ན་སྔགས་ཀྱི་མཐུ་ཟབ་པའི་ཁྱད་པར་ཀྱང་ཅི་ཞིག་ཐོབ། དེ་བཞིན་དུ་གྲུབ་པའི་རྫས་ཀྱི་ནུས་པ་སོགས་དང་། སངས་རྒྱས་དང་བྱང་སེམས་ཀྱི་སྐུ་མཐོང་བ་དང་བྱིན་གྱིས་བརླབས་པ་དང་། ཆོས་བསྟན་པ་ཙམ་གྱིས་


MR08_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པ་མཐོང་ནུས་པ་སོགས་མདོ་རྒྱུད་ལས་ཇི་སྐད་གསུང་པ་དེ་དག་ལ་ལོག་པར་མི་ལྟ་བར་བསྟན་པ་འདི་པར་ཁས་འཆེ་བ་དག་གིས་ཞིང་འདིར་སྐྱེ་བའི་ཚུལ་ལའང་སོམ་ཉི་བྱེད་པར་མི་རིགས་ཏེ། དེ་དག་ཚུལ་མཚུངས་པའི་ཕྱིར་རོ། །དེས་ན་བདེ་བ་ཅན་དུ་སྐྱེས་པ་ཙམ་གྱིས་ཐོབ་པའི་ཡོན་ཏན་རྒྱ་ཆེ་བ་དག་ཀྱང་རྒྱུ་བདེ་བར་གཤེགས་པའི་མཚན་ཐོས་ནས་དད་པ་བསྐྱེད་པ་དག་གིས་འདྲེན་ནུས་པ་ནི་སངས་རྒྱས་ཀྱི་སྨོན་ལམ་གྱི་ཁྱད་པར་ཆེས་རྨད་དུ་བྱུང་བ་སྟེ། དེ་ཕྱིར་དེ་ལྟ་བུ་སྟོན་པའི་ཆོས་ཀྱི་རྣམ་གྲངས་འདི་ཡང་ཆེས་ཁྱད་པར་འཕགས་པའི་ངོ་མཚར་དང་ལྡན་པ་ཡིན་ཏེ། མདོ་ལས། བཅོམ་ལྡན་འདས་ཁྱོད་ཀྱི་དབང་པོ་རྣམས་ནི་ཤིན་ཏུ་དྭངས། ཞེས་སོགས་གླེང་གཞི་ནས་བརྩམས་ཏེ་རྒྱས་པར་བསྟན་པ་བཞིན་ནོ། །དེས་ན་སྐལ་བ་མཆོག་དང་ལྡན་པ་མདོ་འདི་ལྟ་བུ་ལ་གུས་པ་གང་ཞིག །བུ་བསྒོ་བ་ཉན་པས་ཕ་དྲང་སྲོང་གི་ཚིག་ལས་དོན་ཐོབ་པ་བཞིན་དུ་བདེ་བར་གཤེགས་པའི་བཀའ་ལ་དད་པའི་རྗེས་སུ་འབྲངས་ནས་ཚུལ་བཞིན་ཞུགས་པས་ཞིང་ཁམས་མཆོག་ཏུ་སྐྱེ་བ་བསླུ་མེད་དུ་ཐོབ་པ་དང་། ཡང་ཆོས་ཀྱི་རྗེས་སུ་འབྲངས་ནས་རིགས་པའི་སྟོབས་ཀྱིས་སངས་རྒྱས་ཀྱི་བཀའ་ལ་ཡིད་ཆེས་ཤིང་། ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ལ་ངེས་པ་རྣམ་དག་སྐྱེས་པའི་སྐལ་བ་བཟང་པོ་རྣམས་ཀྱིས་ཉི་མའི་སྣང་བ་ལ་བརྟེན་ནས་མིག་དང་ལྡན་པ་ལྟ་བ་བཞིན་དུ་གཞལ་བྱ་ཤིན་ལྐོག་སྟོན་པའི་ལུང་དོ ན་འདི་ལྟ་བུ་ལ་ཐེ་ཚོམ་མེད་པར་ཞུགས་


MR08_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཇི་ལྟར་བཅད་པའི་དོན་མཚུངས་བ་མེད་པ་ཐོབ་པར་འགྱུར་པས་ན། འདི་ལྟར་ཤེས་བྱ་རྣམས་ཀྱི་ནང་ན་མི་མཉམ་ཞིང་མཚུངས་པ་མེད་པའི་ཡོན་ཏན་དང་ལྡན་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཡིན་ལ། དེ་ཐོབ་པར་བྱེད་པའི་རྒྱུ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཚད་མེད་པ་ཡིན་ཅིང་། དེ་ལ་བསླབ་པར་འདོད་པ་གང་ཞིག་འགྲོ་བ་མཐའ་དག་རྒུད་པ་ལས་སྐྱོབ་པར་འདོད་པའི་བརྩེ་བ་ཅན་རྣམས་ཀྱིས་ལེགས་པར་གཞིག་པའི་ཚེ། སེམས་ཅན་རྣམས་ལས་དང་ཉོན་མོངས་དྲག་པོས་ཟིལ་གྱིས་མནན་ཅིང་། ཤེས་རབ་སོགས་ཕུལ་དུ་བྱུང་བ་དང་མི་ལྡན་པས་ལམ་ཟབ་ཅིང་རྒྱ་ཆེ་བ་དག་ཀྱང་ཉམས་འོག་ཏུ་ཚུད་པར་དཀའ་བ་དག་གིས་ཀྱང་ཀུན་ཏུ་བཟང་པོའི་སྤྱོད་པ་མ་ལུས་པ་དཀའ་བ་མེད་པར་བདེ་བླག་ཏུ་རྫོགས་པར་བྱེད་པའི་ཐབས་མཆོག་ཏུ་གྱུར་པ་ནི་བདེ་བ་ཅན་དུ་སྐྱེ་བར་སྨོན་ལམ་གདབ་པ་འདི་ཡིན་པར་རིག་པར་བྱ་སྟེ། དེའི་རྒྱུ་མཚན་ཞིང་འདིར་སྐྱེ་བ་ནི་སངས་རྒྱས་ཀྱི་སྨོན་ལམ་དང་ཡེ་ཤེས་ཀྱི་སྟོབས་ལས་དད་འདུན་ཙམ་ཞིག་གིས་ནུས་ལ། སྐྱེས་ནས་དད་སོགས་ཀྱི་ཡོན་ཏན་ཕུལ་དུ་བྱུང་བ་འབད་པ་མེད་པར་ཐོབ་ཅིང་ལམ་ལས་ཉམས་མི་སྲིད་པར་ཀུན་ཏུ་བཟང་པོའི་སྤྱོད་པ་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་རོ། །དེས་ན་ཚུལ་དེ་ལྟ་བུའི་དོན་གྱི་དབང་གཟིགས་ནས་བཟང་སྤྱོད་དུ། བདག་ནི་འཆི་བའི་དུས་བྱེད་གྱུར་བ་ན། །སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་བསལ་ཏེ། །མངོན་སུམ་སྣང་བ་མཐའ་


MR08_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་དེ་མཐོང་ནས། །བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ། །དེར་སོང་ནས་ནི་སྨོན་ལམ་འདི་དག་ཀྱང་། །ཐམས་ཅད་མ་ལུས་མངོན་དུ་འགྱུར་བར་ཤོག །ཅེས་གསུངས་སོ། །དེ་ལྟ་བས་ན་ཚུལ་འདི་ལྟ་བུ་བསྒྲུབ་པར་ཤིན་ཏུ་སླ་ལ། ཀུན་ལས་ཀྱང་དོན་ཆེ་བས་ན་བདེ་བ་ཅན་གྱི་ཞིང་དུ་རྩལ་སྦྱོང་བའི་ཉམས་ལེན་གྱི་ཚུལ་ལ་འབད་པ་དག་གིས་ཉིན་མོ་དང་མཚན་མོའི་ཉམས་ལེན་གཉིས་སུ་ཤེས་པར་བྱས་ལ། ཉིན་པར་སངས་རྒྱས་ཀྱི་ཞིང་རྟེན་དང་བརྟེན་པར་བཅས་པའི་ཡོན་ཏན་མདོ་ལས་འབྱུང་བ་ལྟར་དྲན་པའི་ཡུལ་དུ་བྱས་ནས། དེར་དང་བའི་དད་པ་དང་། སྐྱེ་བར་འདོད་པའི་དད་པ་དང་། རྣམ་འཕྲུལ་ཟབ་མོའི་ཚུལ་ལ་ཡིད་ཆེས་པའི་དད་པ་དྲག་ཏུ་བསྐྱེད་ཅིང་ཞིང་ཁམས་ཀྱི་རྣམ་པ་ཡིད་ཡུལ་དུ་བྱས་པ་ལ་རྒྱུན་ཆགས་སུ་དམིགས་ཤིང་། དགེ་བའི་ཚོགས་ཇི་ནུས་སུ་བསགས་ནས་ཞིང་དེར་སྐྱེ་བའི་འདུན་པ་དྲག་པོས་བསྔོ་བར་བྱའོ། །དེ་ཡང་མན་ངག་གི་དབང་དུ་བྱས་ཏེ་ཚོགས་མཐའ་ཡས་པ་མྱུར་དུ་འདུམས་པ་བསགས་སྦྱོང་སྤེལ་གསུམ་གྱི་གནད་བསྡུས་པའི་ཡན་ལག་བདུན་པ་བྱ་བ་དང་། འོད་དཔག་ཏུ་མེད་པའི་མཚན་ནས་བརྗོད་ཅིང་གཟུངས་བཟླས་པའི་སྒོ་ནས་ཐུགས་དམ་བསྐུལ་ཞིང་གསོལ་བ་འདེབས་པའི་རྣལ་འབྱོར་སོགས་ལ་བརྩོན་པར་བྱའོ། །ཡང་མཚན་མོའི་དུས་སུ་ཞིང་ཁམས་དེར་གནས་ཤིང་བདེ་བར་གཤེགས་པ་མཐོང་བའི་འདུན་པ་དྲག་པོས་དྲན་པ་མ་ཉམས་པར་ཉལ་བར་བྱ་སྟེ། ཉིན་པར་ཞིང་སྦྱོང་བ་དང་།


MR08_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མོ་ཉལ་འཕོའི་ཚུལ་ཐབས་ཁྱད་པར་ཅན་དང་འབྲེལ་བའི་གནད་རྣམས་ཞིབ་པར་གསར་རྙིང་བཀའ་གཏེར་གྱི་མན་ངག་གི་རིམ་པ་མང་དུ་བཞུགས་པ་ལས་ཤེས་པར་བྱའོ། །མདོར་ན་ཞིང་དེར་སྐྱེས་པའི་ཡོན་ཏན་དང་། སྐྱེ་ནུས་པའི་ཚུལ་ཤེས་ནས་ཉིན་མཚན་ཀུན་ཏུ་དད་བརྩོན་རྒྱུན་ཆགས་པ་ཅི་ནུས་སུ་བསྐྱེད་ཅིང་། དགེ་རྩ་ཐམས་ཅད་ཞིང་དེར་སྐྱེ་བའི་ཕྱིར་བསྔོ་བ་ལ་འབད་པར་བྱའོ། །དེ་ལྟར་བྱས་ན་རབ་ཀྱིས་ཚེ་འདིར་འདྲེན་པ་འོད་དཔག་མེད་དངོས་སུ་མཐོང་ཞིང་ལུང་བསྟན་ནས་ཞིང་ཁམས་དེར་སྐྱེ་བའི་གདེངས་ཐོབ་པ་དང་། འབྲིང་གིས་ཉམས་ཀྱི་ཚུལ་དུ་བྱིན་གྱི་རླབས་ཐོབ་པ་དང་། ཐ་མའང་རྨི་ལམ་དུ་ཞིང་དང་སྟོན་པའི་རྣམ་པ་རྨིས་པ་དག་ནི་རྟགས་ཡིན་ཏེ། འདུན་པའི་སྟོབས་ཀྱིས་རྨི་ལམ་ན་སྣང་བའང་ཇི་ལྟར་དམན་ཀྱང་བག་ཆགས་ཐེབ་པ་ཙམ་མིན་པ་མི་སྲིད་པས་འདུན་པའི་བག་ཆགས་ཆུང་ངུ་དེས་ཀྱང་ཞིང་དུ་སྐྱེ་ནུས་ཏེ་སངས་རྒྱས་ཀྱི་སྨོན་ལམ་གྱི་མཐུ་ལས་ཡིན་ནོ། །གལ་ཏེ་རྟགས་ཀྱི་རྣམ་པ་གསལ་པོ་མེད་ཀྱང་། ཚེ་འདིར་དད་འདུན་ཡང་ཡང་བསྐྱེད་པ་ལྟ་ཅི་སྨྲོས། འཆི་ཁ་མའི་རྣ་ལམ་དུ་སངས་རྒྱས་ཀྱི་མཚན་ཐོས་སུ་གཞུག་ཅིང་ཞིང་དེར་འདུན་པ་བསྐྱེད་ན་ཡང་སྐྱེ་བར་འགྱུར་ཏེ། འཆི་ཁའི་འདུ་ཤེས་གང་གསལ་བ་ཤིན་ཏུ་སྟོབས་དང་ལྡན་ཅིང་སངས་རྒྱས་འདིའི་སྨོན་ལམ་ཁྱད་པར་འཕགས་པའི་ཕྱིར་རོ། །བར་དོར་སངས་རྒྱས་ཀྱི་མཚན་དྲན་པས་ཀྱང་


MR08_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲལ་དུ་ཞིང་དེར་སྐྱེ་བའི་རྒྱུ་བྱེད་དེ། བར་དོའི་གནས་སྐབས་བསྒྱུར་སླ་ཞིང་། སངས་རྒྱས་ཀྱི་སྨོན་ལམ་ཤིན་ཏུ་སྟོབས་ཆེ་བའི་ཕྱིར་རོ། །དེས་ན་འདི་དང་འཆི་ཁ་དང་བར་དོའི་ཉམས་ལེན་གྱི་གནད་འདི་ལྟ་བུ་ལ་བྱེད་པ་གལ་ཆེའོ། །དེས་ན་གང་དག་བློ་ལྡན་སྐལ་བ་བཟང་པོ་རྣམས་ཀྱིས་བདེ་བར་གཤེགས་པའི་བཀའ་འདི་ལྟ་བུ་ལ་བརྟེན་ནས། ཚེགས་ཆུང་ངུའི་སྒོ་ནས་བྱང་ཆུབ་སེམས་དཔའི་ཡོན་ཏན་རྨད་དུ་བྱུང་བ་དང་རྒྱུད་ལ་བདེ་བླག་ཏུ་འདྲེན་པའི་ཐབས་དམ་པ་འདི་ལ་རྣལ་འབྱོར་དུ་བྱ་བར་རིགས་སོ། ༡ །ཚུལ་ཁྲིམས་རྣམ་དག་ཐོས་བསམ་མཆོག་ཏུ་སྦྱངས། །དད་བརྩོན་དྲག་པོས་རླབས་ཆེན་ཚོགས་བསགས་ནས། །བདེ་བ་ཅན་གྱི་བཟང་པོར་སྤྱོད་པའི་ཚུལ། །རྫོགས་པའི་རྣལ་འབྱོར་གནད་ལ་རྟག་བསྒོམས་པ། ༢ །བཀའ་དྲིན་མཚུངས་མེད་བཤེས་གཉེན་རིན་པོ་ཆེའི། །གསུང་གིས་བསྐུལ་ཚེ་ཆགས་སྡང་དགག་སྒྲུབ་ཀྱི། །རྟོག་པའི་ཀུན་སློང་རྙོག་མ་ཡོངས་མེད་པར། །དོན་ཆེན་མཚུངས་པ་མེད་པའི་ཞིང་སྦྱོང་གི ༣ །ཉམས་ལེན་གནད་ལ་སྐྱེ་བོ་གཞན་གྱི་བློ། །ཐེ་ཚོམ་ཕྲ་མོའི་གེགས་ལས་བསྒྲལ་ན་ཡང་། །ལེགས་བྱས་ཕ་མཐའ་བྲལ་བར་འདུ་བྱེད་པའི། །ཚུལ་ལ་བསམས་ནས་འབད་པས་འདི་བགྱིས་སོ། ༤ །དེ་ཡི་དགེ་ཚོགས་ཉི་མའི་སྣང་བ་ཡིས། །ཟབ་ཅིང་རྒྱ་ཆེའི་ཡེ་ཤེས་དམ་པ་དང་། །གང་དེའི་རྒྱུ་མཐུན་གསུང་རབ་དྲི་མེད་ལ། །


MR08_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་པའི་ཐེ་ཚོམ་མུན་པ་རྣམ་བསལ་ནས། ༥ །འགྲོ་ཀུན་དད་པ་མཆོག་གི་ཡོན་ཏན་དང་། །ལྡན་པས་འོད་ཟེར་དཔག་མེད་ཚེ་ཡི་མགོན། །བདེ་བར་གཤེགས་པ་དེ་ཡི་སྨོན་ལམ་དང་། །ཡེ་ཤེས་རྒྱ་མཚོ་ཇི་བཞིན་འགྲུབ་གྱུར་ཅིག །ཅེས་པའང་བདག་ཅག་གི་ཐོག་མའི་དགེ་བའི་བཤེས་གཉེན་ཆེན་པོ་བསླབ་པ་གསུམ་གྱི་རྣམ་ཐར་ཕུལ་དུ་བྱུང་ཞིང་། བདེ་བ་ཅན་དུ་རྒྱལ་བའི་སྲས་ཀྱི་སྤྱོད་པ་ལ་སློབ་པའི་རྒྱུ་ཚོགས་ལ་མངའ་དབང་ཡང་དག་པར་འབྱོར་པ་བཀའ་དྲིན་མཚུངས་པ་མ་མཆིས་པའི་དགེ་སློང་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་འདི་ལྟ་བུ་བྲིས་ཤིག་ཅེས་བཀྲ་ཤིས་པའི་ལྷ་རེག་དང་བཅས་བྲི་གཞིའི་རྐྱེན་སྦྱར་ཏེ་ཡང་ཡང་བསྐུལ་བ་ལ་བརྟེན་ནས་གང་གི་སློབ་བུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་ཞེས་བྱ་བས་སྟག་ཚང་རི་ཁྲོད་དུ་བཀའ་དྲིན་གསོ་བའི་མཆོད་ཡོན་གྱི་ཚུལ་དུ་བྲིས་ཏེ་ཕུལ་བའི་དགེ་བས་འགྲོ་ཀུན་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་གྱུར་ཅིག །དགེའོ། །བཀྲ་ཤིས་སོ། ༈ །བསླབ་གསུམ་དབང་ཕྱུག་མངའ་རི་ཆོས་རྗེ་ཡི། །ཐུགས་བསྐྱེད་ཟླ་མེད་མཐུ་ལས་ལེགས་འོང་མཐུས། །སྤར་དུ་བསྒྲུབས་དགེས་འབྲེལ་ཐོགས་ཡིད་ཅན་ཀུན། །བདེ་ཆེན་ཞིང་སྐྱེས་མངོན་སངས་རྒྱས་གྱུར་ཅིག །སརྦ་མངྒ་ལཾ། །དགེའོ།། །།


previousབདེ་བ་ཅན་གྱི་ཞིང་སྦྱོང་བའི་དད་པ་གསལ་བར་བྱེད་པ་དྲང་སྲོང་ལུང་གི་ཉི་མ།next