Nitartha Digital Library
Tibetan
 
previousབློ་སྦྱོང་གི་དམ་ཚིག་བསྟན་པ།next

བློ་སྦྱོང་གི་དམ་ཚིག་བསྟན་པ།

དྲུག་པ་བློ་སྦྱོང་གི་དམ་ཚིག་བསྟན་པ་ནི། སྤྱི་དོན་གསུམ་ལ་རྟག་ཏུ་བསླབ། །ཅེས་པ་ནི། བློ་སྦྱོང་ཁས་བླངས་དང་མ་འགལ་བ། བློ་སྦྱོང་ཐོ་ཅོར་མ་སོང་བ། བློ་སྦྱོང་ཕྱོགས་རེ་བར་མ་སོང་བའོ། །དང་པོ་ནི་འུ་བུ་བློ་སྦྱོང་བ་ལགས་པས་འདི་ཀུན་གྱི་མི་གནོད་ཟེར་ནས་བཅས་པ་ཕྲན་ཚེགས་ཁྱད་དུ་གསོད་པ་ལ་སོགས་པ་ལས་རྒྱུ་འབྲས་ལ་མ་གུས་པ་དང་། བློ་སྦྱོང་འདི་ཡོད་ན་གཞན་ཅི་ཡང་མི་དགོས་ཟེར་ནས་སྤྱིའི་ལག་ལེན་དང་འགལ་བར་བྱེད་པ་ཐམས་ཅད་དོར་རོ། །བསམ་པས་བློ་སྦྱོང་ཞིང་། སྦྱོར་བས་ཀ་རི་ཀ་ནས་རྡོ་རྗེ་ཐེག་པའི་བར་གྱི་ཁས་བླངས་དང་དམ་བཅས་པ་གང་ཡིན་པ་གཙང་བར་བསྲུང་བར་བྱའོ། །ལག་ལེན་དང་འཕྲལ་གྱི་རྣམ་ཐར་སྡེ་སྣོད་དང་མཐུན་པར་ཞུས་དག་བྱར་གཏུབ་པར་བྱའོ། །གཉིས་པ་ནི། གཉན་སར་ཉལ་བ་དང་། ཤིང་གཉན་གཅོད་པ་དང་། འགོ་བའི་ནད་ཡོད་སར་འགྲོ་བ་དང་། དམ་ཉམས་དང་མཛེ་པོ་ལ་སོགས་འདྲེ་ཅན་དང་འགྲོགས་པའི་ཐོ་ཅོ་ཐམས་ཅད་སྤང་བ་ལ་དགེ་བཤེས་སྟོན་པས་ར་སྒྲེང་དུ་བསྟན་པའི་སྲོལ་ཆེན་པོ་བཙུགས་པའི་བཀའ་གདམས་ཀྱི་རྣམ་པར་ཐར་པ་དང་མི་འགལ་བར་བྱས་ལ་ཆོས་གྲུ་བཞིར་ཉམས་སུ་བླང་དགོས་སོ། །ཤ་པོ་བའི་ཞལ་ནས་ནོར་ས་རྟག་གཞི་ནས་ཆོས་ཐོ་ཅོར་སོང་ནོར་ཞེས་བཤད། དམ་ཉམས་དང་འཆལ་བ་དང་། སྡིག་ཅན་ཐམས་ཅད་དང་བསྲེ་སླད་སྤང་ཞིང་སྤྱོད་པ་ཐམས་ཅད་ཐོ་ཅོར་མ་སོང་བར་བྱའོ། །གསུམ་པ་ནི། ཤས་གཅིག་གིས་མིའི་གནོད་པ་བཟོད་ཀྱང་མི་མ་ཡིན་གྱི་གནོད་པ་མི་བཟོད་དེ། འདྲེ་རྟོག་ཆེ་བ་དང་དེ་ལས་བཟློག་པས་སོ། །ལ་ལ་མི་ཆེ་བ་ལ་གུས། ཆུང་བ་ལ་བརྙས་བཅོས་བྱེད། ལ་ལ་ནང་མི་ལ་བྱམས། ཕྱི་མི་ལ་སྡང་། ལ་ལ་སེམས་ཅན་ལ་སྦྱོང་། འབྱུང་པོ་ལ་མི་སྦྱོང་། དེ་ཐམས་ཅད་ཕྱོགས་རེ་བར་སོང་བས་ཐམས་ཅད་ལ་ཕྱོགས་རིས་མེད་པར་སྦྱོང་ངོ་། །འདུན་པ་བསྒྱུར་ལ་རང་སོར་བཞག །བསམ་པས་བདག་གཞན་བརྗེ་བ་བསྒོམ་པ་དང་། སྐད་ཅིག་ཀྱང་མ་བྲལ་བའི་རྣལ་འབྱོར་དྲན་པར་བྱས་ནས་སྦྱོར་བས་ལུས་ངག་གི་སྤྱོད་པ་རྣམས་སྔར་བས་མ་འགྱུར་བར་སོ་ཐུབ་པར་བྱས་ནས་གཞན་གྱི་རྩར་ངག་ཏུ་མི་འདོན་པར་གཞན་དང་། མཉམ་འགྲོགས་བཏུབ་པར་བྱས་ནས་སྔར་གྱི་དགེ་སྦྱོར་བྱེད་ཚོད་དང་སྤྱོད་པ་སོ་ཐུབ་པར་སྔར་ལས་མ་འགྱུར་བར་བྱ། འགའ་ཞིག་ཆོས་ཉན་པ་དང་། སྔར་གྱི་རྣམ་ཐར་དང་ལག་ལེན་བཞག་ནས་གསར་འགྲོགས་བྱེད་དེ། སྔ་མ་སྤངས་པར་འགྲོ་བ་ཡིན་ཤིན་ཏུ་མི་ལེགས་སོ། །བློ་སྦྱོང་མངོན་མཚན་ཆུང་ལ་དོན་གྱི་ས་གཅོད་ཆེ་བ་གཅིག་བྱེད་དགོས་གསུངས་པས་གཞན་གྱིས་མ་ཚོར་བར་རྒྱུད་སྨིན་པར་བྱའོ། །ཡན་ལག་ཉམས་པ་བརྗོད་མི་བྱ། །ཞེས་པས་གཞན་སུ་ལ་ཡང་འཇིག་རྟེན་གྱི་སྐྱོན་ཞར་བ་འདི་བྱ་བ་དང་། ཆོས་ཀྱི་སྐྱོན་འཆལ་བ་འདི་བྱ་བ་ལ་སོགས་པ་ངག་ཏུ་སྨྲ་མི་རུང་བར་སྤང་བར་བྱའོ། །གཞན་ཕྱོགས་གང་ཡང་མི་བསམ་མོ། །སྤྱིར་སེམས་ཅན་ཐམས་ཅད་དགོས་ཁྱད་པར་ཆོས་སྒོར་ཞུགས་པ་རྣམས་དང་། ཉིང་དགོས་སུ་རང་གི་ཆོས་ཀྱི་གྲོགས་ཀྱི་སྐྱོན་ལ་བརྟག་ཏུ་མི་རུང་། ཐ་ན་བདག་བློ་སྦྱོང་བ་ཡིན་པས་སླར་ལ་དགའ་སྟེ། ལར་འདི་དང་འགྲོགས་སུ་མི་བཏུབ་པ་གཅིག་འདུག་སྙམ་ན་ཡང་རང་གི་ཕྱོགས་ནས་བློ་སྦྱང་བ་ཡིན་པས་གཞན་གྱི་ཕྱོགས་ནས་སྐྱོན་བསམ་པ་ཡིན་པས་མི་རུང་ངོ་། །དབང་མེད་དུ་སྐྱོན་མཐོང་ན་རང་སྣང་མ་དག་པ་ཡིན། ཁོ་ལ་སྐྱོན་མེད། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་གྱི་སྙིང་པོ་ཅན་ཡིན་སྙམ་དུ་བསམས་ལ་རང་གི་སྐྱོན་དུ་བརྟག་གོ །འབྲས་བུ་རེ་བ་ཐམས་ཅད་སྤངས། བློ་སྦྱངས་པས་ཚེ་འདིར་མིས་རྩི་རུ་རེ་བ་དང་། བསྙེན་བཀུར་དང་སྙན་གྲགས་འོང་དུ་རེ་བ་དང་། མི་མ་ཡིན་གྱི་གནོད་པ་ལས་ཕན་དུ་རེ་བ་དང་། ཕྱི་མ་ལྷ་མིའི་བདེ་བ་དང་རང་ཉིད་མྱ་ངན་ལས་འདས་པ་ཐོབ་ཏུ་རེ་བ་ཐམས་ཅད་སྤང་ངོ་། །ཐ་མར་རང་དོན་དུ་སངས་རྒྱས་པ་ཡང་རེ་བ་མེད་པར་བྱས་ལ་སྦྱང་ངོ་། །སྒྲུབ་པའི་ཡོན་ཏན་ལའང་རིངས་པ་དང་རེ་ཆེ་བ་མི་བྱ། བདུད་ཀྱིས་ཤེས་ན་བར་གཅོད་བྱེད་དོ། །འབད་པ་དྲག་ལ་ཡུན་རིང་དུ་ཞེ་མ་ཁྲེལ་བར་བྱས་ཀྱང་འབྲས་བུ་གང་ཡང་མ་བྱུང་ཡང་སྒྱིད་ལུག་པར་མི་བྱ། དུག་ཅན་གྱི་ཟས་སྤངས། ཞེས་པ་ནི་བདག་འཛིན་ལ་དགྲར་མི་བལྟ་ལ། རང་ལ་གཅེས་འཛིན་མི་གཏོང་བར་རང་དོན་ཞེ་ཕུགས་སུ་བཅུག་པ་དང་། དངོས་པོ་བདེན་པར་འཛིན་པའི་བློས་ཆོས་གང་བྱས་ཀྱང་འཁོར་བའི་རྒྱུ་བྱེད་ཅིང་འཁོར་བར་འཆིང་བས་སྡུག་བསྔལ་བསྐྱེད་དེ། ཟས་དུག་ཅན་དང་འདྲ་བས་སྤང་ངོ་། །གཞུང་བཟང་པོ་མ་བརྟེན། ཅེས་པ་ནི་ཕ་རོལ་གྱིས་མི་རིགས་པ་བྱས་པ་ལ་འཁོན་དུ་བཟུང་ནས་ནག་ཀམ་མི་བྱེད་པ་དེ་སྤང་ངོ་། །ཤགས་ངན་མ་དགོད། ཅེས་པ་ནི། ལས་འགྱེད་ཅི་ལ་བབ་ཀྱང་གཞན་གྱི་སྙིང་ལ་གཟེར་ཞིང་། དང་ཁ་ལོག་པའི་ཤགས་ངན་མི་གདབ། ཉེ་རིང་བཟང་ངན་སུ་ལ་ཡང་ལན་མ་ལན་གང་ཡིན་ཡང་ཚིག་ངན་སྨྲ་བ། ངག་རྩུབ་མོ་དྲག་པོ་སྨྲ་བ་ཡང་སྤང་ངོ་། །འཕྲང་མ་དགུག་ཅེས་པ་ནི། གཞན་གྱིས་གནོད་པ་བྱས་པ་དེ་ཞེ་ལ་བཞག་ནས་ལན་པོ་འགྲུབ་པའི་དུས་ན་འཇལ་བ་དེ་སྤང་ངོ་། །གནད་ལ་མི་དབབ། ཅེས་པ་ནི། མི་དང་མི་མ་ཡིན་གང་ཡིན་ཡང་འཚང་ནས་འབྲུ་བ་སྤངས་ཏེ། མི་མ་ཡིན་ལ་སྲོག་སྔགས་དྲག་པོ་བཟླས་པའམ། མི་ལ་མང་སར་ཚུལ་ཁྲིམས་ལ་སོགས་པའི་འཚང་འབྲུ་བ་སྤང་ངོ་། །མཛོ་ཁལ་གླང་ལ་མི་འབྱོ། ཞེས་པ་ནི་རང་དབབ་ཅིང་སྟེང་དུ་འོང་བའི་མི་འདོད་པའི་ཁག་དང་ཁུར་རྣམས་གཡོ་སྒྱུ་སྣ་ཚོགས་ཀྱི་གཞན་ལ་འབྱོ་བའི་འཁོན་སྐྱོན་ཅན་གྱི་སྤྱོད་པ་དེ་ལྟ་བུ་སྤང་། མགྱོགས་ཀྱི་རྩེ་མ་གཏོད། ཅེས་པ་ནི། འདོད་པའི་དངོས་པོ་སྤྱི་སོ་ན་ཡོད་པ་རང་ལ་སྣ་གཏད་དུ་རེ་བ་འདོད་ཕྱིར་མི་མཁས་པའི་སྤྱོད་པ་དང་། ཐབས་སྣ་ཚོགས་ཀྱིས་རང་ལ་བསྒྱུར་བར་བྱེད་པ་ཐམས་ཅད་སྤོང་ངོ་། །འདོད་ཁར་མི་འཆི་ཕ་རོལ་ལས་ཀྱི་གྲུབ་པའི་ལྷོད་ཀྱིས་གློད་ན་བདེ་གསུང་། ལྟོ་ལོག་མི་བྱ། ཅེས་པ་ནི། ཕུགས་སུ་རང་བཟང་བར་འདོད་པས་ཐད་ཀ་དེར་འཕམ་ལེན་འོག་ཏུ་ཞུགས་པ་དང་། ཕུགས་སུ་འདྲེས་གནོད་པ་སེལ་དུ་རེ་བའི་ཐད་ཀ་དེར་བློ་སྦྱོང་ནས་ལྟོ་ཆོས་བྱེད་པ་དང་། ཁྱད་པར་མེད་པས་གཏིང་གི་རང་མཁྲིས་ཆོད་པ་དེ་ལྟ་བུ་སྤང་ངོ་། །ཚན་གཅིག་གིས་རྣམ་རྟོག་ལ་བློ་སྦྱོང་གི་འབྲས་བུའམ་དགོས་པ་དེ་འདྲ་ལ་ཕན་པ་གཅིག་ཏུ་གོ་བ་འདྲ་སྟེ་དེ་ཙུག་སོང་ན་བོན་བྱེད་པ་དང་ཁྱད་མེད། ཆོས་བྱ་བ་ཉོན་མོངས་པ་དང་རྣམ་པར་རྟོག་པའི་གཉེན་པོར་འགྲོ་བ་གཅིག་དགོས་པ་ཡིན་ནོ། །ལྷ་བདུད་དུ་མི་དབབ། ཅེས་པ་ནི། འཇིག་རྟེན་པའི་ལྷ་མ་མགུ་ན་གནོད་པ་བྱེད་དེ། ལྷ་བྱ་བ་དེ་ཕན་འདོགས་པ་ཡིན་པ་ལ་གནོད་པ་བྱེད་ན་བདུད་དུ་སོང་བ་ཡིན་ཏེ་དེ་བཞིན་དུ་བློ་སྦྱོང་གིས་བདག་འཛིན་འདུལ་བ་ཡིན་པ་ལ་དེ་ཉིད་ཀྱིས་དྲེགས་ནས་བདག་ནི་བློ་སྦྱོང་བསྒོམ་པ་བཟང་པོ་ཡིན། གཞན་ལ་ཆོས་འདི་ལྟ་བུ་མེད་སྙམ་ནས་ང་རྒྱལ་སྐྱེས་པ་དང་། རང་བཟང་པོར་རློམ་པས་གཞན་ལ་རས་ཆོད་དང་ཡ་འབིགས་བྱེད་པ་སྤང་བར་བྱའོ། །ད་ལྟའི་ཆོས་པ་རྣམས་ཀྱི་ཆོས་ཀྱི་བདག་འཛིན་བཟང་དུ་སོང་ན་དགྲའི་ཆོས་སུ་སོང་ནས་རྐུན་མ་ནགས་ལ་བཏང་ནས་རྗེས་བྲག་རི་ལ་གཅོད་པའི་ཆོས་སུ་སོང་བས་དེ་ཐམས་ཅད་སྤངས་ལ། སྨན་ནད་ཐོག་ཏུ་བཏང་ཞིང་བདག་འཛིན་དམའ་འབེབས་པར་བྱས་ལ་འགྲོ་བ་ཀུན་གྱི་བྲན་གྱི་ཐ་མ་ལྟར་བྱའོ། །སྐྱིད་ཀྱི་ལན་དུ་སྡུག་མ་ཚོལ། །ཞེས་པ་ནི། རང་སྐྱིད་པའི་དོན་དུ་གཞན་ལ་སྡུག་བསྔལ་བྱུང་ན་དགའ་སྟེ། རང་གི་བཟའ་མི་དང་གྲོགས་འདི་ཤི་ན་རབས་ཆད་འོང་སྟེ། ཡོན་བདག་ལ་ན་ཚ་ཤི་ཆད་བྱུང་ན་ཚོགས་བསོགས་དགེ་རྩ་འོང་སྟེ། ཡུལ་དེའི་སྒོམ་ཆེན་གྲོགས་པོ་དེ་ཤི་ན་ང་གཅིག་པོ་ལ་བསོད་ནམས་འོང་སྟེ། དགྲ་འདི་ཤི་ན་ང་ལ་སྐྱིད་པ་འོང་སྟེ་སྙམ་པ་སྤང་ངོ་། །སེམས་ཅན་སོ་སོའི་བསོད་ནམས་ལ་སྤྱོད་པ་ཡིན་པས་གར་ཕྱིན་ཡང་དགྲ་ཟིན་རེ་ལས་ཀྱིས་འོང་བ་ཡིན་གསུང་ངོ་། །


previousབློ་སྦྱོང་གི་དམ་ཚིག་བསྟན་པ།next