ལོ་པན་ཆོས་འབྱུང་།
དམ་པའི་ཆོས་ཀྱི་འཁོར་ལོས་བསྒྱུར་བ་རྣམས་ཀྱི་བྱུང་བ་གསལ་བར་བྱེད་པ་མཁས་པའི་དགའ་སྟོན་ཞེས་བྱ་བ་ལས་ཡན་ལག་གསུམ་པ་བོད་ཀྱི་སྐབས་ལ་ལེའུ་བཅུ་ལས་བཞི་པ་ལོ་པཎ་ཆོས་བྱུང་བཞུགས།(ཏ༡བ)
སྤྲུལ་པའི་ཆོས་རྒྱལ་དམ་པ་དེ་རྣམས་ཀྱི། །གཞལ་དུ་མེད་པའི་ཐུགས་རྗེའི་བཀའ་དྲིན་ལས། །འཕགས་པའི་ཡུལ་དང་ཁྱད་པར་དབུས་འགྱུར་ཚལ། །ཀསྨི་ར་དང་ཟ་ཧོར་བལ་པོ་དང༌། །རྒྱ་ནག་ལ་སོགས་ཐུབ་བསྟན་དར་བའི་ས། །དམ་པའི་ཆོས་ཀྱི་འབྱུང་ཁུངས་ཆེ་རྣམས་ནས། །ཐུན་མོང་རིག་གནས་གཟོ་གསོ་སྒྲ་ཚད་བྱུང༌། །ཁྱད་པར་སྡེ་སྣོད་གསུམ་དང་རྒྱུད་སྡེའི་ཚོགས། །ནང་དོན་རིག་པའི་གནས་ལ་མངའ་བརྙེས་པའི། །པཎྜི་ཏ་དང་རིག་པ་གྲུབ་པའི་ཚོགས། །མང་ཞིག་བོད་ཀྱི་ཡུལ་དུ་བྱོན་ནས་ནི། །སྐལ་ལྡན་སྐྱེ་འགྲོ་མཐའ་ཡས་སྨིན་གྲོལ་མཛད། །རྒྱ་བོད་ཡུལ་གྲུའི་སྐད་གཉིས་ལ་བྱང་ཞིང༌། །ལེགས་སྦྱར་བརྡ་སྤྲོད་གནས་ཀུན་ཁོང་ཆུད་པ། །འཇིག་རྟེན་མིག་གྱུར་ལོ་ཙཱ་རྣམས་ཀྱིས་ནི། །འཛམ་གླིང་ཡུལ་གྲུ་དུ་མ་མྱུལ་མཛད་ནས། །མདོ་རྒྱུད་བསྟན་བཅོས་ངོ་མཚར་རྙེད་དཀའ་རྣམས། །སང་སྐྲྀ་ཏ་དང་ཡུལ་གྲུ་སྣ་ཚོགས་པའི། །སྐད་དང་ཡི་གེ་བརྡ་དང་ཐ་(ཏ༢ན)
སྙད་ཚོགས། །རྣམ་མང་རྒྱ་མཚོ་ལྟ་བུར་གནས་པ་ལས། །རང་ཅག་བོད་ཡུལ་སྐྱེ་བོའི་ཡི་གེ་དང༌། །བོད་ཀྱི་སྐད་དུ་བསྒྱུར་སྟེ་གོ་སླར་མཛད། །སླར་ཡང་རྒྱ་དཔེའི་བྱེ་བྲག་དུ་མ་དང༌། །པཎྜི་ཏ་ལ་གཏུགས་སྟེ་དག་པར་བཅོས། །བཤད་རྒྱུན་སྒྲུབ་རྒྱུན་མན་ངག་རྒྱུན་ལྡན་པའི། །བཤད་ཉན་ཚུལ་བཞིན་སྤྱོད་པས་གཏན་ལ་ཕབ། །དེ་ཕྱིར་ལོ་པཎ་དམ་པ་དེ་རྣམས་ཀྱི། །བཀའ་དྲིན་ཁྲག་ཁྲིག་བྱེ་བའི་ཆ་ཙམ་ཡང༌། །རང་ཅག་བོད་ཡུལ་སྐྱེ་བོ་ཐམས་ཅད་ཀྱི། །ལུས་སྲོག་ལོངས་སྤྱོད་བཅས་པ་ལན་སྟོང་དུ། །ཚང་བར་ཕུལ་ཡང་ཆ་ཙམ་ག་ལ་ཁེར། །བོད་ཡུལ་རྨོངས་པའི་མུན་པ་ཀུན་བསལ་ནས། །ཡང་དག་ཆོས་ཀྱི་སྣང་བ་རྒྱས་མཛད་པ། །བོད་ཡུལ་བྱོན་པའི་ལོ་པཎ་ཐམས་ཅད་ལ། །བཀའ་དྲིན་དྲན་པས་རྟག་དུ་ཕྱག་བགྱིའོ། །རྒྱ་གར་གྱི་སློབ་དཔོན་ཀུ་ས་ར་བྲམ་ཟེ་ཤི་ཀ་ར། ཁ་ཆེ་ཏ་ནུ། བྲམ་ཟེ་ཨཱ་ནནྟ། བལ་པོ་ཤྲཱི་ལ་མཉྫུ། ཧ་ཤི་མ་ཧཱ་དེ་ཝ་ཆེ་སྟེ་ཆོས་རྒྱལ་སྲོང་བཙན་གྱི་དུས་བྱོན་པ་རྣམས་དང༌། བུདྡྷ་གུ་ཧྱས་སངས་རྒྱས་གསང་བ། བུདྡྷ་གུ་ཤཱནྟས་སངས་རྒྱས་ཞི་བ་འདི་གཉིས་གངས་ཏི་སེར་བྱོན་ནས་བཞུགས། རྒྱལ་པོ་མེས་ཨག་ཚོམས་ཀྱིས་སྤྱན་དྲངས་ཀྱང་མ་བྱོན། མདོ་སྡེ་ལྔ་བསྐུར་ནས་ཕྱིས་བསྟན་པ་འབྱུང་བར་བྱིན་གྱིས་བརླབས་པའི་དྲིན་ཅན་ཡིན། ཞི་བ་འཚོ་ནི་རྒྱ་གར་ཤར་ཕྱོགས་ས་ཧོ་ར་ཟ་ཧོར་གྱི་ཆོས་རྒྱལ་གྱི་སྲས། གཞི་ཐམས་ཅད་ཡོད་སྨྲའི་སྡེ་པ། སྡེ་སྣོད་རིག་གནས་ཐམས་ཅད་འཛིན་ཞིང་བོད་ཀྱི་དོན་ཁོ་ནར་སྨོན་ལམ་བཏབ་སྟེ་བྱོན་པ་(ཏ༢བ)
ལོ་དགུ་བརྒྱ་འདས་སྟེ་བོད་ཡུལ་དུ་བྱོན་ནས་བོད་ཡུལ་དུ་ལོ་བཞི་བཅུར་ཟིན་པ་བཞུགས་སྟེ་བསམ་ཡས་སུ་མྱ་ངན་ལས་འདས་པའོ། །པདྨ་འབྱུང་གནས་ནི་བོད་ཀྱི་མི་མ་ཡིན་འདུལ་བའི་དོན་དུ་པདྨ་ལས་བརྫུས་སྟེ་སྐྱེས་པ་རིག་འཛིན་མཐའ་དག་གྲུབ་པ། ཡོ་གའི་ཕྱག་རྒྱའི་སྒོ་ནས་ལྷ་སྲིན་ཐམས་ཅད་བཏུལ། ད་ལྟ་རྔ་ཡབ་གླིང་ན་སྲིན་པོའི་རྒྱལ་པོར་བཞུགས་པའོ། །ཡོ་གའི་སློབ་དཔོན་དྷརྨ་ཀིརྟི་འདི་བསམ་ཡས་ཀྱི་རབ་གནས་མཁན་པོར་བུ་སྟོན་བཞེད། བི་མ་ལ་མི་ཏྲ་དྲི་མེད་བཤེས་གཉེན་འདི་དགའ་རབ་རྡོ་རྗེའི་དངོས་སློབ་སྟེ་ཕྱག་རྒྱ་རྒྱ་ཆེན་ཞེས་བཱི་མ་ལ་མུ་ཏྲ་དག་པར་ཀློང་ཆེན་པ་འཆད། དེབ་སྔོན་པས་འདི་བཱི་མ་ལ་སྔ་མར་བྱས་ནས་རྣལ་འབྱོར་པའི་ཆ་བྱད་ཅན་ཡིན་ཟེར་ཡང་ཁུངས་མེད་པས་པཎ་ཆེན་དུ་སྐུ་འདྲ་རྙིང་མ་རྣམས་ལ་ཡོད། ཤཱནྟི་གརྦྷ་ཞི་བ་སྙིང་པོ། བི་ཤུདྡྷ་སིངྷ་རྣམ་དག་སེང་གེ་རྒྱ་ནག་གི་ཧྭ་ཤང་མ་ཀོ་སེ་དང་རྦ་རཏྣ་འདི་ཤེས་ཕྱིན་འབུམ་ཐོག་མར་བསྒྱུར་བའི་ལོ་པཎ་ཡིན། ཀ་མ་ལ་ཤཱི་ལ་པདྨའི་ངང་ཚུལ་འདིས་ཧྭ་ཤང་མ་ཧཱ་ཡ་ན་རྩོད་པས་ཆོས་སུ་བཏུལ་སྟེ་དེ་རྣམས་ཁྲི་སྲོང་གི་དུས་ཀྱི་པཎ་ཆེན་ནོ། །ཀལྤ་མི་ཏྲ་དུས་ཀྱི་བཤེས་གཉེན། ཛི་ན་མི་ཏྲ་རྒྱལ་བའི་བཤེས་གཉེན། སུ་རེནྡྲ་བོ་དྷི་ལྷ་དབང་བྱང་ཆུབ། ཤཱི་ལེནྡྲ་བོ་དྷི་ཚུལ་ཁྲིམས་དབང་པོ་བྱང་ཆུབ། དཱ་ན་ཤཱི་ལ་སྦྱིན་པའི་ངང་ཚུལ། བོ་དྷི་མི་ཏྲ་བྱང་ཆུབ་བཤེས་གཉེན། མུ་ནེ་ཝརྨ་ཐུབ་པའི་གོ་ཆ། སརྦ་ཛྙཱ་དེ་ཝ་ཀུན་མཁྱེན་ལྷ། དཱི་ནྱ་པྲ་བྷ་རིག་བྱེད་འོད་ཟེར་སྟེ་བསྟན་པ་སྔ་དར་གྱི་པཎྜི་ཏའོ། །ཤྲཱི་ཀ་ར་ཝརྨ་དཔལ་འབྱུང་གོ་ཆ། དྷརྨ་པཱ་ལ་ཆོས་སྐྱོང་འདི་ནས་སྟོད་འདུལ་དར། པྲཛྙཱ་པཱ་ལ་ཤེས་རབ་སྐྱོང༌། བུདྡྷ་པཱ་ལ་སངས་རྒྱས་སྐྱོང༌། ཁ་ཆེ་ཛྙཱ་ན་ཤྲཱི་ཞི་བ་བཟང་པོ། ཤྲཱདྡྷ་ཀར་ཝརྨ་དད་བྱེད་གོ་ཆ། པདྨ་གུཔྟ་པདྨ་སྦས་པ། མུཀྟི་མི་ཏྲ་གྲོལ་བའི་བཤེས་གཉེན། བུདྡྷ་ཤཱནྟ་ཤྲཱི་དཔལ་སངས་རྒྱས་ཞི་བ། སུ་བྷ་ཥི་ཏ་ལེགས་གསུངས། པྲཛྙཱ་ཝརྨ་ཤེས་རབ་གོ་ཆ། སྨྲྀ་ཏི་ཛྙཱ་ན་ཀི་རྟི་དྲན་པ་ཡེ་ཤེས་གྲགས་སྟེ་འདི་དང་པཎྜི་ཏ་ཕྲ་ལ་རིང་བ་གཉིས་ལོ་ཙཱ་བ་བལ་པོ་པདྨ་རུ་ཅེས་བོད་དུ་སྤྱན་དྲངས། མུ་སྟེགས་ཀྱི་བསྐྲད་ལས་བྱུང་ཀྱང་ཟེར་སྟེ་མངའ་རིས་སུ་ལོ་ཙཱ་བ་ཕོ་ལོག་གིས་ཤི། པཎྜི་ཏ་གཉིས་བོད་(ཏ༣ན)
དུ་སྐད་མི་མཁྱེན་པས་འཁྱམས། སྨྲྀ་ཏིས་རྟ་ནག་དུ་རྫི་བོ་མཛད། ཕྱིས་དཔྱལ་ལོ་སེ་ཙ་བསོད་ནམས་རྒྱལ་མཚན་གྱིས་པཎྜི་ཏར་མཁྱེན་སྟེ་སྨན་ལུང་དུ་སྤྱན་དྲངས་ནས་ཆོས་ཞུས། ཕྱིས་བོད་སྐད་བྱང་བར་མཁྱེན་ཁམས་སུ་བྱོན། འདན་སློང་ཐང་དུ་མངོན་པ་མཛོད་ཀྱི་བཤད་པ་བཙུགས། བདེན་བཞི་དང་འཇམ་དཔལ་གསང་ལྡན་སྔགས་དོན་རྣམ་གཟིགས་གཉིས་མེད་རྣམ་རྒྱལ་ཆེན་མོ་སོགས་རང་འགྱུར་མང་པོ་མཛད། ལི་ཆུ་གསེར་ཁབ་ཏུ་བྱོན་ནས་བོད་ལ་ཉེ་བར་མཁོ་བའི་སྒྲའི་བསྟན་བཅོས་སྨྲ་སྒོ་མཚོན་ཆ་མཛད། གླིང་ཡུལ་དུ་གཤེགས་སྐུ་འབུམ་བྱས་སྟེ་ཡུལ་དེ་དྲན་པ་ཐང་དུ་གྲགས་སོ། །ཕྲ་ལ་རིང་བས་གཙང་རོང་ཏུ་རྫོགས་ཆེན་པ་རོང་པ་ཆོས་བཟང་གྲོངས་པ་ལ་གྲོང་འཇུག་བྱས་པས་རོང་པས་ཆོས་མང་པོ་ཏོལ་ཤེས་སུ་བྱུང་སྟེ་གཞན་ཕན་མཛད་ཅེས་བུ་སྟོན་བཞེད་ཏོ། །པུནྱ་ཤྲི་ལེགས་རིག་དཔལ། ཁ་ཆེ་ཛྙཱ་ན་ཤྲཱི། ཙནྡྲ་རཱ་ཧུ་ལ་དགྲ་གཅན་ཟླ་བ། དྷི་ར་པཱ་ལ་བསྟན་སྐྱོང་ཞེས་བྱ་སྟེ་འབུམ་ཕྲག་གསུམ་པར་གྲགས་པ་རྔོག་ལོ་ཆེན་པོའི་བླ་མ་འདིས་བུ་དོང་དུ་བྱོན། འབུམ་གསེར་བྲིས་ཅིག་ལ་རབ་གནས་ཞུས་པས་བགེགས་ཆེན་པོ་འདུག་གསུངས་ནས་ཆོས་ལ་སྟེགས་མཛད་དེ་བཞུགས། བཞེངས་སྟེ་བལྟས་པས་ཡིག་འབྲུ་གཅིག་ཀྱང་མི་འདུག་སླར་མེ་ཏོག་འཐོར་རིམ་གྱིས་ཡིག་འབྲུ་ཁྲ་ལམ་ལམ་བྱུང་སྟེ་དེ་ལ་རྟེན་གྱི་གཙོ་བོར་བྱས་སྟེ་བུ་དོང་གི་སྡེ་ཆགས་ཤིང་ས་གྲུ་གསུམ་སྐྱེ་གནས་ལྟར་ཡོད་པས་བུ་མོའི་དོང་ངམ་ཨེ་ཞེས་བཏགས། ཁ་ཅིག་སྔར་འདུལ་འཛིན་གཞན་ཞིག་གིས་བཏབ་སྟེ་པཎ་ཆེན་ལ་ཕུལ་ཞེས་ཀྱང་ཟེར་རོ། །དེར་བུ་དོང་རིན་རྩེ་ལ་སོགས་མཁས་པ་དཔག་མེད་བྱུང་ངོ༌། །ཨ་ཏུ་པྱེ་ད་ཤ་མཉམ་མེད་བཅུ་པ། སུ་མ་ཏི་ཀིརྟི་བློ་མཆོག་གྲགས་པ། ཨ་མ་ར་ཙནྡྲ་འཆི་མེད་ཟླ་བ། ཐིག་ལེ་བུམ་པ་གཞོན་ནུ་བུམ་པ། ཀ་ན་ཀ་ཝརྨ་གསེར་མདོག །དམ་པ་རྒྱ་གར། ཛ་ཡ་ཨཱ་ནནྟ་འདིས་བོད་དུ་བྱོན། པ་ཚབ་ཀྱིས་ལོ་ཙཱ་བྱས་སྟེ་ཕྱ་པ་དང་དབུ་མ་ཐལ་རང་ལ་རྩོད་པས་པཎྜི་ཏས་མ་ཐུབ། སླར་རྒྱ་ནག་རི་བོ་རྩེ་ལྔར་བྱོན་ནས་འཇམ་དཔལ་བསྒྲུབས། རི་བོ་རྩེ་ལྔའི་འདབས་སུ་འཇུག་པའི་རྒྱས་འགྲེལ་རྟོག་གེ་ཐོ་བ་མཛད་ནས་སླར་རྩོད་པ་ལ་བྱོན་དུས་ཕྱ་བ་གཤེགས། (ཏ༣བ)
པ་ཚབ་ཀྱི་བུ་བཞི་སོགས་ནས་དབུ་མ་ཐལ་འགྱུར་བ་བོད་དུ་དར་བར་མཛད་ཏོ། །གྷ་ཡ་དྷ་ར་ནི་ན་རོ་མེ་ཏྲི་སོགས་གྲུབ་ཐོབ་མང་པོའི་སློབ་མ་ཡིན། རྟེན་ཁྱིམ་པར་བཞུགས། བོད་དུ་ལན་མང་པོར་བྱོན་སྟེ་རེ་རེ་ལ་མཚན་ཐ་དད་ཏུ་ཐོགས་ཅིང་ཐེངས་ཅིག་ཨཱ་ཙརྻ་དམར་པོ་ཞབས་སུ་ཡང་གྲགས། ཕྱིས་འབྲོག་མགོས་ཀྱི་བླ་མ་བྱས་སོ། །ཁ་ཆེ་ཟླ་བ་མགོན་པོ། སྟོང་ཉིད་ཏིང་འཛིན་རྡོ་རྗེ། ཡེ་ཤེས་རྡོ་རྗེ། ཤེས་རབ་གསང་བ། མ་ཧཱ་ཛ་ན། མནྟུ་ཀ་ལཀྵུ། ཀརྨ་བཛྲ། ཛ་མ་རི། དཔའ་བོ་རྡོ་རྗེ་འདི་བོད་ཀྱི་གངས་རི་ལྟ་བ་ལ་ཡོང་གསུངས་ནས་འབྲོག་མིའི་སར་བྱོན་སྟེ་ཆོས་བསྟན་ནས་སླར་རྫུ་འཕྲུལ་གྱིས་བཞུད་སྐད། རཱ་ཧཱུ་ལ་གུཔྟ་བཛྲ་འདི་རི་ནག་པོའི་ཁོང་སེང་ན་བཞུགས། མཻ་ཏྲྀ་པའི་སློབ་མ་ཡང་ཡིན། ཁྱུང་བོ་རྣལ་འབྱོར་འཕན་ཡུལ་ཆད་དཀར་ན་བཞུགས་དུས་བོད་རི་རོང་དོག །ཁོ་བོས་རྡོ་རྗེ་གདན་གྱི་ཉི་མ་ཤར་མ་ཐོག་འོངས་པས་འདིར་ནམ་ནངས་ལས་མ་སླེབས་གསུངས་རྫུ་འཕྲུལ་དུ་མ་བསྟན། ཆོས་མང་དུ་གསུངས་ནས་བལ་པོར་བསྐྱལ་སྟེ་བོད་དུ་རྡོ་རྗེའི་ས་གཞི་མེད་པས་ཚེ་ཉི་ཟླ་དང་མཉམ་པ་དང་སྒྱུ་མ་སྒྲུབ་མི་བཏུབ་པ་ཡིན། ངའི་རྫུ་འཕྲུལ་གྱི་རྟ་ལ་བཞོན་རྒྱ་གར་དུ་འགྲོ། ཚེ་ཉི་ཟླ་དང་མཉམ་པ་སྒྲུབ་བོ་གསུང་བ་ལ་ཐེ་ཚོམ་སྐྱེས་པས་རྟོག་པའི་ཐུམ་པོ་ཁྱོད་མི་འགྲོ་བར་འདུག་གསུངས་ནས་ཉི་ཟེར་ལ་ཆིབས་སྟེ་བཞུད་ཏོ། །བཻ་རོ་ཙ་ན་བཛྲ་འདི་དངུལ་ཆུའི་བཅུད་ལེན་གྲུབ་པ་ཡིན། རྒྱ་ནག་དུ་བྱོན་པས་རྒྱལ་པོས་ཉམ་སད་པའི་ཕྱིར་དངུལ་ཆུ་དཀར་ཡོལ་གང་དྲངས་པ་ཅིག་ཅར་གསོལ། འོན་ཀྱང་རྒྱལ་པོས་ཉམས་སད་བྱས་པ་ལ་མ་མཉེས་ནས་ཆོས་མ་བསྟན་པར་བོད་དུ་བྱོན་སྟེ་རྗེ་དུས་མཁྱེན་དང་ཞང་ཚལ་པ་སོགས་ལ་གདམས་པ་སྟན། དམ་ཤོད་སྨད་དུ་བཞུགས་སོ། །བལ་པོ་ཨ་སུ་སྐྱེ་མེད་བདེ་ཆེ་འདི་མཻ་ཏྲྀ་པའི་ཆོས་ལ་མཁས། བོད་དུ་བྱོན་ནས་དོ་ཧ་དར་བར་མཛད། རས་ཆུང་པས་རྒྱ་གར་དུ་ཕྱག་རྒྱ་ཆེན་པོ་ལ་སུ་མཁས་དྲིས་པས་བླ་མ་བལ་པོ་བོད་དུ་སོང་ནས་རྒྱ་གར་དུ་ཕྱག་རྒྱ་ཆེན་པོ་རྩད་གཅོད་པའི་བོད་གླེན་པ་ཟེར་སྐད། ཕྱིས་སུ་འཕྲང་དུ་བཞུགས་སྲས་རྒྱུད་མང་དུ་བྱུང་ངོ༌། །རཏྣཱ་ཀཱ་ར་(ཏ༤ན)
ཤཱནྟི་འདི་མཁས་པ་སྒོ་དྲུག་ཤཱནྟི་པ་ཆེན་པོ་དེ་ཡིན། གྲོང་འཇུག་གིས་ལུས་ལན་ལྔ་འཕོས་པའི་རྟིང་མ་ལ་ཐང་ཆེན་པོ་ཞེས་པའི་གཙུག་ལག་ཁང་བྱ་བར་བཞེང་ནས་ནོར་བཙལ་བའི་ཕྱིར་རྒྱ་ནག་ལ་འབྱོན་པའི་ལམ་བོད་ཏུ་བྱོན། རྗེ་དུས་མཁྱེན་ཞང་ཚལ་པ་སློབ་དཔོན་སྙེ་མདོ་བ་རྣམས་ལ་ལཉྩ་མཆོག་གྱུར་གྱི་གདམས་པ་གསུངས་སོ། །མཛྙུ་གྷོ་ཥ། སཱུརྻ་ཀིརྟི་ཉི་མ་གྲགས། ག་ག་ན་དྷ་ར་ན་མཁའ་འཛིན། ནོར་སྦས། ས་མནྟ་ཤྲཱི་ཀུན་ནས་དཔལ། ནི་སྐ་ལངྐ་དེ་ཝ། ཛེ་གཏྨི་ཏྲ་ཨཱ་ནནྟ་འདི་ནི་སྤྱན་རས་གཟིགས་ཀྱི་སྤྱན་གཡས་པའི་སྤྱན་ཆབ་ལས་བྱུང༌། ཝ་ར་ཎ་སིའི་རྒྱལ་པོ་བཙུན་མོ་ཆུན་མ་འོད་ཟེར་ཀུན་ནས་མཛེས་མའི་སྲས་སུ་འཁྲུངས། ཁྲོམ་ཆེན་པོའི་དབུས་སུ་ཡབ་དང་མཇལ་བས་ལྷ་མི་ཐམས་ཅད་དགའ་འོ་ཞེས་ཛ་གཏྲ་ཨཱ་ནནྟ་སྐྱེ་འགྲོ་ཀུན་དགར་བཏགས། ཆེན་མའི་སྲས་རྣམས་ཀྱིས་མཚོ་ནང་དུ་བསྐྱུར་བས་ཀླུས་མཆོད་སྟེ་ཆོས་བསྟན། ཆུར་བསྐྱུར་བ་གསངས་ནས་དཔུན་ཟླ་རྣམས་ཀྱིས་བདག་མ་རྙེད་ཏོ་བརྗོད་པས་གཅེན་རྣམས་མགུ་སྟེ་འདི་ནི་བདག་ཅག་གི་བཤེས་གཉེན་ཞེས་མི་ཏྲ་ཨཱ་ནནྟ་ཅེས་ཐོགས། ཡབ་ཡུམ་ལ་ཆོས་ཀྱི་ཕྱིར་གྱི་གསོལ་བ་ནན་གྱིས་བཏབ་མཐར་བྲོས་སྟེ་རྡོ་རྗེ་གདན་དུ་རྒྱལ་བའི་ལྷ་ལས་རབ་བྱུང་བསྙེན་རྫོགས་ནོད་ཨེ་ཀ་ཛཱ་ཊིས་ལུང་བསྟན་སྟེ་རྡོ་རྗེ་གདན་དུ་སྤྱན་རས་གཟིགས་དང་སྒྲོལ་མའི་ལྷ་ཁང་དུ་ཐུགས་རྗེ་ཆེན་པོ་ལོ་དྲུག་བསྒྲུབས། སླར་ཁཱརྶ་པཱ་པ་ཎའི་གཙུག་ལག་ཁང་དུ་ལོ་དྲུག་བསྒྲུབས། ཨོ་ཌྱན་དུ་དངོས་གྲུབ་ཐོབ་པར་ལུང་བསྟན་ཐོབ་ནས་བྱོན་སྟེ་སྤྱན་རས་གཟིགས་ཀྱི་སྤྱན་ཆབ་གཡོན་པ་ལས་བྱུང་བ་མཁའ་འགྲོ་མ་དེ་ཝ་ཌཱ་ཀི་ནིས་ཀུ་ལུ་ཏའི་གནས་སུ་མངལ་གྱི་དྲི་མ་སྦྱངས། རྣམ་སྨིན་གྱི་ལུས་དག་སྟེ་ཆུ་ཟླ་ལྟ་བུའི་སྐུ་བརྙེས། ཨོ་ཏྱནྟ་པུ་རི་གར་ལོག་གི་དམག་གིས་སྐོར་བ་ལ་ཞི་བས་ཆོས་གསུངས། རྒྱས་པའི་འཕྲིན་ལས་ས་རྡོ་རིན་པོ་ཆེ་བྱིན་གྱིས་བརླབས་པའི་ཆར་ཕབ། དབང་གི་སྒོ་ནས་ན་མཁའ་ལ་བྱོན་སྟེ་རྫུ་འཕྲུལ་བསྟན། དྲག་པོས་སྦ་ལྕག་ཀླད་ལ་བསྐོར་བས་ཉིན་གུང་ལ་མུན་སྲོས་ཤིང་རྡོའི་ཆར་ཕབ་པས་(ཏ༤བ)
ཟློག་ཡབ་རྒྱལ་པོ་ལ་མུ་སྟེགས་གྱི་ར་ཙ་གྲགས་པ་སྡེའི་དམག་གིས་བསྐོར་བ་རེངས་པར་མཛད་སྟེ་ཟློག །ཐུགས་རྗེ་ཆེན་པོའི་མཎྜལ་ཤིང་སྟན་མདུན་དུ་བཞག་སྟེ་འདི་བསྐུལ་ནུས་ན་གསེར་སྲང་སྟོང་སྟེར་ནང་པ་ཐམས་ཅད་མུ་སྟེགས་ལ་འཇུག་གོ །བསྐུལ་མ་ནུས་ན་མུ་སྟེགས་ཐམས་ཅད་ནང་པ་ལ་ཞུགས་ཅིག་གསུངས་པས་གྱད་དང་གླང་ཆེན་དང་སྒྱུ་མ་བཤིག་སྔགས་སོགས་ཀྱིས་བསྐུལ་མ་ནུས་སྟེ་རྗེ་བཙུན་ཉིད་མེར་བསྲེགས་པས་མ་གནོད། ཟངས་སུ་བཅུག་གངྒཱ་བོར་བས་གངྒཱ་ཆར་པའི་བར་དུ་ཟངས་བཞག་སྟེ་གངྒཱ་གྱེན་དུ་ལོག་པས་ཕོ་བྲང་འཇིག་དུ་ཆ་བའི་ཚེ་གསོལ་བ་བཏབ་པས་ན་མཁའ་ལ་བྱོན་སྟེ་གངྒཱ་ཐོག་མའི་ཤུལ་དུ་སོང་གསུངས་པས་ཤར་གྱིས་སོང༌། ར་ཙ་དེས་མངའ་རིས་ཐམས་ཅད་ཕུལ་སྟེ་ཡབ་ཀྱི་མངའ་འབངས་དང་གཉི་ག་ལྷ་འབངས་སུ་བསྒྱུར་སྟེ་བསྟན་པ་དར་བར་མཛད། གནོད་སྦྱིན་ཀ་ལ་དང་བི་ཀ་ཥ་བྱ་བ་གཉིས་ཀྱིས་ཡུལ་གྲུ་ཆེན་པོ་ཅིག་སྟོངས་པར་ཟ་བ་བཏུལ་སྟེ་ཞམ་རིང་དུ་འབྲང་ཞིང་ཆོས་སྐྱོང་བྱེད། སྔར་ཐུགས་རྗེ་ཆེན་པོས་ཕྱི་ནང་གསང་བའི་སྒྲུབ་ཐབས་བརྒྱ་རྩ་བརྒྱད་པ་ཚན་གསུམ་དུ་གསུངས་པ་རྣམས་ཨཽ་རྒྱན་གྱི་ཡུལ་གྱི་དུར་ཁྲོད་ཆེན་པོར་ཐུགས་རྗེ་ཆེན་པོ་དངོས་སུ་བཞེངས་ནས་རིག་འཛིན་དགུ་ལ་གསུངས་ཤིང་ཁྱད་པར་སློབ་དཔོན་པདྨ་ལ་བྱང་ཕྱོགས་ཁ་བ་ཅན་གྱི་ཡུལ་ན་ད་ལྟ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་རྒྱལ་པོ་ཅིག་གིས་སེམས་ཅན་གྱི་དོན་མཛད་ཅིང་ཡོད། འདི་ནས་གདུང་རབས་ལྔ་ན་འཇམ་དཔལ་གྱི་སྤྲུལ་པ་རྒྱལ་པོ་ཅིག་འབྱུང༌། དེས་མཁས་པ་མང་པོ་སྤྱན་འདྲེན་ཞིང་ཁྱོད་ཀྱང་སྤྱན་འདྲེན་པར་འགྱུར་བས་སོང་ལ་མི་རྣམས་ཐུགས་རྗེ་ཆེན་པོ་དང་གསང་བ་ཡེ་ཤེས་ཀྱི་ཏིང་ངེ་འཛིན་གྱིས་ཐུལ་ཞིག །མི་མ་ཡིན་རྣམས་ཁྲོ་བོ་རྟ་མགྲིན་གྱི་ཏིང་འཛིན་གྱིས་ཐུལ་ཞིག་ཅེས་གསུངས་ནས་སློབ་དཔོན་པདྨ་ཉིད་ལ་ཐིམ་པའི་སྣང་བ་བསྟན། སྐུ་དངོས་ནི་ནམ་ཡང་འདའ་བ་མེད་པར་ལྷོ་ཕྱོགས་དཔལ་གྱི་རི་དང་ལི་ཁ་ར་ཤིང་འཕེལ་གྱི་ནགས་ལ་སྐུ་འདི་ཉིད་ཀྱིས་བཞུགས་ཤིང་སྐལ་ལྡན་དུ་མའི་དོན་མཛད། ཕྱིས་རིང་མོ་ཞིག་ལ་ཁྱད་པར་དུ་མཁས་པ་ཤྲཱི་རྣམ་གཉིས་ལ་རྡོ་རྗེ་ཐེག་པའི་མན་ངག་བསྟན། དེའི་སྐབས་(ཏ༥ན)
ཅིག་ན་ཁྲོ་ཕུ་ལོ་ཙཱ་བ་ཆེན་པོ་དགུང་ལོ་ཉེར་དྲུག་པ་བལ་པོར་བཞུགས་པའི་ཚེ་ཆུ་སྟོད་ཟླ་བ་ལ་རྗེ་བཙུན་མི་ཏྲ་ཛོ་གི་བྷུ་ཁཾ་དུ་བྱོན་ཟེར་སྟེ་སྒྲ་ཆེ་བར་བྱུང་ཡང་ཡིད་མ་འཆེས། དེ་ནས་ཁྱེའུ་མི་འདྲ་བ་ལྷའི་རྣམ་པ་ཅན་ཞིག་འཁོར་མང་པོས་བསྐོར་ནས་ཤིང་ཀུན་སྐོར་བ་ལ་བྱོན། གུ་ལང་དུ་མུ་སྟེགས་ཀྱི་རྟེན་ཕྱུགས་བདག་རང་བྱུང་གི་གསེར་གྱི་གྷ་ཊུ་རའི་རྩེ་མོར་སྐྱིལ་ཀྲུང་བཅས་སྟེ་མུ་སྟེགས་ཀྱི་རྣལ་འབྱོར་པ་ནུས་པ་ཅན་རྩོད་པ་དང་ནུས་པས་ཕམ་པར་མཛད། ཙཀྲ་ཝརྟི་ཆེ་ཆུང་བྱ་བ་ཏ་པ་སི་གཉིས་ཀྱིས་ཕྱུགས་བདག་ལ་ཕྱག་འཚལ་བར་བསྒོ་བས་ཕྱག་ཐལ་མོ་བརྡབས་པས་སྒོ་རང་བྱེ་སྟེ་སྐུ་དེ་འདར་ཞིང་གཡོས། མེ་ཏོག་དམར་པོའི་ཆར་བྱུང༌། པཎ་ཆེན་བུདྡྷ་ཤྲཱིས་དེ་རཱ་ཛཱ་གུ་རུ་ཡིན་ན་ངའི་བླ་མ་ཡིན་གསུངས་ནས་མཇལ་སྟེ་གཉི་ག་ཤིན་དུ་མཉེས། ཁྲོ་ལོས་མཇལ་དུ་བྱོན་པས་ནགས་མཐོངས་ཅིག་ན་སྐྱེ་བོ་མང་པོས་མཆོད་པ་དང་བཅས་ཞལ་བྱང་ཕྱོགས་སུ་གཟིགས་སྟེ་ལྷ་དངོས་ཡིན་སྙམ་པ་སྐུ་སྨད་ལ་རས་ཁྲ་བོ་གཡོགས་ཤིང་ཤིང་སྟན་མཆན་ཁུང་གཡོན་ན་འཛིན་པ་ཅིག་མཐོང་བས་རྗེ་བཙུན་མི་ཏྲ་ཡིན་མིན་གྱི་ཐེ་ཚོམ་རང་སར་ཞིག་སྟེ་དགའ་བ་མཐའ་ཡས་པས་ཞབས་ལ་ཡང་ཡང་གཏུགས། གོ་ལ་གསོལ་འཕྲོ་ཞིག་ཞལ་ནས་ཕྱུང་སྟེ་གནང་བ་ཟོས་པས་བྱིན་རླབས་ཐམས་ཅད་ཞུགས། ཁྲོམ་རྣམས་ཀྱིས་མི་ཚོར་གསུངས་ནས་མ་ཞུས་ཀྱང་དྲུག་ཚན་གསུམ་པའི་ཆོས་དེ་ཉིད་དུ་གསུངས། རྗེ་པཎ་ཆེན་གྱིས་ཆོས་ཀྱི་ནང་བྱན་པ་མཛད་དེ་སེམས་ཉིད་ངལ་གསོ་དང་རྡོ་རྗེ་སྦས་པའི་གསང་ལམ་གསུངས། ཤིན་ཏུ་ཐུགས་བརྩེ་བ་ཕ་བུ་ཕྲད་པ་ལྟར་གྱུར། བོད་དུ་གཤེགས་པར་ཞུས་ཤིང་ཡི་དམ་ཆོས་སྐྱོང་ལ་ངོ་ཆེན་ཞུས། རྗེ་པཎ་ཆེན་གྱིས་ཀྱང་གནོད་སྦྱིན་གཅིག་གིས་གྲོགས་བྱེད་ཀྱང་གཅིག་གིས་གེགས་བྱེད་པར་སྣང་བས་ཀ་ལ་ལ་ཁྲག་སྣའི་གཏོར་མ་སྐྱོལ་གསུང་བ་ལྟར་བྱས་པས་ང་ནི་བོད་དུ་གཤེགས་ཆས་བྱེད་པའི་མི་མ་ཡིན་གྱི་ཟང་ཟིང་ངོ་གསུངས་སྟེ་རྗེ་བཙུན་གྱིས་ཀྱང་འབྱོན་པའི་ཞལ་བཞེས་ཙག་ཙིག་བྱུང༌། ལ་སྟོད་ཆུ་མིག་རིང་མོ་ན་དགེ་བའི་བཤེས་གཉེན་བྲང་པོ་ལུང་པ་ཅེས་པ་དོན་(ཏ༥བ)
འགས་པ་ཆེན་པོ་ཅིག་ཝ་པོ་ཟླ་བའི་ཚེས་བརྒྱད་ལ་བསྙུང་གནས་མཛད་པའི་ཐོ་རེངས་སང་རེས་ཐུགས་རྗེ་ཆེན་པོ་རས་སེར་པོས་དྲིལ་བ་ཞིག་ཁྲོ་ཧུར་འབྱོན་ནོ་ཟེར་བའི་སྒྲ་བྱུང་བ་དཔོན་སློབ་ལྔས་ཐོས། ལ་སྟོད་གཙང་སོའི་སྲིན་པོ་གདོང་གི་གནས་སུ་སྟོན་པ་དད་པ་བྱ་བ་ལ་རྗེ་བཙུན་མི་ཏྲ་ཛོ་གི་གནས་ཁང་གཡར་དུ་འབྱོན་གྱིས་ཁྱིམ་བྱི་དོར་གྱིས་བྱ་བ་ནུབ་གསུམ་དུ་བྱང༌། མཇལ་ནས་ལོ་ངོ་གཉིས་སོང་བ་ན་ཝཱ་ར་ཎ་སིའི་རྒྱལ་པོ་ཛཱ་ཡ་ཙནྡྲ་བྱ་བ་འཛམ་གླིང་ན་ཆེ་བ་དེ་དང་དེའི་མག་པ་དབུས་འགྱུར་འཆང་གི་རྒྱལ་པོ་ཤིང་རྟ་ཅན་བྱ་བ་དེ་གཉི་གས་ཏི་ར་ཧུར་ཏིའི་རྒྱལ་པོ་ལ་བཀའ་ཕབ་ནས་དེས་རྗེ་བཙུན་སྤྱན་འདྲེན་པའི་ཕྱིར་ཕོ་ཉ་བ་རལ་སྐོར་མཁན་ལ་སོགས་པའི་དམག་དཔུང་ཆེན་པོ་སླེབས་སྟེ་སྤྱན་དྲངས་ནས་ཕམ་ཐིང་དུ་གཤེགས། རྒྱ་གར་བའི་བསུ་བ་མཐའ་ཡས་པས་སླེབས། བོད་ཀྱིས་ཅི་བྱར་ཡང་མེད་པར་སོང་བའི་ཚེ་ལོ་ཙཱ་བ་ཆེན་པོས་ཀྱང་སྐྱེལ་ཐུང་གི་ཚུལ་དུ་བྱོན། རྗེ་བཙུན་ཕམ་ཐིང་གི་ཁང་བརྩེགས་ཅིག་གི་ཡང་ཐོག་བསིལ་ཁང་ན་བཞུགས་པའི་དྲུང་དུ་བཏོལ་ནས་གྲུབ་ཐོབ་འདི་ལྟ་བུ་དང་མཇལ་རྗེས་སུ་བཟུང༌། བོད་དུ་གཤེགས་པར་ཞལ་གྱིས་བཞེས་ནས་སྤྱན་མ་འདྲོངས་པར་སླར་གཤེགས་པ་ནི་བདག་དང་བོད་རྣམས་བསོད་ནམས་ཤིན་དུ་དམན། ང་ནི་ད་ལྟ་ལུས་སྲོག་དོར་སྟེ་ཤི་མ་ཐག་པོ་ཊ་ལར་རྗེ་བཙུན་ཉིད་ཀྱི་དྲུང་དུ་སྐྱེ་བར་བྱའོ་སྙམ་དུ་ཚམ་ཚོམ་མེད་པར་གྱུར་སྟེ་གསེར་གང་ཡོད་སྐུ་ལ་གཏོར་ནས་གཡང་ཆེན་པོ་ལ་རྒྱང་གིས་འཕྱོངས་པ་དང་རྗེ་བཙུན་གང་ནས་བྱོན་ཆ་མེད་པར་བར་སྣང་ལ་རྒྱང་བྱོན་སྟེ་ལོ་ཙཱ་བ་ཆེན་པོའི་ཕྱག་ནས་བཟུང་སྟེ་ཨ་ཧ་ཧ་དེ་ཙུག་མ་བྱེད་ཁྱོད་ཀྱི་འདོད་པ་ངས་སྒྲུབ་བོ་གསུངས་སྟེ་རྒྱལ་པོ་ཟླ་བ་ལ་འཕྲིན་ཡིག་མཛད། རྒྱ་གར་བ་རྣམས་ཟང་ཟིང་གིས་མགུ་བར་མཛད་དེ་སློག་ནས་དེ་ཕྱིན་ལོ་ཙཱ་བ་ཆེན་པོས་ཞབས་ཏོག་མཛད་ནས་ཐུན་མོང་གི་ཆོས་ཀྱིས་སྐྱེ་འགྲོ་མང་དུ་བཏུལ། ཁྱོད་ང་སྤྱན་འདྲེན་པ་ལ་དཀའ་བ་དེ་ཙམ་དུ་བྱེད་པ་དགོས་པ་ཅི་ཡོད་གསུངས་སྟེ་བསྟན་(ཏ༦ན)
པ་དང་སེམས་ཅན་ལ་བསམས་པ་ཁོ་ན་ལས་གྲགས་འདོད་སོགས་རང་འདོད་ཀྱི་རྙོག་པ་རྡུལ་ཙམ་ཡང་མ་འདྲེས་པར་མཁྱེན་ནས་ཤིན་དུ་མཉེས། སྐུ་འཁོར་སྟོང་ལྷག་པའི་ཡོ་བྱད་ལོ་ཙཱ་བ་ཆེན་པོ་ཉིད་ཀྱིས་སྦྱར་སྟེ་བོད་ཕྱོགས་སུ་རིམ་པར་ཕེབས། སྐལ་ལྡན་རྣམས་དད་པའི་དབང་གིས་འདུས་ཁ་ཅིག་དེ་ལྟ་བུ་མི་སྲིད་ཟེར་ནས་བརྟག་དཔྱད་བྱེད་གྲགས་པ་དང་ལྟད་མོ་དང་དགེ་བའི་རྩ་བས་བསྐུལ་བའི་སྐྱེ་བོའི་ཚོགས་ཟླ་ལམ་ཙམ་ནས་སྤྲིན་བཞིན་འདུས་སྟེ་ཟང་ཟིང་གི་འབུལ་བ་རི་སྤུངས་པ་ལྟ་བུ་རྒྱུན་མི་ཆད་པ་ཐམས་ཅད་སྐྱི་རོང་གི་འཕགས་པ་སོགས་དཀོན་མཆོག་གི་མཆོད་པ་དང་དགེ་འདུན་གྱི་འདུ་བའི་སྒོ་འཁྲུག་རྩོད་ཀྱི་སྡུམས་ལམ་འཕྲང་གསོ་བ་སོགས་ལ་དེ་མ་ཐག་གནང་སྟེ་ཅུང་ཟད་ཀྱང་བདག་གིར་མི་མཛད་ལོ་ཙཱ་བ་ཆེན་པོས་ཀྱང་སྔ་འཕྲུལ་གྱི་བུ་ལོན་སོགས་ཀྱིས་ཡོ་བྱད་བློར་མི་ཆུད་པ་རྒྱུན་དུ་དགོས་པ་རྣམས་ཀྱང་ནོར་རྒྱུན་མ་དང་རྣམ་ཐོས་སྲས་བྲན་དུ་བཀོལ་བས་སྒྲུབ་པ་མ་གཏོགས་རྗེ་བཙུན་གྱི་འབུལ་བ་མ་ཤ་ཀ་གཅིག་ཀྱང་ལོངས་མི་སྤྱོད། གར་ཕེབས་ཀྱི་ཡུལ་གྲུ་ཐམས་ཅད་དུ་ལྟད་མོ་དང་ཟང་ཟིང་དང་ཆོས་ཀྱི་ལོངས་སྤྱོད་ལ་ཐུག་པ་མེད། སྐྱེ་བོ་འདུས་ཆེས་པས་ཁྱིམ་ཐམས་ཅད་ཐོག་ཁྲོལ་ཚགས་ལྟར་སོང༌། ཐམས་ཅད་ཀྱི་རྒྱུད་བྱིན་གྱིས་བརླབས། སྒོ་ཐམས་ཅད་ཐལ་བྱུང་དུ་གྱུར། བཟའ་བཏུང་ལ་འདོད་པ་མེད། འཐབ་རྩོད་དང་ཆེ་ཆུང་བརྩི་བའི་མིང་མི་གྲག་པར་སྐྱེ་བོ་ཆེ་ཆུང་ཐམས་ཅད་སྙིང་པོ་བཟློས་པ་དང་སྐྱབས་འགྲོ་སེམས་སྐྱེད་ཀྱི་འུར་དིར་དུ་སོང་སྐད། ཁ་ལ་བྱ་ལ་གསེབ་ལ་གསུམ་གང་ནས་བཞུད་པའི་ཁ་ཟིན་ལ་ཡུལ་པ་རྣམས་སོ་སོས་གསོལ་བ་བཏབ་པས་ལོ་ཙཱ་བས་ལ་ཕྱི་རྒྱབ་ཀྱི་གནས་ལེགས་པ་ཅིག་གཡོར་ཞིག་གསུངས་སྟེ་དཔལ་ཐང་ཡས་མིག་ན་དགེ་བཤེས་མོང་པོ་བྱ་བ་སྟོད་ཟུར་གྱི་དགེ་བསྙེན་ཚངས་སྤྱོད་པ་ཁྱད་པ་ཅན་ཞིག་བཞུགས་པ་ལ་གནས་གཡར་དུ་བཏང་བས་རྗེ་བཙུན་ཉིད་ཆིབས་པ་མཛད་དེ་འཁོར་སུ་ཡང་མེད་པར་ལ་ལ་མཇལ་བར་བསྒུག་པའི་སྐྱེ་བོ་སུས་ཀྱང་མ་མཐོང་བར་ལ་གང་ལ་བྱོན་ཡང་ཕེབས་མི་གཤའ་བའི་སྔ་བར་གདན་ཕེབས། དེ་རྣམས་སུ་སྐྱེ་བོ་(ཏ༦བ)
མཐའ་ཡས་པ་འདུས་པ་ལ། རྨི་ལམ་གྲོང་ཁྱེར་ཡངས་པ་ན། །སྒྱུ་མའི་སྐྱེས་བུ་ལོངས་སྤྱོད་པ། །ལོངས་སྤྱོད་དུས་ན་ལོངས་སྤྱོད་མེད། །སྣང་སེམས་དེ་ལྟར་ཤེས་པར་བྱ། །ཞེས་སོགས་གསུངས། དགེ་བཤེས་དེ་ལ་སྙིང་རྗེ་ཆེན་པོ་དང་གནས་ལུགས་ཀྱི་སྒོམ་དོན་སྦྱར་བ་ཞིག་གསུངས་པས་གེགས་སོལ། རྟོགས་པ་ཁྱད་པར་ཅན་འཁྲུངས་སྟེ་ཆོས་དེས་སྐྱེ་འགྲོ་མང་པོ་སྨིན་གྲོལ་ལ་བཀོད། དེ་ནས་ལམ་ལ་སྟོད་བྱང་ལ་བྱོན། སྲིན་པོ་གདོང་དུ་དགེ་བཤེས་མང་ཆེས་པས་ཁ་ཅིག་ལ་བཞུགས་གནས་མེད་པར་ཕྱིར་ལུས་པ་ན་རྗེ་བཙུན་གྱི་ཞལ་ནས་ངའི་གནས་འདི་རྣམས་ལ་ཕུལ་གསུངས་སྟེ་ཚམ་ཚོམ་མེད་པར་ཐལ་བྱོན་སྟེ་སྟོན་པ་དད་པའི་སྒོ་ཕྱེ་ནས་ཨ་ཙ་ར་ལ་གནས་བྱིན་གསུངས་པས་རྨི་ལམ་དང་མཐུན་པས་དགའ་ཆེས་སྟེ་གསེར་གཡུ་འཁར་སྡེར་གང་ལ་སོགས་ཡོད་རྒུ་ཅོག་ཕུལ། སྙིང་པོ་དོན་གསུམ་གྱི་གདམས་ངག་གནང་བས་གྲོལ་བ་ཞིག་བྱུང༌། དེ་སོགས་གཞན་ཕན་མཐའ་ཡས་པ་མཛད་ནས་ཁྲོ་ཕུར་ཕེབས་སྟེ་ཟླ་བ་དྲུག་ཙམ་དུ་བཞུགས། ཡོ་བྱད་ཐམས་ཅད་ལྷ་སར་མཆོད་པ་སྐྱེལ་དུ་བཏང༌། བོད་ཐ་དད་ནས་སྤྱན་འདྲེན་པ་ཟད་པ་མེད་ཀྱང་རྡོ་རྗེ་གདན་ལ་གར་ལོག་གི་དམག་ཡོང་བ་ཟློག་དགོས་གསུངས་ནས་ཟང་ཟིང་ལ་ལྟོས་པ་རྡུལ་ཙམ་ཡང་མེད་པར་ཕྱིར་གཤེགས། རྒྱུད་གྲོལ་བ་དང་སྨིན་པ་ནི་བསམ་གྱིས་མི་ཁྱབ་པ་བྱུང་ཞིང་ཕལ་ཆེར་ལ་ཆོས་ཀྱི་ལས་འབྲེལ་བཞག །འུ་སྐོལ་གྱི་ལུགས་ཀྱིས་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་དགེ་བ་ཅི་བྱེད་ཀྱང་མགོན་མེད་སྐྱབས་མེད་ཀྱི་སེམས་ཅན་འདི་རྣམས་འཁོར་བ་ལས་དྲང་དགོས་སྙམ་པའི་སྙིང་རྗེ་དང༌། དེ་ནུས་པའི་སངས་རྒྱས་ལ་འགོད་དགོས་སྙམ་སེམས་སྐྱེད་དང༌། ཤི་མ་ཐག་དགའ་ལྡན་དུ་སྐྱེས་ནས་ཆོས་ཉམས་སུ་བླང་བ་ལ་འགོད་པ་སྟེ་འདི་གསུམ་དང་མ་བྲལ་བར་བྱེད་དགོས་གསུང་ཞིང་ལོ་ཙཱ་བ་ཆེན་པོས་ཀྱང་ཆོས་དེའི་ཡོན་དུ་རྟ་བཟང་བ་གསུམ་ཕུལ་བས་ཆོས་རེ་ལ་ཡོན་རེ་འབུལ་བ་བཟང་གསུངས་སྟེ་དེ་ཕྱིན་ལོ་ཙཱ་བས་དེ་གསུམ་དང་འབྲལ་མེད་དུ་མཛད། ཁྲོམ་ཆེས་པས་(ཏ༧ན)
ལམ་མ་ཤོགས་པ་ན་ནང་དུ་རྟོག་པའི་འདུ་འཛི་ལ་མ་ཤོགས་པའི་རྟགས་ཡིན། རྟོག་པ་ཐམས་ཅད་རང་ངོ་ཤེས་ན་ངོ་བོ་མེད་པ་ལ་བཤག་དགོས་པའི་མི་འོང༌། བཤག་རྒྱུ་ནང་དུ་གྲོལ་ན་ཕྱི་རོལ་འདྲ་སྐད་ཅིག་གིས་ཕྱལ་འགྲོ་ཡི་གསུངས། འོ་ན་ཕྱི་རོལ་ཇི་བཞིན་དེ་བཞིན་ནང༌། །བགྱི་བ་མེད་པར་གདའ་ཞུས་པས། །མེད་པ་མེད་དེ་དེ་སྐད་ཁ་ནས་འདོན་མཁན་ཚོ་རང་ཅེ་རེ་ལོང་དུ་འགྲོ་བར་འདུག་གསུངས་སྟེ་ལམ་འཕྲང་ནམ་དཀའ་བ་ན་སུས་ཀྱང་མ་མཐོང་བར་ཕ་གར་གཤེགས་པ་ཤ་སྟག་བྱུང༌། ཁྲོ་ཕུར་བྱམས་ཆེན་ཕོ་བྲང་དང་བཅས་པའི་རྟེན་འབྲེལ་མཛད་དེ་རབ་གནས་ཀྱི་དུས་ཁོ་བོའང་འོད་ཀྱི་ཕུང་པོའི་རྣམ་པར་འོང་གསུངས་སྟེ་ཕྱིས་སྐལ་ལྡན་མང་པོས་མཐོང་བ་བྱུང༌། བལ་པོར་སྤྱན་དྲངས་ནས་རྒྱ་གར་བ་སུམ་བརྒྱ་ཙམ་གྱི་ཞམ་རིང་བྱས་སྟེ་རྒྱ་གར་ལ་ཐལ་གྱིས་བཞུད། ཡོ་བྱད་ཐམས་ཅད་རང་སར་དོན་ལྡན་དུ་བཀྱེ་ནས་མ་བསྣམས་ཀྱང་དད་ལྡན་གྱིས་གསོལ་བ་བཏབ་པའི་གསེར་ཉུང་ཤས་ཅིག་བསྣམས་པ་ལས་མི་ཏྲ་ཡོ་གིས་གསེར་མི་ཁུར་མང་པོ་ཁྱེར་ཡོང་བྱ་བ་རྒྱ་བལ་དུ་གྲགས་ཉེ་གནས་གཉིས་ཀྱིས་མ་ག་དྷ་དང་ཝ་ར་ཎ་སིའི་རྒྱལ་པོ་བསུ་བ་ལ་སྦྲོན་ཞུས་ཀྱང་གནོད་སྦྱིན་གཉིས་དང་ཌཱ་ཀི་མ་གསུམ་སྦྲན་ཆོག་གསུངས་སྟེ་མ་གསན་པར་གཤེགས་པའི་ཚེ། འཁོར་མ་དག་པ་ཁ་ཅིག་གིས་ནང་བྱན་བྱས་སྟེ་གངྒཱའི་འགྲམ་དང་ཉེ་བར་གོ་སི་མ་ས་ལི་བྱ་བ་དང་ཏི་ཏི་ར་ཀུ་ར་བྱ་བའི་གྲོང་པ་གཉིས་ཀྱིས་ཡུལ་ལོག་བྱས་སྟེ་མི་ཏྲ་ཡོ་གི་འདི་སྔ་ཡང་བསད་པས་ཡང་ཡང་ལོག་ཟེར་བས་ད་རེ་མི་ལྡོག་པར་བྱ་ཟེར་ནས་སྐུ་སྟོད་སྨད་ཕྲལ་དབུ་བྱེ་མའི་གསེབ་ཏུ་སྦས། སྐུ་སྟོད་ཁྱེར་སྐུ་སྨད་གངྒ་ལ་བསྐྱུར། ཡོ་བྱད་རྣམས་བགོས་པས་ཞག་བདུན་ན་སྐུ་སྟོད་སྐུ་སྨད་དབུ་དང་བཅས་པ་འདུས་སྟེ་གཅེར་བུར་བྱོན་ནས་ཇག་པ་རྣམས་ལ་ཟས་སློང་པས་ཇག་པའི་ལག་ནས་ནོར་རྣམས་ཆ་མེད་དུ་སོང་བ་ཁོང་རང་གི་ཕྱག་དུ་འདུས་ནས་གསོ་ཕད་ཏུ་བཏུམས་དབྱུག་པའི་ངོས་གཉིས་སུ་བཀལ་སྟེ། (ཏ༧བ)
མི་ཏྲ་ཛོ་གི་སྒྱུ་མའི་མི། །སྒྱུ་མའི་སྐྱེས་བུའི་འཕྲུལ་འཁོར་བཤིག །འཕྲུལ་འཁོར་བཤིག་པའི་རོ་ལ་ལྟོས། །མགོ་བོ་ཀོ་ཊའི་རལ་གྲིས་བཅད། །མགོ་བོ་གཏི་མུག་དག་པའི་རོ། །རོ་དེ་བྱེ་མའི་རློམ་དུ་སྦས། །གཏི་མུག་རྣམ་པར་མི་རྟོག་ཞིང༌། །ཁོག་སྟོད་ཏི་ཤི་ལི་ཡིས་བཅད། །ཁོག་སྟོད་ཞེ་སྡང་དག་པའི་རོ། །རོ་དེ་མ་ས་ལི་བས་ཁྱེར། །ཞེ་སྡང་འོད་གསལ་མེ་ཆེན་འབར། །ཁོག་སྨད་རོ་ཧི་ཁྱུད་འདྲས་བཅད། །ཁོག་སྨད་འདོད་ཆགས་དག་པའི་རོ། །རོ་དེ་གངྒཱའི་ཆུ་ལ་བསྐྱུར། །འདོད་ཆགས་བདེ་བ་ཆེན་པོར་དག །མི་བཟད་མཚོན་གྱིས་དྲལ་བའི་ཚེ། །ཟུག་རྔུ་སྟོང་པའི་ངང་དུ་འབར། །ཟུག་རྔུ་ཚོར་བ་ཚོར་བས་སྟོང༌། །གཉིས་མེད་ཡེ་ཤེས་འུ་རུ་རུ། །ཞེས་གླུ་ལེན་ཞིང་བྱོན་སྐད། །བཀྲོངས་ཟེར་བའི་ཟེར་སྒྲ་ལས་བལ་བོད་དད་པ་མ་ཐོབ་པ་ཁ་ཅིག་ཐེ་ཚོམ་དུ་ཡང་གྱུར། དེ་ནས་རིང་པོ་མ་ལོན་པར་རྒྱ་གར་གྱི་གླུ་མཁན་གྱིས་གླུ་དེ་ལེན་པ་བལ་བོད་དུ་མང་བར་བྱུང་བས་སླར་ཐམས་ཅད་ཡིད་འཆེས་ཤིང་མ་མཇལ་བ་རྣམས་ཀྱང་འགྱོད། ཕྱིས་པཎྜིཏ་དོན་ཡོད་རྡོ་རྗེས་བསྣམས་པ་ལས་ལོ་ཙཱ་བ་ཆེན་པོས་གླུ་དག་པར་བསྒྱུར་རོ། །དེ་ནས་རྗེ་བཙུན་གྱིས་རྡོ་རྗེ་གདན་དུ་བྱོན་སྟེ་རྟེན་འབྲེལ་གྱིས་དམག་ཟློག་དཔལ་གྱི་རིའི་ཕྱོགས་བཞི་ན་སྒོ་རེ་ཡོད་པའི་མཚམས་ན་འབྲོག་དགོན་པ་ཡང་མང་པོ་ཡོད་པ་དེ་རྣམས་སུ་ལྷ་ཁང་དང་མགྲོན་ཁང་མང་དུ་བཙུགས། ཨོ་ཏོའི་ཡུལ་དུ་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་བརྒྱ་རྩ་བརྒྱད་ཀྱི་ལྷ་ཁང་བརྒྱ་རྩ་བཞེངས། རྗེ་བཙུན་ཕྱིར་ཐེགས་ནས་ལོ་ལྔ་ལོན་པ་ན་བལ་པོའི་རྣལ་འབྱོར་པ་གཉིས་དང་ཡ་ཐ་སུ་ཁི་གཉིས་ཀྱིས་རྡོ་རྗེ་གདན་དུ་ཕྱིན་པས་རྗེ་བཙུན་དང་དངོས་སུ་མཇལ། གྲགས་པ་ངན་པ་དང་ལ་ལའི་ཐེ་ཚོམ་སེལ་བའི་ཕྱིར་ཐེངས་ཅིག་བལ་ཡུལ་དུ་ཅིས་ཀྱང་འབྱོན་པར་ཞུ་ཞེས་ཞུས་པས་ད་སྟེ་ཟླ་བ་གཅིག་ན་བལ་ཡུལ་དང་ཉེ་བའི་ཀ་མ་ཙར་ཅིར་འོང་གིས་གསུངས་སྟེ་(ཏ༨ན)
དེ་བཞིན་དུ་བྱོན་ནས་བལ་པོའི་སློབ་མ་རྣམས་ཀྱིས་མཇལ། ཁྲོ་ཕུར་ཡང་བཀའ་འཕྲིན་གྱིས་སླེབ་བོ། དེ་ནས་ཕྱི་ཞིག་ན་ཨོ་ཌྱན་གྱི་པཎྜི་ཏ་དོན་ཡོད་རྡོ་རྗེ་ལ་བཀའ་བསྒོས་སྟེ་ལྷ་སར་མཆོད་པ་དང་མི་ཏྲ་བརྒྱ་རྩའི་དབང་རྒྱུན་དཔེལ་བར་བོད་ཡུལ་དུ་བཏང༌། དེ་ནས་ལོ་ཉིས་བརྒྱ་དང་བཞི་བཅུ་ཙམ་འདས་པ་ན་པཎྜི་ཏ་ཤྲཱི་པུ་ཏྲ་དཔལ་གྱིས་སྲས་ཀྱིས་རྗེ་བཙུན་མཇལ། ཐུགས་དམ་ལྷ་དྲུག་གི་མན་ངག་གནང་སྟེ་བོད་དུ་སོང་ལས་རྣལ་འབྱོར་པ་སྒྱུ་ལུས་རྨི་ལམ་འབྱོངས་པ་ཅིག་ཡོད་པ་དེ་ལ་བྱིན་གསུངས་སྟེ་ཀརྨ་པ་དེ་བཞིན་གཤེགས་པའི་སློབ་མ་མི་ཉག་གྲགས་པ་རིན་ཆེན་ལ་པཎ་ཆེན་དེས་ལྷ་སར་གསུངས༌། སྤྱིར་ཤཱཀྱའི་བསྟན་པ་ཇི་སྲིད་གནས་ཀྱི་བར་དུ་མྱ་ངན་ལས་མི་འདའ་བར་འགྲོ་དོན་མཛད་ཅིང་ལྷ་ས་ཆུས་མ་ཞིག་གི་བར་ལྷ་སར་ལོ་རེ་ལ་ལན་རེ་འབྱོན་པར་ཞལ་གྱིས་བཞེས་པ་ཡིན་ནོ། །རྗེ་བཙུན་འདི་དང་སློབ་དཔོན་པདྨ་ལས་ལྷག་པའི་གྲུབ་ཐོབ་ནི་བོད་ཡུལ་དུ་གཞན་མ་བྱོན་པར་སྣང་བས་རྣམ་ཐར་ཆ་ཚང་ཞིག་བསྡུས་ནས་བཀོད་པའོ། །བུདྡྷཱ་ཤྲཱི་ཛྙཱ་ན་འདི་ནི་བལ་ཡུལ་ཁོ་ཕོམ་དུ་ཡབ་ཁ་ཆེ་བ་ཞིག་དང་ཡུམ་རྒྱ་གར་མོ་ཞིག་འདུས་པ་ལས་འཁྲུངས། རྒྱ་གར་དུ་བྱོན་སྟེ་བི་ཀྲ་མར་རིག་པའི་གནས་ལྔ་ལ་སྦྱངས། ཕལ་ཆེན་སྡེ་པ་ལས་རབ་ཏུ་བྱུང་སྟེ་བུ་སློབ་ཀྱང་རྒྱས་པར་གྱུར། ཁྱད་པར་རྡོ་རྗེ་གདན་པ་བི་ཁྱ་དེ་ཝ་སློང་མོ་པའི་ལྷ་ཞེས་པ་པཎ་ཆེན་གྲུབ་ཐོབ་ཅིག་རྩ་བའི་བླ་མར་བསྟེན་ཞིང་རྗེ་མི་ཏྲ་དང་མཇལ་ནས་རྡོ་རྗེ་ཐེག་པའི་བདག་པོར་གྱུར། རྡོ་རྗེ་གདན་དང་བི་ཀྲ་མ་ན་བཞུགས་པའི་ཚེ་རྡོ་རྗེ་གདན་པ་དེ་ལ་བལ་ཡུལ་གྱི་ཁོ་ཕོམ་རྒྱལ་པོ་དང་ཧང་དུ་དང་ཏ་པ་སི་རྣམས་ཀྱིས་བལ་ཡུལ་གྱི་ཆོས་སྟོན་པ་པོ་དང་ར་གྷ་བི་ཧ་ར་ལ་སོགས་གཙུག་ལག་ཁང་སར་པ་ཆ་གསུམ་གྱི་རབ་གནས་ལ་གཤེགས་པར་ཞུས་པས་ང་རྒས་ཆེས་བས་མི་སླེབ། ངའི་འོག་ན་མཁས་ཤིང་བཟང་བ་བུའི་དམ་པ་འདི་ཡིན་པས་གཏོང་གསུངས་སྟེ་རྗེ་འདི་སྲིངས། ཁྲོ་ཕུ་ལོ་ཙཱ་བ་ཆེན་པོས་པཎ་ཆེན་འདི་ལོ་ལྔར་བསྟེན་སྟེ་(ཏ༨བ)
སྒྲའི་བསྟན་བཅོས་ཆེན་པོ་རཱ་ཛཱ་ཤྲཱི་དང་ཀ་ཙན་དང་ཤད་མ་སླར་ཡང་སྦྱངས། སྡེ་སྣོད་གསུམ་གྱི་དོན་དྲིལ་བའི་བསྟན་བཅོས་རྒྱལ་བའི་ལམ་འཇུག་དང༌། མངོན་རྟོགས་རྒྱན་གྱི་འགྲེལ་པ་ཤེས་རབ་སྒྲོན་མེ་ལ་སོགས་པ་རྩོམ་པར་ཞུས་སྟེ་བརྩམས། མདོ་སྔགས་མཐའ་དག་གི་དོགས་པ་བཅད་ནས་བོད་དུ་གཤེགས་པར་ཞུས་པས་རྗེ་མི་ཏྲ་ཕེབས་སྟེ་པཎ་ཆེན་ཉིད་ཀྱིས་ཐོག་མར་རྗེ་བཙུན་འདི་སྤྱན་དྲོངས། ཁྱོད་ལྷ་ཆེན་པོ་བཞེང་པ་སོགས་ལ་ས་གཞི་འདུལ་བ་དང་མི་རྣམས་བྱིན་གྱིས་རློབ་པ་ལ་འདི་མངགས་པ་ཡིན། རྗེ་བཙུན་འདི་བྱོན་ནས་ཐམས་ཅད་འུར་ལངས་པའི་སྐབས་སུ་ངས་འོངས་ནས་མདོ་སྔགས་གང་ལ་གང་འོས་བསྟན་ནོ་གསུངས། མེ་མོ་སྦྲུལ་ལོ་ལ་རྗེ་བཙུན་ཕེབས་ནས་ལོ་བཞི་པ་ལྕགས་ཕོ་སྤྲེའུའི་ལོ་པཎ་ཆེན་ཉིད་ལོ་དྲུག་བཅུ་རྩ་གཅིག་བཞེས་པ་ལ་བོད་ཏུ་སྤྱན་དྲངས། བྱམས་ཆེན་འགྲུབ་པའི་རྟེན་འབྲེལ་མང་དུ་མཛད། ཆག་ལོ་ཙཱ་བ་ལ་བཏང་ནས་སྨྱལ་ལ་སོགས་པར་སྤྱན་དྲངས། མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་གསུངས་ནས་སླར་བལ་པོར་བཞུད་ཅིང་ཡོ་བྱད་ཀྱི་ཕུད་རྡོ་རྗེ་གདན་དུ་གསེར་སྲང་བརྒྱ་དང་བི་ཀྲ་མར་ཆོས་ཁྲིའི་ཕྱོགས་བཞིར་གླང་ཆེན་གྱིས་བཏེག་པའི་སེང་གེ་ཟངས་གསེར་ལས་བྱས་པ་ངོ་མཚར་བ་ཕུལ་ཞིང་དེ་འདྲ་བ་ཞིག་སྠཱ་བི་ཧར་ན་ཡང་ཡོད། པཎ་ཆེན་འདིའི་སྐུ་སྐྱེ་པ་ཁྲོ་ཕུ་སེམས་དཔའ་ཆེན་པོ་ཡིན་ནོ། །ཤཱཀྱ་ཤྲཱི་བྷ་དྲ་ནི་རྣམ་ཐར་འདུལ་བའི་སྐབས་སུ་བསྟན་ཟིན་ལ་དེའི་ཕྱགས་ཕྱིར་པཎ་ཆུང་དགུ་བྱོན་པ་ལས་བི་བྷཱུ་ཏི་ཙནྡྲ་རྣལ་འབྱོར་ཟླ་བ་ནི་སྒྲ་དང་མངོན་པ་ལ་མཁས་ཤིང་དཔལ་ཤ་ཝར་ལ་ཡང་དངོས་སུ་ཐུག་སྟེ་སྦྱོར་བ་ཡན་ལག་དྲུག་པ་གསན། དཔྱལ་ཨ་མོ་གྷ་ལ་གསུངས་པས་ཛོ་ནང་སྦྱོར་དྲུག་པ་རྣམས་བྱུང༌། པཎ་ཆེན་ལ་འབྲི་ཁུང་འཇིག་རྟེན་མགོན་པོ་དང་རྒྱ་མའི་སངས་རྒྱས་དབོན་སྟོན་གྱི་གདན་འདྲེན་འདོམས་ནས་གྲོས་མཛད་པ་ན་བི་བྷཱུ་ཏིས་ནོར་འབྲི་ཁུང་པ་མང་ཟེར་སྟེ་ཕྱག་རྒྱ་པ་འདི་རྫུན་ཆེ་ཟེར་བྱས་པས་(ཏ༩ན)
རྗེ་པཎ་ཆེན་གྱིས་ནཱ་གརྫུ་ན་དེ་སྐད་མི་བཏུབ་བོ། །འབྲི་ཁུང་པའི་སློབ་མ་ཁམས་པ་ཅིག་གིས་ང་ལ་ཆོས་གོས་སློངས། སྣམ་བུ་བྱིན་པ་མ་འདོད་པར་ངའི་ཆོས་གོས་ནས་འཐེན། ཇོ་སྲས་ཉི་མས་དེ་ལ་ཕུལ་བརྡེག་བྱས་པས་བརྡབས་ནས་སྣ་ཁྲག་བྱུང༌། དེ་ནས་རྗེ་བཙུན་མ་སྒྲོལ་མ་ཞག་བདུན་དུ་ངའི་ཡན་ལག་བདུན་པའི་ཡུལ་མཛད་དུ་མ་བཞེད། ནན་གྱིས་གསོལ་བ་བཏབ་པས་ཀྱང་སྐུ་རྒྱབ་བསྟན་ནས་ཞལ་སྟོན་དུ་མ་བཞེད་རྒྱུ་མཚན་ཞུས་པས་ཁྱེད་ཀྱི་འཁོར་གྱིས་ནཱ་གརྫུ་ནའི་སློབ་མ་སུན་ཕྱུང༌། བཤེགས་པར་བནྡྷྱ་ཆོས་གོས་མེད་པ་བརྒྱ་ལ་ཆོས་གོས་བྱིན་གསུངས། པཎྜི་ཏ་ཡང་དེར་སོང་ལ་ངག་གི་ལས་བཤེགས་པ་གྱིས། གང་མོས་པའི་ལྷ་ཁང་ཞིག་བཞེངས་ཅིག་གསུངས། དེར་བི་བྷཱུ་ཏིས་འབྲི་ཁུང་དུ་བྱོན་ནས་བཤེགས་པ་ཕུལ་བསྟོད་པ་མཛད། ཕྱིས་སྲིན་པོ་རིར་པཎ་ཆེན་གྱི་སྐུ་ཚད་ཀྱི་བདེ་མཆོག་གི་ལྷ་ཁང་བཞེངས་སྟེ་ན་མཁའ་ལ་བཞུགས་པ་བྱིན་རླབས་ཅན་དུ་གྲགས། བོད་དུ་ཡུན་རིང་དུ་བཞུགས་ཤིང་ཕྱིས་ས་པཎ་གི་སྡོམ་གསུམ་རབ་དབྱེ་བརྩམས་ནས་སྡོམ་སུམ་གནས་གྱུར་དུ་བཤད་པ་གཟིགས་ནས། དེང་སང་བསྟན་པའི་ཞབས་འདི་རུ། །སྡོམ་པ་གསུམ་གྱི་རྣམ་གཞག་ལ། །མཁས་པའི་རྒྱུ་སྐར་འགའ་ཞིག་གིས། །ཕྱོགས་རེའི་ཆ་ཙམ་རྟོགས་གྱུར་མོད། །སོགས་ནས། བདག་བློ་ཉི་མའི་དཀྱིལ་འཁོར་གྱིས། །ཕྱོགས་ལས་རྒྱལ་བར་བྱས་སྟེ་འགོད། །ཅེས་དང༌། གསུམ་ལྡན་གསུངས་པའི་དགོངས་པ་ནི། །ཞེས་སོགས་ཀྱི་སྡོམ་གསུམ་འོད་ཕྲེང་བརྩམས་ཤིང་རང་འགྱུར་མང་དུ་མཛད་ཏོ། །སུ་ག་ཏ་ཤྲི་བདེ་གཤེགས་དཔལ་དབུ་མ་དང་ཕར་ཕྱིན་ལ་མཁས། ཛ་ཡ་དྡྷ་རྒྱལ་བས་བྱིན་སྔགས་དང་འདུལ་བ་ལ་མཁས། དཱ་ནཱ་ཤཱི་ལ་ཚད་མ་རྒྱན་དང་ཆོས་མཆོག་ལ་མཁས། འདི་དང་སངྒྷ་ཤྲཱི་ལ་ས་སྐྱ་བ་ཀུན་དགའ་རྒྱལ་མཚན་གྱིས་སྒྲ་དང་ཚད་མ་བསླབས། རྗེ་པཎ་ཆེན་ལས་བསྙེན་རྫོགས་མཛད་དེ་པཎྜི་ཏ་ཆེན་པོར་གྱུར། རྒྱ་གར་ན་(ཏ༩བ)
དཱ་ན་ཤྲཱི་ལ་སྒྲ་ཚད་ལ་མཁས་པར་འདུག་པ་དེ་ངའི་རྩར་ཀོར་གྱིས་འཁོར་བྱུང་ཞེས་གསུངས་སྐད། རྒྱ་གར་བ་ཡི་དམ་གསང་བས་ས་པཎ་གྱིས་འདིའི་ཡི་དམ་མ་མཁྱེན་ནས་དྷ་དུ་ར་དཀར་པོའི་རྫས་དྲངས་བསྙུང་བ་ལ་སྨན་པས་འགྲངས་པར་ཁ་མར་བཏགས་ནས་ད་ཇི་ལྟར་མཛད་ཞུས་པས་འོ་ན་ཡི་དམ་ལ་འཕོ་བ་བྱེད་པ་ཡིན་གསུངས་ནས་ན་བཟའི་གོང་པའི་བར་ནས་གཤེད་དམར་གྱི་སྐུ་ཆུང་ངུ་ཞིག་བཏོན་ནས་དེ་ལ་འཕོ་བར་བཞེད་དེ་སྤྱི་བོ་ནས་འོད་ཁྲ་ཆེམ་བྱུང་བ་དང་ཀུ་རེ་བགྱིས་པ་ཡིན་མི་འཕོ་བར་ཞུ་ཞེས་ཡང་ཡང་ཞུས་པས་མ་འཕོས་ཀྱང་ཤིན་དུ་མ་མཉེས་ནས་མཐར་ས་པན་རང་གི་ལྕམ་མོ་ཞིག་ལས་རྒྱར་ཕུལ་བས་ཐུགས་སོས་སྟེ་གཤེད་དམར་ཡི་དམ་དུ་གནང་ཞེས་ཐོས་ཤིང་ཕྱིར་དཱ་ན་ཤཱི་ལ་སྐུ་འདའ་ཀར་ང་ལྟ་བུའི་མཁས་པ་བོད་མཐའ་འཁོབ་ཏུ་འཆི་དགོས་པ་གསུངས་ནས་འདར་མ་བཞེད་པ་ལ་མཁན་པོ་བོ་དྷ་ས་ཏྭ་དང་ཇོ་བོ་རྗེ་དང་དམ་པ་སངས་རྒྱས་རྣམས་ཀྱང་བོད་དུ་འདས་ཞུས་པས་བིཀྵུ་སྡོམ་པ་གཙང་མ་ཡིན་ཨ་ཙ་ར་སེམས་བཟང་པོ་ཡིན་ཛོ་གི་མན་ངག་མང་པོ་ཤེས་གསུངས་སྐད། པཎྜི་ཏ་སྨི་ཏི་ཡང་བོད་དུ་འདས་བྱས་པས། དེ་ལྟ་བུ་མཁས་པ་ཆེན་པོ་ཡིན། འོ་ན་ཁོ་བོའི་འཆི་ས་ལོས་བཏུབ་གསུངས་ནས་གཤེགས་སྐད་ཏོ། །སདྷ་ཤྲཱི་སྒྲ་ཙནྡྲ་པ་དང་མངོན་པ་མཛོད་ལ་མཁས། སུ་མ་ཏི་སཱ་གར་བློ་བཟང་རྒྱ་མཚོ་མངོན་པ་གོང་འོག་ལ་མཁས། ཀ་ལ་ཙནྡྲ་དུས་ཀྱི་ཟླ་བ་དུས་འཁོར་ལ་མཁས། ཛི་ན་གུཔྟ་རྒྱལ་བ་སྦས་པ་བྱམས་ཆོས་ལ་མཁས། མ་ཧཱ་བོ་དྷི་བྱང་ཆུབ་ཆེན་པོ་ཕར་ཕྱིན་དང་སྤྱོད་ཕྱོགས་ལ་མཁས་སྟེ་པཎ་ཆུང་དགུ་པོའོ། །ཕྱིས་པཎ་ཆེན་གཤེགས་ཀར་ལོ་ཙཱ་བ་ཆེན་པོ་ལ་བཀའ་ཡིག་ཕྱག་བྲིས་མཛད་དེ་རིང་སྲེལ་སྐྱེལ་བ་ལ་པཎྜི་ཏ་ཛ་བྷ་མ་ཤྲཱི་འཇུག་ངོགས་དཔལ་དང་ཏྲཻ་ལོཀྱ་ཨཱ་ནནྟ་འཇིག་རྟེན་གསུམ་ཀུན་ནས་དགའ་བ་གཉིས་ལ་བཀའ་ཕབ་སྟེ་བོད་དུ་བྱོན། སིལ་སྙན་བདུན་པའི་ཚིགས་བཅད་སོགས་བསྒྱུར་རོ། །ལོངས་སྤྱོད་རྡོ་རྗེ། རཏྣ་ཤྲཱི། (ཏ༡༠ན)
བལ་པོ་མ་ཧཱ་པ་ན། བལ་པོ་བཛྲ་ཀིརྟི། བལ་པོ་ཀཱ་ཡ་ཤྲཱི། བལ་པོ་གྲགས་པ་དཔལ། སུ་མཱ་ར། ཐམས་ཅད་མཁྱེན་པའི་དཔལ། སཱདྷཱུ་ཀིརྟི། བི་ན་ཡ་ཤྲཱི། མངྒ་ལ་ཤྲཱི། དཱབ་ན་ཨཱ་ཙརྻ། ཛ་ཡ་དེ་ཝ། ལ་ཀཱིམ་ཀཱ་ར། རཏྣ་ཤྲཱི། ཨཱ་ནནྟ་ཤྲཱི། རཱ་ཧུ་ལ་ཤྲཱི། ཟངས་གླིང་པ། ཀིརྟི་པཎྜི་ཏ་ལ་སོགས་དང༌། ཤཱ་རི་པུ་ཏྲ་དང༌། ཕྱིས་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཤྲཱི་པཱ་རཏྣ་ནགས་ཀྱི་རིན་ཆེན་ཞེས་བྱ་བ་སངས་རྒྱས་དབྱངས་ཀྱི་སློབ་མ་ཤ་ཝ་རིས་རྗེས་སུ་བཟུང་ནས་བོད་ཡུལ་དུ་སོང་ཞིག་རྒྱལ་པོ་ཅིག་ལ་བརྟེན་ནས་སྐྱེ་བོ་རྣམས་ཀྱི་ལོག་རྟོག་ལྡོག་པར་འགྱུར་རོ་ཞེས་ལུང་བསྟན་སྟེ་བོད་དུ་བྱོན། ལྷ་གཟུགས་གྲགས་པ་འབྱུང་གནས་ཀྱིས་སྦྱིན་བདག་བྱས་སྟེ་ཆོས་མང་དུ་གསུངས་བོད་ཀྱི་མཁས་པ་དང་དཔྱོད་ལྡན་མང་ཞིག་གི་ལྟ་བ་དྲང་པོར་མཛད་ནས་བལ་པོར་གཤེགས་སྟེ་པཎྜི་ཏ་ཚད་ལྡན་བོད་དུ་བྱོན་པ་དེང་སང་ཡན་ལ་འདི་རྟིང་མར་སྣང་ངོ༌། །སྒྱུར་བྱེད་ཀྱི་ལོ་ཙཱ་བ་བཀའ་དྲིན་ཅན་ཇི་ལྟར་བྱོན་པ་ནི། ལོ་ཙཱ་བ་ལ་སྔ་བ་ཐོན་མི་སམྦྷོ་ཊ། དྷརྨ་ཀོཥྛ། ལྷ་ལུང་རྡོ་རྗེ་དཔལ། བྲན་ཀ་མུ་ལ་ཀོ་ཥ་རྣམས་ཆོས་རྒྱལ་སྲོང་བཙན་གྱི་དུས་ཀྱི་ལོ་ཙཱ་བའོ། །ཁ་ཆེ་ཨཱ་ནནྟ། ཁྲི་བཞེར་སང་ཤི་ཏ། སྦྲང་རྒྱ་རེ་ལེགས་གཟིགས། སེང་མ་གོང་ལྷ་ལུང་གཟིགས། རྦ་ཡེ་ཤེས་དབང་པོ། ངན་ལམ་རྒྱལ་བ་མཆོག་དབྱངས། དབའ་ས་མཛྙུ་ཤྲཱི། པ་གོར་བཻ་རོ་ཙ་ན། རྦ་མང་རྗེ་གསལ་སྣང༌། སྣ་ནམ་རྡོ་རྗེ་བདུད་འཇོམས། གཉགས་ཛྙ་ན་ཀུ་མར། ཅེ་ཛྙ་ན་སིདྡྷི། མཆིམས་ཤཱཀྱ་པྲ་བྷ། བྲང་ཏི་ཛ་ཡ་རཀྴི་ཏ། ཤུད་བུ་དཔལ་གྱི་སེང་གེ །རྩངས་དེ་ཝེནྡྲ་རཀྴི་ཏ། བྲན་ཀ་མོ་ཏི་ལ། ཁོན་ནཱ་གེནྡྲ་རཀྵི་ཏ། རྨ་རིན་ཆེན་མཆོག །རྩངས་ས་ལའི་བུ་རིན་ཆེན་ལེགས་གྲུབ། དྷརྨ་ཨཱ་ལོ་ཀ་དྲན་པ་ནམ་མཁའ། སྒྲོ་རིན་ཆེན་སྡེ། རྨ་རྣམ་པར་མི་རྟོག་པ། རྨ་ཤཱཀྱ་འོད། ཅེ་ཁྱི་(ཏ༡༠བ)
འབྲུགརླངས་ཁམས་པ་གོ་ཆ། གཉགས་དེ་ཝ་ཀོ་ཥ། ཞང་རྒྱལ་ཉེན་ཉ་བཟང༌། མགོས་ཆོས་གྲུབ། སྟོང་ཆོས་གྲུབ། སྟོང་ཨཱ་ཙརྻ། དྷརྨ་ཏ་ཤྲཱི་ལ། ཅོག་རོ་ཀླུའི་རྒྱལ་མཚན། ཀ་བ་དཔལ་བརྩེགས་སྲུང་བ། ཞང་གི་བནྡྷྱ་ཡེ་ཤེས་སྡེ། རཏྣ་རཀྵི་ཏ། ཛ་ཡ་རཀྵི་ཏ། མཉྫུ་ཤྲི་ཝརྨ། རད་ནེནྡུ་ཤཱི་ལ། བཟང་སྐྱོང༌། ལྷའི་ཟླ་བ། དཔལ་གྱི་ལྷུན་པོ། དཔལ་འབྱོར། ཡེ་ཤེས་སྙིང་པོ། རྒྱལ་བ་ཤེས་རབ། ཤཱཀྱ་བཤེས་གཉེན། དགེ་བ་དཔལ། ལེགས་པའི་སྡེ། སྣུབས་ན་མཁའ་སྙིང་པོ། ཡི་གེ་པ་དགོན་གླིང་རྨ། གཞོན་ནུ་སྲུང་བ། ན་མཁའ་སྐྱོང་རྣམས་ནི་བསྟན་པ་སྔ་དར་གྱི་ལོ་ཙཱ་བ་ཡིན་ནོ། །ཕྱི་དར་ལ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་མངའ་རིས་སུ་ཁྱེའུ་ཀུན་བསགས་ནས་བློ་རྣོ་ཉེར་གཅིག་རྒྱ་གར་དུ་བརྫངས་སྟེ་རབ་བདུན་ནས་རིན་ཆེན་བཟང་པོ་དང་འབྲིང་བདུན་ནས་གྲགས་འབྱོར་ཤེས་རབ་གཉིས་མ་གཏོགས་པ་ཤི། རིན་ཆེན་བཟང་པོ་མཁས་པའི་མཐར་ཐུག་པར་གྱུར་སྟེ་མཚན་ཉིད་ཐེག་པ་དང་རྒྱུད་སྡེ་བཞི་གནས་བསྒྱུར་ཞིང་ཁྱད་པར་ཡོ་ག་དང་གསང་འདུས་ཀྱི་ཕྱོགས་བསྒྱུར། སྔགས་ལོག་སུན་འབྱིན་མཛད་དེ་སྦྱོར་གྲོལ་དུས་མིན་དུ་སྤྱོད་པ་བཀག་ལོ་ཙཱ་བ་ཆེན་པོར་མཚན་གྲགས་སོ། །མངའ་རིས་སུ་སངས་རྒྱས་སྐར་རྒྱལ་ཡིན་ཟེར་བ་སྟོན་པའི་སྐུ་ལྟར་སྣང་བ་རྫུ་འཕྲུལ་ཅན་ཞིག་གིས་ན་མཁའ་ལ་འཕགས་སྟེ་སངས་རྒྱས་ཀྱི་བསྟན་པ་དང་འདྲ་མིན་དུ་བསྟན་པ་ལ་སྐྱེ་བོ་ཐམས་ཅད་འདུས་པ་ན་ལོ་ཆེན་གྱིས་འཇིགས་བྱེད་ཀྱི་སྒྲུབ་པ་ཟླ་བ་དྲུག་མཛད་དེ་སྐྱེད་རིམ་བརྟན་པོས་དེའི་རྩར་བྱོན་པ་ན་ལོ་ཆེན་གྱིས་གཟིགས་པ་ཙམ་གྱིས་དེ་ས་ལ་ལྷུང་སྟེ་རྫི་བོ་ཐ་མལ་པ་ཅིག་དུ་གྱུར། དེས་བསྟན་པའི་ཆོས་ལས་དོར་གཅོད་ཀྱི་ཕན་ཡོན་མ་གཏོགས་བསྣུབས་སྐད། དེ་ནི་ནག་ཕྱོགས་ཀྱི་ཀླུ་སྐར་རྒྱལ་ཞེས་བྱ་བས་རྫི་བོ་ཞིག་ལ་བརླབས་སྟེ་བསྟན་པ་ལ་བར་ཆད་བརྩམས་པར་སྣང༌། ཕྱིས་ཇོ་བོ་རྗེ་ལས་སྒྲུབ་པའི་གདམས་ངག་གསན་སྟེ་སྒྲུབ་ཁང་རིམ་པ་གསུམ་གྱི་སྒོ་རེ་རེ་(ཏ༡༡ན)
ཞིང་འདི་ཚུན་ལ་ཆོས་མིན་གྱིས་རྟོག་པ་དང༌། རང་དོན་ཡིད་བྱེད་ཀྱི་རྟོག་པ་དང༌། ཐ་མལ་གྱི་རྟོག་པ་སྐྱེས་ན་མགོ་བོ་ཁོས་ཅིག་ཞེས་བྲིས་ནས་ཉེ་རྒྱུའི་སྒྲུབ་པ་མཛད་དེ་དགུང་ལོ་དགུ་བཅུ་གོ་བརྒྱད་བཞེས་པ་ཇོ་བོ་ཐེགས་པའི་ཕྱི་ལོ་ཤིང་ལུག་ལ་སྐུ་ལུས་འདིས་མཁའ་སྤྱོད་དུ་གཤེགས་སོ། །དེའི་ལོ་ཆུང་གྲགས་འབྱོར་ཤེས་རབ་ཀྱིས་ཀྱང་ཚད་མ་དང་མ་རྒྱུད་བདེ་མཆོག་གི་སྐོར་བསྒྱུར་ཞིང་འཕྲིན་ལས་ཆེའོ། །བལ་པོ་ཆུང་འགར་ཆོས་བཟང་གིས་ཀྱང་ལོ་ཙཱའི་ཆོས་དྲུག་ཅེས་གྲགས་པ་བསྒྱུར་ནས་རི་བོ་རྩེ་ལྔར་གཤེགས། དགེ་ཚུལ་ཁྱུང་གྲགས། བལ་པོ་པདྨ་རུ་ཙེ། པ་ཚབ་ཚུལ་ཁྲིམས་རྒྱལ་མཚན་འདིས་དྲན་པ་ཉེར་བཞག་གི་འགྱུར་ཆད་བསབས། དཔྱལ་སེ་ཙ་བསོད་ནམས་རྒྱལ་མཚན། རོང་པ་ཆོས་བཟང༌། འབྲོ་སེང་དཀར་ཤཱཀྱའི་འོད། ཁྱུང་པོ་ཆོས་བརྩོན། རྒྱ་བརྩོན་འགྲུས་སེང་གེ་ནག་ཚོ་ཚུལ་ཁྲིམས་རྒྱལ་བ། རྔོག་ལེགས་པའི་ཤེས་རབ། འབྲོམ་སྟོན་རྒྱལ་བའི་འབྱུང་གནས། ཁྱུང་པོ་རྣལ་འབྱོར། ཡོལ་ལྕགས་རྡོ་རྗེ་དབང་ཕྱུག །རྨ་དགེ་བའི་བློ་གྲོས། བྱི་ཇོ་ཟླ་བའི་འོད་ཟེར་འདིས་དུས་འཁོར་ཐོག་མར་བོད་ཡུལ་དུ་བསྒྱུར། དེ་ནས་ལོ་བཅུ་དྲུག་པ་ལ་ཇོ་བོ་རྗེ་བོད་དུ་ཕེབས་སོ། །ལྷ་ཞི་བ་འོད། ཁུ་དངོས་གྲུབ། ཆོས་ཀྱི་ཤེས་རབ། མར་ཐུང་དད་པ་ཤེས་རབ། ག་རོད་ཚུལ་ཁྲིམས་འབྱུང་གནས། འབྲོག་མི་ཤཱཀྱ་བློ་གྲོས། འབྲོག་མི་ཤཱཀྱ་ཡེ་ཤེས་འདིའི་བཀའ་རྒྱུད་དཔལ་ལྡན་ས་སྐྱ་པའོ། །སྟག་ལོ་གཞོན་བརྩོན། ལྷོ་བྲག་མར་པ་ཆོས་ཀྱི་བློ་གྲོས་འདིས་སྒྲུབ་རྒྱུད་ཀྱི་བསྟན་པ་དཔེལ་ལོ། །མགོས་ཁུག་པ་ལྷ་བཙས་འདིས་རྒྱ་གར་དུ་ལན་གསུམ་བྱོན། པཎ་གྲུབ་བདུན་བཅུ་རྩ་གཉིས་བསྟེན་མ་རྒྱུད་མང་དུ་བསྒྱུར། སྔགས་ལོ་གསུམ་འབྱིན་བརྩམས་སོ། །ཟངས་དཀར་འཕགས་པ་ཤེས་རབ་ནི་མངའ་རིས་ཟངས་དཀར་དུ་འཁྲུངས། ཁ་ཆེ་དགོན་པ་བ་དང་ཁ་ཆེ་ཛྙཱ་ན་ཤྲཱི་སོགས་བསྟེན། རྣམ་སྲས་ཀྱི་སྐོར་སྤྱན་དྲངས་(ཏ༡༡བ)
ལྷ་སའི་སྤྲང་ཚང་བཏོན། ལྷ་ས་བསམ་ཡས་དང་མཐའ་འདུལ་ཕལ་ཆེར་སྟེ་གཙུག་ལག་ཁང་བཅོ་ལྔ་ཙམ་ལ་ཞིག་གསོ་ཕུལ་ཕྱིན་མཛད། སྣུར་ཉི་མ་དང་སྦལ་ཏི་སེམས་དཔའ་ཆེན་པོ་སོགས་ཟངས་དཀར་གྱི་བུ་བཞི་བྱུང༌། རྭ་ལོས་འཕགས་སྐོར་བསྒྱུར་ཡང་ཤྩོ་ཀ་ལྔ་ཙམ་ལས་མ་འགྱུར་བ་ལྔ་འགྱུར་ཙམ་མྱུར་དུ་བསྒྱུར་བས་ཕྲག་དོག་སྐྱེས་སྟེ་རེག་དུག་བཏང་བས་སྙུང༌། ཕྱིས་ཆུ་མིག་རིང་མོར་འདས་ཞེས་རྣམ་ཐར་ན་སྣང༌། གཉན་དར་མ་གྲགས་ཀྱིས་རྒྱ་གར་དུ་ལོ་བཅུ་གཉིས་བཞུགས། ཆོས་མང་དུ་བསྒྱུར། ཁྱད་པར་དུ་མགོན་པོ་ཞལ་བཞི་པ་སྤྱན་དྲངས། ཕྱིས་རྭ་ལོ་དང་མཐུ་འགྲན་པས་གཉི་ག་གཤེགས་སྐད། རྭ་རྡོ་རྗེ་གྲགས་ཀྱིས་བ་རོ་ཕྱག་རྡུམ་སོགས་བསྟེན། གཤེད་སྐོར་སོགས་གཙོ་བོར་བསྒྱུར། རྒྱ་བོད་དུ་ཟང་ཟིང་གི་དགེ་བ་མང་དུ་མཛད་མངོན་སྤྱོད་མང་དུ་མཛད་སྐད། འདི་ལ་རྗེ་འཇིག་རྟེན་མགོན་པོ་སོགས་ནི། བ་རོ་དེ་མུ་སྟེགས་ཡིན་ཞིང་རྭ་ལོས་ཁོང་རང་གི་སློབ་དཔོན་མཐུས་བསད་པ་ཡིན་ཞེས་འདི་ལས་བརྒྱུད་པ་ཙམ་གྱི་ཆོས་ལ་མི་མཉེས་ཁེར་གང་འཁོར་ལོ་གྲགས། ལ་ཆིངས་ཡོན་ཏན་འབར། སྤོང་ཞོ་གསལ་བ་གྲགས། མགར་ཆོས་ཀྱི་བཟང་པོ། ཤེའུ་བཛྲ་དེ་ཝ། རབ་ཞི་བཤེས་གཉེན། མར་པ་དོ་པ་ཆོས་ཀྱི་དབང་ཕྱུག་འདི་ཡ་འབྲོག་དོ་ནང་དུ་འཁྲུངས། བདེ་མཆོག་གི་སྐོར་མང་དུ་བསྒྱུར་རོ། །དེའི་ལོ་ཆུང་ལེགས་པའི་ཤེས་རབ་ཀྱིས་ཀྱང་བདེ་མཆོག་གི་སྐོར་མང་དུ་སྤྱན་དྲངས་སྒྲུབ་པ་རྩེ་གཅིག་མཛད་དེ་སྐུ་ལུས་འདིས་མཁའ་སྤྱོད་དུ་བྱོན་ནོ། །སྤྱིར་ལོ་ཆེན་རིན་ཆེན་བཟང་གི་སློབ་མ་ལོ་ཆུང་སྟེ་གཉིས་ཀ་ལ་སྤུ་རངས་ལོ་ཆུང་ཞེས་གྲགས་ཅིང་གཉིས་ཀའི་མཚན་ལེགས་པའི་ཤེས་རབ་ཏུ་འདོད་པ་དུ་མ་བྱུང་ཡང་སྔ་མའི་མཚན་ནི་གྲགས་འབྱོར་ཤེས་རབ་དང་ཕྱི་མའི་མཚན་ལེགས་པའི་ཤེས་རབ་ཡིན་ལ་སྐུ་ལུས་འདིས་མཁའ་སྤྱོད་ཏུ་གཤེགས་པ་ནི་ཕྱི་མ་ཡིན་པར་སྣང་ངོ༌། །(ཏ༡༢ན)
ཟུ་དགའ་བ་རྡོ་རྗེ། ཆོས་ཀྱི་ཡོན་ཏན། ཆོས་ཀྱི་རིན་ཆེན། ཀློག་སྐྱ་ཤེས་རབ་བརྩེགས། བ་རི་རིན་ཆེན་གྲགས་འདི་ཁམས་སུ་འཁྲུངས། རྡོ་རྗེ་གདན་པ་ལ་སོགས་བསྟེན། དོན་ཞགས་ལ་གཙོ་བོར་མཛད་ནས་ཐུགས་རྗེ་ཆེན་པོ་ཞལ་གཟིགས། རྒྱ་གར་དུ་མུ་སྟེགས་ཀྱི་རྒྱལ་པོས་མི་བརྒྱ་ཕྲག་བླུད་དུ་གསོད་པ་གསེར་གང་ཡོད་ཀྱིས་བླུས། ལན་གཅིག་ཐུགས་རྗེ་ཆེན་པོ་བཤུམ་ཞིང་འདུག །ཅི་ནོངས་ཞུས་པས་ངའི་བུ་མང་འོར་ལོ་ཙཱ་བའི་གསེར་ཞོ་དོ་ངའི་བུ་སྨྱལ་པ་ལོ་ཙཱ་བས་བརྐུས་ནས་ངུ་ཞིང་འདུག་གསུངས། མ་ག་དྷའི་གྲོང་དུ་བཙལ་བས་དེ་ལྟར་འདུག་སྟེ་བླ་མ་གྲུབ་ཐོབ་ཅིག་ལ་དབང་བསྐུར་ཞུ་བའི་ཆོས་འཚོལ་དུ་བོད་དུ་ཕྱིན་པས་གསེར་ཞོ་དོ་རྙེད་པ་སྟོར། ད་དབང་བསྐུར་མི་ཐོབ་ཟེར་ནས་སྡུག་བསྔལ་བར་འདུག་པས་བ་རི་བས་གསེར་ཞོ་བཞི་བྱིན། འདིས་ས་སྐྱའི་བླ་མ་ཡང་མཛད་ཆོས་མང་དུ་བསྒྱུར། གཙོ་བོར་དོན་ཞགས་ཀྱི་འཕྲིན་ལས་ཆེའོ། །པ་ཚབ་ཉི་མ་གྲགས། ལྷ་བཙན་པོ་མུ་ནི་རཱ་ཛཱ། དིང་རི་ཆོས་གྲགས། རྒྱུས་སྨོན་ལམ་གྲགས། མང་འོར་བྱང་ཆུབ་ཤེས་རབ། མལ་གྱི་བློ་གྲོས་གྲགས་འདིས་མགོན་པོའི་སྐོར་དུ་མ་སྤྱན་དྲངས་སྟེ་མགོན་པོའི་དངོས་སློབ་རྒྱ་གར་གྱི་སློབ་དཔོན་ཨ་རྞ་པ་ལ་གསན་པ་གྲི་གུག་ལྕགས་པར་མ་སྨྱལ་པ་ཉི་མ་འབར་ལ་གནང་ནས་ཕྱིས་བེར་ནག་ཅན་དུ་གྲགས། བྲམ་ཟེ་མཆོག་སྲེད་ནས་ཤྲཱདྡྷ་ཀ་ར། ལོ་ཆེན་རིན་བཟང༌། བྲག་སྟེང་པ་ཡོན་ཚུལ་ལ་གསན་པ་གྲི་ཕུག་ཅེར་བུ་ནི་ས་ཆེན་ཀུན་སྙིང་ལ་གནང་སྟེ་ཕྱིས་གུར་མགོན་དུ་གྲགས་སོ། །གྱི་ལྗང་དབུ་དཀར་ནི་མ་མགོན་གྱི་གྲུབ་ཐོབ་ཡིན། འགྲོ་ཤེས་རབ་གྲགས་འདིས་དུས་འཁོར་འབྲོ་ལུགས་རྣམས་བསྒྱུར། བ་རེག་ཐོས་པ་དགའ། རྨ་ཆོས་འབར། མཚུར་དབྱིག་གི་རྒྱལ་མཚན་འདི་གསུམ་གྱིས་རྒྱ་གར་ཕྱག་ན་བསྟེན་ནས་གྲུབ་སྙིང་དང་དོ་ཧའི་སྐོར་བསྒྱུར། ཙ་མི་སངས་རྒྱས་(ཏ༡༢བ)
གྲགས་པ་འདི་མདོ་ཁམས་སྨད་མི་ཉག་གི་ཡུལ་དུ་འཁྲུངས། རྒྱ་གར་དུ་མཁས་ཤིང་དངོས་གྲུབ་ཐོབ་ནས་རྡོ་རྗེ་གདན་དུ་སྟོན་པའི་རྒྱལ་ཚབ་མཛད། དུས་འཁོར་ཙ་མིའི་རྒྱུད་གསུམ་སོགས་བསྒྱུར། རྒྭ་ལོ་གཞོན་ནུ་དཔལ་འདི་མདོ་ཁམས་སུ་འཁྲུངས། རུས་རྒྭ་ཡིན་པ་རྒན་གཞོན་གཉིས་ཕྱིན་པས་རྒྭ་ཆེན་རྒྭ་ཆུང་དུ་གྲགས། རྒྱ་གར་དུ་སུ་མཁས་དྲིས་པས་ཙ་མི་ཁོ་ན་མཁས་ཟེར་བས་རྒྱ་གར་དུ་ཡོང་ནས་བོད་གཅིག་གིས་གཅིག་ལ་ཉན་པ་མི་ཡོང་བསམས་ནས་གཞན་དྲིས་པས་ཨ་བྷྱ་ཀཱ་ར་དང་ཨོ་ཌྱན་གྱི་པཎྜི་ཏ་ཝཱ་གི་ཤྭ་ར་མཁས་ཟེར་སྟེ་དེ་གཉིས་ཀྱང་ཙ་མི་ལ་ཆོས་ཉན་ཞིང་འདུག་པས་སླར་ཙ་མི་དང་ཨ་བྷྱ་ལ་ཆོས་ཞུས། བདེ་མཆོག་གི་བསྙེན་པ་བྱས་པས་ཡི་དམ་གྱི་ལུང་བསྟན་བྱུང་ནས་སྤྱོད་པ་ལ་དུར་ཁྲོད་གསིལ་བ་ཚལ་དུ་ཕྱིན། དེར་ལས་མགོན་བྱ་རོག་མས་སྲོག་སྙིང་ཕུལ། བར་ཆད་མེད་པར་ལོག་པས་བླ་མ་གཉིས་ཀྱིས་ཀྱང་བཀུར་སྟི་མཛད། མ་ག་དྷའི་རྒྱལ་པོས་སྤྱན་དྲངས་སྐྱེ་བོའི་ཚོགས་ས་གཞི་གང་བ་འདུས་སྟེ་མེ་ཏོག་གཏོར་བ་ལ་པུས་མོ་ནུབ་པ་ཙམ་བྱུང་སྟེ་སངས་རྒྱས་མྱ་ངན་ལས་འདས་རྗེས་ཆོས་སྨྲ་བ་ལ་མེ་ཏོག་གཏོར་བ་དེ་ལས་མང་བ་མ་བྱུང་བར་གྲགས། ཆོས་དུ་མ་བསྒྱུར་ཞིང་ཁྱད་པར་མགོན་པོ་བྱ་རོག་མ་སྤྱན་དྲངས་སྟེ་རྗེ་དུས་མཁྱེན། ཞང་རིན་པོ་ཆེ། ཁམས་པ་ཨ་སེང་གསུམ་ལ་གནང་ཞིང་ཁམས་པ་ཨ་སེང་ལ་དཔལ་ཕག་མོ་གྲུ་པས་གསན་སྟེ་མགོན་པོ་དཀར་ལུགས་ཚལ་ལུགས་འབྲི་གདན་གྱི་ལུགས་རྣམས་བྱུང་ངོ༌། །རྒྭ་ལོ་ལ་སྲོག་གེགས་བྱུང་བ་གཞན་གྱིས་མ་སོལ་ནས་ས་ཆེན་གྱིས་བསལ་ཞེས་བོད་ན་ཟེར་ཡང་གཞན་ཞིག་དང་འཁྲུལ་བ་སྟེ་དེ་ལྟའི་གནས་མེད་པས་རྒྭ་ལོའི་རྣམ་ཐར་ལྟོས་ཅིག །ཀྲེ་བོ་ཤེས་རབ་དཔལ། མཚུར་སྟོན་དབང་གི་རྡོ་རྗེ། རྭ་ཆོས་རབ། དཔྱལ་ཀུན་དགའ་རྡོ་རྗེ། དཔྱལ་ཀུན་དགའ་གྲགས། ཞང་ཤེས་རབ་བླ་མ། ཞ་མ་སེང་རྒྱལ། བཀྲ་ཤིས་རྒྱལ་མཚན། (ཏ༡༣ན)
ཆོས་ཀྱི་སྙིང་པོ། ཀཾ་ཆོས་ཀྱི་ཡེ་ཤེས། ཕྱུགས་མཚམས་དབང་ཕྱུག་རྒྱ་མཚོ། ཚུལ་ཁྲིམས་ཡོན་ཏན། ཁེར་གང་ཡོན་ཏན་དཔལ། བསོད་ནམས་བཟང་པོ། སུམ་བྷ་དཔལ་མཆོག་དང་པོའི་རྡོ་རྗེ་འདིས་རྡོ་རྗེའི་གདན་དུ་སྒྲོལ་མ་དང་ཕག་མོ་ལས་བློ་སྦྱོང་སྙན་རྒྱུད་གསན་པས་རྟོགས་པ་འཁྲུངས་ཤིང་བདེ་མཆོག་མཁའ་འགྲོ་རྒྱ་མཚོ་གཙོ་བོར་སྤྱན་དྲངས་སོ། །ཉི་མ་རྡོ་རྗེ། ཁུ་དགེ་བསྙེན་ནེ་ཙོ། ཀློག་སྐྱ་གཞོན་ནུ་འབར། ལྷ་ཡེ་ཤེས་རྒྱལ་མཚན། བྱང་ཆུབ་འབྱུང་གནས། གླན་ཆོས་ཀྱི་བློ་གྲོས། ཅོག་གྲུ་ཏིང་འཛིན་བཟང་པོ། ཤེས་རབ་ཡེ་ཤེས། རིག་པ་གཞོན་ནུ། གཞོན་ཚུལ། ཁུ་མདོ་སྡེ་འབར། སྟེང་ལོ་ཚུལ་ཁྲིམས་འབྱུང་གནས་འདིས་མདོ་མང་གི་ལུང་རྒྱུན་སྤྱན་དྲངས། ཤེས་རབ་བརྩོན་འགྲུས། གཡུང་དྲུང་འོད། བསོད་ནམས་རྒྱལ་བ། ཅོག་གྲུ་ཤེས་རབ་བླ་མ། ཅོག་གྲུ་མྱ་ངན་མེད། བསོད་ནམས་མོས་པ། ཚུལ་ཁྲིམས་བརྩེགས། རྔོག་བུདྡྷ་པཱ་ལ། རྒྱལ་ལོ་ཙཱ་བ། སྦལ་རྡོ་རྗེ་རྒྱལ་པོ། ལྷ་རིན་པོ་ཆེ། ལྷ་ཆོས་ཀྱི་རིན་ཆེན། ཀྱུ་ར་ཚུལ་ཁྲིམས་འོད་ཟེར། དགེ་སློང་བྱའི་གདོང་ཅན། ར་བྱིང་ལོ་ཙ། ཕུར་བུ་འོད། ཤེས་རབ་ལེགས། ནག་ཚོ་དྷརྨ་གྲགས། མར་པ་བློ་གྲོས་བཟང་པོ། སེ་ལོ་ཙཱ། རོང་གླིང་ལོ་ཙཱ། ཤོ་རིམ་ལོ་ཙཱ། ཟླ་བ་གྲགས་པ། གཉལ་མི་ཡེ་ཤེས་ཆོས། ཆོས་ཀྱི་ཟླ་བ། ཤེས་རབ་སྐྱབས། ནག་ཚོ་ཤེས་རབ་རྒྱལ་མཚན། འ་ཞ་རྒྱ་གར་བརྩེགས། གཉན་བསོད་ནམས། བ་རི་ཆོས་གྲགས། ཨོང་པོ་ལོ་ཙཱ། གཞོན་ནུ་ཤེས་རབ། མགར་ཤེས་འབྱུང༌། འཇམ་དཔལ་གཞོན་ནུ། ཤེས་རབ་འོད་ཟེར། ཅེ་དགའ་བ་དཔལ། ཡེ་ཤེས་འབྱུང་གནས། བརྩོན་འགྲུས། ལོ་རྡོ་རྗེ་རྒྱལ་མཚན། ཞམ་དགེ་བསྙེན་སེང་རྒྱལ། ཅེ་བཀྲ་ཤིས། ཆག་དགྲ་བཅོམ། (ཏ༡༣བ)
དཔྱལ་ཆོས་བཟང༌། དཀར་ལོ་ཙཱ་བ། ཞང་དགེ་བ། ལོ་ཙཱ་བ་ཆེན་པོ་སྣུབས་བྱམས་པའི་དཔལ། ཆག་ཆོས་རྗེ་དཔལ། དཔྱལ་ཤེས་རབ་འོད། ཞང་གྲུབ་པ་དཔལ། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་འདིས་ཚད་མ་རྣམ་འགྲེལ་དར་བར་མཛད། གློ་བོ་ཤེས་རབ་རིན་ཆེན། ལྷོ་བྲག་པ་འུ་རུ་དར་མ་སེང་གེ་མི་མཉམ་བཟང་པོ། ཨོ་ཌྱན་པ་རིན་ཆེན་དཔལ། ཤོང་རྡོ་རྗེ་རྒྱལ་མཚན། ཤོང་བློ་གྲོས་བརྟན་པ། ཁམས་པ་བློ་གྲོས་རྒྱལ་པོ། འདན་མ་ཚུལ་སེང༌། ར་བ་གཞོན་བརྩོན། ཤུད་ཀེ་གྲགས་པ་རྒྱལ་མཚན། ཐར་ལོ་ཉི་མ་རྒྱལ་མཚན། དཔང་བློ་གྲོས་བརྟན་པ། སྒྲ་ཚད་པ་རིན་རྒྱལ། དབུས་པ་བློ་གསལ་འདིས་རྒྱ་ནག་དང་ཡུ་གུར་ནས་འདུལ་བ་ལུང་གི་ལུང་རྒྱུན་སྤྱན་དྲངས། སྟག་ལུང་པ་ཤཱཀྱ་བཟང་པོ། ལེགས་པའི་བློ་གྲོས། བུ་སྟོན་ཐམས་ཅད་མཁྱེན་པ། ཐུགས་སྲས་ལོ་ཙ་བ་རིན་ཆེན་རྣམ་རྒྱལ། ཇོ་ནང་བློ་གྲོས་རྒྱལ་མཚན། ས་བཟང་བློ་གྲོས་དཔལ། འབྲི་ཁུར་ལོ་ཙཱ་བ། ཀུན་སྤངས་གྲགས་པ་རྒྱལ་མཚན། ཡར་ལོ་གྲགས་པ་རྒྱལ་མཚན། ལོ་ཆེན་བྱང་ཆུབ་རྩེ་མོ། བོ་དོང་གྲགས་པ་རྒྱལ་མཚན། སྣར་ཐང་བ་སང་གྷ་ཤྲི། ལོ་ཆེན་སྐྱབས་མཆོག་དཔལ་བཟང༌། ཆོས་འཁོར་སྣང་བ་ཤེས་རབ་རིན་ཆེན། མགོས་ལོ་ཙཱ་བ་གཞོན་ནུ་དཔལ། ཁྲིམས་ཁང་བ་བསོད་ནམས་རྒྱ་མཚོ། ཆག་ལོ་རིན་ཆེན་ཆོས་རྒྱལ། བདག་གི་མཁན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་སྟེ་ཞ་ལུ་ལོ་ཆེན་ཆོས་སྐྱོང་དཔལ་བཟང་པོ་འདིས་ནི་མཛོད་འགྲེལ་གནམ་ལྕགས་ཐོག་གཟེར་དང་མཛོད་ཀྱི་གནས་དགུ་པ་སོགས་འགྱུར་མང་པོ་མཛད། ཕྱི་དུས་བརྡ་སྤྲོད་ཡན་ལག་དང་བཅས་པའི་བསྟན་པ་རྨང་ནས་གསོས་སྟེ་དར་བར་མཛད་ཏོ། །དེ་ལྟར་ལོ་པཎ་དེ་རྣམས་ཀྱིས་མདོ་རྒྱུད་མན་ངག་བཀའ་བསྟན་བཅོས་མང་དུ་བསྒྱུར་ཞིང་འགྱུར་བཅོས་དང་ཞུས་དག་སོགས་མཛད་པའི་དྲིན་ལས་(ཏ༡༤ན)
དེང་སང་དུའང་བསྟན་པའི་ཆ་ཤས་ཙམ་གནས་པ་ཡིན་ནོ། །འདི་ཕྱིན་རང་རང་གི་ཕྱོགས་གཞུང་ནས་མཆིང་བུ་ནོར་བུའི་གྲལ་དུ་འཛུད་པ་མ་ཡིན་པའི་ལོ་པཎ་ཚད་ལྡན་མཐོང་ན་བསྣན་པར་བྱ་ཞིང་སྔ་མ་རྣམས་ཕལ་ཆེར་བུའི་ཆོས་བྱུང་ལྟར་ཡིན་ཞིང་ཅུང་ཟད་ཁ་བཀང་བ་ཡིན་ཡང་བདག་འདྲ་བས་མ་ཐོས་པ་མང་བའི་ཕྱིར་འདིར་མ་ཆུད་པའི་ཚད་ལྡན་གྱི་ལོ་པཎ་གཟུར་གནས་ཀྱིས་མཐོང་ན་བསྟན་པར་བྱའོ། །ལེགས་པར་བཤད་པ་མཁས་པའི་དགའ་སྟོན་གྱི་བོད་ཡུལ་གྱི་སྐབས་ལས་ལོ་པཎ་ཇི་ལྟར་བྱོན་པ་སྤྱིར་བསྟན་པ་སྟེ་སྐབས་བཞི་པའོ།། །།ནོར་འཛིན་དབང་མོ་ཚོགས་གཉིས་གྲུབ་མ་ཡིས། པར་འདི་བྱར་གྱི་གཞག་ཡུལ་སྟག་རྩེར་བསྒྲུབས། །ཤུ་བྷཾ།།