ཟབ་བདུན་རྒྱུད་ཟབ་སྒྱུ་འཕྲུལ་ལས་ཟངས་བྱང་མའི་ཆོས་སྡེ་ཁྲོ་བོ་དམ་པ་རྒྱན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་རྒྱུད་ལུང་སྙིང་པོ། བློ་གྲོས་མཐའ་ཡས།
ཟབ་བདུན་རྒྱུད་ཟབ་སྒྱུ་འཕྲུལ་ལས། ཟངས་བྱང་མའི་ཆོས་སྡེ་ཁྲོ་བོ་དམ་པ་རྒྱན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་རྒྱུད་ལུང་སྙིང་པོ་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་ཤྲཱི་བཛྲ་ཧེ་རུ་ཀ་ཡ། འབར་བའི་གར་གྱི་ཉམས་འགྱུར་རེ་རེས་ཀྱང་། །བདུད་སྡེ་བྱེ་བའི་ཀླད་པ་འགེམས་པ་དང་། །ལྷན་ཅིག་འགྲོ་རྒྱུད་བདེ་ཆེན་བདུད་རྩིས་བརླན། །བཛྲ་ཧེ་རུ་ཀ་ཡིས་བདག་སྐྱོངས་ཤིག །ཞི་ལས་ལྷག་མྱུར་གྲུབ་མཆོག་གསང་བའི་ལམ། །སྔོན་མེད་ཉིན་བྱེད་ཟླ་བྲལ་ཤིང་རྟ་ཆེས། །སྐལ་བཟང་ལེགས་བྱས་མཁའ་ལ་དྲངས་འདི་ཡི། །སྨིན་བྱེད་ལག་ལེན་རྒྱུ་མཚན་ལྡན་ཕྱིར་འབྲི། །ངོ་མཚར་རྨད་དུ་བྱུང་བའི་གསང་བ་ས་འོག་གི་གཏེར་གཅིག་སྒྱུ་འཕྲུལ་དྲྭ་བ་ཁྲོ་བོའི་དབང་བསྐུར་འབྲིང་པོ་བསྒྲུབ་པར་འདོད་པས་རྒྱས་པར་སྤྲོ་ན་ཞི་བའི་སྐབས་སུ་སྨོས་པ་ལྟར་ལ། དཀྱུས་སུ་སྟེགས་བུར་རས་བྲིས་ཀྱི་དཀྱིལ་འཁོར་ཚད་ལྡན་བཀྲམ་པའི་དབུས་སུ་མཉྫིའི་ཁར་བུམ་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་སྔོན་པོ་ཁ་རྒྱན་གཟུངས་རྡོར་དང་བཅས་པ་བཀོད། མདུན་ཕྱོགས་སུ་རིགས་བསྡུས་ཀྱི་ལྷ་ཙཀ་དྲུག །གཡས་གཡོན་རྣམས་སུ་ཐོད་སྐམ། དབུ་རྒྱན། གྲི །ཕྱག་མཚན་སོགས་གཞུང་གསལ་གྱི་ཙཀ་ལི་རྣམས་དང་། ནུས་དབང་ཆས་ལྔ། གསང་ཐོད། རིག་ཙཀ །ལས་བུམ། ཐོད་ཆུ་སོགས་ཞི་བ་ལྟར་དབང་རྫས། མཆོད་གཏོར་མཁོ་བའི་ཡོ་བྱད་མ་ཚང་བ་མེད་པ་བཀོད་ལེགས་སུ་བཤམ་ཞིང་ཉེ་བར་བསྡོག་གོ །དེ་ནས་དབང་དོན་དཀྱིལ་འཁོར་སྒྲུབ་པ། བུམ་བཟླས། ལས་བུམ་སྒྲུབ་པ། ཐོད་ཆུ་བྱིན་རླབས། རིག་མེ་དོར་བ་སོགས་ཀྱང་ཞི་བས་རིགས་འགྲེས་ཏེ། ལས་བྱང་རང་གཞུང་བསྲང་། སྤྱི་ཛཔ྄་རུ་ལུ་བཟླ་བ་ཙམ་ཁྱད་པར་རོ། །དབང་གི་ཆོ་ག་དངོས་ལ་གཉིས། འཇུག་པ་དང་། དབང་དངོས་སོ། །དང་པོ་ལ་བཅོ་བརྒྱད་དུ་ཡོད་པའི་ཐོག་མར་ཁྲུས་བྱ་བ་ནི། སློབ་མ་
རྣམས། ཇི་ལྟར་བལྟམས་པ་སོགས་དང་། ལས་བུམ་གྱི་ཆུས་ཕྱི་རོལ་དུ་ཁྲུས་བྱ། གཉིས་པ་ནི། བགེགས་གཏོར་བསང་སྦྱང་བྱིན་རླབས་འགུགས་པ་དང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བསྔོ་ཞིང་། བདེན་སྟོབས་བརྗོད་ལ་བསྐྲད་པ་སྤྱི་མཐུན་དང་། གུ་གུལ་དུད་པ་ཡུངས་ཐུན་རོལ་མོའི་ཚམ་རྔམ་བྱ། ལས་བྱང་ལྟར་སྲུང་འཁོར་བསྒོམ། གསུམ་པ་ཆོས་བཤད་པ་ནི། ཞི་བ་ལྟར་ལ་རྒྱས་བསྡུས་འདོར་ལེན་གང་འོས་བྱས་པའི་མཐར། ཟངས་བྱང་མའི་སྐོར་ལས། ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །འདི་ལྟར་མ་དག་པའི་དངོས་པོར་འཛིན་པ་ལ་གསང་སྔགས་ཟབ་མོ་འཆད་པའི་སྣོད་དུ་རུང་བ་མ་ཡིན་པས། ས་ཕྱོགས་འདི་དག་འོག་མིན་གསང་ཆེན་རོལ་པའི་དུར་ཁྲོད་ཆེན་པོར་སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོའི་སྐུར་གསལ་བ་དང་། ཁྱེད་རང་རྣམས་ཀྱང་དཔལ་བཛྲ་ཧེ་རུ་ཀའི་རྣམ་པས་འཁོད་པར་མོས་ཤིག །བཞི་པ་མིག་དགབ་པ་ནི། ཁྱེད་རང་རྣམས་སྔོན་ཆད་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་དུ་མ་ཞུགས་པའམ་བསྐྱར་ནས་འཇུག་པའི་མཚོན་བྱེད་དུ་དར་ཡུག་དམར་པོས་གདོང་དགབ་པའི་མོས་པ་མཛོད། ཨོཾ་ཙཀྵུརྦནྡྷ་བཱ་ར་མ་ཎཱ་ཡ་ཧཱུྃ། ཞེས་མིག་དར་སྦྱིན། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཕྱག་རྟེན་ཏུ་ཨུ་དུམྦ་ར་ལ་སོགས་པ་མཆོག་གི་མེ་ཏོག་སྣ་ལྔའི་ཕྲེང་བ་ཕྱག་ཏུ་ཐོགས་པར་མོས་ཤིག །ཨཱ་ཁཾ་བཱི་ར་ཧཱུྃ། ཞེས་མེ་ཏོག་གཏད། ལྔ་པ་གསོལ་བ་གདབ་པ་
ནི། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མི་ཕྱེད་པ་ལ་མོས་གུས་དྲག་པོས་སྙིམས་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། མགོན་པོ་སངས་རྒྱས་ཀུན་བདག་ཉིད༔ བརྩེ་བས་བདག་ལ་དགོངས་སུ་གསོལ༔ ཚེ་གཅིག་སངས་རྒྱས་ཐོབ་པའི་ཕྱིར༔ གསང་སྔགས་དཀྱིལ་འཁོར་བསྟན་དུ་གསོལ༔ ལན་གསུམ། དྲུག་པ་དྲིས་ལན་ནི། སློབ་དཔོན་གྱིས། གསང་སྔགས་དོན་དུ་གཉེར་བ་ཡི༔ སྐལ་བཟང་ཁྱོད་ནི་ཅི་ལ་དགའ༔ ཞེས་དྲིས་པ་ལ་ལན་བཏབ་པ་འདིའི་རྗེས་ཟློས། སྐལ་པ་བཟང་པོ་བདག་ཉིད་ནི༔ བདེ་བ་ཆེན་པོའི་ཡེ་ཤེས་ནི༔ དཀྱིལ་འཁོར་ཆེན་པོ་དག་ལ་དགའ༔ སྙིང་པོའི་ཡེ་ཤེས་མྱུར་གནང་གསོལ༔ བདུན་པ་ལུས་དབུལ་བ་ནི། ཁྱེད་རང་རྣམས་ལངས་ལ་ཐལ་མོ་སྤྱི་བོར་སྦྱར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་མངོན་དུ་ཐོབ་པ་དང་། ཐོབ་པའི་སྣོད་དུ་རུང་བ་དང་། སེམས་ཅན་གྱི་དོན་མཐར་ཕྱིན་པའི་སླད་དུ་འདས་པའི་སངས་རྒྱས་རྟོགས་པ་མངོན་གྱུར་རྣམས་དང་། ད་ལྟའི་སངས་རྒྱས་བླ་མ་དང་། མ་འོངས་པའི་སངས་རྒྱས་སེམས་ཅན་ཏེ་དུས་གསུམ་གྱི་རྒྱལ་བ་ལ་ལུས་འབུལ་བའི་མོས་པས་འདིའི་རྗེས་ཟློས། ན་མསཏྲཻ་ཀཱ་ལ་དྷྭི་ཀཱ་ནཱཾ༔ སརྦ་ཏ་ཐཱ་ག་ཏ་མ་མ་ཀཱ་ཡ་པཱུ་ཛ་ཧོ༔ བརྒྱད་པ་བགེགས་བསྐྲད་པའི་སྔོན་འགྲོ་ཚེ་སྲུང་བ་ནི། སློབ་བུའི་དུང་ཁང་ཟླ་གམ་སྒོ་གཅིག་
པའི་ནང་དུ་ཚེ་མི་འགྱུར་བར་བྷྲཱུྃ་ཧཱུྃ་ཡིག་གིས་རྒྱས་བཏབ་པར་གྱུར༔ བྷྲཱུྃ་ཧཱུྃ་ཏྲཱུཾ༔ ལག་གཉིས་ཁུ་ཚུར་མཛུབ་མོ་བརྐྱང་པ་བསྣོལ་ཏེ་སྤྱི་བོར་སྟེང་འོག་རེས་མོས་སུ་བཞག །སློབ་དཔོན་ཞེ་སྡང་རྡོ་རྗེར་གསལ་བའི་སྐུ་ལས་རྡོ་རྗེའི་རྡུལ་ཕྲ་རབ་ཏུ་འཕྲོས་པས་སློབ་བུའི་ལུས་ཟང་ཐལ་དུ་འབིགས་ཤིང་བགེགས་རྣམས་རྒྱང་རིང་དུ་བསྐྲད་པར་གྱུར༔ ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧཱུྃ༔ གུ་གུལ་ཡུངས་ཐུན་སོགས་ཀྱིས་བསྐྲད། དགུ་པ་སྒྲིབ་པ་སྦྱོང་བ་ནི། སློབ་དཔོན་གྱི་ཐལ་མོ་གཡས་པ་ཉི་མ། གཡོན་པ་ཟླ་བའི་དཀྱིལ་འཁོར་དུ་གསལ་བའི་གཡས་པར་ཡབ་ལྔའི་ས་བོན། གཡོན་པར་ཡུམ་ལྔའི་ས་བོན་ཏེ་ཡིག་འབྲུ་བཅུ་པོས་མཚན་པ་རྣམས་ལས་འོད་ཟེར་འཕྲོས་པས། སློབ་བུའི་སྡིག་སྒྲིབ་དབང་གི་གེགས་རྣམས་སྦྱང་པར་གྱུར། ཐལ་མོ་སྦྱར་ཞིང་སྤྲུགས་ལ། ཨེ་ཝྃ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ སརྦ་པཱ་པཾ་པྲ་བེ་ཤ་ཡ་ཕཊ༔ ཏིལ་སྦྱོང་ནི། མེ་ལོང་ཏིལ་ནག་ལ་རླུང་འབུད། མེ་ཆུ་འདུ་བྱས་ལ། ཁྱེད་རང་རྣམས་ཀྱི་ལྟེ་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར། ལྟེ་བར་རཾ་ལས་གཏུམ་མོ་ཡེ་ཤེས་ཀྱི་མེ། སྙིང་གར་ཀཾ་ཡིག་ནག་པོ་ལ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་འདུས་པས་སྡིག་པའི་གཟུགས་སུ་གྱུར་པ་བར་རླུང་དགང་བའི་རྐྱེན་གྱིས་རླུང་གཡོས། གཏུམ་མོ་སྦར། སྡིག་པ་དེད་དེ་སྣ་སྒོ་ནས་ཐོན། མདུན་གྱི་ཏིལ་ལ་ཐིམ་པར་གྱུར། ཏིལ་
ནག་མཐེབ་སྲིན་གྱིས་བླང་། གཡས་གཡོན་དུ་ལན་གསུམ་གསུམ་བསྐོར་ནས་མེ་ཆུར་སྦྱངས་ཏེ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། གཡས་སུ་ཡེ་ཤེས་ཀྱི་མེར་བསྲེགས། གཡོན་དུ་ཆོས་ཉིད་རྒྱ་མཚོར་དོར་བས་བྱང་ཞིང་དག་པར་གྱུར། བཅུ་པ་གོ་བགོ་བ་ནི། སློབ་བུ་སྒྲིབ་པ་དང་བྲལ་བའི་ལུས་འོད་ཀྱི་གོང་བུ་ལས་དཔལ་ཧེ་རུ་ཀའི་སྐུར་གྱུར་པའི་གནས་དྲུག་དང་། དཔྲལ་བ་ལ་སོགས་པའི་གནས་ལྔར་ཕྱག་མཚན་རྣམས་ཀྱི་གོ་དང་ལྡན་པར་གྱུར། སྤྱི་བོར། ཀྲིཾ་ཏྲུཾ༔ ལྟག་པར། ཧཱུྃ་ཏྲུཾ༔ སྙིང་གར། སྲུཾ་ཏྲུཾ༔ ལྟེ་བར། པྲཾ་ཏྲུཾ༔ གསང་བར། ཀྵཾ་ཏྲུཾ༔ རྐང་མཐིལ་དུ། ཡེ་ཏྲུཾ༔ དཔྲལ་མགྲིན་སོགས་སུ། ཨོཾ་ཏྲུཾ༔ ཧཱུྃ་ཏྲུཾ༔ ཏྲཱཾ་ཏྲུཾ༔ ཧྲཱིཿཏྲུཾ༔ ཨཱཿཏྲུཾ༔ ཞེས་བརྗོད་ལ་སྔར་བཤད་ཕྱག་རྒྱས་རིམ་པར་དགྲམ། བཅུ་གཅིག་པ་དཀྱིལ་འཁོར་གྱི་ལྷ་ལ་གསོལ་ཞིང་ཞུ་བ་ནི། སློབ་དཔོན་བཞེངས་ལ། ཧཱུྃ༔ སྒྱུ་འཕྲུལ་དྲྭ་བའི་ཚུལ་སྟོན་པ༔ ཧེ་རུ་ཀ་དཔལ་དགོངས་སུ་གསོལ༔ སྙིང་པོའི་དཀྱིལ་འཁོར་འཇུག་འདོད་ཅིང༔ བདེ་བ་ཆེན་པོར་མོས་པ་དང༔ གདུག་པ་ཅན་རྣམས་བསྒྲལ་འདོད་པའི༔ སྐལ་པ་ལྡན་པའི་སློབ་མ་ལ༔ སྔར་གྱི་ཁྱོད་ཀྱི་མཐུ་བཞིན་དུ༔ ཁྲག་འཐུང་འཁོར་ལོ་བསྐྱེད་ལྟར་སྩོལ༔ ཅེས་གསོལ་བ་ལ་གཙོ་བོའི་ཞལ་ནས། རྡོ་རྗེ་རྒྱལ་པོ་དགོངས་སུ་གསོལ༔ ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་འདིར༔ འབར་བ་གཏུམ་ཆེན་རྔམ་པའི་
ཚོགས༔ ཁྲོས་པའི་ཚུལ་དུ་སྐུར་སྟོན་པ༔ ཞེ་སྡང་ཅན་རྣམས་འདི་ལ་སྤྲོ༔ ཞེ་སྡང་རྡོ་རྗེ་འདིར་བོས་ཤིག༔ ཅེས་གནང་བ་བསྩལ་པར་གྱུར། བཅུ་གཉིས་པ་དམ་ཚིག་འབོགས་པ་ནི། གཏུམ་ཆེན་འབར་བའི་དཀྱིལ་འཁོར་འདིར༔ ཞུགས་ཀྱང་དམ་ཚིག་མ་བསྲུང་ན༔ ན་རཀ་གནས་ནས་ཐར་དུས་མེད༔ སྒྱུ་འཕྲུལ་རྒྱུད་ལས་གང་གསུངས་པའི༔ དམ་ཚིག་སྡོམ་པ་ཚུལ་བཞིན་བསྲུང༔ དེ་ཡིས་དངོས་གྲུབ་ཁྱད་པར་ཉེ༔ སྐབས་འདིར་ཤེས་ཤིང་སྤྲོ་ན་དམ་ཚིག་ཉེར་བརྒྱད་རྒྱས་པར་བཤད། རྒྱུད་ལས་ཇི་སྐད་གསུངས་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ཚུལ་བཞིན་ཏུ་བསྲུང་སྙམ་པས་འདིའི་རྗེས་ཟློས། ལྷ་དང་སློབ་དཔོན་དགོངས་སུ་གསོལ༔ དེ་རིང་བུ་ཡི་དཔང་པོ་མཛོད༔ མི་སྤང་དང་ལེན་ཤེས་བྱ་དང༔ བསྒྲུབ་པར་བྱ་དང་སྤྱད་པར་བྱ༔ ཉི་ཤུ་ལྔ་དང་ཁྱད་པར་དུ༔ སྐུ་ལྔ་གསུང་གསུམ་ཐུགས་བཅུ་དང༔ མི་བསྲུང་སྲུང་བ་ཆེན་པོ་རྣམས༔ ཆོས་སྐུའི་རྒྱལ་སྲིད་མ་ཐོབ་བར༔ བདག་གིས་ཡོངས་སུ་བཟུང་བར་བགྱི༔ སློབ་དཔོན་གྱིས་བཀའ་བསྒོ་བ་ནི། དེ་ལྟར་ཡིན་ན་ཧེ་རུ་ཀའི༔ དལ་དུ་གཞུག་ཅིང་སྨིན་པར་བྱ༔ རྡོ་རྗེ་གསོར་ཞིང་སྤྱི་བོར་བཞག་ལ། ཨོཾ༔ ང་ནི་ཧེ་རུ་ཀ་དཔལ་ཡིན༔ ང་ལ་བརྙས་པར་མ་བྱེད་ཅིག༔ ཉམས་ན་དམྱལ་བར་ལྟུང་འགྱུར་བས༔ ང་ལ་གུས་པ་ཚུལ་བཞིན་གྱིས༔ ཨོཾ་བཛྲ་ས་མ་ཡ་ཏིཥྛ༔
རྡོ་རྗེ་མགྲིན་པར་བཞག་ལ། ཨཱ༔ ང་ནི་ཧེ་རུ་ཀ་དཔལ་ཡིན༔ ང་ཡིས་བསྒོ་བའི་བཀའ་ལ་ཉོན༔ བླ་མེད་ཡང་གསང་དཀྱིལ་འཁོར་འདི༔ དེ་རིང་ཕྱིན་ཆད་དམ་མེད་ལ༔ རླུང་ཕྱོགས་ཙམ་ཡང་སྨྲ་མི་རུང༔ ཉམས་ན་དམྱལ་བར་ལྟུང་བར་འགྱུར༔ ང་ལ་གུས་པ་ཚུལ་བཞིན་གྱིས༔ ཨཱཿབཛྲ་ས་མ་ཡ་ཏིཥྛ༔ རྡོ་རྗེ་སྙིང་གར་བཞག་ལ། ཧཱུྃ༔ ང་ནི་ཧེ་རུ་ཀ་དཔལ་ཡིན༔ ང་ལ་ལོག་པར་ལྟ་བ་ནི༔ སྐད་ཅིག་ཙམ་ཡང་བྱ་མི་རུང༔ ཉམས་ན་དམྱལ་བའི་གནས་སུ་ལྟུང༔ ང་ཡི་ཡོན་ཏན་དྲན་པར་གྱིས༔ ཧཱུྃ་བཛྲ་ས་མ་ཡ་ཏིཥྛ༔ ཁེ་ཉེན་གྱི་སྒོ་ནས་དམ་ལ་བཞག་པ་ནི། ཕྲེང་བ་དང་བཅས་པའི་རྡོ་རྗེ་མགོར་བཞག་ལ། དམ་ཚིག་ཆེན་པོ་འདི་བསྲུང་གཅེས༔ མ་བསྲུང་ན་རཀ་གནས་སུ་ལྟུང༔ ཁྲི་དྲུག་སྡུག་བསྔལ་མྱོང་བར་འགྱུར༔ དེ་བས་དམ་ཚིག་ཐུབ་པར་བསྲུང༔ ཚུལ་བཞིན་བསྲུང་བར་ནུས་པ་ནི༔ བསྒོམ་དང་སྒྲུབ་པར་མ་བྱས་ཀྱང༔ འཆི་བའི་དུས་བྱེད་གྱུར་པ་ན༔ ཆོས་སྐུའི་རྒྱལ་སྲིད་ཐོབ་པར་འགྱུར༔ ཨེ་མ་སྐལ་ལྡན་དམ་ཚིག་བསྲུང༔ ས་མ་ཡ་ན་ར་ཀན༔ སྔར་བྱིན་གྱིས་བརླབས་པའི་ཐོད་ཆུ་བྱིན་ལ་ཆུ་ནན་བྱ་བ་ནི། ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ གལ་ཏེ་དམ་ཚིག་ཉམས་གྱུར་ན༔ རཀྴ་ལྕགས་སྡིག་མགོ་དགུ་པས༔ ཁྱོད་ཀྱི་སྙིང་ནི་འཇིབ་པར་འགྱུར༔ སྲོག་གཅོད་དམྱལ་བའི་གནས་སུ་ཁྲིད༔ དམ་ཚིག་མཆོག་ཏུ་བསྲུང་བ་ན༔ ཡེ་ཤེས་སེམས་
དཔའ་ཚོན་གང་པ༔ སྙིང་ལ་ཡང་དག་གནས་ནས་ཀྱང༔ ཐར་པའི་གནས་སུ་ཁྲིད་པར་བྱེད༔ དེ་བས་མཆོག་ཏུ་འདི་འཐུངས་ཤིག༔ ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་བཛྲ་པཉྩ་ཨ་མྲྀ་ཏ་ཋཿཋཿཋ༔ དེ་ལྟར་དམ་ཚིག་རྡོ་རྗེའི་ཆུ་འདི་སྙིང་གི་དབུས་སུ་བབས་ནས། དམ་ཚིག་མ་བསྲུང་ན་ལྕགས་སྡིག་མགོ་དགུ་པར་གྱུར་ནས་འདི་ཕྱིར་སྡུག་བསྔལ་མྱོང་བར་བྱེད་ལ། དམ་ཚིག་བསྲུང་ན་རྡོ་རྗེ་སེམས་དཔར་གྱུར་ནས་བྱིན་གྱིས་བརླབ་ཅིང་དགེ་དགུ་དང་སྨོན་བརྒྱད་ཐམས་ཅད་འགྲུབ་པར་འགྱུར་རོ། །དམ་ཚིག་མཆོག་ཏུ་མི་བསྲུང་ན༔ ད་ལྟ་ཉིད་དུ་དྲལ་ཏེ་གཤེགས༔ དེ་བས་དམ་ཚིག་བསྲུང་བ་ལ༔ བུ་ཁྱོད་སྙིང་ནས་བྲོ་བོར་ཅིག༔ དེ་ལྟར་བསྒོས་པའི་བཀའ་ལས་མི་འདའ་བའི་བློས་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། རྡོ་རྗེ་འཇུར་བཅུག་ལ། ཧེ་རུ་ཀ་དཔལ་བཤད་པ་ཡིས༔ དམ་ཚིག་སྲོག་ལ་བབ་ཀྱང་བསྲུང༔ གལ་ཏེ་བདག་གིས་ཉམས་གྱུར་ན༔ དུས་གསུམ་རྒྱལ་བའི་རྡོ་རྗེ་ཡིས༔ བདག་གི་མགོ་བོ་འགེམ་པར་ཤོག༔ བཛྲ་ས་མ་ཡ་ཨི་དན་ན་ར་ཀན༔ བཅུ་གསུམ་པ་མེ་ཏོག་དོར་བ་ནི། རིགས་ལྔའི་ཕྱག་མཚན་བྲིས་པའི་དཀྱིལ་འཁོར་འདུ་བྱས་ལ། ངས་ནི་ཧེ་རུ་ཀ་དཔལ་གྱིས༔ གསང་སྔགས་གསུངས་པ་ཚུལ་བཞིན་བཤད༔ ཁྱོད་ཀྱི་རིགས་ནི་བརྟགས་པའི་ཕྱིར༔ རིག་པའི་མེ་ཏོག་ལྷ་ལ་ཕུལ༔ དཀྱིལ་འཁོར་ལ་གཡས་སུ་བསྐོར་ཏེ་མེ་ཏོག་
ཤར་སྒོ་ནས་དོར་བའི་མོས་པ་དང་། དངོས་སུ་མཎྜལ་གྱི་ར་བ་དཔལ་ཆེན་ཁྲག་འཐུང་རིགས་ལྔའི་ལྷ་ཚོགས་ཚོམ་བུ་དང་བཅས་པ་གསལ་བར་བཞུགས་པ་ལ་སྔར་བྱིན་པའི་མེ་ཏོག་གི་ཕྲེང་བ་སྔོན་ནས་འབྲེལ་བའི་རིགས་ཀྱི་ལྷ་ལ་ཕོག་པར་ཤོག་ཅིག་པའི་འདུན་པས་འདིའི་རྗེས་ཟློས་དང་བཅས་ཏེ་དོར་བར་ཞུ། བསྐལ་པ་སྔོན་ནས་གང་འབྲེལ་བའི༔ རིགས་ཀྱི་དཀྱིལ་འཁོར་དེ་ཉིད་ལ༔ རིག་པའི་མེ་ཏོག་འདི་ཕུལ་བས༔ ཡི་དམ་ལྷ་དང་འཕྲད་པར་ཤོག༔ པུཥྤེ་པྲ་ཏཱིཙྪ་ཧོ༔ ཞེས་དོར་བས་དབུས་སུ་བབས་ན་རྡོ་རྗེ་དྲག་པོ་རྩལ། ཤར་དུ་ཡེ་ཤེས་དྲག་པོ་རྩལ། ལྷོ་རུ་རཏྣ་དྲག་པོ་རྩལ། ནུབ་ཏུ་པདྨ་དྲག་པོ་རྩལ། བྱང་དུ་ཀརྨ་དྲག་པོ་རྩལ། མོ་ལ་རྡོ་རྗེ་དྲག་མོ་རྩལ་སོགས་རིག་པས་འཕྲུལ་ལ་བཏགས་ཏེ། རང་རིགས་ཀྱི་ལྷས་བཞེས་ཏེ་སླར་ཡང་དབང་རྟགས་ཀྱི་ཚུལ་དུ་ཅོད་པན་སྤྱི་བོར་བཅིངས་པར་མོས་ཤིག །ཧེ་རུ་ཀ་ཡི་དཀྱིལ་འཁོར་འདིར༔ མེ་ཏོག་ཕུལ་བའི་བྱིན་རླབས་ཀྱིས༔ རང་རིག་ལྷ་རུ་ངོ་འཕྲོད་དེ༔ རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག༔ རུ་ལུའི་མཐར། བུདྡྷ་བཛྲ་རཏྣ་པདྨ་ཀརྨ་སརྦ་སིདྡྷི་སཏྭཾ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ ཞེས་ཅོད་པན་སྤྱི་བོར་བཞག །བཅུ་བཞི་པ་ལྷ་དབབ་པ་ནི། ཁྱེད་རང་ལུས་གནད་དྲང་པོར་བསྲང་། རླུང་རང་བབས་སུ་བཞག་ལ་དམིགས་པ་འདི་ལྟར་དུ་མཛོད་ཅིག །སྙིང་གི་ནང་དུ་སྔར་དམ་ཚིག་གི་ཆུ་ནན་བྱས་པ་དེ་ཉིད་ཡེ་ཤེས་པ་ཧེ་རུ་ཀ་མཐིང་ནག་ཚོན་གང་བ་ཞིག་གི་ཕྱག་མཚན་ཡོངས་
སུ་རྫོགས་པ་འབར་ཞིང་གསལ་བ་ལ་རིག་པ་གཏད་དེ་སྐད་ཅིག་ཀྱང་མ་ཡེངས་པར་གྱིས་ཤིག །སློབ་དཔོན་ལ་མོས་གུས་དུང་བྱས་པའི་རྐྱེན་གྱིས་ལྷ་དང་སློབ་དཔོན་གྱི་ཐུགས་ཀ་ནས་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་རྣམས་ཁ་ཆར་བབས་པ་ལྟར་བྱོན། སློབ་བུའི་སྙིང་ཁ་ཕྱེས་པའི་སྒོ་ནས་ཞུགས། ཡེ་ཤེས་སེམས་དཔའ་ལ་ཐིམ་ཞིང་ལུས་ཀྱི་ནང་ཐམས་ཅད་མེར་ཁྲིག་གེར་གང་བར་གྱུར། སྙིང་པོའི་མཐར། ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་ཨཱ་བེ་ཤ་ཨཱ་བེ་ཤ༔ ཞེས་བརྗོད། རོལ་མོ་དྲག་ཏུ་དཀྲོལ། ཤ་ཆེན་དང་གུ་གུལ་སྦྱར་བ་བདུག་པས་ལུས་ངག་ཡིད་གསུམ་ལ་ཡེ་ཤེས་པ་ཕེབ་པའི་རྟགས་འབྱུང་ངོ་། །བཅོ་ལྔ་པ་ལ་དབྱེ་བ་གཉིས་ལས་མིག་དབྱེ་བ་ནི། མ་རིག་པའི་མིག་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཐབས་མཁས་རྒྱལ་པོ་དགོངས་སུ་གསོལ༔ ཧེ་རུ་ཀ་དཔལ་བལྟ་བྱའི་ཕྱིར༔ སྔོན་གྱི་རྒྱལ་བས་མཛད་པ་བཞིན༔ མ་རིག་མིག་ནི་དབྱེ་རུ་གསོལ༔ ཞེས་ཞུ། དབང་ཕྱུག་གི་ཐུགས་ཀ་ནས་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་འཕྲོས་ཏེ། བུའི་མ་རིག་པའི་ལིང་ཏོག་བསལ་བས་དྲི་མེད་ཡེ་ཤེས་ཀྱི་སྤྱན་ཐོབ་པར་མོས་ཤིག །ཐུར་མ་ཐོགས་ལ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱིས༔ མིག་འབྱེད་པར་ནི་བརྩོན་པར་མཛད༔ ཕྱེ་བས་ཐམས་ཅད་མཐོང་གྱུར་ཏེ༔ ཡེ་ཤེས་མིག་དང་ལྡན་པར་འགྱུར༔ ཛྙཱ་ན་བཛྲ་ཙཀྵུཿཔྲ་
བེ་ཤ་ཡ་ཕཊ༔ ཅེས་མིག་དར་བསལ། སྒོ་དབྱེ་བ་ནི། དེ་དག་གིས་ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པ་སོང་ནས། ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དངོས་ལ་འཇུག་པའི་ཕྱིར་སྒོ་ཕྱེ་བ་ནི། དབང་ཕྱུག་གི་ཐུགས་ཀ་ནས་ལས་ཀྱི་ཧེ་རུ་ཀ་འཕྲོས་ཏེ་སྒོ་སྲུང་ལ་བསྐུལ་ནས། ཕོ་བྲང་གི་སྒོ་བཞི་ཤག་གིས་ཕྱེས་པར་མོས་ཤིག །ཧེ་རུ་ཀ་ཡི་དཀྱིལ་འཁོར་དུ༔ རྡོ་རྗེའི་སློབ་མ་གཞུག་བྱའི་ཕྱིར༔ ཡེ་ཤེས་སྐུ་མངའ་སྒོ་བ་ཡིས༔ རྣམ་ཐར་ཐུགས་རྗེའི་སྒོ་དབྱེ་འཚལ༔ བཛྲ་རཏྣ་པདྨ་ཀརྨ་བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ བཅུ་དྲུག་པ་དཀྱིལ་འཁོར་བསྟན་ནས་ངོ་སྤྲད་པ་ནི། རྡོ་རྗེའི་ཕྱག་ཤིང་གིས་མཚོན་ཏེ། འདི་ན་སྙིང་པོའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་འདི་རྣམས་ཡེ་ནས་རང་བཞིན་རྣམ་པར་དག་པ་དྭངས་གསལ་སྒྲིབ་མེད་དུ་བཞུགས་ཤིང༔ དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཕོ་བྲང༔ ཡུམ་གྱི་མཁའ༔ བླ་ན་མེད་པ་བདེ་བའི་ཡེ་ཤེས་ཀྱི་རྒྱན་ཐམས་ཅད་ཀྱིས་འཐུག་པོར་བརྒྱན་པ༔ གཞི་ལྷུན་གྱིས་གྲུབ་པ༔ ལམ་རྣམ་པར་སྦྱང་བའི་གདན་ཁྲི་རྣམས་ཀྱི་སྟེང་དུ༔ གཞི་ལམ་འབྲས་བུ་སྨིན་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ༔ རབ་ཏུ་ཤེས་པ་དང༔ རྟོགས་པ་ཙམ་གྱིས་འབྲས་བུ་བླ་ན་མེད་པ་སྐྱེད་པར་བྱེད་པ་ལགས་པས་དགའ་བ་དང་སྤྲོ་བ་རྒྱ་ཆེན་པོ་དང་ལྡན་པར་གྱིས་ཤིག༔ བཅུ་བདུན་པ་བསྐྱེད་རིམ་འབོག་པ་ནི། ཁྱོད་
ཀྱིས་དཔལ་ཧེ་རུ་ཀ་དཀྱིལ་འཁོར་དབུས་ནས་མཐོང་བ་འདི་ལྟ་བུ་སྣང་སྟོང་སྒྱུ་མ་ཙམ་དུ་བསྒོམ་པ་དང༔ གཞན་ཡང་འཁོར་གྱི་ལྷ་རྣམས་དང་ཕོ་བྲང་འདི་ལྟ་བུ་བསྒོམ་པས་ཁྱོད་དུས་འདི་ཉིད་དུ་སྙིང་པོའི་དཀྱིལ་འཁོར་འདི་ལྟ་བུར་ལྷུན་གྱིས་གྲུབ་པར་གདོན་མི་ཟའོ༔ ཞེས་གདམས། བཅོ་བརྒྱད་པ་ཕྱག་བྱ་བ་ནི། ཁྱེད་རང་རྣམས་ལས་ཀྱི་རྡོ་རྗེས་ཁྲིད་དེ་དཀྱིལ་འཁོར་གྱི་ཕྱོགས་བཞི་ནས་ཕྱག་བྱས་པས་ཕྱོགས་རེ་རེ་བཞིན་ལྷ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སྒོ་གསུམ་གྱི་སྒྲིབ་པ་སྦྱངས། སྐུ་གསུམ་གྱི་དངོས་གྲུབ་ཐོབ་པར་མོས་ལ་ཐལ་མོ་གནས་གསུམ་དུ་སྦྱོར་ལ་འདིའི་རྗེས་ཟློས། ཨོཾ་ན་མ་སྟེ་ཧཱུྃ༔ ན་མཱ་མི་ཧཱུྃ༔ ན་མོ་ན་མ་ཧཱུྃ༔ ལན་བཞི་བརྗོད། དེ་རྣམས་ཀྱིས་སྔོན་འགྲོ་འཇུག་པའི་ཆོས་འཁོར་དང་བཅས་པ་གྲུབ་པ་ལགས། ཞུགས་ནས་མངོན་པར་དབང་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་མཎྜལ་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གཙོ༔ བདག་ལ་ཐུགས་རྗེས་བརྩེ་བར་དགོངས༔ ཉོན་དག་ཡེ་ཤེས་བསྐྱེད་པ་ཡི༔ དབང་བསྐུར་བ་ནི་བསྩལ་དུ་གསོལ༔ ལན་གསུམ། གཉིས་པ་དབང་དངོས་ལ་གསུམ། ཕྱི་ཕན་པ། ནང་ནུས་པ། གསང་བ་ཟབ་མོའི་དབང་བསྐུར་བའོ། །དང་པོ་ནི། དེའང་ཐོག་མར་སློབ་མ་དད་པ་ཅན་ལ་ཕྱི་ཕན་པའི་དབང་ཉེར་བརྒྱད་སྦྱིན་པར་གསུངས་པ་ལྟར་
རིམ་པར་བསྒྲུབ་པ་ཡིན་པས་འདུན་པ་འདི་བཞིན་ཏུ་མཛོད་ཅིག །འདི་ལ་སྡེ་ཚན་ལྔར་ཡོད་པའི་དང་པོ་དྲེགས་པ་གདན་གྱི་དབང་ནི། སློབ་མ་དཀྱིལ་འཁོར་གྱི་ཤར་སྒོའི་ནང་རོལ་དུ་བཛྲ་ཧེ་རུ་ཀའི་རྣམ་པས་འཁོད་པའི་རྐང་འོག་ཏུ་དབང་སྟེགས་ཟིལ་གནོན་དྲེགས་པའི་གདན་བཏིང་བར་མོས་ཤིག །གདན་རྐང་འོག་ཏུ་བཞག་ཚུལ་བྱས་ལ། གདུག་པ་ཟིལ་གྱིས་གནོན་པའི་ཕྱིར༔ གཅན་གཟན་ཁྲི་ཡིས་དབང་བསྐུར་རོ༔ རཀྴ་ཡཀྴ་པདྨ་སཱུརྻ་ཙནྡྲ་ཨཱ་ས་ན་ཨ་བྷི་ཥིཉྩ་ཧཱུྃ༔ གཉིས་པ་ཕྱག་རྒྱ་ལྷའི་དབང་ནི། དཀྱིལ་འཁོར་ལྷ་ཚོགས་སོ་སོའི་སྐུ་ལས་ཡེ་ཤེས་པ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་ནས་ཁྱེད་རང་ལ་ཐིམ་པས་ལྷ་སོ་སོའི་སྐུར་གྱུར་པར་མོས་ཤིག །ཁྲག་འཐུང་གཙོ་འཁོར་གྱི་ཙཀླི་རྣམས་རིམ་པར་སྤྱི་བོར་བཞག་ལ། ཨེ་མ་ང་ནི་རང་བྱུང་བ༔ དཔལ་ཆེན་ཁྲོ་རྒྱལ་ཉིད་ཀྱི་སྐུ༔ རིགས་ལྔ་ཡབ་ཡུམ་དབང་བསྐུར་བས༔ དུག་ལྔ་ཁམས་ལྔ་གནས་སུ་བསྒྲལ༔ ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཨེ་མ་ང་ནི་རང་བྱུང་བ༔ ཁྲག་འཐུང་ཀུན་གྱི་ཡུལ་མ་ཡིས༔ རྣམ་ཤེས་ཚོགས་བརྒྱད་གནས་སུ་བསྒྲལ༔ ཧ་ཨ་བྷི་ཥིཉྩ་ཧ༔ ཨེ་མ་ང་ནི་རང་བྱུང་བ༔ ཁྲག་འཐུང་ཀུན་གྱི་གདོང་མོའི་དབང༔ ཉོན་མོངས་ཡུལ་བརྒྱད་གནས་སུ་བསྒྲལ༔ ཧེ་ཨ་བྷི་ཥིཉྩ་ཧེ༔ ཨེ་མ་ང་ནི་རང་བྱུང་བ༔ ཁྲག་འཐུང་ཀུན་
གྱི་སྒོ་མའི་དབང༔ ལྟ་བ་མཐའ་བཞི་གནས་སུ་བསྒྲལ༔ ཕཊ་ཨ་བྷི་ཥིཉྩ་ཕཊ༔ ཨེ་མ་ང་ནི་རང་བྱུང་བ༔ ཁྲག་འཐུང་ཀུན་གྱི་བྲན་མོའི་དབང༔ རྟོག་ཚོགས་ཐམས་ཅད་གནས་སུ་བསྒྲལ༔ བྷྱོ་ཨ་བྷི་ཥིཉྩ་བྷྱོ༔ ཨེ་མ་ང་ནི་རང་བྱུང་བ༔ དཔལ་ཆེན་ཁྲོ་རྒྱལ་དབང་གི་སྐུ༔ ཕྱོགས་བཅུའི་སངས་རྒྱས་ཁྲོ་བོའི་དབང༔ མི་དགེ་བཅུ་རྣམས་གནས་སུ་བསྒྲལ༔ ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ གསུམ་པ་བསྣམས་པ་ཕྱག་མཚན་གྱི་དབང་ནི། རང་རྟགས་ཕྱག་མཚན་དྲུག་ཕྱག་ཏུ་གཏད་པས་ཁམས་གསུམ་གྱི་གདུག་པ་ཅན་མཐའ་དག་སྒྲོལ་བའི་མཐུ་ཐོབ་པར་མོས་ཤིག །ཕྱག་མཚན་རྡོ་རྗེ་རྩེ་དགུ་རྩེ་ལྔ་ཐོད་ཁྲག་གཡས། དྲིལ་བུ་ཞིང་དབྱུག་འཇིག་རྟེན་གཡོན་དུ་གཏད་ལ། ཧཱུྃ༔ ཐུགས་མཚན་རང་རྟགས་འབར་བ་ཡི༔ ཕྱག་མཚན་དྲུག་གི་དབང་བསྐུར་རོ༔ ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ བཞི་པ་རྒྱན་ཆས་རྟགས་ཀྱི་དབང་བཅུའི་དང་པོ་བུམ་པའི་དབང་ནི། རྣམ་བུམ་ཐོགས་ལ། སྙིང་པོ་ལྔ་ལྡན་བུམ་པ་ནས༔ ཁྲག་འཐུང་རིགས་ལྔའི་ཆུ་རྒྱུན་བབས༔ གནས་ལྔར་འཁྱིལ་བ་སྐུ་རུ་རྫོགས༔ ཧཱུྃ༔ ཁྲག་འཐུང་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་སྔགས་རྒྱ་རིགས་ལྔའི་དབང༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་ནུ་རཱ་ག་ཎ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ༔ སྤྱི་བོར་བཞག །བུམ་ཆུ་འཐོར་འཐུང་བྱར་གཞུག །བུམ་པ་བྱང་སེམས་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་པས་ལས་དང་ཉོན་མོངས་པའི་སྒྲིབ་པ་དག་ནས་སྐུ་ལྔ་ཡོངས་སུ་རྫོགས་པར་གྱུར་ཅིག །ཐོད་པའི་དབུ་རྒྱན་སོགས་དུར་ཁྲོད་ཀྱི་ཆས་རྣམས་གནས་སོ་སོར་བགོས་པས་ཆེ་བའི་
ཡོན་ཏན་ཐམས་ཅད་རང་ལ་རྫོགས་པར་མོས་ཤིག །གནས་རྣམས་སུ་བགོ་བའི་ཚུལ་བྱས་ལ། ཧཱུྃ༔ ཐོད་སྐམ་སྲིད་གསུམ་ཟིལ་གནོན་ཆས༔ ཤུན་གྱི་ཅོད་པན་ཤེས་རབ་རྒྱན༔ རྒོལ་བས་མི་ཚུགས་གོ་ཆ་ལྡན༔ གཟུངས་སོགས་འཕེལ་བ་རུས་པའི་ཕྲེང༔ ཐེག་མཆོག་སྡུད་བྱེད་དཔའ་གཏུམ་གོས༔ མཉེན་ལྕུག་འཁྲིལ་བ་སྦྲུལ་དང་བཅས༔ འགྲོ་དོན་མཛད་པ་མགོ་ཕྲེང་འཕྱང༔ ཐམས་ཅད་དབང་སྡུད་བྱུགས་པའི་རྩི༔ ཉོན་མོངས་སྲེག་བྱེད་ཡེ་ཤེས་མེ༔ དབང་ཕྱུག་སྐུ་ཡི་རྒྱན་དུ་གསོལ༔ སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་ཨ་ལངྐ་ར་ཨ་བྷི་ཥིཉྩ་ཧཱུྃ༔ ལྔ་པ་སྒྲུབ་རྫས་བཅོ་ལྔའི་དབང་ནི། སྒྲུབ་རྫས་རྣམས་ཀྱིས་དབང་བསྐུར་བས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་དང་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ཤིག །བདུད་རྩི་ལྔ་སོགས་དངོས་སམ་ཙཀླི་གཏད་ལ། ཧཱུྃ༔ ཡེ་ཤེས་ལྔ་ལྡན་དངོས་གྲུབ་འགུགས༔ དམ་རྫས་བདུད་རྩི་ཤ་ལྔ་དང༔ དུག་གསུམ་ཞལ་དུ་གསོལ་བའི་ཁྲག༔ བདུད་ལས་རྒྱལ་བའི་ཞིང་གི་མཚན༔ ཐུགས་རྗེས་སྐྱོབ་པ་ཞིང་གི་གདུགས༔ གདུག་པ་སྒྲོལ་བའི་ཁ་ཊྭཱཾ་ག༔ ཞིང་བཅུ་སྒྲོལ་བྱེད་ཀཱི་ལ་ཡ༔ ཐབས་ཤེས་རྡོ་རྗེ་དྲིལ་བུ་འབྲེལ༔ ཟིལ་གནོན་མཁའ་འགྲོ་དབང་སྡུད་རྔ༔ སྤྲུལ་པ་འགྱེད་པའི་ཡུངས་ཀར་ཐུན༔ ཁམས་གསུམ་རྣམ་དག་དབང་སྒྱུར་ཡུམ༔ དངོས་གྲུབ་ཐོབ་བྱེད་སྒྲུབ་པའི་ཕྲེང༔ སྐྱེ་འཆི་
མེད་པ་རྡོ་རྗེའི་ཚེ༔ ཆོས་ཉིད་རྒྱན་རོལ་ལོངས་སྤྱོད་ཚོགས༔ རྡོ་རྗེ་ཞེས་བྱའི་མིང་ནི་གྲགས༔ སྒྲུབ་པའི་རིག་འཛིན་ཆེན་པོ་འོ༔ སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ཕྱི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་ཕན་དབང་ཉེར་བརྒྱད་བསྐུར་བས་འདི་ཕྱིར་ཕན་པའི་ས་བོན་ཙམ་འཇོག་ཅིང་། ཕྱི་དཀྱིལ་དྲང་དོན་གྱི་བསྐྱེད་རིམ་རྣམས་མཉན་དུ་རུང་བའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། གཉིས་པ་ནི། དེ་ནས་བརྩོན་འགྲུས་ཅན་ལ་ནང་ནུས་པའི་དབང་ལྔ་བསྐུར་བར་གསུངས་པ་ལྟར་བསྒྲུབ་པ་སྟེ། དེའང་བདག་དོན་ནུས་པའི་ཕྱིར་ཉན་སྒོམ་གྱི་དབང་སྦྱིན་པ་ལ་དམིགས་འདུན་འདི་ལྟར་དུ་མཛོད། དང་པོ་རྒྱུད་ཀྱི་གླེགས་བམ་ཐོགས་ལ། དབང་རྫས་སློབ་མ་སྐད་ཅིག་གིས། །རཏྣ་ཧེ་རུ་ཀ་ཡབ་ཡུམ། །དབང་ལྷ་འོད་ཞུ་གླེགས་བམ་དེ༔ རྣ་བའི་ཐིག་ལེ་གཉིས་ལ་བསྟིམ༔ ཕྱི་ནང་བཀའ་རྣམས་ཉན་ལ་དབང༔ ཏྲཱཾ༔ གསང་བ་གསང་ཆེན་གསང་མཆོག་དབང༔ གསང་བ་ཀུན་ལ་ཉན་པར་བྱ༔ གསང་བའི་དོན་ཉིད་བརྟགས་པ་ལས༔ གཞན་དུ་སྨྲ་བར་བྱ་བ་མིན༔ ཏྲཱཾ་ཨ་བྷི་ཥིཉྩ་ཏྲཱཾ༔ རྣ་བར་གཏུགས་ཤིང་ལག་པར་གཏད། གཉིས་པ་ཕྲེང་བ་ཐོགས་ལ། དབང་རྫས་སློབ་མ་སྐད་ཅིག་གིས། །བཛྲ་ཧེ་རུ་ཀ་ཡབ་ཡུམ། །དབང་རྫས་འོད་ཞུ་ཕྲེང་བ་དེ༔ སྙིང་གའི་ཐིག་ལེར་ཐིམ་པ་ཡིས༔ ལྷ་རྟོག་
གཉིས་མེད་བསྒོམ་ལ་དབང༔ ཨོཾ༔ དུས་གསུམ་རྒྱལ་བའི་སྲས་ཆེན་པོ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཟུངས༔ རྒྱལ་བ་ཐམས་ཅད་མཉེས་མཆོད་ལ༔ རྒྱལ་བ་ཀུན་དང་མཉམ་པར་སྦྱོར༔ ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ སྙིང་གར་གཏུགས་ལ་ལག་པར་གཏད། གཞན་དོན་ནུས་པའི་ཕྱིར་ཕྲིན་ལས་དང་འཆད་དབང་སྦྱིན་པ་ལ་དམིགས་འདུན་འདི་ལྟར་མཛོད། གསུམ་པ་རྡོ་རྗེ་རྒྱ་གྲམ་ཐོགས་ལ། དབང་རྫས་སློབ་མ་སྐད་ཅིག་གིས། །ཀརྨ་ཧེ་རུ་ཀ་ཡབ་ཡུམ། །དབང་རྫས་འོད་ཞུ་རྒྱ་གྲམ་དེ༔ ལག་པའི་ཐིག་ལེ་གཉིས་ལ་ཐིམ༔ ཕྲིན་ལས་རྣམ་བཞི་ཐོགས་མེད་འགྲུབ༔ ཨོཾ༔ ཁྱོད་ནི་རྡོ་རྗེ་ལས་ཡིན་གྱིས༔ ལས་རྣམས་མ་ལུས་ཀུན་གྱིས་ཤིག༔ ཕོ་ཉ་མང་པོའི་འདུ་འཕྲོ་ཀུན༔ ཁྱོད་ཀྱི་དགོས་པ་བྱེད་པ་ཡིན༔ ཧཾ་ཨ་བྷི་ཥིཉྩ་ཧཾ༔ ལག་གཉིས་སུ་གཏད། བཞི་པ་འཁོར་ལོ་དུང་ཕྱག་ཤིང་རྣམས་ཐོགས་ལ། དབང་རྫས་སློབ་མ་སྐད་ཅིག་གིས། །པདྨ་ཧེ་རུ་ཀ་ཡབ་ཡུམ། །དབང་རྫས་འོད་ཞུ་འཁོར་ལོ་དུང༔ ཕྱག་ཤིང་ལྕེ་ཡི་ཐིག་ལེར་བསྟིམ༔ ཐེག་པ་ཕྱི་ནང་འཆད་ལ་དབང༔ ཨོཾ༔ ཆོས་ཀྱི་བདུད་རྩི་བླ་མེད་ཀྱིས༔ དད་ལྡན་སྐྱེས་བུ་ངོམས་པར་བྱོས༔ རབ་འབྲིང་ཐ་མའི་བློ་ཅན་ལ༔ མཐུན་པར་གསང་བསྒྲག་གཞན་དུ་མིན༔ ཧྲཱིཿཨ་བྷི་ཥིཉྩ་ཧྲཱི༔ ལག་ཏུ་གཏད། དུང་འབུད་དུ་གཞུག །གཉིས་ཀའི་དོན་ནུས་པའི་ཕྱིར་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་བསྐུར་
བ་ལ་དམིགས་པ་འདི་ལྟར་དུ་མཛོད། ལྔ་པ་རྡོར་དྲིལ་ཐོགས་ལ། སློབ་དཔོན་རིགས་འདུས་ཧེ་རུ་ཀའི། །སྦྱོར་མཚམས་ལས་ནི་འོད་འཕྲོས་པས༔ སློབ་མ་དབང་རྫས་རིགས་ཀུན་བདག །བཛྲ་ཧེ་རུ་ཀ་ཡབ་ཡུམ། །དབང་རྫས་འོད་ཞུ་རྡོར་དྲིལ་གྱུར༔ ཡན་ལག་ལྔ་ཡི་ཐིག་ལེར་ཐིམ༔ དཀྱིལ་འཁོར་ཀུན་གྱི་བྱེད་པོར་བསྒོམ༔ ཨོཾ༔ ཕྱོགས་བཅུ་དུས་བཞི་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ༔ དཀྱིལ་འཁོར་ཀུན་གྱི་བྱེད་པ་པོ༔ དཀྱིལ་འཁོར་ཀུན་གྱི་ལས་སྤྱོད་ཅིག༔ ཨོཾ་ཨ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོར་དྲིལ་ལག་ཏུ་གཏད་ནས་སྙིང་གར་འཁྱུད་དུ་གཞུག །དེ་ལྟར་ནང་ལུས་ཀྱི་དཀྱིལ་འཁོར་དུ་ནུས་པའི་དབང་ལྔ་བསྐུར་པས་རང་གཞན་གྱི་དོན་དངོས་སུ་བྱེད་པ་ལ་དབང་ཞིང་། ཁྱད་པར་གྱི་བསྐྱེད་རིམ་དང་རྫོགས་རིམ་རྗེས་མཐུན་པ་རྣམས་ཉན་སྒོམ་འཆད་པར་ནུས་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད་དོ། །གསུམ་པ་ཟབ་མོའི་དབང་གསུམ་ནི། གོང་གསལ་ཞི་བ་ལྟར་མཐར་ཆགས་སུ་བསྐུར་བ་ལས། གསང་དབང་ཡབ་ཡུམ་ལྷ་བསྐྱེད་སྐབས། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་བཛྲ་ཧེ་རུ་ཀར་གསལ་བའི་གནས་ལྔར་ཁྲག་འཐུང་རིགས་ལྔ་དང་།ལག་པ་གཡས་གཡོན་ཁ་དང་གསང་བའི་ཕྱི་རྣམས་སུ་ཁྲོ་བོ་བཞི། ཕྱག་རྒྱ་ལོ་བཅུ་དྲུག་མ་ཡུམ་བཛྲ་ཀྲོ་དྷཱི་ཤྭ་རི་མར་གསལ་བའི་གནས་ལྔར་
ཁྲོ་མོ་ཡུམ་ལྔ་དང་།ཡན་ལག་བཞི་ལ་ཁྲོ་མོ་བཞི་རྣམས་གསལ་བར་གྱུར། ཞེས་དང་། དཔའ་བོ་འབྲུ་ལྔ་དཔའ་མོ་འབྲུ་ལྔ་ཞེས་པའི་མལ་དུ། ཧཱུྃ་ཡིག་ལྔ་ཞེས་དང་། ཡུམ་གྱི་པདྨའི་སྣ་རྩེ་ལ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་གསལ་བ། ཞེས་དང་། སྐུར་ཚིག་ཐོག་མ། ཧཱུྃ༔ དཔལ་ཆེན་ཡབ་ཡུམ་རོལ་པ་ཞེས་དང་། ཡུངས་འབྲུ་ཙམ་གྱི་ཧེ་རུ་ཀ་ཤ་སྟག །ཅེས་བསྒྱུར། དབང་ཕྱི་མ་གཉིས་ལའང་དེས་འགྲེ་དགོས་པ་ཙམ་ཁྱད་པར་རོ། །དབུགས་དབྱུང་ཞིང་གསང་བར་གདམས་པ། སྨོན་ལམ་ཤིས་བརྗོད་ཀྱི་བར་དེ་ལྟར་བྱས་ལ། རྗེས། དེ་ལྟར་ཁྲོ་བོ་དམ་པ་རྒྱན་གྱི་དཀྱིལ་འཁོར་དུ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་དབང་བསྐུར་བ་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ནས་དམ་ཚིག་བཟུང་བ་སོགས་དང་། ཚོགས་མཆོད་ནས་ཤིས་བརྗོད་ཀྱི་བར་ཕྲིན་ལས་ཀྱི་རྗེས་རིམ་ཡང་ཞི་བར་བཤད་པས་འགྲེས་ཏེ་ཤེས་པར་བྱའོ། ཁྲག་འཐུང་འབར་བའི་ཐིག་ལེར་གཉིས་སྣང་གི །མཚན་མ་ཀུན་བཟླུམས་ཉམས་བརྒྱར་རོལ་པའི་གར། །སྲིད་པའི་མཐར་ཡང་ཟིལ་གྱིས་མི་ནོན་པའི། །སྟབས་སུ་བསྒྱུར་བས་སྲིད་པའི་དཔུང་བཅོམ་ཤོག །འདི་ཉིད་ཀྱི་དབང་གཞུང་རྩ་བ་ཙམ་ལས་ཡན་ལག་ཕྱག་བཞེས་ཀྱིས་རྟོགས་དགོས་ཤིང་། ཁ་སྐོང་དགོས་རིགས་བཀའ་འདུས་རྩ་སྒྲུབ་སོགས་ནས་བླངས་ཀྱང་ཆོག་པར་བཀས་གནང་ཞིང་དེ་ལྟར་སྟབས་བདེ་ཡང་སྒྱུ་འཕྲུལ་རང་སྐད་མ་འདྲེས་པའི་ཕྱིར་དུ་ཆོས་འདིའི་བཀའ་བབ་ཏུ་ལུང་བསྟན་ཐོབ་པ་པདྨ་གར་
དབང་རྩལ་ལམ་བློ་གྲོས་མཐའ་ཡས་ཀྱིས་དཔལ་དེ་བཱི་ཀོ་ཊིའི་སྙིང་པོ་ཁྲག་འཐུང་ལྷ་དགུའི་ཕོ་བྲང་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་ལྷག་པའི་བསམ་པས་བྱང་བུ་བཞི་སྐོར་གྱི་གདམས་པ་རྣམས་ཁྲིགས་སུ་བསྡེབས་པ་དགེ་ལེགས་འཕེལ།། །།