དུས་འཁོར་ཚོགས་མཆོད་བདུད་རྩི་འཁྱིལ་བ།
དུས་འཁོར་ཚོགས་མཆོད་བདུད་རྩི་འཁྱིལ་བ་ཞེས་བྱ་བ་བཞུགས།
ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ འདིར་དཔལ་དུས་ཀྱི་འཁོར་ལོའི་ཆོ་ག་དང་འབྲེལ་བའི་ཚོགས་མཆོད་མདོར་བསྡུས་པ་ནི། དཀྱིལ་འཁོར་གྱི་ཆོ་ག་དང་མ་འབྲེལ་བའི་སྐབས་ཡིན་ན། ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ནས། ནང་མཆོད་བྱིན་རླབས་རྒྱས་པ་དང༌། སྔོན་འགྲོ་གཏོར་མ་གནས་ཡོ་བྱིན་རླབས། ཞུ་འབུལ། སྐྱབས་སེམས་ཡིག་བརྒྱ་རྣམས་དཀྱིལ་ཆོག་དང་སྒྲུབ་ཐབས་སུ་བཤད་པ་ལྟར་བྱེད་པ་ལས། སེམས་ཅན་དོན་དུ་སེམས་དགེ་བས། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །ཚུལ་བཞིན་ཆོ་གར་ལྡན་པ་ཡི། །རྣལ་འབྱོར་ལ་ནི་ཉེར་གནས་མཛོད། །ཅེས་པས་གསོལ་འདེབས་ཞུ་འབུལ་བྱེད་པ་ནི་ཁྱད་པར་རོ། །དེ་ནས་བདག་བསྐྱེད་དཀྱིལ་འཁོར་ཡོངས་རྫོགས་ནས། དཔའ་བོ་གཅིག་པའི་བར་རྒྱས་བསྡུས་ཇི་ལྟར་སྒོམ་ཀྱང་
རུང་སྟེ། བཟླས་པའི་བར་དུ་བྱ་ཞིང༌། དཀྱིལ་འཁོར་བསྒོམས་ན་རང་ལ་ཉེ་བར་བསྡུའོ། །མདུན་བསྐྱེད་མཎྜལ་དྲི་བཟང་གིས་བྱུགས་པའི་དབུས་སུ། ནང་མཆོད་ཀྱིས་ཆོས་འབྱུང་ཐིག་ལེ་དང་བཅས་པ་འབྲི་བའམ། རས་བྲིས་ཀྱི་དཀྱིལ་འཁོར་དང་བྲིས་སྐུ་སོགས་ཡོད་ན་མཎྜལ་མ་བྱས་ཀྱང་ཆོག གང་ལྟར་ཡང་བསངས་སྦྱངས། སྟོང་པའི་ངང་ལས་ཞེས་པ་རྣམ་བཅུ་དབང་ལྡན་གྱི་ཡི་གེ་ཡོངས་སུ་གྱུར་པ་ལས། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་འཁོར་ལོ། འབྱུང་བཞི་རི་རབ་ལ་བརྟེན་ཞིང་སྲུང་བའི་འཁོར་ལོའི་ནང་དུ་ཆུད་པ། ཁོར་ཡུག་ཆེན་པོ་ལྔས་ཡོངས་སུ་བསྐོར་བའི་གཞལ་མེད་ཁང་ལྷའི་གདན་དང་བཅས་པ༌། དཀྱིལ་འཁོར་གྱི་ལྷ་ཚོགས་ཡོངས་སུ་རྫོགས་པ་དང་བཅས་པ་དེ་ཉིད་དུ་གྲུབ་པར་གྱུར་པ་ནི། སྟོང་པ་ཉིད་དང་སྙིང་རྗེའི་
བདག །ཅེས་པ་ནས་བཟུང༌། བསྟོད་ཆེན་ཡོངས་རྫོགས་འདོན་པའམ། ཐུགས་དཀྱིལ་ཙམ་བྱེད་ན། ཡིད་རབ་འཛིན་པ་རྣམས་ལ་འདུད། །ཅེས་པའི་རྗེས་སུ། ཁྱོད་ཀྱི་སྲིད་པ་གསུམ་ལས་འདས་ཀྱང་སོགས་སྦྱར། དེ་ནས། བདག་ཉིད་ཀྱི་ཐུགས་ཀར་ཧཱུཾ་ཡོངས་སུ་གྱུར་པ་ལས། ཞེས་པ་ནས། ཛཿཧཱུཾ་བཾ་ཧོཿཧི། ཞེས་པའི་བར་ཡེ་ཤེས་དགུག་གཞུག་བྱ། སླར་ཡང་རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བླ་མ་ཡི་དམ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཞེས་མགྲོན་སྤྱན་འདྲེན་པ་ནས། ཁྱོད་ལ་འདུད་དེ་ཁྱོད་ལ་འདུད། །ཅེས་པའི་དཀྱིལ་འཁོར་ལྷག་གནས་སྐབས་ཀྱི་མཆོད་པ་དང་འདྲ་བ་ལས། ཐུགས་དཀྱིལ་ཙམ་བྱེད་ན། ཨོཾ་ཥ་ཌཾ་ག་ཡ་ན་མཿ ཞེས་པའི་རྗེས་སུ། ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ ཞེས་བརྗོད། དེ་ནས་གཏོར་ཆོག་ལྟར་གཏོར་མ་འབུལ་བ་ཡན་ཆན་བྱའོ། །དཀྱིལ་འཁོར་གྱི་ཆོ་ག་དང་འབྲེལ་བའི་སྐབས་ཀྱི་ཚོགས་མཆོད་ཡིན་ན། གཏོར་མ་འབུལ་བ་ཡན་ཆད་དཀྱིལ་ཆོག་ལྟར་སོང་བའི་རྗེས་སུ། ཚོགས་རྫས་བྱིན་གྱིས་རླབས་པ་མན་ཆད་ཀྱི་ཆོག་སྟེ། དེ་ཡང་བདག་འཇུག་མི་བྱེད་པའམ་བྱེད་ཀྱང་དེའི་སྔོན་དུ་ཚོགས་འཁོར་བྱེད་ན། གཏོར་ཆོག་སྔོན་དུ་ལེན་དགོས་སོ། །དེ་
ནས་ཚོགས་རྫས་ལ་ནང་མཆོད་འཐོར་བཞིན་དུ། ཨོཾ་ཕྲེཾ་བཛྲ་ཌཱ་ཀི་ནཱི། བཛྲ་དྷཱ་ཏྭཱི་ཤྭ་རཱི་ག་ག་ན་སྭ་བྷཱ་ཝ་སརྦ་དྲ་བྱེ་བི་ཤྭ་དྷ་ནི། སརྦ་དྲ་བྱ་ཎི་བི་ཤྭ་དྷ་ཡ་ཧཱུཾ་ཕྲེཾ་ཕཊ། ཅེས་ལན་གསུམ་མམ་ལྔའམ་བདུན་བརྗོད། ཚོགས་རྫས་གཏོར་མ་ལྟར་བྱིན་གྱིས་བརླབས། ན་མོ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ། རང་བཞིན་རྣམ་པར་དག་པ་སྐྱེ་བ་མེད་པ་མཚན་ཉིད་རྣམ་པར་དག་པ་ཨཱ་ལི་ཀཱ་ལིའྀ། ངོ་བོ་རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་པ་འདི་ཉིད། བྱིན་རླབས་ཀྱི་རྩ་བ་རྩ་བརྒྱུད་བླ་མ་རྣམས་ལ་འབུལ་བར་བགྱིའོ། །ཨོཾ་ག་ཎ་ཙཀྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུཾ། དེ་བཞིན་དུ་སྦྱར་ཏེ། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ལ་ཞེས་དང༌། འཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ལ་ཞེས་དང༌། དམ་ཚིག་གི་རྩ་བ་མཆེད་གྲོགས་རྡོ་རྗེ་སྤུན་གྲོགས་རྣམས་ལ་ཞེས་འདོན་པ་སྤོ། ཨོཾ་མི་འབྲལ་སྙིང་གི་གཞལ་མེད་ཁང༌། །མོས་གུས་གཞོམ་མེད་ཕོ་བྲང་ན། །དྲིན་ཅན་རྩ་བའི་བླ་མ་མཆོག །བཀའ་དྲིན་མཉམ་མེད་དམ་པ་རྗེ། །རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་འཐིབ། །
འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །གནས་ཁང་འདི་ལ་བྱིན་ཕོབ་ལ། །ཚོགས་རྫས་འདི་ལ་བཅུད་ཅིག་ཆུག །འདིར་འདུས་རྣལ་འབྱོར་བདག་ཅག་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །རྣམ་དག་བདེ་ཆེན་འགྱུར་མེད་དངོས། །བདེ་གཤེགས་རྒྱ་མཚོའི་དཀྱིལ་འཁོར་དུ། །དུས་ཀྱི་འཁོར་ལོ་རྡོ་རྗེ་སེམས། །མཁའ་ཁྱབ་དང་པོའི་སངས་རྒྱས་ཉིད། །རྣམ་འཕྲུལ་མཁའ་སོགས། སྤྲོས་བྲལ་དག་པ་ཨེ་ཡིག་དབྱིབས། །རྣམ་ཀུན་མཆོག་ལྡན་མཁའ་སྤྱོད་གནས། །འཁོར་ལོའི་བདག་མོ་སྣ་ཚོགས་ཡུམ། །དབྱིངས་ཕྱུག་ཤེས་རབ་ཕ་རོལ་ཕྱིན། །རྣམ་འཕྲུལ་སོགས། རྣམ་གསུམ་སྲིད་པའི་གནས་ཀྱི་མཆོག །ཚངས་པའི་འཇིག་རྟེན་སྤྲུལ་སྐུའི་ཞིང༌། །སངས་རྒྱས་བྱང་སེམས་ཁྲོ་བོའི་གཙོ། །དཀྱིལ་འཁོར་ལྷ་མོའི་ཚོགས་བཅས་ཀྱང༌། །རྣམ་འཕྲུལ་སོགས།
རྣལ་འབྱོར་མ་དང་མཁའ་འགྲོའི་ཚོགས། །འཆི་མེད་གདེངས་ཅན་ལྷ་མིན་སྐྱེས། །འཁོར་བ་གནས་འགྱུར་ཡེ་ཤེས་ཀྱི། །སྲིད་གསུམ་ལྷ་ཚོགས་ཐམས་ཅད་ཀྱང༌། །རྣམ་འཕྲུལ་སོགས། ས་བཅུའི་དབང་ཕྱུག་རྣམ་འཕྲུལ་མཆོག །ཆོས་རྒྱལ་རིགས་ལྡན་འཁོར་བཅས་དང༌། །རྩོད་ལྡན་དུས་འདིར་རྡོ་རྗེ་འཆང༌། །བརྒྱུད་ལྡན་བླ་མའི་ཚོགས་ཀུན་ཡང༌། །རྣམ་འཕྲུལ་སོགས། ས་ལ་སྤྱོད་པའི་འོག་མིན་མཆོག །བཞི་བཅུ་རྩ་བརྒྱད་གནས་མཆོག་ནས། །སྒྲུབ་ལ་དངོས་གྲུབ་མཆོག་སྩོལ་བ། །གནས་གསུམ་དཔའ་བོ་མཁའ་འགྲོ་ཡང༌། །རྣམ་འཕྲུལ་སོགས། གང་ལ་གང་འདུལ་སྐུར་སྟོན་པ། །ཕྱོགས་བཅུ་དུས་གསུམ་འཕགས་པའི་ཚོགས། །གདུལ་དཀའ་མ་ལུས་འདུལ་མཛད་པའི། །ཕྱག་བརྙན་ཕོ་ཉ་འབྱུང་པོའི་ཚོགས། །རྣམ་འཕྲུལ་སོགས། བདུད་ཚོགས་ཀུན་འདུལ་འཕྲིན་ལས་ཞིང༌། །དུར་ཁྲོད་ཆེན་པོ་བཅུ་དྲུག་ནས། །བགེགས་འཇོམས་འདོད་དོན་ཀུན་སྒྲུབ་པ། །ཆོས་སྐྱོང་བསྟན་སྲུང་ཚོགས་རྣམས་ཀྱང༌། །རྣམ་འཕྲུལ་སོགས།
སྤྲིན་བཞན་འཐིལ། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །གནས་ཁང་འདི་ལ་བྱིན་ཕོབས་ལ། །ཚོགས་རྫས་འདི་ལ་བཅུད་ཅིག་ཆུག །འདིར་འདུས་རྣལ་འབྱོར་བདག་ཅག་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །རིགས་གྱི་ཅོད་པན་ལྡེམས་སེ་ལྡེམ། །དར་གྱི་ཅོད་པན་པུར་རུ་རུ། །རྒྱན་ཆ་མང་པོ་ཁྲལ་ལ་ལ། །རོལ་མོ་མང་པོ་དིར་རི་རི། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །འཁོར་ཚོགས་འབུམ་སྡེ་ཤར་ར་ར། །སྒྱུ་མའི་རང་སྣང་རྗེན་ནེ་ནེ། །གཏད་མེད་རིག་པ་སལ་ལ་ལ། །བརྗོད་མེད་དབྱིངས་དུ་ཐལ་ལ་ལ། །བདེ་བ་ཆེན་པོ་ཁྲིལ་ལི་ལི། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དངོས་སྒྲུབ་སྩོལ། །བགེགས་དང་ལོག་འདྲེན་བར་ཆད་སོལ། །འཁོར་གསུམ་གཉིས་སུ་མེད་པར་རོལ། །ཚིགས་བཅད་སོ་སོའི་མཐར་རོལ་མོའི་སྒྲ་བྱའོ། །དེ་ནས་ཕུད་དང་པོ་བཅད་ལ། གཏོར་མ་ལ་ཡང་ཅུང་ཟད་སྒྲོན། དངོས་སུ་འབྱོར་དང་ཡིད་ཀྱི་སྤྲུལ་པ་དང། །ཕྱོགས་དུས་ཀུན་གྱི་མཆོད་རྫས་བཟང་
རྒུ་རྣམས། །བླ་མ་རྒྱལ་བ་སྲས་དང་བཅས་ལ་འབུལ། །མཁའ་ཁྱབ་འགྲོ་བའི་དོན་དུ་བཞེས་སུ་གསོལ། །དེ་ནས་ལས་ཀྱི་རྡོ་རྗེས་ལག་པ་གཡོན་པས་ཐོད་པ་བདུད་རྩིས་གང་བ་བཟུང༌། གཡས་རྩེ་གསུམ་གྱི་ཕྱག་རྒྱས་ཀ་པ་ལ་ཐོགས་ཏེ། སྟེང་འོག་ཁ་སྦྱོར་གྱི་ཚུལ་གྱིས་བཟུང་ལ། ཀྱཻ། འདིར་ནི་ཆོས་རྣམས་བཟང་པོས་ལྟོས། །འདུས་པ་རྣམས་ལ་ཐེ་ཚོམ་མེད། །བྲམ་ཟེ་ཁྱི་དང་གདོལ་པ་རྣམས། །རང་བཞིན་གཅིག་པ་ཉིད་དུ་རོལ། །ཞེས་ཚོགས་ཀྱི་གཙོ་བོ་ནས་བརྩམས་ཏེ་རིམ་པས་བསྐོར། སོ་སོས་ཀྱང༌། བདེ་གཤེགས་ཆོས་ལ་རིན་ཐང་མེད། །འདོད་ཆགས་ལ་སོགས་དྲི་མ་བྲལ། །གཟུང་དང་འཛིན་པ་དང་བྲལ་བ། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཞེས་བླང༌། སླར་དེ་ཚོགས་རྫས་གཞན་རྣམས་ལ་བསྲེ། ཡང་ཕུད་གཅིག་བཅད་དེ། ཕྱེད་སྔར་གྱི་ཕུད་དང་བསྲེ། ཕྱེད་ལྷག་གཏོར་ལ་བསྲེ་བའི་ཕྱིར་ལོགས་སུ་བཞག་གོ །ད་ལྟ་ལག་ལེན་ལ་འདི་ལྟར་བྱེད་པ་ལྟར་བཀོད་པ་ཡིན་ཞིང༌། འགྲུབ་ན་ཚོགས་རྫས་སོ་སོར་དྲངས་ནས། སླར་སོ་སོའི་ཕུད་བསྡུས་ནས་འབུལ་བར་བྱའོ། །སྔ་ཕྱི་ལྷན་ཅིག་ཏུ་བསྔོ་བ་ནི། ཞལ་ཟས་རོ་བརྒྱ་སོགས་དང༌། དུས་ཀྱི་འཁོར་ལོ་སྲུང་མ་དྲུག་བཅུའི་ཚོགས་དང་བཅས་པ་དང༌། ཆོས་སྐྱོང་ཆེན་པོ་རྣམས་དང༌། མཁའ་
འགྲོ་མ་རྣམས་དང༌། འབྱུང་པོ་སྤྱི་དང༌། ཡུལ་བདག་གྲོང་བདག་གཞི་བདག་རྣམས་ལ་གཏོར་མཆོད་ནས་འབྱུང་བའི་གཏོར་སྔགས་ཙམ་གྱིས་ཕུལ། མཐར། དམན་པའི་ཡུལ་ལས་རབ་འདས་ཤིང༌། །རྒྱལ་བ་ཀུན་གྱི་དམ་ཚིག་མཆོག །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །བདུད་རྩི་མཆོག་གི་མཆོག་པར་བགྱི། །སྒྲིབ་པའི་དྲི་མ་ཀུན་སེལ་ཞིང༌། །རྟོག་པ་ཀུན་ལས་ངེས་གྲོལ་བ། །བླ་ན་མེད་པའི་བྱང་ཆུབ་སེམས། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཅེས་བརྗོད། ཅུང་ཟད་སྤྲོས་པ་ལ་དགའ་ན། གཏོར་སྔགས་ཙམ་གྱིས་ཕུལ་བའི་མཐར། དངོས་གྲུབ་རྒྱ་མཚོ་སོགས་དང༌། ན་མཿའི་མཐའ་ཅན་གྱི་མཆོད་སྔགས་ཆེན་མོས་འབུལ། ཡང་ན། ན་མཿའི་མཆོད་སྔགས་གྱི་ཚབ་ཏུ། སྐུ་བཞི་རྡོ་རྗེ་བཞི་ཡི་བདག་ཉིད་དང༌། །ཚད་མེད་རྣམ་ཐར་ཆོས་གྱི་ཕུང་པོ་དང༌། །དམ་ཆོས་སྟོན་པ་འཕགས་པའི་ཚོགས་རྣམས་ཏེ། །སྐྱབས་གནས་དཀོན་མཆོག་གསུམ་ལ་མཆོད་པ་འབུལ། །དུས་འཁོར་རྡོར་སེམས་ཤཱཀྱ་ཐུབ་པ་དང༌། །ནུས་མ་བུམ་པ་བཅུ་དང་རྡོ་རྗེ་བཞི། །སངས་རྒྱས་བྱང་ཆུབ་སེམས་དང་ཁྲོ་བོའི་རྒྱལ། །རང་རང་ལྷ་མོར་བཅས་པ་རྣམས་ལ་མཆོད། །གཟུངས་
མ་རྣལ་འབྱོར་མ་དང་འདོད་མ་དང༌། །ཆོས་ཀྱི་ལྷ་དང་གདེང་ཅན་ཕྱིར་འདོད་མ། །རབ་གཏུམ་གཟའ་སྐར་ཕྱོགས་སྐྱོང་ཞིང་སྐྱོང་སོགས། །ཕྱེད་བཅས་བྱེ་བ་གསུམ་གྱི་འབྱུང་པོ་མཆོད། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་བཅས་དང༌། །མཆོད་ཡུལ་རྒྱ་མཚོའི་ཚོགས་ལ་མཆོད་པར་འབུལ། །འགྲོ་ཀུན་ཡེ་ཤེས་བདུད་རྩིའི་རྒྱ་མཚོ་ལ། །མཆོག་ཏུ་རོལ་བས་བདེ་ཆེན་ཐོབ་པར་ཤོག །ཅེས་པ་ཙམ་བརྗོད་ཀྱང་རུང༌། བསྡུས་པའི་སྐབས་གཏོར་སྔགས་ཁོ་ནས་ཆོག་གོ །སོ་སོས་ཕུད་བཅད་ནས། ཨོཾ་ཨཱཿགུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱཿབཛྲ་ནཻ་བི་ཏེ་ཧཱུཾ། ཆང་བུ་གཉིས་བྱས། ཨོཾ་ཧ་རི་ཏྱཻ་པིཎྜ་ཀི་པྲ་ཏིཙྪ་སྭཱཧཱ། ཡང་ཆང་བུ་གསུམ་པ་བྱས་ལ། ཨོཾ་སརྦ་དཱུ་ཏཱི་ཀེ། ཨ་གྲཱ་གྲ་སཾ་པྲ་ཏཱིཙྪ་སྭཱཧཱ། དེ་ནས་ནང་གི་སྦྱིན་སྲེག་གི་དམིགས་པ་གསལ་བཏབ་ལ་སོ་སོར་ལོངས་སྤྱོད། ལྷག་མ་བསྡུས་ལ་བསངས་སྦྱངས། སྟོང་པའི་ངང་ལས་ལྷག་མའི་གཏོར་མ་བཟང་ཞིང་རྒྱ་ཆེ་བ་འདོད་དགུའི་རྒྱ་མཚོ་ཆེན་པོ་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོཿཧྲཱིཿ ཨོཾ་ཨ་ཀཱ་རོ་སོགས་དང༌། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུ་ཙྪིཥྟ་བ་ལིཾ་ཨུ་ཙྪིཥྟ་བྷཀྵ་བྷཀྵ་སྭཱཧཱ། ལན་གསུམ་རོལ་མོའི་སྒྲ་དང་བཅས་ཏེ་ཕྱིར་བཏང༌། དྲག་སྔགས་ཀྱིས་མཚམས་བཅད། འཇིག་རྟེན་པའི་གཏོར་མ་དང་ལྷག་གཏོར་ལྷན་ཅིག་གཏོང་བའི་ལག་
ལེན་ཡོད་པ་ལྟར་བྱས་ཀྱང་རུང༌། དེ་ནས་རྡོ་རྗེའི་གླུ་བླང་བ་ནི་དྲིལ་བུའི་སྒྲ་དང་བཅས། ཀོལླ་ཨེ་རི་ཊ་ཋི་ཨཱ་བོ་ལཱ། །མུམྨུ་ཎི་རི་ཀཀྐོ་ལ། །གྷ་ཎཻ་ཀྲི་བི་ཏྲ་ཧོ་བཛྫ་ཨི། །ཀ་རུ་ཎི་ཀི་ཨ་ཨི་ཎ་རོ་ལཱ། །ཏཱ་ཧིཾ་བཱ་ལ་ཁཱཛྫ་ཨཱི། །གཱ་ཌེཾ་མ་ཨ་ཎཱ་བིཛྫ་ཨ་ཨི། །ཧ་ལེ་ཀ་ལིཉྩ་ར་པ་ཎི་ཨ་ཨི། །དུ་དྷུ་ར་བཛྫི་ཨ་ཨི། །ཙ་ཨུ་ས་མ་ཀཙྪུ་རི་སིཧླ། །ཀ་པུ་རི་ལ་ཨི་ཨ་ཨི། །མཱ་ལ་ཨིནྡྷ་ན་སཱ་ལིཾ་ཛ། །ཏ་ཧིཾ་བྷ་རུ་ཁ་ཨི་ཨ་ཨི། །ཕྲེཾ་ཁ་ཎ་ཁེ་ཊ་ཀ་རནྟེ། །ཤུདྡྷ་ཨ་ཤུདྡྷ་ཎྞ་མ་ནི་ཨ་ཨི། །ནི་རཾ་སུ་ཨཾ་ག་ཙ་ཌ་བི། །ཏ་ཧིཾ་ཛ་ས་རཱ་བཱ་པ་ཎི་ཨ་ཨི། །མ་ལ་ཨ་ཙི་ཀུནྡུ་རུ་བ་ཌ་ཨི། །ཌིཎ་ཌི་མ་ཏ་ཧིཾ་ན་བཛྫ་ཨ་ཨི། །ཞེས་བརྗོད། ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་སྲེགས་ཤིང༌། །སྤྱན་མ་མིག་ལ་སོགས་པ་དག །སྲེགས་པའི་རི་བོང་ཅན་ཧཾ་འཛག །ཅེས་བརྗོད་ཅིང་དོན་སྒོམ། ཨོཾ་ཕུན་སུམ་ཚོགས་པ་མངའ་བ་སོགས་བཀྲ་ཤིས་དང༌། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པར། །གང་གི་ལམ་གྱིས་གྲོལ་འགྱུར་བ། །དེ་ཡི་སངས་རྒྱས་མྱུར་ཐོབ་ཤོག །མ་བསྒྲལ་བ་རྣམས་
བསྒྲལ་བ་དང༌། །མ་གྲོལ་བ་རྣམས་དགྲོལ་བར་བགྱི། །རྣལ་འབྱོར་གཙུག་ལག་བསྟན་བཅོས་ལ། །ད་ལྟ་ཉིད་དུ་གནས་པར་ཤོག །ཅེས་སྨོན་ལམ་བཏབ། དཀྱིལ་འཁོར་གྱི་ཆོ་ག་དང་འབྲེལ་བ་ཡིན་ན། དེའི་རྗེས་ཆོག་ཁོ་ནས་ཆོག མ་འབྲེལ་ན་ཡིག་བརྒྱ་བཟོད་གསོལ། གཤེགས་གསོལ། སླར་ཡང་སྨོན་ལམ་བཀྲ་ཤིས་དང་བཅས་པ་གཏོར་ཆོག་བཞིན་དུ་བྱའོ། །དཀྱིལ་འཁོར་དང་མ་འབྲེལ་བར་ཚོགས་མཆོད་ཤིན་ཏུ་བསྡུས་པ་བྱེད་ན། ཞུ་འབུལ་དོར་ཞིང༌། མདུན་བསྐྱེད་རྒྱས་པའང་མི་དགོས་པས། མགྲོན་སྤྱན་འདྲེན་མན་ཆད་བྱེད་པ་ལས། མཆོད་པའི་ཚིགས་བཅད་ཀྱང་དོར། ནང་མཆོད་འབུལ་བ་ཡང་མཆོད་སྔགས་ཙམ་གྱིས་ཆོག་གོ། སྐྱབས་སེམས་ཡིག་བརྒྱ་རྣམས་ཀྱང་བསྡུས་པ་དང༌། བདག་བསྐྱེད་ཀྱང་ལྷན་སྐྱེས་སམ་དཔའ་བོ་གཅིག་པ་ཁོ་ན་ལ་བརྟེན་པར་བྱའོ། །ཚོགས་ཀྱི་འཁོར་ལོའི་རྣམ་གཞག་རྒྱས་པ། རྒྱུད་འགྲེལ་རྣམས་དང་རྡོ་རྗེ་འཛིན་པ་གོང་མ་རྣམས་ཀྱིས་རྒྱས་པར་གསུངས་པ་ལས་རྟོགས་པར་བྱ་ཞིང༌། མདོ་ཙམ་ཞིག་གཞན་དུ་འབྲི་བར་ཡང་འདོད་དོ། །དེ་ལྟར་ན་ཚོགས་མཆོད་ཀྱི་ཆོ་ག་བདུད་རྩི་འཁྱིལ་བ་ཞེས་བྱ་བ་འདི་ཡང༌། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ནགས་རྒྱལ་གྱི་དབེན་གནས་སུ་སྦྱར་བའོ།། །།མངྒ་ལཾ།
ཤོག་སྟོང་།