དཔལ་དུས་ཀྱི་འཁོར་ལོའི་སྦྱིན་བསྲེག་གི་ཆོ་ག་ནང་གི་མུན་སེལ་གྱི་ལག་ལེན།― TNT02_Page_0582 ―
[མ་དཔེ་གཟིགས་ན་འདིར་གནོན།]
དཔལ་དུས་ཀྱི་འཁོར་ལོའི་སྦྱིན་བསྲེག་གི་ཆོ་ག་ནང་གི་མུན་སེལ་གྱི་ལག་ལེན་བཞུགས། ― TNT02_Page_0583 ―
[མ་དཔེ་གཟིགས་ན་འདིར་གནོན།]
སངས་རྒྱས་ལ་ཕྱག་འཚལ་ལོ། །ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ཡེ་ཤེས་མེ་ལྕེ་འོད་རབ་གསལ་ལ་ཕྱག་འཚལ་ལོ། །ཚངས་ཟུར་ཐིག་ནི་ལེགས་པར་བཏབ། །ཉི་མའི་སོར་གྱིས་ཟླུམ་པོར་བསྐོར། །པདྨ་དང་ནི་ཐབ་ཀྱི་ཚད། །སུམ་ཆ་ལྟེ་བ་འདབ་བརྒྱད་ཐིག །ཕྱི་རོལ་སོར་གཉིས་སོར་བཞིས་བསྐོར། །མཆུ་དང་ཁ་ཁྱེར་ཐིག་ཡིན་ནོ། །ཁ་ཁྱེར་མཐའ་ནས་ཕྱི་རོལ་ཏུ། །ཁྲུ་དོ་སྤངས་པ་རྩིག་པ་ཉིད། །སྒོ་གཅིག་བྱང་དུ་ཕྱོགས་པར་བྱ། །སློབ་དཔོན་ལ་སོགས་གདན་གསུམ་ནི། །ལྷོ་ཡི་ཕྱོགས་སུ་དགོད་པར་བྱ། །ཕྱི་ནི་ཐུགས་དཀྱིལ་ཉིད་དང་མཚུངས། །རྒྱས་པའི་ཐབ་ལ་དེ་ཉིས་འགྱུར། །ཁྲུ་དོ་གྲུ་བཞི་ཐབ་ནང་ཚད། །ཟུར་ཐིག་སྟེང་དུ་ཁྲུ་གང་དང༌། །སོར་མོ་བཅུ་གཅིག་ལྷག་བཅས་ཀྱི། །སྟེང་ནས་ ― TNT02_Page_0584 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཕྱོགས་བཞིར་བཏབ་པས་འགྲུབ། །སློབ་དཔོན་བདེན་བྲལ་དབང་ལྡན་སྒོ། །འདི་གཉིས་ཁ་ཁྱེར་ཕྱིར་རྡོ་རྗེ། །འཕྲིན་ལས་ཐམས་ཅད་པ་ལ་ནི། །གཉིས་ཏེ་ཞི་དང་རྒྱས་པའོ། །དང་པོ་ཐབ་དབྱིབས་ཞི་རྐྱང་འདྲ། །ནང་དུ་ཕྱེད་བསྐོར་བདེ་གཤེགས་གནས། །དེ་ཕྱེད་བསྐོར་བ་གཙོ་བོའི་གནས། །ཚངས་ཟུར་བར་ལ་གསུམ་གསུམ་ཕྱེ། །དེ་དག་རེ་རེའང་གསུམ་དུ་ཕྱེ། །དེ་ལ་ཚངས་ཟུར་གཡས་གཡོན་དུ། །གཉིས་དང་གཅིག་དང་གསུམ་དང་གཅིག །གཉིས་རྣམས་སངས་རྒྱས་ཀ་བ་དང༌། །བུམ་པ་ཀ་བ་ལྷ་མོ་ཡི། །གནས་ཡིན་ཕྱི་ནང་རྡོ་རྗེའི་གདུང༌། །སོར་རེའི་ཚད་དང་ལྡན་པར་བྱ། །ཕྱི་མར་ཚོན་པ་ལྷ་སྣམ་དང༌། །དཔངས་ཆུང་ཞེང་ཡང་དཀྱིལ་འཁོར་བཞིན། །གཉིས་པ་ལ་ཡང་དེས་འདྲེ་སྟེ། །ཉིས་འགྱུར་གྲུ་བཞིའི་དབྱིབས་སུ་བྱ། །འདི་དག་གཉིས་ཀའང་ཐབ་ཀྱི་ཕྱིར། །མཆུ་ལ་ཐབ་ཀྱི་བརྒྱད་ཆ་དང༌། །རེ་ཁའི་དཀྱིལ་འཁོར་བཅུ་དྲུག་ཆ། །ཁ་ཁྱེར་བཞི་ཆ་དེའི་ཕྱི་རུ། །རེ་ཁ་སྔར་དང་མཚུངས་པ་ཉིད། ― TNT02_Page_0585 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྒོ་དང་རྟ་བབ་ནུབ་ཏུ་ཕྱོགས། །རྭ་བའི་ནང་གི་ཤར་ཕྱོགས་སུ། །སློབ་དཔོན་གདན་ནི་དབུས་སུ་སྟེ། །མཆོད་ཡོན་སྲེག་རྫས་གདན་གཡོན་གཡས། །ཐབ་ཀྱི་དབྱིབས་མཚུངས་པདྨས་བརྒྱན། །ཁ་ཁྱེར་རྡོ་རྗེས་མཚན་གདན་དབུས། །སྣ་ཚོགས་རྡོ་རྗེའམ་ཆོས་འབྱུང་ངོ༌། །འདི་དག་ནི་ཉེར་མཁོ་ཅུང་ཟད་བརྗོད་པ་སྟེ། ཞིབ་པར་ཆོས་རྗེ་ཀུན་མཁྱེན་ཆེན་པོས་མཛད་པའི་ནང་གི་མུན་སེལ་དང༌། པཎ་ཆེན་བློ་གྲོས་རྒྱལ་མཚན་དང༌། མཁན་ཆེན་ཕྱོགས་ལས་རྣམ་རྒྱལ་སོགས་ཐུགས་སྲས་དམ་པ་རྣམས་ཀྱིས་མཛད་པའི་གསུང་རབ་ལས་ཤེས་པར་བྱའོ། །ཞི་བ་རྐྱང་པ་ལ་ཁ་ཁྱེར་དང་གདན་གསུམ་དང་དབུས་སུ་པདྨ་དང༌། རྒྱས་པ་རྐྱང་པ་ལ་འཁོར་ལོ་བཀོད་ནས་འདབ་མ་ལ་རིགས་བཞི་ཡུམ་བཞིའི་ཕྱག་མཚན་འགོད་ཅིང༌། ཁ་ཁྱེར་གྱི་དཔངས་ལ་པད་འདབ་དཀར་པོ་བྲི། ལས་ཐམས་ཅད་པ་གཉིས་ལ་ཐུགས་དཀྱིལ་གྱི། མཚན་མ་ཇི་ལྟ་བ་སྟེ། དབུས་སུ་རྡོ་རྗེ་དང༌། ཁ་ཁྱེར་གྱི་ཕྱི་ལོགས་པད་འདབ་ལྗང་ཁུའོ། །བསྡུས་པར་ན་ཚོན་སྤུངས་ལ་སོགས་པས་ཀྱང་རུང་ཙམ་ཡིན་པར་མངོན་ཞིང༌། རྩིག་ཐབ་མ་འགྲུབ་ན་བྲིས་ཐབ་བྱ་ཞིང༌། དེ་ཡང་མ་འགྲུབ་ན་ཐིག་ཙམ་འདེབས་པ་དང༌། ཤིན་ཏུ་བསྡུས་ན་ར་བའི་ནང་ཐིག་ཚུན་ཆད་གདབ་ཅིང༌། དེ་ཕན་ཆད་ཡིད་ཀྱི་བསམ་པ་ལས་དངོས་སུ་མ་བྲིས་ཀྱང་རུང་བ་ཙམ་ཡིན་ཏེ། དགོས་པའི་དོན་གྱི་གཙོ་བོ་འགྲུབ་པའི་ཕྱིར་དང༌། ཆོ་ག་གཞན་དང་རིག་པ་མཚུངས་པའི་ཕྱིར་རོ། །གོ་སྐབས་ཡངས་ཤིང་ལོང་ཡོད་ལ་རྒྱུ་ཚོགས་འཛོམ་དུ་རུང་བའི་སྐབས་ནི། རྒྱུད་འགྲེལ་ལས་རྩལ་དུ་སྟོན་ནས་གསུངས་པའི་ཕྱིར། ཐབ་ཀྱི་ ― TNT02_Page_0586 ―
[མ་དཔེ་གཟིགས་ན་འདིར་གནོན།]
དཀྱིལ་འཁོར་རྒྱས་པ་ཉིད་བྲི་དགོས་ལ། ཕྱེ་མས་འབྲི་བའམ། ཆུ་ཚོན་ཉིད་ཀྱིས་འབྲི་བ་ཇི་ལྟར་བྱས་ཀྱང་འདྲ་སྟེ། རྡུལ་ཚོན་ཉིད་ཀྱི་རྣམ་གྲངས་སུ་འགྱུར་རོ། །ལས་ཐམས་ཅད་པ་གཉིས་ལ་ཁ་ཁྱེར་ཚུན་ཆད་ཐམས་ཅད་ལྗང་ཁུ་དང༌། ཞི་རྒྱས་ལ་དཀར་པོའོ། །དེ་ལ་ཐོག་མ་ཞི་བ་རྐྱང་བའི་སྦྱིན་སྲེག་ནི། ཀུ་ཤ་དང་བཅས་པའི་མཆོད་ཡོན། ཙན་དན་དཀར་པོའི་དྲི་ཆབ། མེ་ཏོག་དཀར་པོའི་དྲི་ཞིམ་པ། བསིལ་བའི་བདུག་སྤོས། རྩི་མར་གྱི་སྣང་གསལ། འོ་མ་དང་འབྲས་ཆན་གྱི་ཞལ་ཟས། གཞན་ཡང་གོས་ཟུང་ལ་སོགས་པ་མཆོད་རྫས་དཀར་པོ་དང༌། འོ་མ་ཅན་གྱི་ཡམ་ཤིང་མཐེའུ་ཆུང་ལས་མི་ཕྲ་ཞིང་མཐེ་བོང་ལས་མི་སྦོམ་ལ། དཀྱུས་སུ་མཐོ་གང་པ་ལ་ལྔ་བརྒྱ་བཞི་བཅུ་ལ་བརྒྱ་བརྒྱ་རེ་ཚན་དུ་བཅང་བ་དང༌། དུར་བ་འོ་མས་སྦགས་པའི་སྲེག་རྫས། གཞན་ཡང་སྲེག་རྫས་དཀར་པོ་ཇི་སྙེད་པ་དང༌། མར་ཁུ་བུད་ཤིང་དགང་བླུགས་ལ་སོགས་པ་ཚོགས་པར་བྱས་ཤིང༌། དུས་ཀྱང་ཞི་བ་ལ་ཀརྐ་ཊ་དང་སེང་གེའི་ཁྱིམ་དུ་བཤད་པར་དམིགས་གསལ་ཅན་གྱི་ལས་ངེས་པར་སྒྲུབ་པའི་དབང་དུ་བྱས་པ་ཡིན་ལ། བསྙེན་པའི་ཁ་སྐོང་དང་ལྷ་མཆོད་པ་རྒྱུན་གྱི་ཉམས་ལེན་ལ་ངེས་པ་མེད་དོ། །ཐབ་ཏུ་བུད་ཤིང་ཡང་བཅུག རང་ཉིད་ཆས་གོས་དཀར་པོར་བསྒྱུར་ཏེ། ཐབ་ཁུང་གི་ལྷོར་སྐྱིལ་ཀྲུང་གི་འདུག་ནས། རྡོ་རྗེའི་ཞལ་དག་པ་ནས་བརྩམས། ཡུལ་བདག་གྲོང་བདག་གི་གཏོར་མ་དང་བདུད་སྲེག་པ་ལ་སོགས་པ་བགེགས་ལ་ཕུར་བུས་གདབ་པའི་བར་དུ། སྒྲུབ་ཐབས་ཀྱི་སྔོན་འགྲོ་དང་འདྲ་བ་ལས། བསྲུང་མ་དྲུག་ཅུའི་བསྐྱེད་པ་སོགས་མ་ལྕོགས་ན། ཁྲོ་བཅུ་ཙམ་གྱི་ ― TNT02_Page_0587 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཆོག་པས། ཐུགས་དཀྱིལ་སྒྲུབ་ཐབས་སུ་བཤད་པ་ལྟར་བྱས་ཀྱང་རུང་ལ། ཕུར་བཏབ་ཀྱི་སྐབས་སུ་ཕུར་བུ་བཅུ་དངོས་སུ་འགོད་ཅིང༌། ནྱ་གྲོ་ཏའི་ཕུར་བུར་མོས་པ་ཙམ་བྱ། ཕུར་བུ་སྲུང་བའི་དོན་དུ། ཨོཾ་ཧཾ་ཀྲོ་དྷ་སོགས་བརྗོད། དེ་དག་ཐམས་ཅད་ལ་མཆོད་བསྟོད་ཙམ་བྱས་ལ། རང་གིས་སྒོམས་པའི་སྲུང་འཁོར་བདག་ཉིད་ལ་བསྡུ། བར་འདིར་བདག་བསྐྱེད་དཀྱིལ་འཁོར་རྒྱས་བསྡུས་གང་ཡང་རུང་བ་ཞིག་སྒོམ་པའང་ཡོད་ལ། བསྡུ་ན་བདག་ཉིད་དུས་ཀྱི་འཁོར་ལོ་སྐད་ཅིག་གིས་གསལ་བཏབ་ནས། ཟླ་བའི་སྐུ་དང་ཟུང་གི་ཞབས་ཏེ་སོགས་ཤོ་ལོ་ཀ་གསུམ་འདོན། རྣམ་བཅུ་དབང་ལྡན་གྱི་བཟླས་པ་ཅུང་ཟད་བྱ། མཆོད་ཡོན་བསངས་སྦྱངས། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ཞེས་པ་བརྒྱ་ཙམ་བཟླ། ཀུ་ཤའི་རྩེ་མོས་མཆོད་ཡོན་ནས་བླངས་ཏེ། རང་དང་ཐབ་དང་ཡོ་བྱད་ཐམས་ཅད་ལ་གཏོར། ཨོཾ་ཨཱཿཧཱུཾ་ཧྲཿཕཊ་ཅེས་མང་དུ་བརྗོད། དཀྱིལ་ཆོག་བཞིན་མཆོད་པ་བྱིན་རླབས་བྱ། ཨོཾ་ཨཱཿཧཱུཾ་ཧོཿ ཞེས་ལན་མང་དུ་བརྗོད་ཅིང་སྲེག་རྫས་རྣམས་བདུད་རྩིར་བྱིན་གྱིས་རླབས། ཨོཾ་ཤཱུ་ནྱ་ཏ་སོགས། སྟོང་པའི་ངང་ལས་ཞི་བའི་མེ་ཐབ་དཀར་པོ་ཟླུམ་པོ་རྒྱར་ཁྲུ་གང་དཔངས་སུ་ཁྲུ་ཕྱེད། དབུས་སུ་པདྨ་དཀར་པོ་འདབ་བརྒྱད་མཚན་མ་དགུ་དང་བཅས་པ། ཁ་ཁྱེར་ལ་པདྨའི་འཕྲེང་བ་དང༌། ཁ་ཁྱེར་གྱི་དཔངས་ལ་པད་འདབ་གྱི་འཕྲེང་བ་རྩེ་མོ་འོག་ཏུ་ཕྱོགས་པ་དང༌། ཕྱི་རོལ་ཀྱི་ས་གཞི་ལ་དུར་བས་ཁྱབ་པ། དེའི་ཕྱི་རོལ་གཞལ་མེད་ཁང་སྒོ་གཅིག་ ― TNT02_Page_0588 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའོ། །ཐབ་ཀྱི་ནང་དང་རང་གི་སྙིང་གར་པདྨ་དང་ཟླ་བའི་སྟེང་དུ། མེ་ལྷ་དཀར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་ན་པདྨ་དང་ཤེལ་གྱི་བགྲང་འཕྲེང༌། གཡོན་གཉིས་ན་རིལ་པ་སྤྱི་བླུག་དང་དུང་དཀར་འཛིན་པ། རྒྱན་དང་ན་བཟའ་དཀར་པོ་ཅན། རལ་པ་སེར་སྐྱ་དང་མིག་དམར་སེར། པདྨའི་སྐྱིལ་ཀྲུང་གི་བཞུགས་པའོ། །མཆོད་ཡོན་སྒྲུབ་ཟིན་ནས་འདི་ཡན་ཆད་ཅི་བདེ་བར། མེ་སྦར་ཞིང་བྲམ་ཟེའི་ཁྱིམ་ནས་བླངས་ཏེ་འོ་མ་ཅན་གྱི་ཤིང་ལས་མེ་སྦར་བར་བཤད་པས་དེ་ལྟར་མོས་སོ། །ཟླ་བ་རྣམ་པར་དག་པའི་རང་བཞིན་མེ་ལྷ་དེ་གཉིས་ཀྱི་ཐུགས་ཀར་ཟླ་བ་ལ་གནས་པའི་ཛཿཡིག་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ལྕགས་ཀྱུ་འོད་ཟེར་འཕྲོ་བ་རྣམ་པར་འཕྲོས་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་པར་གྱུར། ཨོཾ་ཨེ་ཧྱ་ཧི་མཧཱ་བྷཱུ་ཏ་དེ་བ་རི་ཥི་དྭེ་ཛ་སཏྟ་མ་གྲྀ་ཧཱི་དྭ་ཡུརྡྷཾ་མཧཱ་ར་སྨིན་སནྣི་ཧི་ཏོ་བྷ་ཝ་བཛྲ་དྷཱ་ར་ཨཛྙཱ་པ་ཡ་ཏི་སྭཱཧཱ། ཞེས་པ་ལན་གསུམ་དང༌། ཨོཾ་ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །ལྷའི་དྲང་སྲོང་གཉིས་སྐྱེས་མཆོག །མཚོན་ཆ་འཛིན་པ་འོད་ཟེར་ཆེ། །འདིར་ནི་ཡང་དག་ཕན་པར་མཛོད། །རྡོ་རྗེ་འཛིན་པའི་བཀའ་བཞིན་དུའོ་སྭཱཧཱ། མཆོག་སྦྱིན་གྱི་ཕྱག་རྒྱས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ ཞེས་དགུག་གཞུག་བཅིང་མཉེས་པར་ ― TNT02_Page_0589 ―
[མ་དཔེ་གཟིགས་ན་འདིར་གནོན།]
མོས། དེ་ནི་སྲེག་བྱ་ཟ་བ་མཆོད་སྦྱིན་གྱི་མེ་ལྷ་ཤ་ཟའི་མེ་ལྷ་སྤྱན་འདྲེན་པའོ། །རྡོ་རྗེ་ཁུ་ཚུར་གྱི་སྟེང་དུ་མཐེ་བོས་མནན་པའི་ཕྱག་རྒྱ་བཅས་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཨགྣི་བཛྲ་སཏྭ་སརྦ་པཱ་པཾ་ད་ཧ་ད་ཧ་སྭཱཧཱ། ཞེས་ལན་གསུམ་དང༌། ཨོཾ་སྡིག་པ་ཐམས་ཅད་སྲེག་པ་རྡོ་རྗེའི་མེ། །རྡོ་རྗེ་སེམས་དཔས་སྡིག་ཀུན་སྲེགས་ཤིག་སྲེགས་སྭཱཧཱ། རང་གི་སྙིང་གར་གནས་པའི་ཡེ་ཤེས་གདོད་མའི་མེ་ལྷ་དེ་ཉིད་དབུགས་ཕྱིར་འབྱུང་བ་དང༌། ལྷན་ཅིག་ཕྱི་རོལ་ཏུ་བྱོན་ཏེ། ཐབ་ནང་གི་མེ་ལྷ་དང་རོ་གཅིག་ཏུ་འདྲེས་པར་གྱུར། ཛཿཧཱུཾ་བཾ་ཧོཿ ཞེས་ཏེ་དེ་ནི་འདོད་པའི་མེའམ་མི་བཟད་པའི་མེ་ཞེས་ཀྱང་བྱ་སྟེ། དེ་ཉིད་སྤྱན་དྲངས་པའོ། །ཨོཾ་བཛྲ་ཨ་ན་ལ་སརྦ་བྷཱུ་ཏཱ་ན་ཛྭ་ལ་སརྦན་བྷསྨི་ཀུ་རུ་སརྦ་ཛཱ་ན་དུཥྟན་ཧཱུཾ་ཕཊ་སྭཱཧཱ། ཞེས་དང༌། ཨོཾ་རྡོ་རྗེའི་མེ་ནི་འབྱུང་པོ་ཐམས་ཅད་འབར་བར་འདོད། །ཐལ་བར་མཛོད་ཅིག་སྐྱེ་བོ་གདུག་ཅན་ཐམས་ཅད་དོ། །ཧཱུཾ་ཕཊ་སྭཱཧཱ། ཞེས་པས་གཟའ་བདུན་གྱི་བདག་པོ་རྟ་བདུན་པའི་ཤིང་རྟ་ཅན་གཟའ་བདུན་གྱི་ལྕེ་བདུན་དང་ལྡན་པ་བྱོན་པར་གྱུར། ཛཿཧཱུཾ་བཾ་ཧོཿ(དུས་ཀྱི་འཁོར་ལོ་ལས། ལྷོའི་མེ་གློག་དང་ཁྱིམ་བདག་གི་མེ་ཉི་མ་དང་བསྲེག་ཟའི་མེ་དཀྱུས་མ་འདི་ཡིན། གཟའ་བདུན་གྱི་བདག་པོ་ནི་ཟླ་བའི་ལྕེ་དང་ཉི་མའི་ལྕེ་དང་སྤེན་པའི་ལྕེ་དང་པ་སངས་ཀྱྀ་ལྕེ་དང་ཕུར་བའི་ལྕེ་དང་གཟའ་ལྷག་པའི་ལྕེ་དང་མིག་དམར་གྱི་ལྕེའོ། །དེ་གསུམ་ཀུན་རྫོབ་མེ་དང༌། དོན་དམ་མེ་ནི་ ― TNT02_Page_0590 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡེ་ཤེས་གདོད་མའི་མེ་རང་གི་སྙིང་ག་ནས་སྤྲོ་བ་དེ་ཡིན།)དེ་ལྟར་ན་ཁྱིམ་བདག་གི་མེ་དང༌། སྲེག་བྱ་ཟ་བའི་མེ་དང༌། བདེན་པ་ཡེ་ཤེས་ཀྱི་མེ་ཀུན་ཏུ་དགའ་བའི་ཆོས་ཅན། སྒྲིབ་པ་མེད་པའི་ཕུང་པོ་ལ་སོགས་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ངོ་བོའོ། །དེ་ནས་མཆོད་པ་འབུལ་བ་ནི། ཨོཾ་པྲ་བ་ར་སཏ་ཀཱ་རཾ་མཧཱ་རསྨཱིན་ཨརྒྷཾ་པྲ་ཏཱིཙྩ་སྭཱཧཱ། ཞེས་པས་མཆོད་ཡོན་བཟེད་ཞལ་དུ་ལན་བདུན་ལ་སོགས་པར་ཕུལ། ཨོཾ་བཛྲ་གནྡྷཾ་པྲཏཱིཙྪ་སྭཱཧཱ། ཞེས་པ་ནས། ཨོཾ་བཛྲ་ཀ་མཾ་པྲཏཱིཙྪ་སྭཱཧཱ། ཞེས་པའི་བར་མཆོད་པ་བཅུ་གཉིས་ཀྱིས་མཆོད། རྣམ་དག་ཡེ་ཤེས་མེ་དཔུང་འབར་བ་ཡིས། །ཕུང་པོ་ཁམས་སོགས་སྒྲིབ་པའི་བུད་ཤིང་རྣམས། །སྐད་ཅིག་ཉིད་ལ་བསྲེག་ཅིང་གསོལ་མཛད་པ། །བཅོམ་ལྡན་མེ་ཡི་ལྷ་ལ་ཕྱག་འཚལ་ལོ། །ཞེས་པ་ཙམ་མམ། སྤྲོ་ན་འོག་ནས་འབྱུང་བའི་བསྟོད་པ་རྒྱས་པས་བསྟོད། ཡམ་ཤིང་བསྲེག་རྫས་བསྲེག་བླུག་རྣམས་ཟླ་བའི་ལྕེ་ལ་ཕུལ་བས་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་ཟག་མེད་ཀྱི་བདེ་བས་ཚིམ་པར་གྱུར། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿསྭཱཧཱ། ཞེས་པས་ཡམ་ཤིང་མར་གྱིས་སྦགས་པ་བརྒྱ་རྩ་བརྒྱད། ཨུ་དུམ་ཝ་ར་ལ་སོགས་པའི་ཤིང་དུ་མོས་ལ་འབུལ། དེ་བཞིན་དུ་དུར་བ་འོ་མས་སྦགས་པ་བརྒྱ་རྩ་བརྒྱད་ཀྱང་སྔགས་དེ་ཉིད་ཀྱི་འབུལ། ཨོཾ་ ― TNT02_Page_0591 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྭཱཧཱ། ཞེས་པས་ཀྱང་དགང་བླུགས་བརྒྱ་རྩ་བརྒྱད་འབུལ། ལས་སྔགས་སྦྱོར་ཚུལ་ནི་སྔགས་རེ་རེ་བཞིན་སྦྱོར་བའམ། བདུན་བདུན་ཙམ་རེ་ལ་སྦྱོར་ལ། བརྒྱ་རྩ་བརྒྱད་ཀྱི་ཐ་མ་ཁོ་ན་ལ་སྦྱར་ཀྱང་རུང་སྟེ། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿབདག་ཅག་དཔོན་སློབ་དཔོན་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི། སྡིག་སྒྲིབ་ནད་གདོན་བར་ཆད་ཉེ་བར་འཚེ་བ་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱཧཱ། ཨོཾ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་སྡིག་སྒྲིབ་ནད་གདོན་བར་ཆད་ཉེ་བར་འཚེ་བ་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱཧཱ། ཞེས་པ་ལྟ་བུ་སྟེ། དམིགས་བསལ་ཡོད་ན་བདག་གམ། བསྒྲུབ་བྱའི་མིང་དངོས་སུ་འཇུག་ཅིང༌། ནད་དང་བྱུར་ཆགས་འདི་ལྟ་བུ་ཞེས་མིང་གསལ་བར་བརྗོད། འདིས་འོག་མ་ཀུན་ལའང་རིགས་འགྲེས་ཏེ། སྡེ་ཚན་དང་པའོ། །དེ་བཞིན་དུ། ཨོཾ་ཧྲཾ་ཧྲིཾ་ཧྲཿསྭཱཧཱ། ཞེས་པས་ཡམ་ཤིང་བརྒྱ་རྩ་དང་སྲེག་རྫས་བརྒྱ་རྩ་གོང་བཞིན་ཕུལ། ཨོཾ་སྭཱཧཱ། ཞེས་པས་དགང་བླུགས་བརྒྱ་རྩ་སྟེ། སྡེ་ཚན་གཉིས་པའོ། །ཨོཾ་ཨ་ཨཱ་ཨི་ཨཱི་རྀ་རཱྀ་ཨུ་ཨཱུ་ལྀ་ལཱྀ་ཨཾ་ཨཱཿསྭཱཧཱ། ཞེས་པས་ཡམ་ཤིང་དང་བསྲེག་རྫས་འབུལ། དགང་བླུགས་ཡང་གོང་བཞིན་འབུལ་ཏེ་སྡེ་ཚན་གསུམ་པའོ། །ཨོཾ་ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཿསྭཱཧཱ། ཞེས་པས་ཡམ་ཤིང་དང་བསྲེག་རྫས་འབུལ། བསྲེག་ ― TNT02_Page_0592 ―
[མ་དཔེ་གཟིགས་ན་འདིར་གནོན།]
བླུགས་ཀྱང་གོང་བཞིན་འབུལ་ཏེ་སྡེ་ཚན་བཞི་པའོ། །ཨོཾ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཧཾ་ཧཱ་སྭཱཧཱ། ཞེས་པས་ཡམ་ཤིང་དང་བསྲེག་རྫས་འབུལ། བསྲེག་བླུགས་ཀྱང་སྔར་བཞིན་འབུལ་ཏེ་སྡེ་ཚན་ལྔ་པའོ། །དེ་ལྟར་ན། སྡེ་ཚན་ལྔ་པོ་སོ་སོར། ཡམ་ཤིང་ནི་བརྒྱ་བརྒྱད་ངེས་པར་འབུལ་དགོས་ལ། བསྲེག་རྫས་དང་དགང་བླུགས་ནི་དེ་ཙམ་མ་འབྱོར་ན་ཇི་ལྟར་རིགས་པ་དང༌། བསྲེག་རྫས་ཀྱང་དུར་བ་འོ་མས་སྦགས་པ་ཞི་བ་ལ་གཙོ་བོ་ཡིན་མོད་ཀྱི། དགེ་བའི་ལས་ལ་འོས་པའི་བསྲེག་རྫས་གཞན་ཇི་ལྟར་འོས་པ་ཕུལ་ཡང་མི་འགལ་ཞིང་ལེགས་པ་ཡིན་ནོ་ཞེས་པ་ནི་དམ་པ་རྣམས་ཀྱི་མན་ངག་གོ །དེ་བཞིན་དུ་བསྡུས་པར་ན་ཡམ་ཤིང་ལྔ་བརྒྱ་བཞི་བཅུ་ཕུལ་བའི་རྗེས་སུ། སྔགས་ཚན་ལྔ་པོ་སྡོམ་པ་ལ་བསྲེག་རྫས་བརྒྱ་རྩ་ཙམ་དང༌། རྣམ་བཅུ་དབང་ལྡན་གྱི་སྔགས་ཀྱི་དགང་བླུགས་ཀྱང་དེ་ཙམ་འབུལ་ཞིང༌། སྤྲོས་པ་ལ་དགའ་ན་སྡེ་ཚན་རེ་རེའི་མཐར། གོང་བཞིན་མཆོད་པ་བསྟོད་ཀྱང་བྱའོ། །དེ་བཞིན་དུ་མེ་ལྷ་ལ་གཏོར་མ་འབུལ་བ་ཡང་སྟེ། དེ་དག་ཀྱང་གནས་སྐབས་ཅི་རིགས་པར་ལག་ལེན་ལ་གདབ་པར་བྱ་བ་ཡིན་ཏེ་བླ་མའི་ངག་གོ །སྐབས་འདིར་ནི་ངེས་པར་གོང་བཞིན་མཆོད་པ་བཅུ་གཉིས་ཀྱིས་མཆོད། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཊཀྐིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་ ― TNT02_Page_0593 ―
[མ་དཔེ་གཟིགས་ན་འདིར་གནོན།]
བསྲེགས། །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཚངས་དབང་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་སྐྱབས་པའི་ཕྱིར། །ཐུགས་རྗེའི་དབང་གི་སྐུ་སྤྲུལ་པ། །ཉོན་མོངས་བསྲེགས་པའི་ཤེས་རབ་འོད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱི་སྤྲུལ་པའི་ཐེག་པ་འཆིབས། །བདུད་རྩིའི་བཅུད་ལྡན་གྷནྡྷེ་བསྣམས། །རིགས་སྔགས་གསུང་གི་བགྲང་འཕྲེང་འཛིན། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །མཆོག་སྦྱིན་རྡོ་རྗཻ་མཆོག་ཁྱོད་འདུད། །སོགས་འདུད་ཉི་ཤུ་དང༌། སྤྲོ་ན། གང་ལ་ཐོག་མཐའ་དབུས་མེད་སོགས་ཀྱང་བྱ། གླིང་རྣམས་མུན་པས་ཁེབས་པ་སེལ་མཛད་ཅིང༌། །རྩི་ཤིང་མེ་ཏོག་འབྲས་སོགས་སྨིན་མཛད་ནས། །འགྲོ་མང་ཉེར་འཚོའི་བརྟེན་དུ་གང་གྱུར་པ། །གཟའ་བདུན་བདག་པོ་ཁྱིམ་བདག་མེ་ལ་འདུད། །ཅེས་བསྟོད། གཏོར་མ་བྱིན་རླབས་རྒྱས་བསྡུས་གང་རུང་བྱས་ལ། ཨོཾ་ཨཱཿཧཱུཾ་ཧོཿམཧཱ་རསྨི་ས་པ་རི་ཝ་ར་བྷྱཿ ཨི་དམ་བ་ལིང་གནྡྷཾ་སོགས་སྲུང་མ་དྲུག་ཅུའི་གཏོར་སྔགས་སྦྱར་བའི་ལན་གསུམ་འབུལ་བའམ། ཡང་ན་གོང་གི་སྤྱན་འདྲེན་ ― TNT02_Page_0594 ―
[མ་དཔེ་གཟིགས་ན་འདིར་གནོན།]
གྱི་སྔགས་གསུམ་པོ་རེ་རེའི་མཐར། གཏོར་སྔགས་སྦྱར་ནའང་ལེགས་པར་འགྱུར་རོ། །སྲུང་མ་དྲུག་ཅུ་སོགས་ཡི་དམ་ཆོས་སྐྱོང་གཞན་གྱི་གཏོར་མ་འབུལ་ན་ཡང་སྐབས་འདིར་འབུལ་ལོ། །དེ་ནས་སློབ་མས་མཆོད་ཡོན་གྱི་སྣོད་བཟུང༌། སློབ་དཔོན་གྱིས་ཟན་དང་ཆུ་ཐོགས་ནས་ཕྱི་རོལ་ཏུ་སོང་སྟེ། ཨོཾ་བྷཱུ་ར་བྷུ་བཿསྭཱཧཱ། ན་མོ་དེ་བེ་བྷྱཿ སྭཱ་སྟི་པྲ་ཛ་བྷྱཿ སྭཱཧཱ་རཱ་ཛ་བྷྱཿ སྭཱདྷ་བི་ཏྲི་བྷྱཿ ཨ་ལཾ་བྷཱུ་ཏེ་བྷྱཿ བ་ཥ་ཌ་ཨིནྡྲ་ཡ། ཞེས་པ་དང༌། སྟེང་ན་བྱང་ཆུབ་སེམས་དཔའ་གང་དག་ཅེས་སོགས་ནས་བཀྲ་ཤིས་ཅི་རིགས་པ་བརྗོད་ནས་ཕྱི་རོལ་ཏུ་གཏོར། རང་ལ་བསངས་གཏོར་དང་ཉེ་རེག་བྱས་ནས། སླར་ཡང་དཀྱིལ་འཁོར་གྱི་ནང་དུ་ཞུགས་ཏེ། ཨོཾ་ཨཱཿཧཱུཾ་ཀཱ་ཡ་ཝཀ་ཙིཏྟ་སྭ་བྷཱ་ཝ་ཤུདྡྷེ་སྭཱཧཱ། ཞེས་པས་མེ་ལ་ཀུ་ཤས་བསངས་གཏོར་བྱ། སླར་ཡང་གོང་བཞིན་མཆོད་བསྟོད་བྱས་ནས། ཡིག་བརྒྱ་ལན་གསུམ་དང༌། མ་འབྱོར་པ་དང་ཉམས་པ་དང༌། །སོགས་བཟོད་པར་གསོལ། སྲིད་ཞི་མཉམ་ཉིད་ཆེན་པོ་ཡི། །མེ་ལྷ་འཁོར་དང་བཅས་རྣམས་ཀྱིས། །བདག་དང་སེམས་ཅན་ཐམས་ཅད་ལ། །དངོས་གྲུབ་དམ་པ་སྩལ་དུ་གསོལ། །ཅེས་སོགས་ཡིད་ལ་འདོད་པའི་དོན་ཐམས་ཅད་གསོལ་བ་བཏབ་སྟེ། ཨོཾ་ཛཿགཙྪ་གཙྪ་མཧཱ་རསྨི་སྭ་སྠ་ནཾ་སཾ་ཏྲིབ་ཏོ་ཧོ། པུ་ན་ར་ག་མི་ཥྱ་སི། དེ་བཱ་སྱ། ཡ་ད་ཨཱ་ཧཱ་ན་ཡཱ་མི་སྭཱཧཱ། ཨོཾ་ཛཿ གཤེགས་ ― TNT02_Page_0595 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཤིག་གཤེགས་ཤིག་འོད་ཟེར་ཆེ། །ཚིམས་ནས་རང་གི་གནས་སུའོ། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ལྷ་འདིར་གང་ཚེ་སྤྱན་དྲངས་ནའོ། །སྭཱཧཱ། ཞེས་པས་དབུགས་ནང་དུ་འཇུག་པ་དང་ལྷན་ཅིག་ཡེ་ཤེས་ཀྱི་མེ་རང་གི་སྙིང་གར་ཐིམ། ཤ་ཟའི་མེ་དང་ཁྱིམ་བདག་གི་མེ་ཡང་རང་རང་གི་གནས་སུ་གཤེགས། སྨོན་ལམ་དང་བཀྲ་ཤིས་སོགས་སྤྱི་དང་འདྲ༌། མེ་རང་བཞིན་ཀྱི་ཞི་བ་ན་ཐལ་བས་ཆུ་དང་སྐམ་ལ་གནས་པའི་སེམས་ཅན་ལ་ཕན་གདགས་པར་བྱའོ། །རྒྱས་པ་ཁོ་ནའི་ལས་ཀྱང་ཕལ་ཆེར་དེ་དང་འདྲ་བ་ལས། རྒྱས་པ་རྐྱང་བའི་སྦྱིན་སྲེག་ལ་ནི། ཞོ་དང་འབྲས་ཆན་གྱི་ཞལ་ཟས་དང༌། འབྲས་སོ་བ་མོན་སྲན། ཙན་དན་དཀར་པོ། སྲན་དཀར་ནར་མོ། ཏིལ་ནག་ལ་སོགས་པ་འབྲུ་ལྔ་ཚན་ཅིག་མར་ལ་སྦགས་པའི་བསྲེག་རྫས་དང༌། ཨ་ཤྭད་ཐའི་ཕུར་བུ་དང༌། འཁྲིག་པ་དང་བུ་མོའི་ཁྱིམ་དུ་དང༌། མེ་ལྷའི་ཕྱག་གཡས་ན་འཁོར་ལོ་དང་མུ་ཏིག་གི་འཕྲེང་བ། གཡོན་ན་པདྨ་དང་སྤྱི་བླུགས་དང་ཉི་མ་རྣམ་པར་དག་པ་དང༌། རྡོ་རྗེའི་སྐྱིལ་ཀྲུང་ཏུ་བཞུགས་པ་དང༌། མེ་ཐབ་གྲུ་བཞི་པ། རྒྱར་ཁྲུ་དོ་དང༌། དཔངས་སུ་ཁྲུ་གང་བ་དང༌། ཉི་མའི་ལྕེ་ལ་ཕུལ་བར་བསམ། ཡམ་ཤིང་དང་བསྲེག་རྫས་དགང་བླུགས་འབུལ་བའི་སྔགས་ལ། ན་མཿའི་མཐའ་ཅན་དང༌། སྤེལ་ཚིག་གི་སྐབས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི། ― TNT02_Page_0596 ―
[མ་དཔེ་གཟིགས་ན་འདིར་གནོན།]
དཔལ་དང་འབྱོར་པ་དང་ཚེ་དང་བསོད་ནམས་དང་སྟོབས་དང་དབང་ཐང་པུཥྟིཾ་ཀུ་རུ། ཞེས་བརྗོད་པ་ནི་ཁྱད་པར་རོ། །དེ་བཞིན་དུ་ཞི་བ་ལས་ཐམས་ཅད་པ་ནི་ཞི་པ་དང་འདྲ་ལ། རྒྱས་པ་ལས་ཐམས་ཅད་པ་ནི་རྒྱས་པ་དང་འདྲ་བ་ལས། ཐབ་བསྐྱེད་པའི་སྐབས་སུ་མེ་ཐབ་ལྗང་ཁུ་བྱེད་པ་དང༌། རེ་ཁའི་དཀྱིལ་འཁོར་གཉིས་ཀྱི་བར་དུ་ཁ་ཁྱེར་དང་བཅས་པ། ཐབ་ཀྱི་དབུས་སུ་དཀྱིལ་འཁོར་གྱི་མཚན་མ་ལྷའི་གདན་དང་བཅས་པ་ཡོངས་སུ་རྫོགས་པ་དང༌། མེ་ལྷ་ལྗང་ཁུ་བཞད་པའི་ཞལ། གཡས་གཉིས་ན་རྡོ་རྗེ་དང་བགྲང་འཕྲེང༌། གཡོན་གཉིས་ན་དྲིལ་བུ་དང་པདྨ་འཛིན་པ་མི་བསྐྱོད་པའི་དབུ་བརྒྱན་ཅན་ནོ། །བརྒྱན་དང་གོས་དམར་སེར་ཅན། ཞི་བ་ལ་སྒྲ་གཅན་དང༌། རྒྱས་པ་ལ་དུས་མེ་རྣམ་པར་དག་པའོ། །ཞེས་པ་དང་ཐབ་ཀྱི་ཕྱི་རོལ་ཏུ་ཀུ་ཤ་འགྲཻམས་པ་རྣམས་ཁྱད་པར་རོ། །གཞན་ཡང་བསད་པ་ལ་ཐབ་ཁུང་གཞིའི་རྣམ་པ་ཁྲུ་ཕྱེད་པ་དང༌། བསྐྲད་པ་ལ་ཟུར་ལྔ་པ་ཁྲུ་གང་བ་དང༌། དབང་ལ་ཟུར་གསུམ་སོར་ཉི་ཤུ་པ་དང༌། དགུག་པ་ལ་ཟུར་བདུན་སོར་བཞི་བཅུ་པ་དང༌། རྨོངས་པ་ལ་ཟུར་དྲུག་སོར་སུམ་ཅུ་པ་དང༌། རེངས་པ་ལ་ཟུར་བརྒྱད་སོར་དྲུག་ཅུ་པ་དང༌། དེ་དག་སོ་སོ་ལ་ཡང་མཆོད་ཡོན་གྱི་སྣོད་དང༌། མཆོད་ཡོན་དང༌། ཉེར་སྤྱོད་དང༌། ཕུར་བུ་དང༌། ཐབ་ཀྱི་མཚན་མ་དང༌། ཁ་ཁྱེར་གྱི་དཔངས་ཀྱི་མཚན་མ་དང༌། དེའི་ཕྱི་རོལ་ཏུ་འགྲམ་པ་དང༌། ཕྱོགས་དང༌། ཁ་དོག་དང༌། དུས་དང༌། འདུག་སྟངས་དང༌། མེ་ལྷ་དང༌། ― TNT02_Page_0597 ―
[མ་དཔེ་གཟིགས་ན་འདིར་གནོན།]
དུས་ལྕེ་དང༌། སྔགས་ཀྱི་མཐའ་དང་སྤེལ་ཚིགས་ལ་སོགས་པ་རེ་རེ་བཞིན་ཐ་དད་དུ་ཡོད་པ་རྣམས། སོ་སོར་ངེས་པར་བྱ་དགོས་ཏེ། མཐའ་དག་ནང་གི་མུན་སེལ་ལས་རྟོགས་པར་བྱ་ཞིང༌། བློ་གྲོས་ཆེན་པོ་རྣམས་ཀྱིས་རྒྱུད་འགྲེལ་ཆེན་པོ་ལས་ཀྱང་ངོ༌། །འདིར་སྦྱིན་བསྲེག་གཞན་གྱི་ལུགས་ལྟར། མེ་ལྷའི་ཐུགས་ཀ་སོགས་སུ་དཀྱིལ་འཁོར་བསྐྱེད་པ་ནི་མི་དགོས་ཀྱང༌། བསྲེག་རྫས་འབུལ་བའི་སྡེ་ཚན་ལྔ་པོ་ལ། ལྷ་སོ་སོའི་ངོ་བོར་མོས་པ་དགོས་སམ་སྙམ་ན་འདི་ཡང་མཐའ་གཅིག་ཏུ་མི་དགོས་ཏེ། དབྱངས་ལྔ་རིང་ཐུང་དང༌། ཡོན་ཏན་དང༌། འཕེལ་བ་དང༌། ཡ་ཎ་ར་བསྒྱུར་བ་རིང་ཐུང་རྣམས་དག་སྦྱོར་གྱི་ཁྱད་པར་གཞན་མང་པོ་ལ་ལྟོས་པ་དང༌། ལས་དང་དངོས་གྲུབ་ཀྱི་ཁྱད་པར་སྣ་ཚོགས་པ་འགྲུབ་པའི་དགོས་དོན་མང་པོ་དབང་གི་ཡིན་གྱི། ཐུགས་དཀྱིལ་གྱི་ལྷའི་ས་བོན་ཁོ་ནར་དམིགས་པ་མ་ཡིན་པའི་ཕྱིར་རོ། །དེས་ན་ཡེ་ཤེས་ཀྱི་མེ་ལྷ་ཉིད་དཀྱིལ་འཁོར་གྱི་ལྷ་ཀུན་འདུས་ཀྱི་ངོ་བོ་ཡིན་པའི་ཕྱིར། སྤྲོས་པ་གཞན་གྱིས་ཅི་ཞིག་བྱ། འོན་ཏེ་བླ་མའི་མན་ངག་དང༌། རང་གི་མོས་པའི་ཁྱད་པར་གྱིས། རྒྱ་གར་གྱི་སློབ་དཔོན་རྣམས་ཀྱིས་མཛད་པའི་སྦྱིན་ ― TNT02_Page_0598 ―
[མ་དཔེ་གཟིགས་ན་འདིར་གནོན།]
བསྲེག་གི་ཆོ་ག་འདིར་སྦྱོར་བ་དང༌། མེ་ལྷའི་ཐུགས་ཀར་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པ་སོགས་ཀྱང་ནན་གྱི་བྱེད་ན་འདིར་ཅི་ཞིག་འགོག དེས་ན་འོད་ཀྱི་སྙེ་མ་དང༌། རྒྱུད་འདིར་གསུངས་པའི་ཆོ་ག་སྦྲགས་མ་བྱེད་པར་སྤྲོ་ན། ཕྱིས་ཀྱི་དུས་འཁོར་བ་མང་པོས་མཛད་ཅིང༌། ཁྱད་པར་བཀའ་སྲོལ་འདི་ལ་ཡང༌། ཆོས་རྒྱལ་ཕྱོགས་ལས་རྣམ་རྒྱལ་དང༌། དེ་ཉིད་ཀྱི་ཐུགས་སྲས་རྣམས་ཀྱིས་མཛད་པ་ལྟར་ཤེས་པར་བྱའོ། །ཞེས་པ་དཔལ་དུས་གྱི་འཁོར་ལོའི་སྦྱིན་བསྲེག་གི་ཆོ་ག་ནང་གི་མུན་སེལ་གྱི་ལག་ལེན་ཞེས་བྱ་བ་འདི་ཡང༌། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྒྲུབ་གནས་ཆེན་པོ་ཇོ་ནང་དུ་སྨྲས་པའོ།། །།སརྦ་མངྒ་ལཾ། ― TNT02_Page_0599 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཤོག་སྟོང་། |