Nitartha Digital Library
Tibetan
བར་དོ་དྲུག་གི་སྔོན་འགྲོ་རྒྱབ་ཆོས་དང་བཅས་པ།


   
   
   
   
   
   
   
   
སྐྱེ་གནས་བར་དོའི་ཁྲིད་ཡིག་ཀུན་གཞི་རང་གྲོལ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྐྱེ་གནས་བར་དོའི་ཁྲིད་ཡིག་ཀུན་གཞི་རང་གྲོལ།next

སྐྱེ་གནས་བར་དོའི་ཁྲིད་ཡིག་ཀུན་གཞི་རང་གྲོལ།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི༔ རྫོགས་རིམ་བར་དོ་དྲུག་གི་ཁྲིད་ཡིག་ལས་ཉམས་ཁྲིད་དགོངས་པ་རང་གྲོལ་གྱི་དང་པོ་སྐྱེ་གནས་བར་དོའི་ཁྲིད་ཡིག་ཀུན་གཞི་རང་གྲོལ་ཞེས་བྱ་བ་བཞུགས་སོ༔

དང་པོའི་མགོན་པོ་སྐྱེ་མེད་ཀུན་ཏུ་བཟང་༔ དེ་རྩལ་འགག་མེད་ལོངས་སྐུ་ཞི་ཁྲོའི་ལྷ༔ སྣ་ཚོགས་ཤར་གྲོལ་སྤྲུལ་སྐུ་མཐའ་ཡས་འཕྲོ༔ ཞི་ཁྲོ་སྐུ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ མངལ་གྱིས་མ་གོས་རང་བྱུང་པདྨ་ངས༔ མ་འོངས་སྙིགས་མའི་འགྲོ་ལ་ཕན་བྱའི་ཕྱིར༔ རྒྱལ་བའི་དགོངས་པ་ཀུན་གྱི་དོན་བསྡུས་ནས༔ བར་དོ་རྣམ་པ་དྲུག་ཏུ་གཏན་ལ་ཕབ༔ དེ་དག་ཀུན་ཀྱང་རྩ་བ་ཉམས་ལེན་ལ༔ རག་ལས་ཕྱིར་ན་བར་དོ་དམར་ཁྲིད་ཀྱི༔ ཉམས་ཁྲིད་དགོངས་པ་རང་གྲོལ་འདི་བསྟན་གྱིས༔ འདི་ལྟར་ཉམས་སུ་ལོངས་ཤིག་ཕྱི་རབས་རྣམས༔ ས་མ་ཡ༔ དེ་ལ་འདིར་འཁོར་འདས་ཀྱི་ཆོས་ཐམས་ཅད་བར་དོ་དྲུག་ལ་མ་འདུས་པ་མེད་ཅིང་༔ དེ་ཉམས་སུ་བླང་བ་ལ་སྤྱི་དོན་གསུམ་གྱིས་སྟོན་ཏེ༔ སྒོམ་མ་སྐྱེས་པ་སྐྱེ་བར་བྱེད་པའི་སྔོན་འགྲོ་རྣམ་པ་གཉིས༔ སྐྱེས་པ་ཉམས་སུ་བླང་བ་ལ༔ ཉམས་ལེན་དངོས་གཞིའི་ཁྲིད༔ དེ་བོགས་དབྱུང་བ་རྗེས་ཀྱི་རིམ་པའོ༔ དང་པོ་སྔོན་དུ་འགྲོ་བ་ལ་གཉིས་ཀྱི་དང་པོ་ལ༔ རང་རྒྱུད་སྦྱོང་བར་བྱེད་པའི་ཁྲིད་ལ་བཞི་སྟེ༔ སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཁྲིད༔ སྡིག་པ་སྦྱོང་བར་བྱེད་པ་ཡི་གེ་བརྒྱ་པའི་ཁྲིད༔ བྱིན་བརླབས་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་གྱི་ཁྲིད༔ ཚོགས་གཉིས་རྫོགས་པར་བྱེད་པ་མཎྜལ་ཆོས་སྤྱོད་ཀྱི་ཁྲིད་དང་བཞིའོ༔ གཉིས་པ་རང་རྒྱུད་འདུལ་བར་བྱེད་པའི་ཁྲིད་ལ་གསུམ་སྟེ༔ དལ་འབྱོར་རྙེད་པར་དཀའ་བ་ལ་བསམ་པ༔ འཁོར་བའི་སྡུག་བསྔལ་བསམ་པ༔ འཆི་བ་མི་རྟག་པ་བསྒོམ་པ་དང་གསུམ་སྟེ༔ སྔོན་འགྲོ་ཡན་ལག་བདུན་ལྡན་ཉམས་སུ་བླངས་བར་བྱའོ༔ དེ་ལྟར་སྔོན་འགྲོ་རྣམས་ལ་ཉམས་མ་སྐྱེས་ཀྱི་བར་དུ་སྒོམ་ཞིང་གཏན་ལ་ཕེབ་པ་དང་༔ ༈ གཉིས་པ་དངོས་གཞིའི་རིམ་པ་ཉམས་སུ་བླང་བ་ལ་དྲུག་སྟེ༔ སྐྱེ་གནས་བར་དོའི་ཁྲིད་ཡིག་ཀུན་གཞི་རང་གྲོལ༔ རྨི་ལམ་བར་དོའི་མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟ་བུའི་གདམས་ངག །ཁྲིད་ཡིག་འཁྲུལ་པ་རང་གྲོལ༔ བསམ་གཏན་བར་དོའི་དྭ་ཕྲུག་མ་དང་འཕྲད་པ་ལྟ་བུའི་གདམས་ངག །ཁྲིད་ཡིག་རིག་པ་རང་གྲོལ༔ འཆི་ཁ་བར་དོའི་རྒྱལ་པོའི་བཀའ་ཐེམ་བསྐུར་བ་ལྟ་བུའི་གདམས་ངག །ཁྲིད་ཡིག་འཕོ་བ་དྲན་པ་རང་གྲོལ༔ ཆོས་ཉིད་བར་དོའི་མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་ངག །ཁྲིད་ཡིག་མཐོང་བ་རང་གྲོལ༔ སྲིད་པ་བར་དོའི་ཡུར་བ་རྐང་ཆད་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག །ཁྲིད་ཡིག་སྲིད་པ་རང་གྲོལ་དང་དྲུག་གོ༔ དེ་ལས་དང་པོ་སྐྱེ་གནས་བར་དོ་ཕྱི་ནང་གི་སྒྲོ་འདོགས་བཅད་པ་ཐི་བྱ་ཚང་དུ་འཇུག་པ་ལྟ་བུའི་གདམས་ངག །ཉམས་སུ་ལེན་པ་ལ༔ ཀུན་གཞིའི་གནས་ལུགས་གཏན་ལ་དབབ་པ་ལ་གསུམ་གྱི༔ དང་པོ་ལུས་རྣལ་དུ་དབབ་པ་ལ༔ ལུས་གནད་ལེགས་པར་བཅའ་མ་ཤེས་ན༔ བསྒོམ་མཚན་ཉིད་པ་རྒྱུད་ལ་མི་སྐྱེ༔ སྐྱེས་ཀྱང་གེགས་སུ་འགྲོ་བས་ལུས་གནད་གལ་ཆེ་སྟེ༔ ལུས་དྲང་བས་རྩ་དྲང་༔ རྩ་དྲང་བས་རླུང་དྲང་༔ རླུང་དྲང་པོར་གནས་པས་རིག་པ་རྣལ་དུ་ཕེབས་ནས༔ བསྒོམ་རང་བབས་སུ་འབྱུང་བས༔ ལུས་རྣལ་དུ་ཕབ་པ་ལའང་༔ ལས་དང་པོ་པས༔ ལུས་ཀྱི་བྱ་བ་ཕྱི་སོ་ནམ་ལ་སོགས་པ་འཁོར་བའི་བྱ་བ་ཐམས་ཅད་ལིངས་ཀྱིས་བཏང་༔ ནང་ཕྱག་དང་སྐོར་བ་ལ་སོགས་པའི་ཆོས་སྤྱོད་རྣམས་ཀྱང་བཏང་༔ གསང་བ་ལུས་ཀྱི་འགུལ་བསྐྱོད་ཙམ་ཡང་མི་བྱ་བར་ལུས་གནད་ཀྱི་ཐོག་ཏུ་ཙན་ནེ་མ་ཡེངས་པར་བསྒོམ་མོ༔ དེས་ལུས་རྣལ་དུ་ཕེབས་ནས་བསྒོམ་སྐྱེ་བའི་ཡོན་ཏན་ཡོད་དོ༔ དེ་ཡང་ལུས་ཀྱི་འཁྲུལ་འཁོར་དངོས་ནི༔ ལུས་རྣམ་སྣང་གི་ཆོས་བདུན་དུ་བྱ་སྟེ༔ རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་བཅའ༔ ལག་པ་མཉམ་བཞག་གི་ཕྱག་རྒྱ་ལྟེ་འོག་ཏུ་བཅའ༔ སྒལ་ཚིགས་མདའ་ལྟར་དུ་བསྲངས༔ གསུས་པ་སྒལ་ཚིགས་ལ་སྦྱར༔ མགྲིན་པ་བག་ཙམ་དགུག༔ ལྕེ་ཡ་རྐན་ལ་སྦྱར༔ མིག་སྣ་རྩེའི་ཐད་ཀྱི་བར་སྣང་ལ་བསྒོམ་རྒྱུ་ཅི་ཡང་མེད་པར་ཧྲིག་གེ་བལྟ་བ་དང་བདུན་པོ་འདི༔ སྐྱོན་མེད་པར་ལེགས་པར་བཅའ༔ འཁྲུལ་འཁོར་རྣམས་རྣལ་མར་བཅའ་ཤེས་ན་བསྒོམ་རང་བབས་སུ་འོང་ངོ་༔ གཉིས་པ་ངག་རྣལ་དུ་དབབ་པ་ལའང་གསུམ་གྱི༔ ཕྱི་ཁ་སྨྲ་དང་འཁྲུལ་གཏམ་གྱི་བྲེ་མོའི་གཏམ་ཐམས་ཅད་ཆམ་གྱིས་བཞག་ལ་སྨྲ་བ་བཅད༔ ནང་འདོན་པ་དང་ཆོས་སྤྱོད་ཀྱི་བྱ་བ་བཏང་ལ་སྨྲ་བ་བཅད༔ གསང་བ་བཟླས་བརྗོད་དང་༔ སྔགས་ཀྱི་བྱ་བའང་བཏང་༔ ངག་པི་ཝཾ་གི་རྒྱུན་ཐག་བཅད་པ་ལྟར་གཅོམ་བསྐྱུངས་ལ་རྣལ་དུ་ཕབ༔ གསུམ་པ་ཡིད་རྣལ་དུ་དབབ་པ་ལའང་གསུམ་གྱི་དང་པོ༔ ལུས་ངག་གོང་ལྟར་བཅད་པའི་ངང་ནས༔ ཡིད་ཀྱིས་ཐ་མལ་གྱི་འཁྲུལ་སྣང་སྔ་ཕྱི་དུས་གསུམ་གྱི་རྟཽག་པ་གང་ཡང་ཡིད་ལ་མི་བྱེད་པར་ལྷན་ནེ་བཞག༔ ནང་ལྷ་བསྒོམ་པ་ལ་སོགས་པ་བཟང་རྟོག་གི་རྟོག་པ་གང་ཡང་ཡིད་ལ་མི་བྱེད་པར་ཕྱམ་མེ་བཞག༔ གསང་བ་སེམས་འཛིན་ལྟ་བསྒོམ་ཡིད་ལ་བྱེད་པའི་རྟོག་པ་ཐམས་ཅད་ཅི་ཡང་ཡིད་ལ་མི་བྱེད་པར་སེམས་ཁོ་རང་རང་ལུགས་སུ་མདུན་གྱི་ནམ་མཁའ་ལ་ཧྲིག་གེ༔ གསལ་ཡེ་རེ༔ ལྷན་ནེ་ཅི་བཞིན་ཉིད་ཀྱི་ངང་ལ་བཞག་སྟེ་རྣལ་དུ་ཕབ་པར་བྱའོ༔ དེ་ལ་ཞག་གསུམ་བྱའོ༔ དེ་ནས་སེམས་རྣལ་དུ་ཕབ་པ་ནི༔ འོ་སྐོལ་གྱི་སེམས་ཞེས་བྱ་བ་རིག་རིག་ཏུར་ཏུར་མི་དྲན་དགུ་དྲན་འདིས༔ འཁོར་འདས་ཀུན་གྱི་གཞི་བྱེད་པས༔ ཀུན་གཞི་ཞེས་མིང་དུ་བཏགས་སོ༔ དེ་ཡང་བདེ་སྡུག་ཐམས་ཅད་ཀྱི་རྩ་བ་རང་གི་སེམས་འདི་ཡིན་ཏེ༔ ཐོག་མར་འདི་གཏན་ལ་དབབ་པ་གལ་ཆེ་ཞིང་༔ ལས་དང་པོ་བའི་སེམས་འདི་ནི་རྟ་དམུ་རྒོད་དང་འདྲ་སྟེ༔ དཔེར་ན་རྟ་དམུ་རྒོད་འཛིན་པ་ལ་ཡང་༔ ཁོའི་ཐོག་ཏུ་དྲག་པོར་རྒྱུག་ན་འདྲོགས་ནས་མི་ཟིན་པས༔ ཐབས་སྣ་ཚོགས་ཀྱིས་བྲིད་ཅིང་དལ་གྱི་བཟུང་ན་ཟིན་ཁོལ་དུ་ཐུབ་པ་ལྟར༔ སེམས་དམུ་རྒོད་འདི་ཡང་དྲག་ཏུ་འཛིན་ན་རྟོག་པ་ཇེ་མང་དུ་འཕྲོ་ཞིང་༔ སྙིང་རླུང་ལ་སོགས་པ་མི་འདོད་པ་དུ་མ་སྐྱེད་པའི་གེགས་སུ་འགྲོ་བས༔ ཐབས་སྣ་ཚོགས་ཀྱི་དམིགས་པས་དལ་གྱིས་རྣལ་དུ་ཕབ་པས༔ ཞི་གནས་མཚན་ཉིད་པ་རྒྱུད་ལ་སྐྱེའོ༔ དེ་ལ་མཚན་མ་དང་བཅས་པའི་ཞི་གནས་ཀྱི་ཁྲིད་ནི༔ ཐོག་མར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཐོབ་པར་བྱ༔ དེའི་དོན་དུ་ཚེ་འདི་ཉིད་ལ༔ སྟན་ཐོག་འདི་ཉིད་དུ་བླ་ན་མེད་པའི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱས་ལ༔ གང་ལ་གང་འདུལ་གྱི་འགྲོ་བའི་དོན་རྫོགས་པར་བྱ་བའི་ཕྱིར༔ ཐེག་པ་ཆེན་པོའི་ཆོས་བསྒོམ་སྙམ་དུ་སེམས་བསྐྱེད་ལ༔ བླ་མའི་རྣལ་འབྱོར་དང་ལྡན་པས་སྒོ་གསུམ་རྣལ་དུ་ཕབ༔ ལུས་རྣམ་སྣང་གི་ཆོས་བདུན་བཅའ་བ་རྣམས་དམིགས་པ་ཀུན་ལ་གཞི་བཞག་ཏུ་ཤེས་པར་བྱའོ༔ དེའི་ངང་ནས་མདུན་དུ་ཤིང་བུ་རྡིལ་བུ་ལ་སོགས་པའི་དངོས་པོ་ཕྲ་མོ་གཅིག་བཞག་ལ༔ མིག་མི་བཙུམས་པར་དེ་ལ་ཅེར་རེ་བལྟ་བ་དང་ལྷན་ཅིག་ཏུ་སེམས་ཀྱང་གཞན་གང་དུའང་མ་ཡེངས་པར་དེའི་ཐོག་ཏུ༔ ཧྲིག་གེ༔ གསལ་ལེ༔ ལྷན་ནེ་བཞག༔ དེ་ལ་མདུང་ཚུགས་ཙིར་ཟིན་ཏུའང་མི་བྱ༔ ཐ་མལ་དུ་ཡེངས་སུ་མི་འཇུག་པར་རིག་པ་མ་ཡེངས་པའི་རྟེན་ཙམ་དུ་ཡེ་རེ་བཞག་གོ༔ ལྷན་ནེ་གནས་བདོ་ལ་ལྷོད་ཀྱིས་ཀློད་ལ་ཅུང་ཟད་ངལ་གསོ༔ དེའི་རིང་ལ་རྟོག་པ་འབྱམས་སུ་མི་གཞུག་པར༔ ཡང་རྟེན་དེ་ལ་ཅེ་རེ་ཡེངས་མེད་དུ་སེམས་རང་བབས་སུ་བཞག༔ སྙིང་རྗེ་ལམ་ཁྱེར་ལས༔ གསལ་བདོར་འཕྲོ་བཅད་ཡུན་ཐུང་གྲངས་མང་བསྒོམ༔ ཞེས་གསུངས་པས༔ ཡུན་ཐུང་བས་བྱིང་རྒོད་ཀྱི་གེགས་མི་འཇུག་ལ༔ གྲངས་མང་བས་སྐྱོན་མེད་ཀྱི་བསྒོམ་སྐྱེ་བའི་ཕྱིར༔ དེ་ལྟར་བསླབ་པར་བྱའོ༔ ཐུན་འཇོག་པའི་ཚེ༔ ཧར་ལངས་སུ་མི་བྱ་བར༔ བག་ཡོད་དང་ལྡན་པས་དེའི་ངང་མ་ཤོར་བར་དལ་བུས་སྤྱོད་ལམ་དང་བསྲེ་ཞིང་ལམ་དུ་ཁྱེར་རོ༔ སྤྱོད་ལམ་ཐམས་ཅད་མགོ་ཆག་གི་ནད་པ་འགྲམ་དུ་དོགས་པ་ལྟར༔ བསྒོམ་གྱི་ངང་འཚོ་ཞིང་བག་ཡོད་དང་ལྡན་པར་བྱའོ༔ དེ་ལ་ཞག་གསུམ་མོ༔ དེ་ནས་ཡང་ལུས་གནད་ལ་སོགས་སྔར་ལྟར་ལས༔ དམིགས་པ་ནི༔ རང་གི་སྨིན་མཚམས་ཀྱི་མཛོད་སྤུར་ཐིག་ལེ་དཀར་ལ་འཚེར་བ༔ གསལ་ལ་དངས་པ༔ ཆེ་ཆུང་སྲན་མ་དཀར་པོ་ཙམ༔ སྣང་ལ་རང་བཞིན་མེད་པ་གཅིག་དཀར་ཡེ་རེ་བ་ལ་སེམས་མ་ཡེངས་པར་གཏད༔ གསལ་བདོ་ལ་ལྷོད་ཀྱིས་ཀློད་ལ་སེམས་རང་བབས་སུ་བཞག༔ རྟོག་པས་བར་མ་ཆོད་པར་བྱ༔ ཡང་དེ་ཀ་ལྟར་བསྒོམ༔ ཐུན་ཆུང་ལ་གྲངས་མང་བ་གོང་ལྟར་རོ༔ དེའང་ཞག་གསུམ་མམ་ཉམས་དང་བསྟུན་ལ་བསྒོམ་དུ་བཅུག་ལ༔ སྐབས་སུ་ཉམས་ཅི་བྱུང་ཉུལ་བར་བྱའོ༔ དེ་ནས་ཡང་གཞན་སྔར་ལྟར་ལས༔ རང་གི་ལུས་ཕྲུ་མ་ཕུས་བཏབ་པ་ལྟར༔ ནང་སྟོང་སང་ངེ་བའི་སྙིང་ཁའི་ཐད་ཀར་རླུང་སེམས་འདྲེས་པའི་ངོ་བོ་འོད་ཀྱི་ཐིག་ལེ་དམར་པོ་མར་མེ་འབྲིང་པོ་ཙམ་ཅིག་འཚེར་བ༔ ཁ་དོག་སྔོ་ལ་གསལ་བ༔ རེག་བྱ་ཚ་བ་ཕར་རྒལ་བ་ལ་མ་རེག་པ་ཚུར་བྲང་ལ་མ་རེག་པ༔ སྙིང་ཁའི་ཚོད་དུ་གསལ་ཡེ་རེ་བསྒོམ༔ དེ་ལ་ཤེས་པ་ཡུད་དེ་གཏད༔ གསལ་བདོ་ལ་འཕྲོ་བཅད༔ ཡེངས་ན་དམིགས་པ་གསལ་གདབ༔ ཤེས་པ་ཟ་ཟིར་གྱུར་ནས་དམིགས་པ་མ་ཟིན་ན་རླུང་ཁམས་སྐྱེས་པ་ཡིན་པས༔ ཟས་བཅུད་ཆེན་བཏང་༔ དམིགས་པ་ཅུང་ཟད་ཀློད་ལ་ངལ་བསོ༔ དེའི་རིང་ལ་ཐ་མལ་དུ་མ་ཡེངས་པར་དྲན་པ་དང་༔ བག་ཡོད་ཡུད་དེ་བརྟེན༔ ཕལ་ཆེར་ཀློད་པ་གཙོ་ཆེ་བས༔ རང་བབས་སུ་ཀློད་ལ་མ་ཡེངས་ཙམ་དུ་རྟོག་པར་བྱའོ༔ ཡང་སྐྱོ་བའམ༔ འཚེར་བ་བྱུང་ན༔ ཤེས་པ་འཁྱོག་པ་བྱ་བ་ཡིན་པས༔ འཁོར་བའི་ཉེས་དམིགས་དལ་འབྱོར་རྙེད་དཀའ༔ མི་རྟག་བསྒོམ་པ༔ བླ་མའི་མོས་གུས་རྣམས་བྱ༔ ད་ལན་དལ་འབྱོར་ཐོབ༔ བསྟན་པ་རིན་པོ་ཆེ་དང་མཇལ༔ ཟབ་ལམ་འདི་ལྟ་བུ་དང་འཕྲད་པ་རེ་དགའ༔ ད་ལན་མ་འབད་ན༔ རྡོག་སྣ་འདྲེད་ནས་ཕྱིན་ཆད་གསོར་མི་རུང་བར་འགྱུར་ཏ་རེ༔ སྙམ་དུ་བྲོད་པ་བརྩོན་འགྲུས་དགའ་བ་བསྒོམ་མོ༔ དེ་རྣམས་ཀྱིས་ཞི་གནས་རྒྱུད་ལ་སྐྱེས་པ་ཡོང་༔ དེ་ལ་མ་བྱུང་ན༔ ཡང་མདུན་གྱི་ནམ་མཁར༔ རྡོ་རྗེ་སེམས་དཔའི་སྐུ་མཐོ་གང་པ་ཙམ་གཅིག༔ སྣང་ལ་རང་བཞིན་མེད་པ༔ ཤེལ་ཕྱིས་པ་ལྟ་བུ་དཀར་ལ་གསལ་པ༔ འོད་ཀྱི་རང་བཞིན་ཅན་གཅིག་གསལ་བོར་བསྒོམ༔ དེའི་ཐུགས་ཀར་རིག་པ་གཏད་ལ་གསལ་ཡེ་རེ་བསྒོམ༔ ཡུན་ཐུང་ལ་གྲངས་མང་བ་གོང་ལྟར་བྱ༔ འདི་ལ་ནི༔ སངས་རྒྱས་དགོངས་པ་འདུས་པའི་མདོ་ལས༔ རྡོ་རྗེ་སེམས་དཔའ་དྲན་པ་ཙམ་ལའང་༔ ཕན་ཡོན་བརྗོད་ལས་འདས་པ་གསུངས་སོ༔ ཡང་མདུན་གྱི་ནམ་མཁར༔ བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་གསེར་འོད་དུ་ལམ་མེ་བ་ལ་རིག་པ་གཏད༔ འདིར་ཡང་དམིགས་པའི་ཕན་ཡོན་དཔག་ཏུ་མེད་པ་ཏིང་འཛིན་རྒྱལ་པོའི་མདོ་ནས་གསུངས་སོ༔ ཡང་མདུན་གྱི་ནམ་མཁར༔ འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལམ་མེར་གསལ་བའི་ཐུགས་ཀར་ཧྲཱིཿ དཀར་པོ་ཚག་དྲག་ཅན་ལ་སེམས་མ་ཡེངས་ཙམ་དུ་ལྷན་ནེ་གཏད༔ འདི་ལ་ཡང་མདོ་ཟ་མ་ཏོག་ནས་ཕན་ཡོན་དཔག་ཏུ་མེད་པ་གསུངས༔ དམིགས་པ་དེ་རྣམས་ཀྱིས་རྟོག་པ་ཉུང་ཕྱམ་གྱིས་འགྲོ༔ དེའང་དང་པོར་རྟོག་པ་མང་དུ་འགྲོ་ཞིང་ཇེ་རྒོད་ལ་འགྲོ་བ་འོང་སྟེ༔ དེ་ནི་བསྒོམ་ཅུང་ཟད་སྐྱེ་བའི་རྟགས་ཡིན༔ འདིའི་དུས་སུ་སྒོམ་གྱིས་སྣ་སུན་ཁྱེར་ནས་སྒྱིད་ལུག་པའམ༔ ང་ལ་བསྒོམ་མི་འོང་བར་འདུག༔ སྒོམ་གྱིན་རྟོག་པ་ཇེ་རགས་སུ་སོང་སྙམ་ནས༔ འཕྲོ་བསྐྱུར་ཉེན་ཡོད་པས༔ སྣ་མ་སུན་པར་དལ་བུས་ཁྲིད་ལ་སྐྱོང་འཇུག་གོ༔ རྟོག་པ་མང་དུ་སོང་བ་དེ་བསྒོམ་གྱི་སྣ་ཟིན་པ་ཡིན་ནོ༔ སྔ་གོང་རྣམ་རྟོག་འཁོར་མོར་རྒྱ་ཡན་དུ་སོང་ཡང་༔ དྲན་པའི་བྱ་ར་མེད་པས༔ རང་ཁར་ཤོར་བ་ཡིན་ནོ༔ ད་མང་དུ་སོང་བ་དེ་དྲན་པའི་བྱ་ར་བས་མཐོང་ནས་ངོས་ཟིན་ཏེ༔ བསྒོམ་སྐྱེ་འདོད་པའི་རྟགས་ཡིན་པས༔ དལ་བུས་རྟོག་པ་ངོས་ཟིན་པར་བྱས་ལ་བཀག་ཀྱང་མི་བཀག༔ རྗེས་སུ་མི་འབྲང་བར་དམིགས་པ་གཏད་པས༔ རྟོག་པ་ཇེ་ཕྲ་ཇེ་ཉུང་དུ་འགྲོ་བ་ཡིན་ནོ༔ དེའང་དམིགས་པ་གོང་ལྟར་བསྒོམས་ཀྱང་རྟོག་པ་ངན་ལང་ཅན་ཐོལ་ཐོལ་འཕྲོ་ན༔ རྣམ་རྟོག་ཁོ་རང་དམིགས་པའི་རྟེན་བྱ་སྟེ༔ འདོད་ཆགས༔ ཞེ་སྡང་༔ བག་ཆགས་ངན་གོམས་གང་ཤར་བ་དེ་ངོས་ཟིན་ལ༔ དེ་ཀའི་ཐོག་ཏུ་སེམས་ལྷོད་དེ་ཀློད་ལ་བཞག༔ རེས་རྟོག་པ་གཅིག་སྐྱེས༔ ངོས་ཙིར་གྱིས་བཟུང་ལ་རང་གྲོལ་དུ་ཁྲོལ་བཏང་༔ གཉིས་སྐྱེས་ངོས་བཟུང་༔ གང་ཤར་གྱི་རྗེས་སུ་མི་འབྲང་བར་ཤར་གྲོལ་དུ་བཏང་༔ རེས་མི་དམིགས་པ་ལ་གཏད༔ རེས་རྟོག་པ་ཤར་གྲོལ་དུ་བཏང་༔ རྗེས་སུ་མ་བཅོས་པའི་ངང་ལ་ལྷོད་དེ་ཀློད༔ དེ་ལྟར་རེས་མོས་སུ་བྱས་པས་རྣམ་རྟོག་ལུ་གུ་རྒྱུད་དུ་མ་འབྲེལ་བར༔ རྟོག་པ་དུམ་བུར་སོང་བས༔ ངན་རྟོག་ཇེ་ཉུང་དུ་གནས་པ་བཟང་པོ་སྐྱེའོ༔ དེ་ལ་ཞག་གསུམ་སོགས་ཉམས་དང་བསྟུན་ལ་བསྒོམ་མོ༔ དེ་རྣམས་ལས་ཞི་གནས་མཚན་ཉིད་པ་སྐྱེས་ནས༔ རིག་པ་རྩད་བཅད་ལ་བསླབ་བོ༔ དེའང་ཕལ་ཆེར་བག་ཆགས་ངན་གོམས་འདི་འདུལ་དཀའ་བས༔ ཐབས་དུ་མ་ནས་རྣལ་དུ་ཕབ་པ་གལ་ཆེའོ༔ དེ་ནས་ཡང་རླུང་ལ་བསླབ་པ་ནི༔ ལུས་རྣམ་སྣང་ཆོས་བདུན་གྱི་ངང་ནས༔ སྒལ་ཚིགས་དྲང་པོར་བསྲངས༔ ལག་པས་ས་གནོན་དུ་བཅའ་སྟེ༔ རླུང་སྣ་བུག་གཡས་ནས་གཅིག༔ གཡོན་ནས་གཅིག༔ དབུས་ནས་གཅིག་དང་གསུམ་སངས་ཀྱིས་འབུད་པ་དང་མཉམ་དུ་སྡིག་སྒྲིབ་ཐམས་ཅད་སངས་སངས་སྡིག་པ་རྭ་ཅན་གྱི་རྣམ་པ་སྣ་སྒོ་ནས་ཐོན༔ མདུན་གྱི་ནམ་མཁར་ཡེ་ཤེས་ཀྱི་མེས་ཐུལ་ཐུལ་ཚིག་པར་བསམ་པ་ནི༔ རླུང་གི་དུག་དབྱུང་བའོ༔ དེ་ནས་ཚུར་རྔུབས་པ་དང་མཉམ་དུ༔ མཆིལ་མ་གཅིག་མིད་པས་ལྟེ་འོག་ཏུ་སྡིག་བསྐྱལ་ལ་དམིགས་པ་ཅི་ལ་ཡང་མི་བསམ་པར་ལྷན་ནེ་བཞག༔ མི་ཐུབ་པ་དང་སངས་སངས་འབུད༔ དེ་ལ་ཞག་གཅིག་གོ༔ དེ་ནས་འབྲུ་གསུམ་སྐྱེ་མེད་རྡོ་རྗེའི་བཟླས་པ་ལ་བསླབ་པ་ནི༔ རླུང་རོ་དབྱུང་བ་དང་༔ ལུས་གནད་གོང་ལྟར་ལས༔ རླུང་རྔུབ་པའི་ཚེ༔ དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུའི་བྱིན་རླབས་ཡི་གེ་ཨོཾ་དཀར་པོའི་རྣམ་པར་ཚུར་བསྡུས་སྟེང་རླུང་མནན༔ འོག་རླུང་འཐེན་ཏེ༔ ལྟེ་འོག་ཏུ་བསྐྱིལ་བ་དེའང་སྟེང་འོག་རླུང་ཁ་སྦྱོར་གྱི་བར་དུ༔ དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་ངོ་བོ་ཡི་གེ་ཨཱཿདམར་པོའི་རང་བཞིན་སྣང་ལ་རང་བཞིན་མེད་པ༔ གསལ་སྟོང་ཡེ་རེ་བ་ལ་རིག་པ་ཅི་གནས་ཀྱི་བར་དུ་བཞག༔ མི་ཐུབ་པ་དང་རླུང་གཏོང་བའི་ཚེ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་ངོ་བོ་ཡི་གེ་ཧཱུྃ་སྔོན་པོའི་རྣམ་པར་འཕྲོས་པས༔ དེ་དག་ཀྱང་འགྲོ་བའི་དོན་དུ་སྤྲུལ་སྐུ་རྒྱུན་མི་ཆད་པར་འཕྲོ་བར་བསམས་ལ༔ དེ་ལྟར་རླུང་རྔུབ་པ་ཨོཾ༔ གནས་པ་ཨཱ༔ འབུད་པ་ཧཱུྃ་གི་རང་བཞིན་ལ་རིག་པ་ཡེངས་མེད་དུ་སེམས་བཟུང་༔ འདི་ནི་དུས་ནམ་དུའང་བྱས་པས་སྐྱེ་མེད་རྡོ་རྗེའི་བཟླས་པ་ཞེས་བྱ་སྟེ༔ ཞག་རེ་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་རྒྱུ་བ་དེ་སྙེད་ཀྱི་འབྲུ་གསུམ་སྐྱེ་མེད་རྡོ་རྗེའི་བཟླས་པ་ཐེམ་པས༔ ཡོན་ཏན་བརྗོད་ལས་འདས་པས་རྒྱུན་ཁྱེར་དུ་ཉམས་སུ་བླང་ངོ་༔ འདི་ལ་ཞག་གསུམ་ཙམ་བྱ༔ དེ་ནས་རྒྱུན་དུ་འཁྱེར་རོ༔ དེ་ཡན་ཆད་མཚན་མ་དང་བཅས་པའི་ཞི་གནས་སྒྲུབ་པ་སོང་ནས༔ དེ་ནས་མཚན་མ་མེད་པའི་ཞི་གནས་ལ་བསླབ་པ་ནི༔ ལུས་གནད་སྔར་ལྟར་ལས༔ མིག་གིས་ནམ་མཁའ་ལ་ཅེ་རེ་བལྟས་པའི་ངང་ནས་དམིགས་པ་ཅི་ཡང་མི་སྒོམ་པར༔ ཤེས་པ་མདུན་གྱི་ནམ་མཁའ་ལ་ཡེངས་པ་མེད་པར་ཧྲིག་གེ་བསྒྲིམ༔ གནས་བདོ་བ་དང་ཡང་ངལ་བསོ༔ སྐབས་སུ་སྒྲིམ་མཁན་གྱི་ཤེས་པ་དེ་ཅི་འདྲ་བ་ཞིག་འདུག་གང་ཡིན་རྩད་བཅད༔ ཡང་ཧྲིག་གེ་བསྒྲིམ༔ རྩད་བཅད་དེ༔ རེས་མོས་སུ་བྱའོ༔ དེས་བྱིང་རྨུག་གི་སྐྱོན་ཡོད་ན་ཡང་སེལ་ལོ༔ སྤྱོད་ལམ་ཐམས་ཅད་དུ་དྲན་པ་ཡེངས་མེད་དུ་བསྟེན་ནོ༔ དེ་ལ་ཞག་གཅིག་གོ༔ དེ་ནས་ཡང་ལུས་གནད་སྔར་ལྟར་ལས༔ ལྟ་སྟངས་ཐུར་དུ་ཕབ་སྟེ༔ སེམས་ལྷོད་ཀྱིས་ཀློད་ལ༔ འདི་བསྒོམ་བྱ་བའི་དམིགས་པ་ཅི་ཡང་མེད་པར་ཀློད་དེ་རང་བབས་སུ་ལུས་སེམས་གཉིས་ཀ་ཁོང་ཀློད་ལ༔ བསྒོམ་རྒྱུ་ཅི་ཡང་མེད་ལ༔ མ་ཡེངས་ཙམ་དུ་རང་བབས་རང་དྭངས༔ གཤིས་ལུགས༔ ཅི་བཞིན་ཉིད་ཀྱི་ངང་ལ་བཅོས་སླད་དང་བྲལ་བར་བཞག༔ ལྷན་ནེ་གནས་པ་དང་༔ ཤིག་གི་བཤིག༔ ཡང་ལྷོད་ལ་བཞག་གོ༔ རེས་གོང་དུ་སྒྲིམ་མཁན༔ རེས་ཀློད་མཁན་དེ་སུ་ཡིན་པར་འདུག་བལྟ༔ སེམས་ཡིན་པར་འདུག་ན་སེམས་ཀློད་མཁན་སྒྲིམ་མཁན་དེ་ཅི་འདྲ་འདུག་རང་ལ་ཅེ་རེ་བལྟ༔ ཡང་ཀློད་པར་བྱའོ༔ དེ་ནས་གནས་པ་བཟང་པོ་སྐྱེ༔ རིག་པ་ངོ་འཕྲོད་པའང་འབྱུང་སྲིད་དོ༔ དེ་ལའང་ཞག་གཅིག་གོ༔ དེ་ནས་ཡང་སྔར་ལྟར་ལས༔ རེས་ཤེས་པ་གྲིམ་གྱིས་བསྒྲིམ་ལ་ཡེངས་མེད་དུ་ཕྲི་ལི་ལི་བསྒྲིམ༔ ཡང་ལྷོད་ཀྱིས་ཀློད་ལ་གུ་ཡངས་སུ་ཕྱལ་ལེ་བཞག༔ ཡང་བསྒྲིམ་ཡང་ཀློད༔ དེ་ལྟར་སྒྲིམ་ལྷོད་སྤེལ་ཞིང་བསྒོམ༔ རེས་ལྟ་སྟངས་ནམ་མཁའི་དབྱིངས་སུ་གྱེན་དུ་ཅེ་རེ་བལྟ༔ རིག་པ་ཡང་བསྒོམ་རྒྱུ་མེད་ཀྱང་འདུན་པ་དེ་ཧྲིག་གེ་གཏད༔ ཡང་ལྷོད༔ རེས་གཡས་སུ་ལྟ་སྟངས་ཧྲིག་གེ་དབྱིངས་རིག་མ་ཡེངས་པར་གཏད༔ རེས་གཡོན་དུ་གཏད༔ རེས་ཐུར་དུ་གཏད་པ་རྣམས་རེས་མོས་སུ་ཐུན་རེ་རེ་འཁོར་བར་བསྒྱུར༔ སྐབས་སུ་འདུན་པ་གཏད་མཁན་གྱི་རིག་པ་དེ་ཅི་འདྲ་བ་ཞིག་འདུག༔ རིག་པ་ཁོ་རང་གིས་ཁོ་རང་ལ་ཅེ་རེ་བལྟ༔ རེས་སེམས་སྙིང་གི་དཀྱིལ་དུ་ཕབ་ལ་ཕྱམ་མེ་བཞག༔ རེས་ནམ་མཁས་གར་ཁྱབ་ཏུ་ཕྱམ་མེ་བཞག༔ རེས་ནམ་མཁས་གར་ཁྱབ་ཏུ་ཕྱལ་གྱིས་བཏང་ལ་བཞག༔ དེ་ལྟར་རེས་མོས་སུ་སྣ་ཚོགས་ཀྱི་ལྟ་སྟངས་བསྒྱུར་བས༔ སེམས་རྣལ་དུ་ཕེབས་པའི་རྟགས་སུ༔ རིག་པ་གར་བཞག་ཕྱམ་མེ༔ ལྷན་ནེ༔ ཧྲིག་གེ་གནས་པ་བྱུང་ན་ཞི་གནས་སྐྱེས་པ་ཡིན༔ དེའང་དྲན་པ་མེད་པར་ཐོམ་པོར་སོང་ན་བྱིང་བའམ༔ འཐིབ་པའི་སྐྱོན་ཡིན་པས་རིག་པ་གཡེར་བཏོན༔ གཟེངས་བསྟོད༔ ལྟ་སྟངས་བསྒྱུར༔ ཡེངས་ཤིང་རྒོད་ན་ལྟ་སྟངས་ཐུར་ལ་ཕབ༔ ཀློད་པ་གལ་ཆེའོ༔ བསྒོམ་འདི་ཡིན་རྟོག་པ་འདི་ཡིན་མེད་པའི་ཏིང་ངེ་བ་བྱུང་ན༔ ལྡིང་བའི་སྐྱོན་ཡིན་པས༔ སྒྲིམ་ཀློད་རེས་མོས་སུ་བསྒོམ་ཞིང་སྒོམ་མཁན་ངོས་བཟུང་ངོ་༔ གཞན་ཡང་ཞི་གནས་ཀྱི་སྐྱོན་ངོས་བཟུང་ཞིང་ཐད་ཀའི་སྐྱོན་བསལ་བར་བྱའོ༔ ཞི་གནས་སྐྱོན་མེད་ནི༔ མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུ་སྟེ༔ རིག་པ་གར་བཞག་བཞག་ཏུ་གཡོ་བ་མེད་པར་བརྟན་པ༔ བྱིང་རྨུགས་འཐིབ་གསུམ་གྱིས་མ་གོས་པས་རིག་པ་གསལ་ཡེ་རེ་གསལ་བ༔ རིག་པ་གར་གཏད་དུ་ཧྲིག་གེ་བ་དེ་རྩེ་མོ་རྣོ་བ༔ གློ་བུར་གྱི་རྟོག་པས་མ་བསྐྱོད་པ་སྟེ་དྲང་བའོ༔ དེ་ལྟ་བུ་ནི་བསྒོམ་སྐྱོན་མེད་རྒྱུད་ལ་སྐྱེས་པ་ཡིན་ཏེ༔ དེ་མ་བྱུང་གི་བར་དུ་སེམས་རྣལ་དུ་ཕབ་པ་གལ་ཆེའོ༔ ཞི་གནས་མཚན་ཉིད་པ་རྒྱུད་ལ་མ་སྐྱེས་པར་རིག་པ་ངོ་སྤྲོད་ཀྱང་༔ གོ་ཡུལ་ཙམ་དུ་ལུས་ནས་ཁ་ལྟ་ལ་ཤོར་ཏེ་དྲེད་པོར་འགྲོ་ཉེན་ཡོད་པས༔ བསྒོམ་ཐམས་ཅད་ཀྱི་རྩ་བ་འདི་ལ་རག་ལུས་པ་ཡིན་པས༔ ངོ་སྤྲོད་མ་སྔ་བར་གནས་པའི་ཉམས་མྱོང་བཟང་པོ་མ་བྱུང་གི་བར་དུ་བསྒྲུབ་པར་བྱའོ༔ དེ་ཡན་ཆད་མཚན་བཅས་དང་མཚན་མ་མེད་པའི་ཁྲིད་ཀྱི་ཞི་གནས་སྒྲུབ་པའོ༔ ས་མ་ཡ༔ དེ་ལྟར་ཞི་གནས་མཚན་ཉིད་པ་རྒྱུད་ལ་མ་སྐྱེས་ཀྱི་བར་དུ་ཐབས་དུ་མས་སེམས་རྣལ་དུ་ཕབ་ཅིང་༔ དཔེར་ན་ཆུའི་ནང་དུ་བྱད་དང་གཟའ་སྐར་བལྟ་བར་འདོད་ནའང་༔ རྦ་ཀློང་དང་༔ ཆུ་རླབས་དང་༔ དྲག་ཏུ་འབབ་པའི་སར་མི་མཐོང་ཞིང་༔ ཆུ་རང་སར་དྭངས་ཤིང་གཡོ་མེད་དུ་འཁྱིལ་བའི་ནང་དུ་བལྟས་པས་གསལ་བར་མཐོང་བ་བཞིན་དུ་འདིར་ཡང་སེམས་ཡུལ་གྱི་རླུང་གི་རྟ་ལ་བསྐྱོད་ནས༔ རྟོག་པ་འཚུབས་པའི་དུས་སུ་རིག་པ་ངོ་སྤྲོད་ཀྱང་ངོ་མི་འཕྲོད་དེ༔ སེམས་རང་དབང་མེད་པར་རྣམ་རྟོག་གིས་བསྐྱོད་ནས་རང་ངོ་མི་མཐོང་བའི་ཕྱིར་རོ༔ དེའང་ཁྲིད་ལུགས་ལ་ལའི་ཕྱག་བཞེས་ལ༔ སྔོན་ལ་ལྟ་བ་ངོ་སྤྲད་ནས་ལྟ་ཐོག་ནས་སྒོམ་བཙལ་བ་ནི་ངོ་འཕྲོད་དཀའ་བ་ཡིན་ནོ༔ འདིའི་ལུགས་ཀྱིས་སྔོན་ལ་སྒོམ་པ་གཏན་ལ་ཕབ་ནས་སྒོམ་ཐོག་ནས༔ ལྟ་བ་ངོ་སྤྲོད་པས་ངོ་མི་འཕྲོད་མི་སྲིད་པའི་གནད་ཟབ་མོ་ཡོད་པས༔ སྔོན་ལ་སེམས་རྣལ་དུ་ཕབ་ནས༔ ཞི་གནས་མཚན་ཉིད་དང་ལྡན་པ་རྒྱུད་ལ་སྐྱེས་པ་དང་༔ རིག་པ་ངོ་བསྟན་པར་བྱ་སྟེ༔ དེ་ཡང་ལུས་གནད་ཆོས་བདུན་སྔ་ལྟར་བྱས་ལ༔ མིག་མདུན་གྱི་ནམ་མཁར་སྣ་རྩེའི་ཐད་ཀྱི་བར་སྣང་ལ༔ བཙམ་བཙུམས་དང་གྱ་གྱུ་མེད་པར༔ ཅེ་རེ༔ ཧྲིག་གེ་བལྟ༔ ལྟ་སྟངས་ཀྱི་ཡོན་ཏན་ནི༔ འགྲོ་བ་ཐམས་ཅད་ཀྱི་སྙིང་གི་དཀྱིལ་དུ༔ རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་ཞེས་བྱ་བ་ཡེ་ཤེས་ཀྱི་རྩ་གཅིག་ཡོད་དེ༔ དེ་ཐུར་དུ་བལྟས་ཤིང་ཁ་ཟླུམ་ན་ཡེ་ཤེས་འགྲིབ་ཅིང་གཏི་མུག་འཕེལ་བར་བྱེད་པས༔ དེས་ན་དུད་འགྲོའི་རྩ་དེ་ཐུར་ལ་བསྟན་ནས་ཟླུམ་པས་བླུན་ཞིང་གཏི་མུག་པའོ༔ མི་ལ་རྩ་དེ་འཕྲེད་ལ་ཕྱོགས་ཤིང་ཅུང་ཟད་ཁ་བྱེ་བས་མི་ཤེས་རིག་བཀྲ་ཞིང་ཤེས་པ་གསལ་བ་ཡིན་ནོ༔ གྲུབ་པ་ཐོབ་པའི་སྐྱེས་བུ་དང་བྱང་ཆུབ་སེམས་དཔའ་རྣམས་ལ་རྩ་དེ་ཁ་ཕྱེ་ནས་གྱེན་དུ་བསྟན་ནས་ཡོད་པས༔ ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་དང་༔ མཁྱེན་པའི་ཡེ་ཤེས་དང་མངོན་པར་ཤེས་པ་རྒྱ་ཆེན་པོ་འཆར་བའང་༔ ཡེ་ཤེས་ཀྱི་རྩ་དེ་ཁ་ཕྱེ་བའི་ཡོན་ཏན་ལས་བྱུང་བའོ༔ དེས་ན་མིག་བཙུམས་ཙ་ན་རྩ་དེ་ཁ་ཟླུམ་ནས་ཐུར་དུ་ཕྱོགས་པས་ཤེས་པ་ནག་ཐུམ་གྱིས་གཏི་མུག་གིས་འཐིབ་པོ༔ ལྟ་སྟངས་ཧྲིག་གེ་བྱས་པས་རྩ་དེ་ཁ་གྱེན་ལ་ཁ་ཕྱེ་བས་རིག་པ་དྭངས་སྙིགས་ཕྱེད་ནས༔ གསལ་ལ་རྟོག་པ་མེད་པའི་ཏིང་ངེ་འཛིན་དང་༔ དག་པའི་མཐོང་སྣང་དུ་མར་འཆར་བར་འགྱུར་བས་ལྟ་སྟངས་གལ་ཆེའོ༔ དེའང་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་ཞེས་བྱ་བ༔ རྫོགས་པ་ཆེན་པོ་ཀློང་གསལ་ཉི་མའི་རྒྱུད་དང་༔ དགོངས་པ་རང་གྲོལ་རྣམས་ལས༔ གཞན་ཐམས་ཅད་དུ་སྦས་ནས་ཡེ་ཤེས་ཀྱི་རྩ་ཁྱད་པར་ཅན་འདི་བཤད་པ་མེད་དོ༔ འདི་ནི་དབུ་མ༔ རོ་མ༔ རྐྱང་མ༔ འཁོར་ལོ་ལྔའི་རྩ་གང་ཡང་མི་འདྲ་ཞིང་༔ གཏན་ནས་མི་གཅིག་གོ༔ དབྱིབས་ནི་གཡེར་མ་ཁ་བྱེ་ལ་ཁད་པ་ལྟ་བུ༔ ནང་དུ་ཁྲག་དང་ཆུ་སེར་གང་ཡང་མེད་པ༔ དྭངས་ཤིང་གསལ་བ་ཞིག་ཡོད་དེ༔ འདི་ལ་ཁ་འབྱེད་པར་བྱེད་པའི་ཐབས་ཁྱད་པར་ཅན༔ འོག་སྒོ་བདེ་བ་ཆེན་པོ་འདོད་ཆགས་རང་གྲོལ་གྱི་ཁྲིད་དུ་གབ་ནས་ཡོད་དོ༔ ཐེག་པ་འོག་མ་ལ་ནི་རྩ་འདིའི་མིང་ཙམ་ཡང་མེད་དོ༔ དེ་ལྟར་ལྟ་སྟངས་ཧྲིག་གེ་བའི་ངང་ལ་རིག་པ་ནམ་མཁའི་དབྱིངས་སུ་བསྒོམ་རྒྱུ་ཅི་ཡང་མེད་པ་ལ་རིག་པ་ཡེངས་མེད་ཧྲིག་གེ༔ གསལ་ལེ༔ རྗེན་ནེ་ཅེ་རེ་བཞག༔ གནས་བདོ་བའི་དུས་སུ༔ གནས་མཁན་གྱི་ཤེས་པ་དེ་ཅི་འདྲ་གཅིག་འདུག་བལྟ༔ ཡང་ལྷོད་དེ་ཀློད་ལ་ངལ་བསོ༔ ཡང་ཧྲིག་གེ་བཞག་ལ༔ དེའི་དུས་ཀྱི་ཤེས་པ་དེ་ལ་ཅེ་རེ་བལྟས་ལ༔ སེམས་ཀྱི་ངོ་བོ་དེ་ཅི་འདྲ་ཞིག་འདུག༔ རང་གིས་རང་ལ་ཅེ་རེ་ལྟོས༔ གསལ་ཧྲིག་གེ་བ་ཞིག་འདུག་གམ༔ ཅི་ཡང་མེད་པའི་སྟོང་པ་གཅིག་འདུག་གམ༔ ངོས་བཟུང་རྒྱུ་གཅིག་འདུག་གམ༔ ཡང་ནས་ཡང་དུ་ལྟོས་ལ་ཉམས་མྱོང་གཅིག་ཁྱེར་ལ་ཤོག༔ ཅེས་ངོ་བོ་ལ་བལྟར་འཇུག་གོ༔ དེ་ལ་ཞག་གཅིག་གོ༔ དེ་ནས་སེམས་བཙལ་དུ་འཇུག་པ་ནི༔ དེའང་འཁྲུལ་འཁོར་ལྟ་སྟངས་གོང་ལྟར་གྱིས་ལ་སེམས་མདུན་གྱི་ནམ་མཁར་ཧྲིག་གེ་ཞོག་བྱས་ནས་ཡོད་པས༔ དེ་རིང་ནས་བཞག་རྒྱུ་རང་གི་དངོས་པོ་དེ་ཅི་འདྲ་བ་འདུག་ལེགས་པར་ལྟོས༔ བཞག་མཁན་དེ་དང་བཞག་རྒྱུའི་སེམས་གཅིག་དང་གཉིས་སུ་འདུག་གམ་ལྟོས༔ གཉིས་འདུག་ན་སེམས་གཉིས་ཡོད་དགོས་པས༔ གཅིག་སངས་རྒྱས་ཙམ་ན་གཅིག་འཁོར་བར་འཁྱམས་དགོས་པས༔ གཉིས་སུ་ཨེ་འདུག་ལེགས་པར་ཐག་ཆོད་པ་གཅིག་ལྟོས༔ གཅིག་ལས་མི་འདུག་ན༔ གཅིག་པོ་དེ་སེམས་ཡིན་པར་འདུག་གམ༔ སེམས་ཟེར་བ་དེ་དོན་ལ་ཅི་འདྲ་རང་གཅིག་འདུག་ལྟོས༔ ཕྱིའི་ཡུལ་དུ་ཚོལ་བས་རྙེད་པ་ནི་མི་སྲིད་དོ༔ དེ་ཡང་སེམས་དེ་ཅི་འདྲ་གཅིག་ཡོད་དམ་སྙམ་མཁན་གྱི་ཤེས་པ་དེ་ཁོ་རང་ལ་ལྟོས་ལ་ཚོལ་ཅིག༔ སྒོམ་མཁན་གྱི་ཤེས་པ་དེ་ལ་ཅེ་རེ་ལྟོས་ལ་ཚོལ་དང་༔ དོན་ལ་སེམས་ཟེར་བ་དེ་ཡོད་པ་གཅིག་ཡིན་པར་འདུག་གམ་ལྟོས༔ ཡོད་ན་དབྱིབས་སུ་གྲུབ་དགོས་པ་ལ༔ དབྱིབས་ཅི་འདྲ་འདུག༔ ཅེར་གྱིས་ལྟོས་ལ་ཚོལ་དང་༔ ཟླུམ་པོར་འདུག་གམ༔ གྲུ་བཞི༔ ཟླ་གམ༔ གྲུ་གསུམ་ལ་སོགས་པ་གང་གི་དབྱིབས་སུ་འདུག་ལྟོས༔ ཐག་ཆོད་པ་གཅིག་ལྟོས༔ ཅིས་ཀྱང་འདུག་ཟེར་ན༔ དབྱིབས་དེ་ང་ལ་སྟོན་ཅིག་བྱ༔ བསྟན་རྒྱུ་མི་འདུག་ཟེར་ན༔ བསྟན་རྒྱུ་མེད་པའི་དབྱིབས་དངོས་པོ་ཅན་སྲིད་དམ༔ ཞེས་དབྱིབས་ཀྱིས་སྟོང་པར་ངོ་སྤྲོད༔ དེ་བཞིན་དུ༔ ཁ་དོག༔ ཆེ་ཆུང་༔ ཕྱོགས་རིས་གང་དུ་འདུག་རྩད་བཅད་དུ་བཅུག་ལ༔ དེ་རྣམས་གང་དུའང་མི་འདུག་ཟེར་ན༔ འོ་ན་ཅི་ཡང་མེད་པའི་སྟོང་པ་གཅིག་འདུག་གམ་ཚོལ་ཅིག་བྱ༔ ཅི་ཡང་མེད་པའི་སྟོང་པ་གཅིག་འདུག་ཟེར་ན༔ འོ་ན་ཅི་ཡང་མེད་པའི་སྟོང་པས་སྒོམ་ཅི་ལ་ཤེས༔ མ་རྙེད་ཟེར་རྒྱུུ་ཅི་ལ་ཡོད༔ ཅི་ཡང་མེད་ན་ཞེ་སྡང་སྐྱེ་མཁན་དེ་གང་ཡིན༔ སེམས་མ་རྙེད་སྙམ་མཁན་གཅིག་མི་འདུག་གམ༔ དེ་ཀ་རང་ལ་ཅེ་རེ་ལྟོས༔ དེ་ཅི་འདྲ་བ་གཅིག་འདུག༔ མ་རྙེད་ན་གང་ན་ཡོད་སྙམ་མཁན་གྱི་ཤེས་པ་དེ་སེམས་ཡིན་པར་འདུག་གམ༔ ལེགས་པར་ལྟོས༔ ཡིན་པར་འདུག་ན་ཅི་འདྲ་ཅིག་འདུག༔ ཡོད་ན་དངོས་པོ་དང་ཁ་དོག་ཀྱང་དགོས་ཏེ༔ ཁྱེར་རྒྱུ་འདུག་གམ༔ མེད་ན་བསམ་མེད་རོ་དང་འདྲ་སྟེ༔ དྲན་མཁན་གཅིག་མི་འདུག་གམ༔ དེས་ན་ཡོད་མེད་ཀྱི་མཚམས་སུ་ཅི་འདྲ་འདུག་ཐག་ཆོད་པར་ལྟོས༔ ཞེས་འཇུར་ལ་དྲང་༔ དེས་བློའི་ཁྱད་པར་གྱིས༔ ལ་ལས་ཡོད་མེད་གཉིས་གའི་མཚམས་སུ་ཅི་ཡང་མ་རྙེད་ཟེར་ན༔ མ་རྙེད་སྙམ་མཁན་གྱི་སེམས་དེ་ལ་ལེགས་པར་ལྟོས་ལ༔ ཧྲིག་གེ་བ་གཅིག་འདུག་གམ༔ གསལ་བ་གཅིག་འདུག༔ སྟོང་ལྷང་ངེ་བ་གཅིག་འདུག་གམ་ལྟོས་ཤིག་བྱ༔ ཡེ་རེ་བ་ཅིག་འདུག་ཟེར་ན༔ ཞི་གནས་ཡིན་པས༔ དེས་མི་འོང་༔ རིག་པ་རྩད་ཆོད་ལ༔ ངོ་བོ་གཅིག་ཁྱེར་ལ་ཤོག་ཅིག་བྱ༔ སྟོང་པ་གཅིག་འདུག་ཟེར་ན༔ ཕྱོགས་གཅིག་ཡིན་པས་རིག་པ་ཚོལ་དུ་བཅུག་གོ༔ ཧྲིག་གེ་བ་འདྲ་བ་གསལ་ལེ་བ་འདྲ་བའི་ཤེས་པ་གཅིག་འདུག་སྟེ༔ སྨྲ་མི་བཏུབ་ཟེར་ན་ཅུང་ཟད་ངོ་འཕྲོད་པས༔ ཐག་ཆོད་པ་དང་ངོ་སྤྲད་པར་བྱའོ༔ ཆོས་ཐུན་ཞག་གཅིག་གམ་ཅི་རིགས་པར་བྱའོ༔ ད་ནི་རིག་པ་ངོ་སྤྲོད་པ་ནི༔ སློབ་མ་ཐམས་ཅད་མདུན་དུ་རྣམ་སྣང་ཆོས་བདུན་དང་ལྡན་པས༔ ལུས་གནད་བཅའ་རུ་བཅུག་ལ༔ ད་ཁྱེད་རང་རྣམས་རིག་པ་མདུན་གྱི་ནམ་མཁའ་ལ༔ བཟོ་མེད་དུ་ཅེ་རེ༔ ཡེངས་མེད་དུ་ཧྲིག་གེ༔ དམིགས་མེད་དུ་གསལ་ལེ་བ༔ འདི་ཀའི་ངང་དུ་ཞོག་ཅིག་བྱ༔ དེ་ལྟར་བཞག་པའི་དུས་སུ༔ བློ་ཁྱད་ཀྱིས༔ ལ་ལ་རྟོག་མེད་དུ་རྗེན་ནེ༔ སྤྲོས་མེད་ཀྱི་དོན་གཅིག་རྒྱུད་ལ་སྐྱེས༔ ལ་ལ་རིག་ཐོག་ཏུ་ཧྲིག་གེ་བ༔ ལ་ལ་སེམས་ཅང་མེད་སྟོང་པ་མ་ཡིན་པ༔ སྟོང་པའི་རང་མདངས་ཧྲིག་གེ་བ་འདི་རིག་པ་ཁོ་ན་ཡིན་པར་འདུག༔ སེམས་ཀྱི་ངོ་བོ་ཡིན་པར་འདུག༔ སྙམ་པའི་རྟོག་པ་འཆར༔ ལ་ལ་གསལ་ཧྲིག་གེ་བའི་ཉམས་འཆར༔ ལ་ལ་སྟོང་ཕྱང་ཕྱང་བའི་ཉམས་འཆར༔ ལ་ལ་སྣང་སེམས་འདྲེས་ནས་སྣང་བ་ཕྱིར་མ་ལུས༔ རིག་པ་ནང་དུ་མ་ལུས་པར་དབྱེར་མེད་དུ་ཕྱལ་ལེ་བའི་ཉམས་འཆར༔ དེ་ལ་སོགས་པའི་ཉམས་སྣང་སྣ་རེ་མི་འཆར་མི་སྲིད་དོ༔ དེའི་དུས་སུ་བླ་མའི་འདི་སྐད་ངོ་སྤྲད་དེ༔ འོ་དེ་ལྟར་སེམས་མ་བཅོས་པར་ལྷན་ནེ་བཞག་པའི་དུས་ཀྱི་ཤེས་པ་འདི་ལ༔ ཅེ་རེ་ལྟོས་ཤིག༔ ཁྱེད་རང་རྣམས་ཀྱི་སེམས་རྣམ་རྟོག་རང་སར་ཞི་ནས༔ མ་བཅོས་པའི་ངང་ལ་ལྷན་ནེ་གནས་པ་གཅིག་མི་འདུག་གམ༔ འོ་འདི་ལ་ཞི་གནས་ཞེས་བྱ་བ་ཡིན་ཏེ༔ སེམས་ཀྱི་ངོ་བོ་མ་ཡིན་ནོ༔ ད་ཁྱེད་ཀྱི་སེམས་གནས་མཁན་གྱི་ངོ་བོ་ཁོ་རང་ལ་ཅེ་རེ་ལྟོས་དང་༔ དངོས་པོ་དབྱིབས་དང་ཁ་དོག་ཅིའི་ངོ་བོར་ཡང་མ་གྲུབ་པའི་ཅི་ཡང་མེད་པའི་སྟོང་ལྷན་ནེ་བ་གཅིག་མི་འདུག་གམ༔ འདི་ལ་ངོ་བོ་སྟོང་པ་ཞེས་པ་ཡིན་ནོ༔ སྟོང་པ་དེའི་གདངས་མ་འགགས་པར་གསལ་བ་འདྲ་བ༔ སང་ངེ་བ་འདྲ་བ༔ འོལ་ལེ་གསལ་བ་གཅིག་མི་འདུག་གམ༔ འདི་ལ་རང་བཞིན་གསལ་བ་ཞེས་བྱ་བ་ཡིན་ནོ༔ ངོ་བོ་ཅིར་ཡང་མ་གྲུབ་པའི་སྟོང་སང་ངེ་བ་དང་༔ དེའི་གདངས་མ་འགགས་པར་སལ་ལེ་བ་དེ་གཉིས་དབྱེར་མི་བྱེད་པར༔ ཧྲིག་གེ་བ་འདྲ་བ༔ ལྷང་ངེ་བ་འདྲ་བའི་རིག་པ༔ ཡོད་རྒྱུ་གཅིག་ཡོད་ལ༔ ཁར་དངོས་སུ་སྨྲ་རྒྱུ་མ་རྙེད་པའི་ཤེས་པ༔ ད་ལྟའི་ཧྲིག་གེ་བ་འདི་ལ་རིག་པ་ཞེས་མིང་དུ་བཏགས་པ་ཡིན་ནོ༔ བསམ་པར་བྱེད་པའི་མཁན་པོའང་འདི་ཁོ་ན་ཡིན་པས༔ སེམས་ཞེས་མིང་དུ་བཏགས་པ་ཡིན༔ མི་དྲན་དགུ་དྲན་གྱི་མཁན་པོའང་འདི་ཡིན་པས༔ དྲན་པ་ཞེས་མིང་དུ་བཏགས་པ་ཡིན༔ མཐོང་རྒྱུ་མེད་བཞིན་དུ་གསལ་ཧྲིག་གེ༔ རྗེན་ནེ་ཅེ་རེ༔ ལྷག་གེ་མཐོང་བས་ལྷག་མཐོང་ཞེས་མིང་དུ་བཏགས་པ་ཡིན༔ བྱེ་བྲག་ཐམས་ཅད་དུ་ཤྭ་མང་གི་སུལ་བཞིན་འབྱེད་པར་བྱེད་པའི་མཁན་པོའང་འདི་ཡིན་པས༔ སོ་སོར་རྟོག་པའི་ཤེས་རབ་ཅེས་མིང་དུ་བཏགས་པ་ཡིན༔ དེ་ལ་སོགས་པ༔ བདེ་གཤེགས་སྙིང་པོ༔ ཐིག་ལེ་ཉག་གཅིག༔ དབྱིངས་དང་ཡེ་ཤེས༔ དབུ་མ༔ དོན་དམ་པའི་བདེན་པ༔ ཕྱག་རྒྱ་ཆེན་པོ༔ རྫོགས་པ་ཆེན་པོ༔ སྟོང་པ་ཉིད་ལ་སོགས་པ༔ ཐམས་ཅད་འདི་གཅིག་པུའི་མིང་ཡིན་མོད༔ རིག་པ་ཧྲིག་གེ་བ་འདི་ཡོད་པས༔ མིག་གིས་གཟུགས་མཐོང་མཁན་ཡང་འདི་ཡིན༔ རྣ་བས་སྒྲ༔ སྣས་དྲི༔ ལྕེས་རོ་ལ་སོགས་པ་མྱོང་མཁན༔ ཚོར་མཁན་ཐམས་ཅད་ད་ལྟའི་ཤེས་རིག་གསལ་བ་འདི་ཁོ་ན་ཡིན་མོད༔ འོ་སྐོལ་རྣམས་ལ་འདི་ཡོད་པས་དགའ་བ་དང་༔ མི་དགའ་བ་དང་༔ འདོད་ཆགས་དང་༔ ཞེ་སྡང་ལ་སོགས་པ་སྣ་ཚོགས་སུ་འཆར་བ༔ ཤེས༔ དྲན༔ རིག་པའི་ཕྱིར༔ སེམས་ཅན་ཞེས་མིང་དུ་བཏགས་པའོ༔ འདི་མངོན་སུམ་དུ་དྲན་རིག་རྒྱུན་མ་ཆད་པར་ཡོད་ཀྱང་༔ ཁོ་རང་གིས་ཁོ་རང་ངོ་མ་ཤེས་པ་ལ་ལྷན་ཅིག་སྐྱེས་པའི་མ་རིག་པ་ཞེས་མིང་དུ་བཏགས་པའོ༔ དེ་ཡང་ཅི་ལྟར་མ་རིག་ན་མིག་གིས་ཕར་ཐམས་ཅད་མཐོང་ཡང་༔ ཚུར་ཁོ་རང་གིས་ཁོ་རང་མ་མཐོང་བ་ལྟར༔ སེམས་ཁོ་རང་གིས་ཁོ་རང་མ་མཐོང་༔ མ་རིག་མ་ཤེས་པས༔ མ་རིག་པ་ཞེས་བྱའོ༔ རང་གིས་རང་ལྷང་གི་ཤེས་པ་ལ་རིག་པ་ཞེས་བྱ༔ ཡེ་ཤེས་ཞེས་བྱ༔ མདོར་ན་ད་ལྟ་རང་ཐ་མལ་རང་ཁ་མ་ལ་གནས་པའི་དུས་ཀྱི་ཤེས་པ་གསལ་ཧྲིག་གེ་བ་འདི་ཁོ་ན་ཡིན་ནོ༔ འདི་ལ་དབྱིབས་ཁ་དོག་ཅིའི་ངོ་བོར་ཡང་མ་གྲུབ་པས༔ རྟག་པའི་མཐའ་དང་བྲལ༔ མེད་བཞིན་དུ་ཧྲིག་གེ་གསལ་བ༔ སུས་ཀྱང་མ་བྱས་པའི་རང་བཞིན་གྱིས་འོད་གསལ་བས་ཆད་པའི་མཐའ་དང་བྲལ༔ དུས་འདི་ཙམ་ནས་བྱུང་༔ རྒྱུ་རྐྱེན་འདི་ལས་བྱུང་བྱ་བ་མེད་པས༔ སྐྱེ་བའི་མཐའ་དང་བྲལ༔ དུས་འདི་ཙམ་ནས་སེམས་ཤིའམ་འགག་བྱ་བ་མེད་པས༔ འགག་པའི་མཐའ་དང་བྲལ༔ མེད་བཞིན་འགག་མེད་ཀྱི་རྩལ་ཅིར་ཡང་འཆར་བས༔ གཅིག་གི་མཐའ་དང་བྲལ༔ སྣ་ཚོགས་སུ་འཆར་ཡང་རང་བཞིན་མེད་པར་གྲོལ་བས༔ དུ་མའི་མཐའ་དང་བྲལ༔ དེ་བས་ན་མཐའ་བྲལ་གྱི་ལྟ་བ་ཞེས་བྱ༔ རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་ཞེས་བྱ༔ འདི་ཁོ་ན་སངས་རྒྱས་ཀྱི་ཐུགས་ཞེས་བྱ༔ སེམས་ཅན་གྱི་སེམས༔ སངས་རྒྱས་མཁན༔ འཁོར་བར་འཁྱམས་མཁན༔ བདེ་སྡུག་མྱོང་མཁན་ཐམས་ཅད་འདི་ཁོ་ན་ཡིན་མོད༔ འདི་མེད་ན་འཁོར་འདས་བདེ་སྡུག་ཅི་ཡང་མྱོང་མཁན་མེད་པས༔ ཆད་ལྟ་ཧམ་ཆད་དུ་ཐལ་བར་འགྱུར་རོ༔ དེ་ཡང་འདི་ཁོ་ན༔ སུས་ཀྱང་མ་བྱས་པར་རང་བྱུང་ཡེ་ནས་ལྷུན་གྱིས་གྲུབ་པས༔ ཡེ་ཤེས་ཞེས་བྱ༔ དེ་ལྟ་བུའི་རིག་པ་འདི༔ བླ་མའི་གདམས་ངག་ཟབ་ནས་བྱུང་བའང་མ་ཡིན༔ ཁྱེད་རང་རྣམས་རིག་པ་རྣོ་བ་ལས་བྱུང་བའང་མ་ཡིན༔ སེམས་ཁོ་རང་ཡེ་གདོད་མ་ནས་ཁོ་རང་གི་གཤིས་དེ་ཀ་ལྟར་ཡོད་པ་ཡིན་ཡང་༔ སྔར་ལྷན་ཅིག་སྐྱེས་པའི་མ་རིག་པས་བསྒྲིབས་ནས་ངོ་མ་ཤེས༔ ཐག་མ་ཆོད༔ ཞེ་མ་ཚིམ༔ ཡིད་མ་ཆེས་པས༔ ད་བར་འཁྲུལ་བ་ཡིན་ནོ༔ ད་ནི་ནོར་བདག་པོ་ལ་འཕྲོད༔ རང་ངོ་རང་གིས་ཤེས༔ རང་(མཚན་)རང་གིས་རིག༔ སེམས་ངོ་འཕྲོད་པ་ཞེས་བྱ་བ་ཡིན་ནོ༔ དེ་ཡང་སེམས་སྟོང་པ་ཅང་མེད་ཡེ་མེད་ཡིན་ན་འཁོར་བར་འཁྱམས་ནས༔ སྡུག་བསྔལ་མྱོང་མཁན་སུས་བྱེད༔ སངས་རྒྱས་ནས་མཁྱེན་པའི་ཡེ་ཤེས༔ བརྩེ་བའི་ཐུགས་རྗེ༔ མཛད་པའི་ཕྲིན་ལས་ཅི་ལ་བྱུང་༔ དེ་ཐམས་ཅད་གསལ་རིག་སྟོང་གསུམ་དབྱེར་མེད་པའི་རིག་པ་ཧྲིག་གེ་བ་འདི་ཁོ་ནས་མྱོང་ཞིང་བྱས་པ་ཡིན་ཏེ༔ ཡེ་ཤེས་མིག་གཅིག་དྲི་མ་མེད་བྱ་བའང་འདི་ལ་ཟེར༔ ཤེས་རབ་ཆེན་པོས་སྐད་ཅིག་ལ༔ ཆོས་ཀུན་ཁོང་དུ་ཆུད་པར་འཆང་༔ ཞེས་པ་དང་༔ སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས༔ ཞེས་པའང་འདི་ཁོ་ན་ཡིན༔ སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ༔ ཞེས་པ་དང་༔ གཞན་ཡང་ཡིད་ཆེས་པའི་ལུང་ནི༔ བལྟས་པས་གྲོལ་བ་ཚིག་གསུམ་པའི་རྒྱུད་ལས༔ ཀྱེ་གསང་བའི་བདག་པོ་ཉོན་ཅིག༔ རང་གི་ཤེས་རིག་གི་ངོ་བོ་སང་ངེ་བ༔ དངོས་པོ་དང་ཁ་དོག་ཅིའི་ངོ་བོར་ཡང་མ་གྲུབ་པ༔ སྟོང་སང་ངེ་བ་འདི༔ སངས་རྒྱས་ཀུན་ཏུ་བཟང་མོ་ཡིན་ནོ༔ རང་གི་ཤེས་རིག་གི་ངོ་བོ་སྟོང་བདོ་ཙམ་ན༔ སྟོང་པ་ཕྱང་ཆད་དུ་མ་སོང་བར་རང་གི་ཤེས་རིག་མ་འགགས་པར་ཝ་ལེ་གསལ་བ་འདི་ཀ༔ སངས་རྒྱས་ཀུན་ཏུ་བཟང་པོ་ཡིན་ནོ༔ རང་གི་རིག་པ་དངོས་པོ་ཅིར་ཡང་མ་གྲུབ་པའི་ངོ་བོ་སྟོང་པ་དང་༔ རང་གི་ཤེས་རིག་ཝ་ལེ་གསལ་བར་འདུག་པ་འདི་གཉིས་དབྱེར་མི་ཕྱེད་པར་འདུག་པས༔ སངས་རྒྱས་ཆོས་ཀྱི་སྐུ་ཡིན་ནོ༔ རང་གི་རིག་པ་གསལ་སྟོང་༔ དབྱེར་མེད་འོད་ཀྱི་ཕུང་པོ་ཆེན་པོར་བཞུགས་པ་འདི་ལ༔ སྐྱེ་འཆི་མེད་པས༔ སངས་རྒྱས་འོད་མི་འགྱུར་བ་འདི་ཡིན་ནོ༔ དེ་ངོ་ཤེས་པས་ཆོག་གོ༔ ཞེས་གསུངས་པ་དང་༔ ཡང་༔ ཀྱེ་གསང་བའི་བདག་པོ༔ ཁྱོད་མ་ཡེངས་པར་གསོན་ཅིག༔ རང་གི་ཤེས་རིག་ཝ་ལེ་བ་འདི་སངས་རྒྱས་ཡིན་པས༔ སངས་རྒྱས་གཞན་ནས་བཙལ་དུ་མེད་དོ༔ རང་གི་རིག་པ་ཝ་ལེ་ཁྱུག་གེ་བ་འདི་རྒྱུན་དུ་གསལ་བས༔ སངས་རྒྱས་ཆོས་ཀྱི་སྐུ་ལ་བསྒོམ་སྒྲུབ་བྱར་མེད་དོ༔ རང་གི་རིག་པ་ཆོས་ཀྱི་སྐུ་ལ་སྐྱེ་ཤི་མེད་པས༔ ལས་ལ་དགེ་སྡིག་མེད་དོ༔ ཞེས་གསུངས་པ་དང་༔ ཡང་༔ ཀྱཻ་གསང་བའི་བདག་པོ༔ རང་གི་རིག་པ་འགག་པ་མེད་པར་ཝ་ལེ་བ་གསལ་ཞིང་འདུག་པ་འདི་ཀ་སངས་རྒྱས་ཡིན་ནོ༔ རང་གི་རིག་པ་འགག་པ་མེད་པར་གསལ་བ་འདི་དང་འབྲལ་བ་མེད་པས༔ སངས་རྒྱས་ཆོས་ཀྱི་སྐུ་ལ་བསྒོམ་དུ་མེད་དོ༔ རང་གི་རིག་པ་ཝལ་ལེ་གསལ་བ་འདི་སངས་རྒྱས་ཡིན་པར་རང་གིས་དེ་ངོ་ཤེས་པས་ཆོག་གོ༔ ཞེས་པ་དང་༔ ལུང་ཡེ་ཤེས་མར་མེའི་རྒྱུད་ལས༔ ཀྱཻ་གསང་བའི་བདག་པོ་ཁྱོད་ཉོན་ཅིག༔ རང་གི་སྙིང་གི་དཀྱིལ་ན་ཡང་དག་པར་རྫོགས་པའི་སངས་རྒྱས༔ རིག་པ་གསལ་ལ་མ་འགག་པ་ཆོས་ཀྱི་སྐུ༔ ལྷུན་གྲུབ་ཡེ་ཤེས་ཀྱི་ཁ་མིག་ཅན་དུ་བཞུགས་སོ༔ གསང་བའི་བདག་པོ༔ རང་གི་སྙིང་གི་དཀྱིལ་ན༔ ཆོས་ཀྱི་སྐུ་མཚན་མར་མ་གྲུབ་པས་སྟོང་པར་བཞུགས་སོ༔ རིག་པ་མ་འགགས་པས༔ གསལ་བར་བཞུགས་སོ༔ སྒྲིབ་པ་མེད་པར་ཟང་ཐལ་དུ་བཞུགས་སོ༔ ལྷུན་གྱིས་གྲུབ་པས་ཕྱོགས་མེད་དུ་འཆར་གཞི་མ་འགགས་པར་བཞུགས་སོ༔ གསང་བའི་བདག་པོ༔ ཆོས་སྐུ་མཚན་མར་མ་གྲུབ་པར་སྟོང་པར་བཞུགས་པ་ནི༔ རང་གི་ཤེས་རིག་གི་ངོ་བོ་སང་ངེ་པ་དེ་དང་༔ དངོས་པོ་དང་ཁ་དོག་ཅིའི་ངོ་བོར་ཡང་མ་གྲུབ་པས༔ སྟོང་སང་ངེ་འདུག་པ་ཡིན་ནོ༔ ཞེས་པ་དང་༔ ཡང་༔ ཀྱཻ་གསང་བའི་བདག་པོ༔ རང་གི་སྙིང་གི་དཀྱིལ་ན༔ ཆོས་ཀྱི་སྐུ་རིག་པ་མ་འགགས་པར་གསལ་བར་བཞུགས་པ་ནི༔ རང་གི་རིག་པ་ངོ་བོ་མ་འགགས་པར་ཝལ་ལེ་གསལ་བ་འདི་ཡིན་ནོ༔ ཀྱཻ་གསང་བའི་བདག་པོ༔ རང་གི་རིག་པ་ལ་སྐྱེ་ཤི་མེད་པར་དུས་གསུམ་མཉམ་པ་ཉིད་དུ་གསལ་ལོ༔ སངས་རྒྱས་ཀྱི་སྐུ་ལ་མདུན་རྒྱབ་མེད་པས་ཡེ་ཤེས་ཟང་ཐལ་དུ་གསལ་ལོ༔ ཡེ་ཤེས་ཀྱི་མདངས་ལ་ཕྱི་ནང་མེད་པས་ཡུལ་དང་ཤེས་པ་གཉིས་མེད་དུ་གསལ་ལོ༔ མཁྱེན་པའི་ཡེ་ཤེས་ལ་ཕྱོགས་རིས་མེད་པས༔ ཡེ་ཤེས་ཀྱི་སྤྱན་ལ་ཆོས་ཐམས་ཅད་དགོངས་པ་ཉག་གཅིག་ཏུ་གསལ་ལོ༔ ཞེས་པ་དང་༔ གསང་བའི་བདག་པོ༔ ཆོས་ཀྱི་སྐུ་བརྟེན་པ་རང་གི་ལུས་ལ་བརྟེན་ནས་ཡོད་དོ༔ བཞུགས་པ་རང་གི་སྙིང་གི་དཀྱིལ་ན་བཞུགས་སོ༔ གསལ་བ་རང་གི་མིག་ནས་ཕར་གསལ་ལོ༔ སངས་རྒྱས་རང་གི་སྙིང་གི་ནང་ན་བཞུགས་ནས༔ ཤ་ཁྲག་གི་ལུས་ཀྱིས་གཏུམས་ནས་ཡོད་ཀྱང་མ་ཐུབ་བར༔ ལུས་ཀྱིས་མ་བསྒྲིབས་པར༔ དུས་གསུམ་དུ་ཟང་ཐལ་དུ་གསལ་བར་བཞུགས༔ རང་གི་རིག་པ་ལ་སྐྱེ་འཆི་མེད་པའི་ཡོན་ཏན་ཡིན༔ མཚན་མའི་ལུས་ལྔས་མ་སྒྲིབ་པར་ཟང་ཐལ་དུ་བཞུགས་སོ༔ སངས་རྒྱས་ཀྱི་སྐུ་ལ་མདུན་རྒྱབ་མེད་པའི་ཡོན་ཏན་ཡིན་ནོ༔ ལས་ལ་དགེ་སྡིག་གི་བག་ཆགས་ཀྱིས་མ་བསྒྲིབས་པར་ཟང་ཐལ་དུ་བཞུགས༔ ཡེ་ཤེས་ཀྱི་གདངས་ལ་ཕྱི་ནང་མེད་པས༔ ཡུལ་དང་ཡེ་ཤེས་ལ་གཉིས་སུ་མེད་པའི་ཡོན་ཏན་ཡིན་ནོ༔ མུན་སྣང་གི་རྐྱེན་གྱིས་མ་བསྒྲིབས་པར་ཟང་ཐལ་དུ་བཞུགས་སོ༔ ཞེས་གསུངས་པ་དང་༔ ཡང་༔ གསང་བའི་བདག་པོ༔ ལྷུན་གྱིས་གྲུབ་པ་ནི༔ རང་གི་སྙིང་གི་དཀྱིལ་ན༔ རང་གི་རིག་པ་འོད་གསལ་གྱི་ཕུང་པོར་བཞུགས་པ་ཡིན་ནོ༔ ཐམས་ཅད་དུ་འཆར་གཞི་མ་འགགས་པ་ནི༔ རང་གི་རིག་པ་མིག་ནས་ཕར་སོང་བས༔ གཟུགས་མཐོང་བ་མ་འགགས་པར་འཆར་རོ༔ རང་གི་མིག་གིས་མཐོང་བ་མ་འགགས་པ་དེ་ཀ་ཆོས་ཀྱི་སྐུའི་ཡེ་ཤེས་ཡིན་ནོ༔ རྣ་བས་སྒྲ་ཐོས་མཁན་གྱི་རིག་པ་མ་འགགས་པ་དེ་ཀ་ཆོས་ཀྱི་སྐུ་ཡིན་ནོ༔ ལྕེས་རོ་མྱོང་བའི་མཁན་པོ་དེ་ཀ་རང་ཆོས་ཀྱི་སྐུ་ཡིན་ནོ༔ རང་གི་རིག་པ་སྣ་ནས་ཕར་སོང་བ་དེས་དྲི་མ་འགགས་པར་ཚོར༔ དྲི་ཚོར་མཁན་གྱི་རིག་པ་དེ་རང་ཆོས་སྐུ་ཡིན་ནོ༔ རང་གི་རིག་པ་ཕར་ལ་སོང་བས་ཕོ་མོའི་དབང་པོ་འཕྲོད་པས་བདེ་བ་མ་འགགས་པར་འཆར་རོ༔ བདེ་བ་མྱོང་མཁན་གྱི་རིག་པ་དེ་རང་ཆོས་ཀྱི་སྐུ་ཡིན་ནོ༔ དེ་རང་ངོ་ཤེས་པར་གྱིས་ཤིག༔ ཅེས་པ་ལ་སོགས་པ་གསུངས་སོ༔ གཞན་ཡང་རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལེའུ་བརྒྱ་དང་བཅུ་དགུ་པ་ལས༔ མཐའ་དང་བྲལ་བའི་ཆོས་སྐུ་འདི༔ མེད་པ་མ་ཡིན་དྲན་ཞིང་ཚོར༔ ཆད་པ་མ་ཡིན་རིག་ཅིང་གསལ༔ རྟག་པ་མ་ཡིན་དངོས་པོ་མེད༔ གཉིས་སུ་མ་སོང་ཟླ་བོ་མེད༔ གཅིག་ཏུ་མ་སོང་ཀུན་ལ་ཁྱབ༔ ཅེས་པ་དང་༔ ཡང་༔ རང་བྱུང་སྐྱེ་མེད་རང་གསལ་ལ༔ འགགས་མེད་མི་འགྱུར་རིག་པ་དེ༔ ཡེ་ནས་གནས་པའི་དོན་ཤེས་པས༔ རྡོ་རྗེ་སེམས་དཔའི་དགོངས་པ་ཡིན༔ ཅེས་པ་དང་༔ ཡང་༔ སེམས་ཉིད་སྐྱེ་འཆི་མེད་པའི་ཕྱིར༔ ཐོག་མ་ཐ་མ་མེད་པར་གནས༔ དེ་ཕྱིར་དུས་གསུམ་མི་འགྱུར་བས༔ དངོས་མེད་ཁྱབ་པས་ནམ་མཁའ་འདྲ༔ མཐའ་ཡི་སྒྲོ་སྐུར་བྲལ་བ་ཡང་༔ ཡོད་པ་བྲལ་ཞིང་རྟག་པ་མེད༔ མེད་པ་མ་ཡིན་ཆད་པ་བྲལ༔ ཡོད་པ་མཐའ་བྲལ་རང་བྱུང་ཞིང་༔ རིག་པ་རང་གི་ངོ་བོ་ལ༔ སྐྱེ་འགགས་མེད་ཕྱིར་རང་གསལ་སྐུ༔ སང་ངེ་སལ་ལེ་ཕྱི་ནང་མེད༔ དེ་ཕྱིར་རང་རིག་ཆོས་སྐུ་ཉིད༔ ཅེས་པ་ལ་སོགས་པ་རྒྱ་ཆེར་གསུངས་སོ༔ གཞན་ཡང་ཀུན་བྱེད་རྒྱལ་པོ་ལས་ཀྱང་༔ ཀྱཻ་སེམས་དཔའ་ཆེན་པོ་ཉོན་ཅིག༔ ང་ཡི་རང་བཞིན་འདི་ལྟ་སྟེ༔ ཡོད་ནི་གཅིག་ལས་མེད་པ་སྟེ༔ བསྟན་ནི་རྣམ་པ་གཉིས་སུ་བསྟན༔ བྱུང་ནི་ཐེག་པ་དགུ་རུ་བྱུང་༔ འདུས་ནི་རྫོགས་པ་ཆེན་པོར་འདུས༔ ཡིན་ནི་བྱང་ཆུབ་སེམས་ཡིན་ཏེ༔ གནས་ནི་ཆོས་ཀྱི་དབྱིངས་ལ་གནས༔ གསལ་ནི་རིག་པའི་མཁའ་ལ་གསལ༔ ཁྱབ་ནི་སྣོད་བཅུད་ཀུན་ལ་ཁྱབ༔ བྱུང་ནི་སྣང་སྲིད་ཀུན་ཏུ་བྱུང་༔ བསྟན་དུ་མཚན་མའི་དངོས་པོ་མེད༔ མཐོངས་སུ་དམིགས་པའི་ཡུལ་དང་བྲལ༔ ཤེས་སུ་ཚིག་ཏུ་བརྗོད་དུ་མེད༔ རྒྱུ་ལས་མ་བྱུང་སྙིང་པོ་མེད༔ སྤྲོས་(སྒྲོན)ཀྱིས་བཏགས་པ་ཀུན་དང་བྲལ༔ དོན་དེ་ངེས་པར་རྟོགས་འདོད་ན༔ དཔེ་ནི་ནམ་མཁའ་ལྟ་བུར་བརྟགས༔ དོན་ནི་ཆོས་ཉིད་སྐྱེ་བ་མེད༔ རྟགས་ནི་སེམས་ཉིད་འགགས་པ་མེད༔ ནམ་མཁའ་ལྟ་བུའི་ཆོས་ཉིད་ལ༔ ནམ་མཁའ་ལྟ་བུའི་དཔེ་ཡིས་མཚོན༔ དམིགས་སུ་མེད་པའི་ཆོས་ཉིད་ལ༔ དམིགས་སུ་མེད་པས་མཚོན་ཏེ་བསྟན༔ ཚིག་ཏུ་བརྗོད་དུ་མེད་པ་ལ༔ བརྗོད་དུ་མེད་པའི་ཚིག་བརྗོད་དེ༔ དམིགས་མེད་དོན་གྱི་ངོ་བོ་བསྟན༔ འདི་ཡི་ངེས་དོན་མ་རྟོགས་ན༔ དོན་གྱི་སྒྲ་ཚིག་ཅི་བསྟན་ཡང་༔ ང་དང་འཕྲད་པར་མི་འགྱུར་ཏེ༔ ང་ལས་གོལ་ལ་ང་བསྒྲིབས་པས༔ ཆོས་ཀྱི་ངོ་བོ་ཐོབ་མི་འགྱུར༔ ཞེས་གསུངས་པ་དང་༔ ཡང་༔ བྱང་ཆུབ་སེམས་ཀྱི་རང་བཞིན་འདི་ཉིད་ནི༔ ཆོས་ཀུན་མ་ལུས་པ་ཡི་སྙིང་པོ་སྟེ༔ མ་སྐྱེས་རྣམ་པར་དག་པས་སྒྲིབས་པ་མེད༔ བགྲོད་པའི་ལམ་དང་བྲལ་བས་གོལ་ས་མེད༔ ཡེ་ནས་ལྷུན་གྱིས་གྲུབ་པས་བཙལ་མི་དགོས༔ ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་སོ༔ རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལེའུ་བཞི་པ་ནས་ཀྱང་༔ ཆོས་ཉིད་དོན་ལ་གཞན་མེད་པས༔ རང་བྱུང་ཡེ་ཤེས་གསལ་བའོ༔ ཡིད་བཞིན་ནོར་བུ་རིན་པོ་ཆེ༔ མ་བཙལ་རང་ལ་ཡོད་པ་ཡིན༔ ཅེས་གསུངས་པ་དང་༔ ཡང་༔ ཀུན་བྱེད་རྒྱལ་པོ་ལས༔ རང་བྱུང་ཡེ་ཤེས་ཞེས་ནི་བྱ་བ་ཡང་༔ རང་བྱུང་རྒྱུ་རྐྱེན་མེད་པར་བྱུང་བ་ཡིན༔ ཡེ་ཤེས་འགག་པ་མེད་པར་གསལ་བ་ཡིན༔ ཅེས་པ་དང་༔ རྒྱུ་རྐྱེན་མེད་པའི་སྙིང་པོ་དེས༔ ཀུན་ལ་དབང་བསྒྱུར་ཐམས་ཅད་བྱེད༔ ཅེས་པ་དང་༔ ཆོས་རྣམས་ཐམས་ཅད་ང་ཡིན་པས༔ ང་ཡི་རང་བཞིན་འདི་རིག་ན༔ ཆོས་རྣམས་རང་བཞིན་རིག་པར་འགྱུར༔ ཞེས་པ་དང་༔ ང་ནི་སྟོན་པ་ཀུན་བྱེད་བྱང་ཆུབ་སེམས༔ བྱང་ཆུབ་སེམས་ནི་ཀུན་བྱེད་རྒྱལ་པོ་སྟེ༔ དུས་གསུམ་སངས་རྒྱས་བྱང་ཆུབ་སེམས་ཀྱིས་བྱས༔ ཁམས་གསུམ་སེམས་ཅན་བྱང་ཆུབ་སེམས་ཀྱིས་བྱས༔ སྣང་སྲིད་སྣོད་བཅུད་བྱང་ཆུབ་སེམས་ཀྱིས་བྱས༔ ཞེས་པ་ལ་སོགས་པ་མདོ་རྒྱུད་དུ་མ་ནས་རྒྱ་ཆེར་གསུངས་པ་ཐམས་ཅད༔ ད་ལྟའི་སེམས་གསལ་སྟོང་དུ་ཧྲིག་གེ་པ་འདི་ཁོ་ན་ལ་ཟེར་བ་ཡིན་ཏེ༔ འདི་རང་ངོ་མ་ཤེས་ཤིང་༔ འཁྲུལ་བའི་གཞིར་གྱུར་པ་ལས༔ མ་རིག་པ་ཞེས་བྱ་སྟེ༔ ཁམས་གསུམ་གྱི་སེམས་ཅན༔ འཁྲུལ་གཞི་ཞེས་མིང་དུ་བཏགས་པ་ཡིན་ཏེ༔ འདིའི་རང་ངོ་རང་གིས་ཤེས་པ་ལ༔ ཀུན་ཏུ་བཟང་པོའི་གྲོལ་གཞི་ཞེས་མིང་དུ་བཏགས་ཤིང་༔ འདི་ཉིད་གསལ་སྟོང་ལུང་མ་བསྟན་དུ་གནས་པའི་དུས་ན༔ ཀུན་གཞི་ཞེས་མིང་དུ་བཏགས་པའོ༔ དེའང་འཁོར་འདས༔ བདེ་སྡུག་ཀུན་གྱི་གཞི་ད་ལྟའི་ཤེས་རིག་གཅིག་པུ་འདི་ལས་གཞན་མེད་དེ༔ བླ་མས་ངོ་སྤྲད༔ སློབ་མས་རང་ངོ་ཤེས་ཤིང་༔ ཡིད་ཆེས་ཐག་ཆོད་པས༔ ཀུན་གཞི་རང་སར་གྲོལ་བས༔ སྐྱེ་གནས་བར་དོའི་ཁྲིད་ཡིག༔ ཀུན་གཞི་རང་གྲོལ་ཞེས་བྱ་བ་ཡིན་པས༔ དེ་བཞིན་དུ་ཤེས་པར་མཛོད་ཅིག༔ དེ་ཡན་ཆད་ཞི་གནས་བསྒྲུབ་ཅིང་༔ ལྷག་མཐོང་རིག་པའི་ཡེ་ཤེས་ངོ་སྤྲད་པའི་ཆོས་ཐུན་དང་པོའོ༔ ས་མ་ཡ༔


previousསྐྱེ་གནས་བར་དོའི་ཁྲིད་ཡིག་ཀུན་གཞི་རང་གྲོལ།next