རྒྱལ་བ་རིགས་ལྔའི་སྒྲུབ་ཐབས།
རྒྱལ་བ་རིགས་ལྔའི་སྒྲུབ་ཐབས་བཞུགས༔ ༔
༼ཨ༽ ༔པདྨ་བཛྲ་ན་མ་ཡེ༔ ཞལ་གདམས་གནད་ཀྱི་གདམས་པ་ལས༔ ཉམས་ལེན་ཡེ་ཤེས་གསང་བ་ཡི༔ སྤྲུལ་བསྒྱུར་གར་གྱི་རོལ་རྩེད་ལས༔ རྒྱལ་བ་རིགས་ལྔའི་སྒྲུབ་ཐབས་བསྟན༔ བརྡའ་ཡིག ཨོཾ་ཨཱཿཧཱུྃ༔ སེང་གེ་པདྨ་ཉི་ཟླའི་ཁྲིར༔ རང་རིག་རྣམ་པར་སྣང་མཛད་སྐུ༔ དཀར་གསལ་མཛེས་འཛུམ་མཚན་དཔེས་བརྒྱན༔ ཞིང་ཁམས་ཐམས་ཅད་སྐུ་ལ་རྫོགས༔ སྐུ་ཡིས་ཞིང་ཁམས་ཡོངས་ལ་ཁྱབ༔ ཞལ་གཅིག་ཕྱག་གཉིས་ཆོས་འཆད་རྒྱས༔ ཆོས་ཀྱི་འཁོར་ལོ་ཐུགས་ཀར་བསྣམས༔ དབུ་རྒྱན་སྙན་རྒྱན་མགུལ་
རྒྱན་དང༔ ཕྱག་གདུབ་ཞབས་གདུབ་དྲྭ་ཕྱེད་འཕྱངས༔ ལོངས་སྤྱོད་རྫོགས་པའི་རྒྱན་རྣམས་བཀླུབས༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ འཇའ་འོད་ཀློང་དུ་གསལ་བར་བསྒོམ༔ ཐུགས་ཀར་ཉི་ཟླའི་དཀྱིལ་འཁོར་དབུས༔ འཁོར་ལོའི་ལྟེ་བར་ཨོཾ་ཡིག་དཀར༔ ཐ་མར་སྔགས་ཕྲེང་འཁོར་བའི་སྒྲས༔ རྣམ་སྣང་སྤྱན་དྲངས་རང་ལ་བསྟིམ༔ ཨོཾ་ཨཱཿཧཱུྃ་བྷ་ག་ཝཱན་བཻ་རོ་ཙ་ན་ཨོཾ༔ མ་ཡེངས་ངང་དུ་འབྲུ་འབུམ་བཟླས༔ འོག་མིན་གནས་སུ་
རྣམ་སྣང་དང་༔ དབྱེར་མེད་འགྲུབ་པར་ཐེ་ཚོམ་མེད༔ ༔ཆོས་ཉིད་སྐྱེ་འགག་མེད་པའི་སེམས༔ ཆོས་དབྱིངས་ཡེ་ཤེས་མྱུར་རྟོགས་འགྱུར༔ སྐུ་ནི་སྣང་སྟོང་འཇའ་ཚོན་ལྟར༔ སྒྲ་ནི་གྲགས་སྟོང་པི་ཝཾ་ལྟར༔ སེམས་ནི་སྐྱེ་འགག་མེད་པའོ༔ གནད་གསུམ་འདི་ལ་བརྩོན་གྱུར་ན༔ བཅོམ་ལྡན་རྣམ་པར་སྣང་མཛད་དང་༔ དབྱེར་མེད་འཇའ་ལུས་འགྲུབ་པར་འགྱུར༔ བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྒྲུབ་ཐབས་ལེའུ་སྟེ་བདུན་པའོ༔ ས་མ་ཡ་ཐུགས་རྒྱ་བརྡའ་ཐིམ༔ བརྡའ་ཡིག ༼ཨཱཿ༽ ༔ཨོཾ་ཨཱཿཧཱུྃ༔ གླང་ཆེན་པདྨ་ཉི་ཟླའི་ཁྲིར༔ རང་རིག་བཅོམ་ལྡན་མི་བསྐྱོད་པ༔ མཐིང་མདོག་མཛེས་འཛུམ་མཚན་དཔེས་བརྒྱན༔ ཞིང་ཁམས་ཐམས་ཅད་སྐུ་ལ་རྫོགས༔ སྐུ་ཡིས་ཞིང་ཁམས་ཡོངས་ལ་ཁྱབ༔ ཞལ་གཅིག་ཕྱག་གཉིས་གཡས་ས་གནོན༔ གཡོན་པས་མཉམ་བཞག་རྡོ་རྗེ་འཛིན༔ དབུ་རྒྱན་སྙན་རྒྱན་མགུལ་རྒྱན་དང་༔ ཕྱག་གདུབ་ཞབས་གདུབ་དོ་ཤལ་འཕྱངས༔ ལོངས་སྤྱོད་རྫོགས་པའི་རྒྱན་རྣམས་བཀླུབས༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་
བཞུགས༔ འཇའ་འོད་ཀློང་དུ་གསལ་བར་བསྒོམ༔ ཐུགས་ཀར་ཉི་ཟླའི་དཀྱིལ་འཁོར་དབུས༔ རྡོ་རྗེའི་ལྟེ་བར་ཧཱུྃ་ཡིག་མཐིང་༔ ཐ་མར་སྔགས་ཕྲེང་འཁོར་བའི་སྒྲས༔ མི་བསྐྱོད་སྤྱན་དྲངས་རང་ལ་བསྟིམ༔ ཨོཾ་ཨཱཿཧཱུྃ་ཨཱཀྵོ་བྷྱ་བཛྲ་ཧཱུྃ༔ མ་ཡེངས་ངང་དུ་འབྲུ་འབུམ་བཟླས༔ མངོན་དགའི་ཞིང་དུ་མི་བསྐྱོད་དང་༔ དབྱེར་མེད་འགྲུབ་པར་ཐེ་ཚོམ་མེད༔ ལས་སྒྲིབ་མ་ལུས་མཁའ་ལྟར་དག༔ ༔རང་སེམས་གསལ་ལ་རྟོག་མེད་པ༔ མེ་ལོང་ཡེ་ཤེས་མྱུར་རྟོགས་འགྱུར༔ སྐུ་ནི་སྣང་སྟོང་ནམ་མཁའི་ལྟར༔ སྒྲ་ནི་གྲགས་སྟོང་འབྲུག་སྒྲ་ལྟར༔ སེམས་ནི་གསལ་ལ་རྟོག་མེད་པ༔ གནད་གསུམ་འདི་ལ་བརྩོན་གྱུར་ན༔ བཅོམ་ལྡན་མི་བསྐྱོད་རྡོ་རྗེ་དང༔ དབྱེར་མེད་འཇའ་ལུས་འགྲུབ་པ་འགྱུར༔ བཅོམ་ལྡན་འདས་རྡོ་རྗེ་མི་བསྐྱོད་པའི་སྒྲུབ་ཐབས་བསྟན་པའི་ལེའུ་སྟེ་བརྒྱད་པའོ༔ ས་མ་ཡ་ཐུགས་རྒྱ་བརྡའ་ཐིམ༔ བརྡའ་ཡིག ༼ཨི༽ ༔ཨོཾ་ཨཱཿཧཱུྃ༔ རྟ་མཆོག་པདྨ་ཉི་ཟླའི་ཁྲིར༔ རང་རིག་རིན་ཆེན་འབྱུང་ལྡན་སྐུ༔ སེར་གསལ་མཛེས་འཛུམ་མཚན་དཔེས་རྒྱན༔ ཞིང་ཁམས་ཐམས་ཅད་སྐུ་ལ་རྫོགས༔ སྐུ་ཡིས་ཞིང་ཁམས་ཡོངས་ལ་ཁྱབ༔
ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན༔ གཡོན་པས་མཉམ་བཞག་རིན་ཆེན་བསྣམས༔ དབུ་རྒྱན་སྙན་རྒྱན་མགུལ་རྒྱན་དང༔ ཕྱག་གདུབ་ཞབས་གདུབ་དོ་ཤལ་འཕྱངས༔ ལོངས་སྤྱོད་རྫོགས་པའི་རྒྱན་རྣམས་བཀླུབས༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ འཇའ་འོད་ཀློང་དུ་གསལ་བར་བསྒོམ༔ ཐུགས་ཀར་ཉི་ཟླའི་དཀྱིལ་འཁོར་དབུས༔ ནོར་བུའི་ལྟེ་བར་ཏྲཱཾ་ཡིག་སེར༔ ཐ་མར་སྔགས་ཕྲེང་འཁོར་བའི་སྒྲས༔ རིན་འབྱུང་སྤྱན་དྲངས་རང་ལ་བསྟིམ༔ ཨོཾ་ཨཱཿཧཱུྃ་རཏྣ་སཾ་བྷ་ཝ་ཏྲཱཾ༔ མ་ཡེངས་ངང་དུ་འབྲུ་འབུམ་བཟླས༔ ཡོན་ཏན་བཀོད་པར་རིན་འབྱུང་དང༔ དབྱེར་མེད་འགྲུབ་པར་ཐེ་ཚོམ་མེད༔ ༔སྣང་ཡུལ་འཛིན་སེམས་གཉིས་སུ་མེད༔ བླང་དོར་མེད་པའི་ངང་དུ་བཞག༔ མཉམ་ཉིད་ཡེ་ཤེས་མྱུར་རྟོགས་འགྱུར༔ སྐུ་ནི་སྣང་སྟོང་ཉི་འོད་ལྟར༔ སྒྲ་ནི་གྲགས་སྟོང་རླུང་སྒྲ་ལྟར༔ སེམས་ནི་སྣང་སེམས་བླང་དོར་མེད༔ གནད་གསུམ་འདི་ལ་བརྩོན་གྱུར་ན༔ བཅོམ་ལྡན་རིན་ཆེན་འབྱུང་ལྡན་དང་༔ དབྱེར་མེད་འཇའ་ལུས་འགྲུབ་པར་འགྱུར༔ བཅོམ་ལྡན་འདས་
རིན་ཆེན་འབྱུང་ལྡན་སྒྲུབ་ཐབས་ལེའུ་སྟེ་དགུ་པའོ༔ ས་མ་ཡ་ཐུགས་བརྡའ་ཐིམ༔ བརྡའ་ཡིག ༼ཨཱི༽ ཨོཾ་ཨཱཿཧཱུྃ༔ རྨ་བྱ་པདྨ་ཉི་ཟླའི་ཁྲིར༔ རང་རིག་སྣང་བ་མཐའ་ཡས་སྐུ༔ དམར་གསལ་མཛེས་འཛུམ་མཚན་དཔེས་བརྒྱན༔ ཞིང་ཁམས་ཐམས་ཅད་སྐུ་ལ་རྫོགས༔ སྐུ་ཡིས་ཞིང་ཁམས་ཡོངས་ལ་ཁྱབ༔ ཞལ་གཅིག་ཕྱག་གཉིས་མཉམ་བཞག་རྒྱས༔ འཆི་མེད་བདུད་རྩིའི་བུམ་པ་འཛིན༔ དབུ་རྒྱན་སྙན་རྒྱན་མགུལ་རྒྱན་དང་༔ ཕྱག་གདུབ་ཞབས་གདུབ་དོ་ཤལ་འཕྱངས༔ ལོངས་སྤྱོད་རྫོགས་པའི་རྒྱན་རྣམས་བཀླུབས༔ གནས་གསུམ་ཨཱོཾ་ཨཱཿཧཱུྃ་གིས་མཚན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ འཇའ་འོད་ཀློང་དུ་གསལ་བར་བསྒོམ༔ ཐུགས་ཀར་ཉི་ཟླའི་དཀྱིལ་འཁོར་དབུས༔ པདྨའི་ལྟེ་བར་ཧྲཱིཿཡིག་དམར༔ ཐ་མར་སྔགས་ཕྲེང་འཁོར་བའི་སྒྲས༔ སྣང་མཐའ་སྤྱན་དྲངས་རང་ལ་ཐིམ༔ ཨཱོཾ་ཨཱཿཧཱུྃ་ཨ་མྲྀ་ཏ་བྷ་ཧྲིཿཨཱ་ཡུཿསིདྡྷི་ཛཿ མ་ཡེངས་ངང་དུ་འབྲུ་འབུམ་བཟླས༔ བདེ་བ་ཅན་དུ་
སྣང་མཐའ་དང་༔ དབྱེར་མེད་འགྲུབ་པར་ཐེ་ཚོམ་མེད༔ ༔ཆོས་ཀུན་སྤྱི་དང་བྱེ་བྲག་ཏུ༔ རང་གི་མཚན་ཉིད་མ་འདྲེས་པར༔ སོ་སོར་གསལ་བའི་རིག་རྩལ་འཕྲུལ༔ སོར་རྟོག་ཡེ་ཤེས་མྱུར་རྟོགས་འགྱུར༔ སྐུ་ནི་སྣང་སྟོང་མེ་འོད་ལྟར༔ སྒྲ་ནི་གྲགས་སྟོང་རྔ་སྒྲ་ལྟར༔ སེམས་རྩལ་མ་འགགས་སོ་སོར་གསལ༔ གནད་གསུམ་འདི་ལ་བརྩོན་གྱུར་ན༔ བཅོམ་ལྡན་སྣང་བ་མཐའ་ཡས་དང་༔ དབྱེར་མེད་འཇའ་ལུས་འགྲུབ་པར་འགྱུར༔ བཅོམ་ལྡན་འདས་སྣང་བ་མཐའ་ཡས་སྒྲུབ་ཐབས་ལེའུ་སྟེ་བཅུ་པའོ༔ ས་མ་ཡ་ཐུགས་རྒྱ་བརྡའ་ཐིམ༔ བརྡའ་ཡིག ༼ཨུ༽ ༔ཨཱོཾ་ཨཱཿཧཱུྃ༔ མཁའ་ལྡིང་པདྨ་ཉི་ཟླའི་ཁྲིར༔ རང་རིག་དོན་ཡོད་གྲུབ་པའི་སྐུ༔ ལྗང་གསལ་མཛེས་འཛུམ་མཚན་དཔེས་བརྒྱན༔ ཞིང་ཁམས་ཐམས་ཅད་སྐུ་ལ་རྫོགས༔ སྐུ་ཡིས་ཞིང་ཁམས་ཡོངས་ལ་ཁྱབ༔ ཞལ་གཅིག་ཕྱག་གཉིས་གཡས་སྐྱབས་སྦྱིན༔ གཡོན་པས་མཉམ་བཞག་རྒྱ་གྲམ་བསྣམས༔ དབུ་རྒྱན་སྙན་རྒྱན་མགུལ་རྒྱན་དང་༔ ཕྱག་གདུབ་ཞབས་གདུབ་དོ་ཤལ་འཕྱངས༔ ལོངས་སྤྱོད་རྫོགས་པའི་རྒྱན་རྣམས་བཀླུབས༔ གནས་གསུམ་ཨཱོཾ་ཨཱཿཧཱུྃ་
གིས་མཚན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ འཇའ་འོད་ཀློང་དུ་གསལ་བར་བསྒོམ༔ ཐུགས་ཀར་ཉི་ཟླའི་དཀྱིལ་འཁོར་དབུས༔ རྒྱ་གྲམ་ལྟེ་བར་ཨཱཿཡིག་ལྗང་༔ ཐ་མར་སྔགས་ཕྲེང་འཁོར་བའི་སྒྲས༔ དོན་གྲུབ་སྤྱན་དྲངས་རང་ལ་བསྟིམ༔ ཨཱོཾ་ཨཱཿཧཱུྃ་ཨ་མོ་གྷ་སིདྡྷི་ཨཱ༔ མ་ཡེངས་ངང་དུ་འབྲུ་འབུམ་བཟླས༔ ལས་རབ་གྲུབ་པར་དོན་གྲུབ་དང་༔ དབྱེར་མེད་འགྲུབ་པར་ཐེ་ཚོམ་མེད༔ ༔རང་དང་གཞན་གྱི་དོན་རྣམས་ནི༔ རྩོལ་བ་མེད་པར་འགྲུབ་པ་ཡི༔ བྱ་གྲུབ་ཡེ་ཤེས་འགྲུབ་པར་འགྱུར༔ སྐུ་ནི་སྣང་སྟོང་འཇའ་གཟུགས་ལྗང་༔ སྒྲ་ནི་གྲགས་སྟོང་དུང་སྒྲ་ལྟར༔ སེམས་ནི་སྟོབས་རྩལ་བརྩོན་འགྲུས་རྫོགས༔ ལེ་ལོ་སྙོམ་ལས་རང་སར་དག༔ རིག་རྩལ་ངར་བསྐྱེད་སྤོབས་པ་རྒྱས༔ རང་གཞན་བྱང་ཆུབ་སྒྲུབས་ལ་བརྩོན༔ གནད་གསུམ་འདི་ལ་བརྩོན་གྱུར་ན༔ བཅོམ་ལྡན་དོན་ཡོད་གྲུབ་པ་དང་༔ དབྱེར་མེད་འཇའ་ལུས་འགྲུབ་པར་འགྱུར༔ བཅོམ་ལྡན་འདསདོན་ཡོད་གྲུབ་པའི་སྒྲུབ་ཐབས་ལེའུ་སྟེ་བཅུ་གཅིག་པའོ༔ ས་མ་ཡ་ཐུགས་རྒྱ་བརྡའ་ཐིམ༔ བརྡའ་ཡིག ༼ཨཱུ༽ ༔པདྨ་བཛྲ་ན་མ༔ ཞལ་གདམས་ལམ་ཁྱེར་ངོ་སྤྲོད་ནི༔ རང་ཞལ་མ་མཐོང་རང་སེམས་འདི༔ མ་འཁྲུལ་སྐྱེ་མེད་སངས་རྒྱས་ཐུགས༔ འཁྲུལ་པས་ལས་
ངན་འཁོར་བའི་སེམས༔ འཁྲུལ་པའི་རང་ཞལ་འདི་ལྟར་བལྟ༔ གཏི་མུག་ངང་དུ་གཉིད་ལོག་ཚེ༔ གཡང་ལ་ལྷུང་དང་ཆུ་ཡིས་ཁྱེར༔ ཐོག་སེར་འབབ་དང་མེ་ཡིས་ཚིག༔ རླུང་གིས་ཁྱེར་དང་རྦབ་ཀྱིས་དེད༔ འཇིགས་རུང་གཟུགས་བརྙན་མཐོང་བ་དང་༔ རང་ལུས་མཚོན་གྱིས་གཟིར་བ་སོགས༔ འཁྲུལ་སྣང་དྲག་པོ་འཆར་བའི་ཚེ༔ རྨི་ལམ་ཡིན་པར་ཤེས་པར་བྱ༔ མ་ཡེངས་ངང་དུ་དྲན་རིག་བསྟེན༔ རང་རིག་ཡི་དམ་ལྷ་རུ་བསྒོམ༔ སྙིང་གར་པདྨ་འབྱུང་གནས་བསྒོམ༔ སྤྱི་བོར་རྩ་བརྒྱུད་བླ་མས་གཏམས༔ སྣང་སྟོང་སེམས་ལ་གཞོམ་གཞིག་མེད༔ འཁྲུལ་སྣང་བག་ཆགས་ཡིན་ནོ་བསམ༔ དེས་ནི་འཇིགས་སྐྲག་རང་སར་ཞི༔ འཁྲུལ་སྣང་རྨི་ལམ་འོད་གསལ་འགྲུབ༔ ཚེ་འདིར་རྨི་ལམ་མ་ཟིན་ན༔ བར་དོར་འཇིགས་སྐྲག་ཟིན་འདོད་རྣམས༔ ཡིད་སྨོན་བྱེད་ཙམ་ཡིན་ལགས་སོ༔ རྨི་ལམ་ངོས་བཟུང་འོད་གསལ་རྟོགས༔ འདི་ཕྱིར་བདེ་བ་ཐོབ་པར་འགྱུར༔ དེ་ཕྱིར་མ་འོངས་སེམས་ཅན་རྣམས༔ སྙིང་ལ་འཆང་ཞིག་ས་མ་ཡ༔ བླ་མ་སྐུ་གསུམ་སྐུ་ལྔའི་ལས་མཐའ་ལས༔ རྨི་ལམ་ངོས་བཟུང་སྒྲུབ་ཐབས་བསྟན་པའི་ལེའུ་བཅུ་གཉིས་པའོ༔ ས་མ་ཡ་ཐུགས་རྒྱ་བརྡའ་ཐིམ༔ བརྡའ་ཡིག ༼རྀ༽ ༔པདྨ་བཛྲ་ན་མ༔ ཞལ་གདམས་བསྲེ་བའི་གདམས་པ་ན༔ གུ་རུ་ཡིད་ལ་དྲན་པའི་ངང་༔ རང་ལུས་འོད་ཞུ་ལྟེམ་གྱི་ཞུ༔ ས་ཡི་ཁམས་གྱུར་སེར་ལྟེམ་ལྟེམ༔ ས་དེ་དུམ་བུར་གས་ཏེ་འཐོར༔ གནམ་ས་ཆ་ལང་བརྡབ་པར་
བསམ༔ སེམས་ནི་འཆི་འམ་རྨས་སམ་ལྟ༔ རིག་རྩལ་འདི་ལ་འཆི་བ་མེད༔ དེ་བཞིན་རང་ལུས་འོད་དུ་ཞུ༔ འབྱུང་བ་ཆུ་ཡི་རྒྱ་མཚོ་སྔོ༔ མཐའ་ཡི་རྒྱ་མཚོ་ཙམ་དུ་བསྐྱེད༔ རྦ་ཀློང་འཁྲུགས་པས་སྲིད་གསུམ་ཁྱབ༔ རང་སེམས་ཁུར་རམ་འཐུམ་མམ་ལྟ༔ རིག་རྩལ་ཆུ་ཡིས་གཞོམ་པ་མེད༔ དེ་བཞིན་རང་ལུས་འོད་དུ་ཞུ༔ རླུང་ནག་འཚུབས་མས་སྟོང་གསུམ་གང་༔ ས་གཡོས་རི་འགྱེལ་སྲིད་གསུམ་འདར༔ རང་རིག་དེ་ཡི་དཀྱིལ་དུ་གཏད༔ འཆི་འམ་ཁེར་རམ་འཐོར་རམ་ལྟ༔ རིག་རྩལ་རླུང་གིས་གཞིག་ཏུ་མེད༔ དེ་བཞིན་གཡང་ལ་ལྷུང་བར་དམིགས༔ རིག་རྩལ་ཆག་དང་གྲུམ་པ་མེད༔ དེ་བཞིན་རི་བོ་ཉིལ་བར་དམིགས༔ འོག་ཏུ་རང་ཉིད་ཡོད་པར་དམིགས༔ མུན་གཏིབས་ནག་ཐིབས་སོང་བར་བསམ༔ རིག་རྩལ་ཟང་ཐལ་རིས་མི་ནོན༔ དེ་བཞིན་རི་ལ་རང་གི་ལུས༔ ཕར་ཐལ་ཚུར་ཐལ་འགྲོ་བར་དམིགས༔ རིག་རྩལ་འདི་ལ་ཐོགས་པ་མེད༔ དེ་བཞིན་འཇིགས་རུང་སྲིན་པོའི་ཁ༔ གནམ་ས་ཙམ་དུ་གདངས་བར་དམིགས༔ རང་ལུས་ཀྲུམ་ཀྲུམ་ཟོས་པར་དམིགས༔ རིག་རྩལ་སྲིན་པོས་ཟོས་པ་མེད༔ དེ་བཞིན་མེ་རི་འབར་བའི་ནང་༔ རང་ལུས་ཚིག་སྟེ་འབར་བར་དམིགས༔ ཐལ་བ་བུན་གྱི་སོང་བར་དམིགས༔ རིག་རྩལ་མེ་ཡིས་ཚིག་པ་མེད༔ དེ་བཞིན་ནམ་མཁར་འཕུར་བ་དང་༔ ནམ་མཁའི་དཀྱིལ་དུ་རྒྱུག་པར་དམིགས༔ རིག་རྩལ་གཤོག་པས་འཕུར་བ་མེད༔ དེ་བཞིན་ནམ་མཁར་རང་གི་
ལུས༔ མགོ་འཇུག་ལྡོག་ནས་སོང་བར་དམིགས༔ རིག་རྩལ་མགོ་འཇུག་ལྡོག་པ་མེད༔ དེ་བཞིན་ཉི་ཟླའི་སྟེང་དུ་བསྡད༔ རིག་རྩལ་ཟེར་གྱིས་གཞོམ་དུ་མེད༔ དོན་ནི་ལུས་སྣང་བོར་ནས་སུ༔ སྐྱེ་འཆི་མེད་པའི་སེམས་ལ་ལྟོས༔ འཆི་མེད་དོན་གྱི་རིག་འཛིན་བསྒྲུབ༔ ཆོས་སྐུ་མཛུབ་ཚུག་ཞལ་གདམས་འདི༔ མ་འོངས་སེམས་ཅན་སྙིང་ལ་འཆང་༔ རང་དོན་ཡིན་ནོ་ས་མ་ཡ༔ བླ་མ་སྐུ་གསུམ་སྐུ་ལྔའི་ལས་མཐའ་ལས༔ བསྲེ་བ་རང་སེམས་ངོ་སྤྲོད་ཆོས་སྐུ་མཛུབ་ཚུག་གི་ཞལ་གདམས་སྐྱེ་མེད་ཀྱི་སེམས་འདི་འཇིགས་སྐྲག་གིས་གཞོམ་པར་མི་ནུས་པའི་འཆི་མེད་ཆོས་སྐུའི་སྒྲུབ་ཐབས་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ༔ ས་མ་ཐུགས་རྒྱ་བརྡའ་ཐིམ༔ བརྡའ་ཡིག ༼རཱྀ༽ ༔པདྨ་བཛྲ་ན་མ༔ ཞལ་གདམས་འཕོ་བའི་རིམ་པ་ནི༔ གློ་བུར་དགྲ་ཡིས་སྡང་བ་དང་༔ འཆི་ལ་ཐུག་གི་ཐབས་ཟད་ན༔ རང་ལུས་དྲང་བསྲང་རིག་པ་བརྟན༔ ཕྱི་སྣང་བའི་ཡུལ་ལ་སེམས་མི་སྤྲོ༔ ནང་འཛིན་པའི་སེམས་དེ་ནང་དུ་བསྡུས༔ སེམས་མ་ཡེངས་ངང་དུ་བསྐྱེད་རིམ་བསྒོམ༔ རིག་པ་འཕྲོ་འདུ་རྦད་ཀྱིས་བཅད༔ ལུས་ནི་ཁང་པའི་ཚུལ་དུ་བསྒོམ༔ རྩ་ནི་འོད་ཀྱི་སྦུ་གུར་བསྒོམ༔ དེ་དབུས་རང་སེམས་བྱ་ཁྱུང་བསྒོམ༔ སྤྱི་གཙུག་རྒྱ་མཐོང་ཡངས་པར་བསྒོམ༔ དེ་སྟེང་པདྨ་འབྱུང་གནས་བསྒོམ༔ རང་རིག་ཁྱུང་ཆེན་རྩལ་བསྐྱེད་འཕུར༔ པད་འབྱུང་ཐུགས་ཀར་འོད་དུ་ཐིམ༔ རང་དང་པད་འབྱུང་དབྱེར་མེད་པ༔ བདེ་བ་ཅན་དུ་
མདའ་ལྟར་སོང་༔ སྣང་མཐའི་ཐུགས་ཀར་ཐིམ་པར་བསྒོམ༔ མྱུར་དུ་འཕོ་བར་ཐེ་ཚོམ་མེད༔ ཧཱུྃ་ཕཊ༔ བཙན་ཐབས་སུ་འཕོ་བའི་གདམས་པ་འདི༔ བླ་མ་སྐུ་གསུམ་སྐུ་ལྔའི་ལས་མཐའ་སྟེ་ལེའུ་བཅུ་བཞི་པའོ༔ ས་མ་ཡ་ཐུགས་རྒྱ་བརྡའ་ཐིམ༔ བརྡའ་ཡིག ༼ལྀ༽ པདྨ་བཛྲ་ན་མ༔ འདི་དང་ཕྱི་མའི་སོ་མཚམས་སུ༔ བར་དོའི་འཁྲུལ་སྣང་འཆར་བའི་ཚེ༔ འཇའ་འོད་མེ་དཔུང་བཟོད་དཀའི་ནང་༔ ཞི་ཁྲོ་རབ་འབྱམས་སྐུ་གཟུགས་འཆར༔ མ་དག་སྣང་བས་བདུད་དུ་འཆར༔ དག་སྣང་གོམས་འདྲིས་ཡོད་པའི་མིས༔ ལྷ་རུ་ཤེས་ནས་སངས་རྒྱས་ཐོབ༔ བླ་མ་སྐུ་གསུམ་སྐུ་ལྔའི་ལས་མཐའ་ལས་བར་དོ་འོད་གསལ་གྱི་འཕོ་བའི་ཐབས་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ༔ ས་མ་ཡ་ཐུགས་རྒྱ་བརྡའ་ཐིམ༔ བརྡའ་ཡིག ༼ལཱྀ༽ ན་མོ་པདྨ་བཛྲ་ཡེ༔ རྨོངས་པའི་རིགས་ལ་ངོ་སྤྲོད་པ༔ འདི་དང་ཕྱི་མའི་སོ་འཚམས་སུ༔ འཇིགས་སྐྲག་བཟོད་དཀའ་འཆར་བའི་ཚེ༔ རང་ཉིད་པདྨ་འབྱུང་གནས་སྐུ༔ འཇའ་ལུས་སྣང་སྟོང་གཟུགས་སུ་བསྒོམ༔ འཇིགས་སྐྲག་འདི་རྣམས་འཁྲུལ་སྣང་ཆ༔ གསོན་ཚེ་ལྷ་རྣམས་ལུས་ལ་ཚང་༔ ད་ལྟ་སྣང་བའི་ཆ་ལས་གྲུབ༔ སེམས་ནི་མར་མེའི་མདངས་ལྟར་གདའ༔ རང་སེམས་འཁྲུལ་པས་གཉིས་སུ་མཐོང་༔ རང་ལ་རང་ཉིད་སྐྲག་པ་མེད༔ སྣང་བའི་ཡུལ་ལས་ཞི་ཁྲོའི་སྐུ༔ འདི་ནི་དམ་ཡེ་དབྱེར་མེད་ཡིན༔ རང་ཉིད་པད་འབྱུང་བསྒོམས་ནས་
ནི༔ ཞི་ཁྲོའི་ལྷ་རྣམས་རང་ལ་བསྟིམ༔ རང་སེམས་དངོས་མེ་རིག་རྩལ་འདི༔ ཐོགས་པ་མེད་པར་འཕུར་རོ་བསམ༔ གང་མོས་ཞིང་དུ་རིག་པ་གཏད༔ ཐོགས་མེད་མདའ་ལྟར་སོང་བར་བསམ༔ བར་དོ་མེད་པར་སངས་རྒྱས་ཐོབ༔ ཚེ་འདིར་ཚིག་དོན་ཡིད་ལ་ཟུངས༔ དེ་ཕྱིར་མ་འོངས་ལས་ཅན་རྣམས༔ སྙིང་ལ་འཆང་ཞིང་ཨ་ཐམ་རྒྱ༔ བླ་མ་སྐུ་གསུམ་སྐུ་ལྔའི་ལས་མཐའ་ལས༔ བར་དོ་བསྲེ་འཕོའི་གདམས་ངག་སོགས་འདི་རྣམས་པདྨ་བདག་གི་གསང་གཏེར་སྙིང་ཁྲག་ཐིགས་པ་སྟེ་ལེའུ་བཅུ་དྲུག་པའོ༔ ཛྙཱ་ན་ཙིཏྟ་བཛྲ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔ ཐུགས་རྒྱ་བརྡའ་ཐིམ༔ ཨྠྀི༔ འདི་ཐིལ་དམར་ཡིན༔ བདུད་མགོན་ཤན་པ་ལག་དམར་ཏྲཀྴད་མགོན་པོས་གཅེས་པར་སྲུངས་ཤིག་ས་མ་ཡ་བཛྲ་མ་ཧཱ་ཀཱ་ལ་ཏྲཀྴད་དུ་རཀྵ༔ རཀྵ་རཀྵ་རཀྵ༔ རཀྵ་རཀྵ་རཀྵ༔ རཀྵ་ཧཱུྃ༔ རཀྵ་དུ༔ རཀྵ༔ ༔རིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱི་གཏེར་མ་བསླད་མེད་པའོ༔ ༔ ༈ མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།