རིམ་ལྔའི་ཟིན་བྲིས་ཐོར་བུ།
རིམ་ལྔའི་ཟིན་བྲིས་ཐོར་བུ་བཞུགས། །
དང་པོ་གཅིག་ནི་དགུ་དབུས་ན་སོགས་ཀྱི་སྐབས། དང་པོ་གཅིག་ཨ་སྟེ་ངག་ཀུན་གྱི་གཞིའོ། །དགུ་ནི་སྡེ་ཚན་དགུ་སྟེ། ཨ་ཨེ་ཨི་རྀ་ལྀ་ཨུ་ཨཾ་ཐུང་ངུ་། དེ་རྣམས་རིང་པོ་དང་ཨཱཿརིང་བཅས་ཏེ། དབྱངས་ཐུང་ངུ་སྡེ་ཚན་དང་པོ། རིང་པོ་གཉིས་པ་དང་། ཀ་ཙ་ཊ་ཏ་པའི་སྡེ་ལྔ། ཡ་ར་ལ་ཝ་མཐར་གནས་བཞི། དྲོད་ཀྱི་ཤ་ཥ་ས་ཧ་བཞི་སྟེ་དགུའོ། །དེ་རྣམས་དང་བདག་ཉིད་བཅས་བཅུས་མ་བཅིངས་པ་ཨའོ་དབྱངས་བཅུ་དྲུག་གསལ་བྱེད་ཀ་ནས་ཧའི་བར། ཡི་གེ་ཡ་ར་ལ་ཝ་སྟེ་མ་ནིང་གི་ཡི་གེ་ཞེས་ཀྱང་གསུངས། འབྱུང་བའི་མཐའ་ནི་ཡི་གེ་ཧ་ཀྵ་ཆ་ལ་སོགས་པ་ཨ་བཅུ་དྲུག་པ་ནི་ཚེག་
དྲག་བཅས་པའི་ཨཿའོ། །དེ་གཉིས་མཚམས་སྦྱར་ན་ཨཱ་རིང་པོར་བསྒྱུར་ཏེ་ཨཱཿའོ། །ལྔ་ཡི་ལྔ་ནི་མ་སྲོག་མེད་དོ། །དེ་ཉིད་རྗེས་སུ་འབྱུང་བའི་དབྱངས་སུ་ཨཱུ་གྱུར་ནས་ཧ་དང་སྦྱར། བཞི་ནི་གསུམ་དུ་ཞེས་པ་བཞི་པོ་རེ་རེར་ཡང་ཡི་གེ་གསུམ་རེ་འདུས་པས་བཅུ་གཉིས་དེ་རྣམས་སྦྱར་བས་ཨུ་ཨཱཿཧཱུྃ་དུ་གྱུར་པའོ། །དེ་ཡང་ཡི་གེ་ཨཾ་བཅས་ཞེས་ཐིག་ལེ་དང་བཅས་པའོ། །རིང་པོར་བཅས་པ་ཨཱུ་སྟེ་ཧ་དང་སྦྱར་བའོ། །ཕྱག་འཚལ་བའི་ཡི་གེ་ཟེར་ཨོཾ་ནི་ཨ་ཨུ་མ་གསུམ། ཨཱཿངག་གི་དབང་ཕྱུག་གི་ཡི་གེ་ནི། ཨ་དང་། ཨཱ་དང་ཚེག་དྲག །སྤྲིན་འབྲུག་སྒྲ་སྒྲའི་ཡི་གེ་ཧཱུྃ་གི་གསུམ་ནི།
མགོ་བོ་ཐིག་ལེ་དང་སྲོག་མེད་ཧ་དང་ཞབས་བསྐྱེད་དམ་ཞབས་ཀྱུའོ། །དེ་ཡང་ཨོཾ་ནི་ཨོཾ་གྱི་རྣ་རོ་དང་ཐིག་ལེ་རྗེས་སུ་འབྱུང་བའི་དབྱངས་ཨཱ་ལ་ཐིམ། གསུང་གི་ས་བོན་གྱི་ཐིག་ལེ་རིང་ཆ་དང་གཉིས་ཐུགས་ཀྱི་ས་བོན་གྱི་ཐིག་ལེ་ལ་ཐིམ། ཞབས་བསྐྱེད་ཧ་ཧ་ཡང་ཐིག་ལེ། ཐིག་ལེ་མགོ་བོ་ལ་ཐིམ་ཏེ་མགོ་བོ་ཁོ་ན་ཨའོ། །དེ་ལྟར་ན་ཡི་གེ་ཨ་བཞི་ལུས་པ་ཡིན་ཏེ། སྐུའི་ཨ་གསུང་གི་ཨ་ལ་ཐིམ། གསུང་གི་ཨ་རང་གི་ཚེག་དྲག་གི་ཨ་ལ་ཐིམ། དེ་ཡང་ཐུགས་ཀྱི་ཨ་ལ་ཐིམ། ཞེས་གསུངས། ཐུགས་ཀྱི་ཨ་ཐུང་ངུ་གཞོམ་མེད་ཨ་ལ་ཐིམ་པ་མི་འཇིག་པའི་ཡི་གེ་ལུས་པ། དེ་ཉིད་འབྲས་བུ་ངག་ཀུན་གྱི་རྒྱུར་གྱུར་པའོ། །ཞེས་སོ། །ཡི་གེ་སྔར་བཤད་དབྱངས་གསལ་དང་གང་ཡང་མངོན་ཕྱོགས་ཞི་སོགས་ལས་ལ་གཙོར་གྱུར་ཡ་ར་ལ་ཝ་བཞི་སྟེ། དབྱངས་བུད་མེད། ཀ་སོགས་གསལ་བྱེད་ཕོ། ཡ་ར་ལ་ཝ་མ་ནིང་སྟེ། འབྱུང་བ་བཞི་སྣོད་ཀྱི་རང་བཞིན་མ་ནིང་ངོ་། །དེ་ཡང་ཨ་ནས་ཚེག་དྲག་གི་བར་གྱི་དབྱངས་ཀུན་གཉིས་བསྡུས་ཨཱ་ནི་བུད་མེད་དོ། །ཤེས་རབ་ཀ་ནས་ཧའི་གོ་ཟློག་གི་རིམ་པས་སོ་སོར་བསྡུས་པའི་ཡི་གེ་ཧཱུྃ་ནི་ཐབས་ཀྱི་རང་བཞིན་སྐྱེས་པའོ། །
ཡ་ར་ལ་ཝ་བཞིའི་ཐ་མར་ཝ་རྐྱང་པར་བྱས་ལ། ཡི་གེ་གཞན་པའི་ཨ་དང་མཚམས་སྦྱར་ཞིང་དེ་རྣམས་ཀྱང་སྣ་ལས་རྗེས་སུ་འབྱུང་པའི་ང་རོ་དང་ལྡན་པ་ཨོཾ་ནི་མ་ནིང་ངོ་། །ཨོཾ་འོག་ཏུ་འཇུག །ཧཱུྃ་སྟེང་དུ་འགྲོ་བཅས་པར་ནི་མཉམ་པ་ཉིད་དུ་གནས་པ་ཨཱ། ཛྙཱ་ན་ཡེ་ཤེས་སྟེ། ཛྙཱ་ཤེས་པ་ན་དགག་པ་སྟེ། ཡེ་ཤེས་ནི་སེམས་རྟོག་པ་མེད་པ་རང་བཞིན་གསལ་བར་བཤད་པའི་དོན་དུ་རིམ་ལྔའི་འགྲེལ་པ་དུ་མར་བཤད་དོ། ༈ །གང་ཞིག་བཅུས་མ་བཅིངས་པ་ཨ་སྟེ། སྡེ་ཚན་དགུས་དེ་མ་བཅིངས་ལ། དགུ་པས་ལྷག་པའི་སྡེ་ཚན་བཅུ་པ་ནི་གཏན་ནས་མེད་པས་སོ། །ཞེས་བཤད་ན་བདེ། དགུ་དབུས་ན་ཞེས་པ་ཧ་ལ་བཤད་པའང་འདུག །ཀྵ་བཅས་གསལ་བྱེད་སོ་བཞི་དཔེ་ལ་ལར་དགུའི་དངོས་པོ་ཞེས་པ་ལྟར་ན་ཀྵའི་དང་པོ་ཞེས་ལ་ཀྵིཾ་གསུང་སྣང་། ཐམས་ཅད་ཀྱི་རྩ་བ་ཨའོ། །གསལ་བྱེད་ཀྱི་ནང་ན་ཧ་ཡང་ཤིན་ཏུ་ཕྲ་སྟེ། མ་རིག་པའི་སྐྱེ་གནས་ཅན་གྱི་རྩ་བ་ལྟ་བུའོ། །དེས་ན་དབྱངས་ཀྱི་ཨ་ནི་ཤེས་རབ་དབྱངས་འདུས་སོ། །གསལ་བྱེད་ཀྱི་ཧ་བཏུ་བ་ལ་ཐབས་གསལ་བྱེད་སུ་འདུས་སོ། །དབྱངས་ཨ་ཨུ་འདུས་པའི་
ཨོ་ལ། གསལ་བྱེད་མ་ང་རོ་སྦྱར་བ་མ་ནིང་སྟེ། ཅིའི་ཕྱིར་ན་གསལ་བྱེད་ཀྱི་ཆ་དང་འདྲེས་པས་སོ། །དེ་ཡང་རྀ་རྀ། ལྀ་ལཱྀ། མ་ནིང་སྟེ་གསལ་བྱེད་ལ་ལྟོས་དབྱངས་ལྟོས་དང་གསལ་བྱེད་དེ་གཉིས་འདི་ཆ་ཡིན་པས་མ་ནིང་གི་ཡི་གེ་བཞིར་ཡང་བཤད་ལ། ཨོཾ་ཨཱཿཡང་དེ་དང་འདྲ་བར་མ་ནིང་དུ་བཤད་དོ། །གསལ་བྱེད་ཡ་ར་ལ་ཝ་བཞི་མ་ནིང་སྟེ། ཨི་སོགས་དབྱངས་འགྱུར་བའི་ཡི་གེ་ཡིན་པས་གཉིས་ཀར་གཏོགས་པར་བཤད། དུས་འཁོར་ལས། ཧ་ཡང་ཨ་འགྱུར་བས་ནི་ཧ་སོགས་ལྔ་དབྱངས་སུ་བཞེད་ལ། གསལ་བྱེད་ཀྱི་ཆར་ཡང་གཏོགས་པས་མ་ནིང་དུའང་བཞེད། སྐབས་འདི་འབྲུ་གསུམ་ཕོ་མོ་མ་ནིང་དུ་གྱུར་ཚུལ་སྔ་མ་བཞིན་ནོ། །ཨ་ཀ་ཡ་ཤ་བཞི་ནི་གསུམ་དུ་སྦྱར་བ་ནི། ཨ་ཨུ་མ་ཧ་བཞི་པོ་དེ་རེ་རེར་ཡང་ཨ་ཨ་སོགས་གསུམ་ཏེ་བཤད་ཟིན་ལ། སྦྱར་ཚུལ་ཨཾ་ཞེས་ཀླད་སྐོར་དང་བཅས་པ་དང་། ཨ་ཨ་སོགས་འདུས་པ་ལས་རིང་བ་དང་། ཡོན་ཏན་ནི་ཨ་ཨུ་ལས་ཨོ་བཞིས་ཨ། ཨ་ཨུ་མ་གསུམ་ཧཱུྃ། ཨ་ཨ་རྣམ་བཅད་ལས་ཨཱཿ དེའི་ཀླད་ཀོར་ཐིག་དང་བཅས་པས་སོ། །འབྱུང་བའི་མཐའ་དབྱངས་ལྔ་པ་ཨུ། ཆ་སོགས་ཀྱི་ནང་ནས་བཅུ་དྲུག་གི་
གནས་ཨ། དབྱངས་ལྔ་པའི་ལྔ་མ། མཐར་གནས་བཞི་དྲོ་བ་གསུམ་དུ་ངེས་པར་སྦྱར་བ་དེའི་ཐ་མ་ཧ་སྟེ། ཡི་གེ་བཞི་བཏུས་ནས། དེ་ལས་ཨཾ་བཅས་ཏེ་ཀླད་ཀོར་དང་། ཡོན་ཏན་སྦྱོར་བ་སོགས་ཀྱི་ཨོ་དང་། ཕྱིས་པ་ལས་ཨཱཾ་གྱི་ཀླད་ཀོར་ཕྱིས། མཚུངས་པ་ལས་རིང་པོ་ཨཱ་ཞེས་ཏེ་འབྲུ་གསུམ་བཏུ་བའམ་ད་དུང་ཞིབ་དཔྱད་བྱའོ། །ཡང་ན་གོང་དུ་བཤད་པ་དེ་ཡི་གེ་བཏུ་ཞིང་སྤྲོས་པའི་ཚུལ་ལོ། །ཕྱིས་པ་ནི་སྡུད་རིམ་གྱིས་གོང་བཤད་ལྟར། ཨ་ཐུང་གཅིག་ལྷག་པར་ལུས་པའི་བར་རོ། ༈ །བཏུ་གཞི་ཡི་གེའི་དབང་དུ་བྱས་ན། འབྱུང་བའི་མཐའ་སྟེ་གནས་བཞི་འབྱུང་བའི་ས་བོན་དེའི་མཐའ་ཧ་གཅིག་པུ། ཆ་སོགས་བཅུ་དྲུག་གནས་དབྱངས་ལྔ་སྡེ་ལྔ། བཞི་མཐར་གནས། གསུམ་དྲོ་བ་སྟེ། དབྱངས་གསལ་ཞེ་དགུའོ། །དེ་ལས་འབྲུ་གསུམ་བཏུ་བའི་དབང་དུ་བྱས་ན་འབྱུང་བའི་མཐའ་ཨུ་བཅུ་དྲུག་ཆ་ཡི་དང་པོར་གཉིས་པ་ཨ་ལྔ་པ་ལྔ་ཀླད་ཀོར་ཨཾ་ཏེ་དེ་བཞི་སྦྱོར་བས་ཨཾ་འགྲུབ་བོ། །མ་ཨས་ཨཾ་ཞེས་བརྗོད་དོན་དེ་ཕྱིས། གསུམ་པ་དང་འབྱུང་བའི་མཐའ་ནི་ཨ། ཆ་ལ་སོགས་པ་བཅུ་དྲུག་གནས་ཞེས་ཆ་དང་པོ་ཨའམ་ཕྲ་བ་ལ་སོགས་ཀྱི་
བཅུ་དྲུག་པ་ཨཱཿ དེ་ལ་ཨཾ་སྦྱར། ཨ་བརྗོད་དོན་ཕྱིས། དེ་མཚམས་སྦྱར་ཀླད་ཀོར་བཞག་པས་ཨཱཾཿཀླད་ཀོར་ཕྱིས་ཏེ་ཚེག་དྲག་བསྡུས་པས་ཨཱཿའགྲུབ་བོ། །ཡང་ན་འབྱུང་བའི་མཐའ་ཧ། བཅུ་དྲུག་གི་ཆ་ཡི་དང་པོ་ཨ། དབྱངས་ཀྱི་ལྔ་པ་ཨུ་མཚམས་སྦྱར་བས་ཧཱུ། གསལ་བྱེད་ཀྱི་ལྔ་པ་སྔ་མ་རྣམས་སྦྱར་བས་ཧཱུྃ་གྲུབ་སྟེ་ཨཾ་སྦྱར་བའི་ཨ་བརྗོད་དོན་དེ་ཕྱིས། དེ་ལྟ་ན། ཨ། ཨུ། ཨ་མ་བཞི་སྦྱར་ཨོཾ། ཨ་ཨ་ཨ་ཨཿ བཞི་སྦྱར་ཨཱཿ ཨཿབརྗོད་དོན་ཕྱིས། ཧ་ཨ་ཨཱུ་མ་བཞི་སྦྱར་ཧཱུྃ་སྟེ། དེ་ལྟར་ཡི་གེ་བཞི་ནི་འབྲུ་གསུམ་ཏུ་སྦྱར་ཞེས་སོ། །དེའི་ཚེ་ཨཾ་དང་བཅས་པས་ཡི་གེ་བཞི་སྦྱར་ཀྱང་། ཨོཾ་ཨ་ནི་ཨ་ང་རོ་འབའ་ཞིག་སྦྱར་བས་ཨ་ཕྱིས་པ་དང་མཚུངས་སོ། །ཨ་ལ་ནི་ཚེག་དྲག་འབའ་ཞིག་བྱར་ཏེ་ང་རོ་ཕྱིས་པས་གསུམ། ཧཱུྃ་ལ་དབྱེ་བ་མེད་དེ་བཞི་ཚང་། དབྱངས་གཉིས་རིང་། རྡོར་བཟླས་བཅུ་གཅིག་ནི་རྡོ་རྗེ་འཆང་ཆེན་པོའི་བཟླས་པ། སྐུའི་བཟླས་པ། དེ་བཞིན་གསུང་གི་བཟླས་པ། ཐུགས་ཀྱི་བཟླས་པ། རིན་པོ་ཆེའི་བཟླས་པ། དོན་ཡོད་པའི་བཟླས་པ། ཁྲོ་བོའི་བཟླས་པ། འདོད་ཆགས་ཀྱི་བཟླས་པ། ཞེ་སྡང་གི་བཟླས་པ། གཏི་མུག་གི་བཟླས་པ། མ་ནིང་གི་
བཟླས་པའོ། ༈ །སེམས་དབེན་ནི་སྣང་བ་རྣམ་པར་དག་པ། དེ་བཞིན་དུ་སྣང་བ་གསལ་བ་སྣང་བ་ཉེ་བར་ཐོབ་པ་རྣམ་གསུམ་མོ། །བདག་བྱིན་རླབས་ལ་ཆོས་སྐུའི་བདག་བྱིན་རླབས། ལོངས་སྐུའི་བདག་བྱིན་རླབས། སྤྲུལ་སྐུའི་གསུམ་མོ། ༈ །མངོན་བྱང་ནི་འདོད་ཆགས་རྣམ་པར་དག་པ། ཆགས་བྲལ་རྣམ་དག །འདོད་ཆགས་བར་མ་རྣམ་དག་གསུམ། ཟུང་འཇུག་ནི་རྒྱུ་དང་འབྲས་བུ་དག་གིས་བསྡུས། རྒྱུ་ནི་ཉན་རང་བྱང་སེམས་གསང་སྔགས་ཀྱི་དབྱེ་བ་བཞི། འབྲས་བུ་ཡང་རིགས་ཡོན་ཏན་བྱ་བ་རྫས་དབྱེ་བས་བཞི་སྟེ། མདོར་ན་འཇིག་རྟེན་ཆོས་བརྒྱད་ཀྱི་དབྱེ་བས་ཞེས་ཀླུ་བྱང་གསུངས། ༈ ཡང་རྡོ་རྗེའི་བཟླས་པའི་ཐབས་ནི། རླུང་གི་དེ་ཁོ་ན་ཉིད་དང་། སྔགས་ཀྱི་དེ་ཁོ་ན་ཉིད་གཉིས། དང་པོ་རླུང་གི་དེ་ཉིད་ནི། རྩ་བ་དང་ཡན་ལག་གིས། རླུང་བཅུ་བདེ་བ་ཆེན་པོའི་དབང་གིས་བྱང་ཆུབ་སེམས་ཀྱི་ཐིག་ལེར་གྱུར་པ་དག་གསང་བའི་སྣ་རྩེར་འདོད་ཆགས་ཀྱི་རིགས་ཅན་གྱི་སེམས་ཅན་ལ་ལྟོས་ནས། སྲོག་དང་རྩོལ་བས་རིམ་གྱིས་སྟེང་འོག་ཏུ་སྤྲོ་བསྡུས་བརྟན་པར་བྱེད་པའི་སྒོམ་པ་ནི།
འདོད་ཆགས་ཀྱི་རིགས་ཅན་གྱི་ཐིག་ལེའི་རྣལ་འབྱོར་དེ་དང་པོ། ཞེ་སྡང་རིགས་ཅན་གྱི་དེ་ཁོ་ན་བཞིན་སྙིང་གའི་པདྨར་ཐུགས་རྡོ་རྗེའི་ས་བོན་གྱི་ཐིག་ལེ་ལ་གསུང་དང་སྐུའི་ས་བོན་གྱི་རིམ་གྱིས་ཐོབ་པར་བྱས་ཏེ། དེ་ཉིད་དུ་རླུང་གི་དཀྱིལ་འཁོར་མ་ལུས་པ་བཀག་ནས་སྤྲོ་བསྡུས་བཟུང་བ་ཞེ་སྡང་རིགས་ཅན་གྱི་ཐིག་ལེའི་རྣལ་འབྱོར། དེ་བཞིན་དུ་དཀྱིལ་འཁོར་བཞིའི་རིམ་པ་བཞིན་དུ་འོད་ཟེར་གྱི་འཁོར་ལོ་དམར་པོ་སོགས་སྤྲོས་ནས་གཡས་དང་གཡོན་དང་གཉིས་ཀ་དང་དལ་བར་རྒྱུ་བའི་བྱེ་བྲག་གིས་གདོང་གིས་སྣ་རྩེར་ཐུན་ཕྱེད་བྱེད་ཀྱི་བར་དུ་ཐིག་ལེར་གཟུང་པ་གཏི་མུག་གི་རིགས་ཅན་རྣམས་ཀྱི་ཐིག་ལེའི་རྣལ་འབྱོར་རོ། །དེ་བཞིན་སྨིན་མའི་དབུས་དང་ལྟེ་བའི་དབུས་ན་རྒྱུ་བ་རིན་འབྱུང་དང་དོན་ཡོད་གྲུབ་པའི་རྣལ་འབྱོར་ཡང་ཤེས་པར་བྱའོ། །དེ་ཐམས་ཅད་གཅིག་ཏུ་བསྡུས་ནས་རླུང་གི་དེ་ཁོ་ན་ཉིད་ཅེས་བྱའོ། ༈ །སྔགས་ནི་འབྲུ་གསུམ་སྟེ། སྤྱིར་སྒྲ་མེད་ན་ཐ་སྙད་གང་ཡང་བྱར་མི་ནུས་ལ་བརྡའི་ཕྱི་མོ་ཡི་གེ་ཞེ་དགུའོ། །དེ་ཡང་ལྟེ་བའི་གནས་སུ་སྲོག་གི་རླུང་གིས་བསྐུལ་ནས་འབྱུང་སྟེ། ནམ་མཁའི་རླུང་ལས་རབ་བྱུང་ལུས་ལས་ནི། །འབྱུང་ཞིང་ཁ་རུ་ཉེ་བར་ཕྱིན་པའི་སྒྲ། །གནས་གཞན་དག་ཏུ་
བར་དུ་ཕྱེ་བ་ན། །ཡི་གེ་ཉིད་འགྱུར་གང་ཡིན་དེའི་སྒྲའོ། །དེ་མི་འགྱུར་བ་ཚངས་པ་དང་མཆོག་དང་བཙང་། །ཕུག་ན་གནས་པར་བྲམ་ཟེ་ཡང་དག་འདོད། །དེ་རབ་སྦྱོར་བས་ངེས་པར་ལེགས་པ་དང་། །མངོན་པར་མཐོ་བ་སྐྱེས་བུས་སྦྱོར་བར་བྱེད། །ཅེས་གང་བཤད་པའོ། །དེ་ལྟར་ཡི་གེའི་ཕྱི་མོ་བཅོམ་ལྡན་འདས་མ་ཡང་ཟླ་ཉིའི་རང་བཞིན་ཅན་གྱི་འོད་གཡས་དང་གཡོན་ནས་རྒྱུ་བ་དང་། གནས་བརྒྱད་དུ་ཐུགས་ནས་དབྱངས་གསལ་གྱི་དབྱེ་བ་འབྱུང་སྟེ། ཡི་གེ་རྣམས་ཀྱི་གནས་བརྒྱད་དེ། །བྲང་དང་ལྐོག་མ་མགོ་བོ་དང་། །ལྕེ་ཡི་རྩ་བ་སོ་དང་ནི། །སྣ་དང་རྐན་དང་མཆུའི་གནས། །ཞེས་འབྱུང་། གནས་བརྒྱད་ལས་བྱུང་བའི་སྡེ་ཚན་བརྒྱད་ནི་རྣམ་ཤེས་བརྒྱད་ཀྱི་རང་བཞིན་དང་། རིགས་ཀྱི་ཡུམ་བཞི་དང་། རྣམ་སྣང་སོགས་བཞིའི་རང་བཞིན། ཀྵ་མི་བསྐྱོད་པའི་རང་བཞིན་ནོ། །སྡེ་ཚན་བརྒྱད་པོ་དེ་ཡང་ཨ་སོགས་དང་པོའི་ཡི་གེ་བརྒྱད་ཀྱིས་བསྡུས་ཏེ། ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་ཞེས་སོ། །དེ་བརྒྱད་བསྡུ་ན་ཁམས་བཞིའི་རང་བཞིན་ཨ་ཀ་ཡ་ཤ་བཞིའོ། །དེ་བསྡུས་ན་ཨ་ཀ་ཡ་གསུམ་དུ་འདུའོ། །ཨ་སོགས་ཤེས་རབ་བུད་མེད་ཀ་ནས་མའི་བར་གྱི་སྡེ་
ཚན་སྐྱེས་པའི་རང་བཞིན་ཐབས་སོ། །ཡ་ནས་ཧའི་བར་གྱི་སྡེ་ཚན་གཉིས་པོ་འདུས་པ་མ་ནིང་གི་སྡེ་ཚན་ནོ། །དེ་ལ་ཁྱབ་བྱེད་མོ། ཁྱབ་བྱ་སྐྱེས་པ། དེ་གཉིས་ཀྱི་རང་བཞིན་ཅན་མ་ནིང་སྟེ། དེ་བཞིན་དུ་ལྷན་སྐྱེས་བདེ་བའི་རང་བཞིན་ནམ་སྟོང་ཉིད་སེམས་ཀྱི་རྒྱུད་ཁྱབ་བྱེད་ལ་ཤེས་རབ་མོ། །དེས་ཁྱབ་སྐྱེས་བུ་ཁྱབ་བྱ། ཁྱབ་བྱེད་ཕྱག་རྒྱ། དེ་གཉིས་སྤངས་པའི་བེམ་པོའི་རྣམ་ཅན་སྣོད་ཀྱི་འཇིག་རྟེན་མ་ནིང་ངོ་། །དབྱངས་བསྡུས་ཨ་ཤེས་རབ། གསལ་བྱེད་བསྡུས་པ་ཧཱུྃ་ཕོ། ཡ་སོགས་སྡེ་རིགས་བསྡུས་པ་ཨོཾ་མ་ནིང་། འདི་ཡང་ཡི་གེ་ཕྱེད་དང་གསུམ་སྟེ། ཨ་ཨུ་མ་གསུམ་པོ་ཨ་ཤེས་རབ། མ་ཐབས་ཀྱི་ཆ། དེ་གཉིས་འབྲེལ་བྱེད་ཨུ་ཡོན་ཏན་བྱས་ནས་ཨོཾ་མོ། ཡི་གེ་གསུམ་པོ་དེ་དག་ནི་སྐུ་གསུང་ཐུགས་ཁམས་གསུམ་དེ་བཞིན་གཤེགས་པ་གསུམ་རྩ་གསུམ་སྐུ་གསུམ་ཕོ་སོགས་རྟགས་གསུམ་འཇིག་རྟེན་གསུམ་ལུས་ངག་ཡིད་གསུམ་གྱི་རང་བཞིན་ཡིན་ཕྱིར། འབྱུང་འཇུག་གནས་གསུམ་གྱི་མཚན་ཉིད་ཅན་ཡིན་པ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་དོ། །སངས་རྒྱས་སྔགས་ཀྱི་དབྱེ་བ་སྟོང་ཕྲག་བདུན་ཅུ་རྩ་གཉིས་གསུངས་པ་ཐམས་ཅད་ཀྱི་རྩ་བ་དབྱངས་གསལ་གྱི་ཕྱི་མོ་
ཡིན་ལ། དེ་ཡང་ཨོཾ་སོགས་གསུམ་གྱི་བདག་ཉིད་ཅན་ཡིན་པས་སྔགས་ཀྱི་དེ་ཁོ་ན་ཉིད་ནི་ཡི་གེ་གསུམ་པོ་ཁོ་ན་ལ་ཐུག་པ་ཡིན་པར་བརྗོད་དོ། །དེ་ཡང་རང་བཞིན་ནི་འབྱུང་འཇུག་གསུམ་གྱི་རང་བཞིན་དུ་གནས་པས་འཇུག་སོགས་ཀྱི་སྔགས་ཀྱི་དེ་ཉིད་དུ་བརྗོད་དེ་རྒྱུ་ལ་འབྲས་བུར་བཏགས་པའི་སྒོ་ནས་ཞེས་གསུངས། དེ་ཡང་རྣམ་པ་བཞི་སྟེ། སྔགས་བཏུ་བ། སྔགས་ཀྱི་བརྡ། སྔགས་ཀྱི་དོན། སྔགས་ཀྱི་དེ་ཁོ་ན་ཉིད་བཞིའོ། །དང་པོ་ཕྱི་མོ་ལས་བཟླས་བྱའི་སྔགས་བཏུ་བ་སྟེ། སྙིང་པོ་ཉེ་སྙིང་སོགས་སོ། །ཡི་གེ་ལས་ཚིག །ཚིག་ལས་ངག་གི་ངག་ཆེན་པོ་སོགས་ལས་ཀྱི་རིམ་པས་རིག་པའི་གནས་ལྔ་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཆོས་ཕུང་ཐམས་ཅད་འབྱུང་བ་ནི་སྔགས་བཏུ་བའོ། །བརྡ་ནི་སྤྲུལ་ལ་སོགས་པའི་བརྡ་སྟེ། སྔགས་ཀྱི་བརྡ་རྣམས་ལས་ཀྱི་བྱེ་བྲག་ལས་སྟེ། སྙིང་པོ་ཉེ་སྙིང་། ས་བོན། ཕྲེང་སྔགས། རིག་སྔགས་གཟུངས་སྔགས་སོགས་ཀྱི་མིང་གི་བརྡ་བྱས་པའོ། །སྔགས་ཀྱི་དོན་ནི། ཨོཾ་རྣམ་སྣང་སོགས་ཀྱི་ངོ་བོ་ཉིད་དེ་གཞན་རྣམས་ཀྱང་དེ་བཞིན་ནོ། །སྔགས་ཀྱི་དེ་ཁོ་ན་ཉིད་ནི་རང་བཞིན་སྟོང་པ་འོད་གསལ་ཆོས་
རྣམས་ཀྱི་ཆོས་ཉིད་དོ། །དེ་ཁོ་ན་ཉིད་ཤེས་པ་ལ་སྔགས་ཀྱི་མཐུ་ཞེས་བྱ་སྟེ་དེ་ཤེས་པས་སྔགས་ཀྱི་ལས་རྣམས་ཀྱིས་དོན་འགྲུབ་ལ། མིན་ན་མི་འགྲུབ་པའི་ཕྱིར་རོ་གསུངས། སེམས་དབེན་གྱི་ཐབས་ནི། སྔགས་ཀྱི་དང་། ཕྱག་རྒྱའི་རིམ་པ་གཉིས་སོ། །དེ་ལ་སྔགས་ཀྱི་རིམ་པ་ནི། ཆོས་དབྱིངས་འཁོར་ལོའི་རྩིབས་བརྒྱད་ལྟེ་བར་དབྱངས་དང་པོ་བསྒོམ་པའི་འོད་དཀར་པོས་ལུས་ཀུན་སྣང་བར་བྱས། དེ་ཡོངས་གྱུར་ཨོཾ་དཀར་པོ་ཞིག་མགོ་ལ་བཀོད། དེའི་རྗེས་པད་ཟླར་གནས་པའི་ཨཱཿཐིག་ལེས་མཚན་པ་དེར་སྔགས་དེ་ལས་བྱུང་བའི་འོད་ཟེར་གྱིས་འཁོར་ལོ་བཀུག་ལ་གཞུག་པ་ལས་འཇུག་ཤེས་གནས་གྱུར་སྣང་བའི་ཡེ་ཤེས་ཟླ་བ་ལྟ་བུ་སྐྱེ་བར་འགྱུར་རོ། །དེ་རྗེས་ཆོས་ཀྱི་འཁོར་ལོ་དེ་ལ་ཉི་དཀྱིལ་སྟེང་རྡོ་རྗེ་བསྒོམ། དེའི་སྟེང་དུ་ཡི་གེ་དང་པོ་ཐིག་ལེ་གཉིས་ཀྱིས་བརྒྱན་པ་བཀོད་ནས་དེ་ལས་བྱུང་བའི་འོད་ཀྱིས་ནི་འཁོར་ལོ་ཁ་དོག་དམར་པོས་ལུས་ཀུན་སྣང་བྱས་དེ་ཉིད་ཀྱི་ལྐོགས་མའི་ཕྱོགས་སུ་ཨཱཿསྤྲོ་ནས་བཀོད་དེ། དེ་ཡང་བཀུག་ནས་ཚེག་དྲག་དང་ལྡན་པ་དེར་འཇུག་པར་བྱས་པས་ཉོན་ཡིད་གནས་གྱུར་སྣང་བ་གསལ་བའི་ཡེ་ཤེས་ཉིད་འོད་ལྟར་གསལ་
བ་སྐྱེ་བར་འགྱུར་རོ། །དེ་རྗེས་ཆོས་ཀྱི་དབྱིངས་ཀྱི་གནས་འཁོར་ལོ་དང་ས་བོན་གྱིས་མཚན་པ་སྤངས་ནས་སྤྲོས་མེད་ནམ་མཁའ་དང་འདྲ་བ་དེ་ཉིད་དུ་སྙིང་གའི་པདྨའི་ལྟེ་བར་འབྲུག་གི་སྒྲ་ལྡན་བཀོད་ལ་འོད་ཟེར་གྱི་འཁོར་ལོ་མཚམས་སྤྲིན་དང་མཚུངས་པ་བཀུག་ལ་དེ་ཉིད་དུ་ཐིམ་པར་བྱའོ། །དེས་ཀུན་གཞི་གནས་གྱུར་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་སྐྱེའོ། །དེའི་རྗེས་སུ་མཚམས་ཀྱི་སྣང་བ་ཐོབ་པས་ནམ་མཁའ་དྲི་མེད་དང་མཚུངས་པའི་ལྷན་སྐྱེས་དགའ་བའི་རང་བཞིན་གྱི་སྣང་བ་སྐྱེ་ཞིང་སྣང་བ་གསུམ་ཉམས་སུ་མྱོང་བའི་མཐའི་འོད་གསལ་དེ་ཁོ་ན་ཉིད་ཐོབ་པའི་ཚེ་སྒྲུབ་པོ་འགྲུབ་པར་འགྱུར་རོ། །ཞེས་གསུངས། ༈ ཕྱག་རྒྱའི་རིམ་པ་ནི། རང་རིགས་རྗེས་མཐུན་རིགས་ལྔའི་ཕྱག་རྒྱ་མ་ལེགས་པར་བསླབ་པ་ཐོབ་པ་དམ་ཚིག་གི་ཕྱག་རྒྱ་བླངས་ཏེ། དབེན་པར་ལྷའི་ང་རྒྱལ་གྱིས་འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས་ནས་དགའ་བཞི་དྲངས་པས་སྣང་བའི་རང་བཞིན་བརྒྱ་དྲུག་ཅུ་ཐིམ་ནས་མཐར་ལྷན་སྐྱེས་འོད་གསལ་མངོན་དུ་བྱེད་དོ། །ལས་རྒྱ་དེ་རུ་མ་རྙེད་ན་རང་ཉིད་སྙིང་ཀ་ནས་སྤྲོས་པའི་ཡེ་ཤེས་ཕྱག་
རྒྱ་ལ་བརྟེན་ནས་བསྒོམ་པར་བྱའོ་གསུངས། བདག་བྱིན་རླབས་ཀྱི་རིམ་པ་ལ་ཐབས་གཉིས་ཏེ། སྐད་ཅིག་གིས་རྣམ་པའི་རྣལ་འབྱོར་དང་། ཉེར་ཐོབ་སོགས་རིམ་པར་བྱུང་བའི་སྟོང་གསལ་སྒྱུ་མའི་ལུས་ལྡང་བའོ། །དང་པོ་འོད་གསལ་ལས་སྐད་ཅིག་གིས་སྒྱུ་མའི་སྐུར་ལྡང་པ་ཡིན་ལ། གཉིས་པ་ནི། འོད་གསལ་བ་ལས་ཐོབ་པ་མཆེད་པ་སྣང་བ་གསུམ་ལས་སྒྱུ་མའི་སྐུར་ལྡང་བ་སྟེ། མཆེད་པའི་དུས་སུ་ཉི་དཀྱིལ་རྡོ་རྗེའི་སྟེང་ན་ཨཱཿབསམ། དེ་རྗེས་པདྨའི་སྟེང་དུ་ཟླ་དཀྱིལ་ལ་རྗེས་སུ་འཇུག་པའི་དབྱངས་བཅས་དབྱངས་དང་པོ་གཉིས་དེ་འོག་ཟླ་བ་དང་རྡོ་རྗེ་སོགས་ཐབས་ཤེས་འདུས་པའི་ཡེ་ཤེས་ཀྱི་སྐུ་ཕྱག་རྒྱ་བཞིས་རྒྱས་བཏབ་པས་བསྐྱེད་པར་བྱ་སྟེ། སྐབས་འདིར་སྒྱུ་མའི་དཔེ་བཅུ་གཉིས་དང་མཚུངས་པར་ལྟ་བ་ཁྱད་པར་ཏེ་གཞན་དུ་བསྐྱེད་རིམ་པར་འགྱུར་རོ་ཞེས་བཤད། ༈ མངོན་པར་བྱང་ཆུབ་པའི་རིམ་པ་ལ། ཐབས་གཉིས་ཏེ། ཕྱག་རྒྱའི་དང་། ཏིང་ངེ་འཛིན་གྱི་རིམ་པའོ། །ཕྱག་རྒྱ་ལ་གཉིས་ཏེ། ཕྱིའི་མངོན་བྱང་དང་། ནང་གི་མངོན་པར་བྱང་ཆུབ་གཉིས། ཏིང་ངེ་འཛིན་ལ་རིལ་འཛིན། རྗེས་གཞིག་གཉིས་སོ། །ཕྱག་རྒྱའི་རིམ་པ་ནི། ཆུ་
ཅོད་པན་རྡོར་དྲིལ། མིང་རྗེས་གནས་ལུང་བསྟན། དབུགས་དབྱུང་། ཕྱིར་མི་ལྡོག་པ། གསང་བའི་དབང་བསྐུར་ཐོབ་ནས་སློབ་མ་ཐལ་སྦྱར་ཕྱག་རྒྱ་མཚན་ལྡན་བླ་མར་ཕུལ། མཆོད་བསྟོད་གསོལ་བཏབ། བླ་མས་ཕྱག་རྒྱ་གནང་བ་དེ་དང་སྙོམས་ཞུགས་བྱ་སྟེ་བླ་མས་དང་པོར་འཁྱུད་པ་སོགས་ཀྱི་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ་དང་པོ་ནི་དགའ་བ་དང་སྣང་བའི་ཡེ་ཤེས་ཞེས་བྱའོ། །མཚན་མོའི་ངོ་བོ་དང་ཤེས་རབ་ཀྱི་རང་བཞིན་ནོ། །དེ་རྗེས་དབང་པོའི་རྣམ་རྟོག་རྣམས་ཟད་ནས་རང་རིག་པ་ཙམ་གྱི་ཡིད་ཀྱི་ཤེས་པས་རྟོགས་བྱའི་བདེ་བ་ཉམས་སུ་མྱོང་བ་དེ་ནི་རྣམ་པར་སྨིན་པའི་སྐད་ཅིག་མ་སྟེ། མཆོག་དགའ་དང་། སྣང་བ་མཆེད་པའི་ཡེ་ཤེས་ཞེས་བྱའོ། །ཐབས་ཀྱི་ངོ་བོ་དང་འདོད་ཆགས་བར་མའི་ངོ་བོའོ། །དེ་ནས་ཕཊ་སྒྲས་པདྨའི་སྲུབ་ཀྱི་ནང་དུ་བྱང་སེམས་ཀྱི་ཐིག་ལེའི་རྒྱུན་གྱིས་མཆོད་པ་བྱས་པ་དེ་ནི་ཡིད་མི་བདེ་བའི་རང་བཞིན་ཅན་དང་རྣམ་པར་ཉེད་བའི་སྐད་ཅིག་ཀྱང་ཡིན་ཞིང་། རྣམ་གྲངས་གཞན་དགའ་བྲལ་དང་འདོད་ཆགས་བྲལ་བའི་བདག་ཉིད་དང་སྣང་བ་ཉེར་ཐོབ་ཀྱི་ཡེ་ཤེས་ཞེས་བྱ་སྟེ་མཚམས་ཀྱི་རང་བཞིན་ནོ། །དེའི་འོག་ཏུ་དབང་དུས་དང་ཤེས་
པ་ཐམས་ཅད་ཟད་པར་གྱུར་ནས། སྒོ་དགུ་འགགས་པར་གྱུར་པ་ན། སྲོག་སོགས་རླུང་གི་དཀྱིལ་འཁོར་གཅིག་ཏུ་གྱུར་ནས་སེམས་སེམས་བྱུང་གི་བག་ཆགས་ཕྲ་མོའི་དྲི་མ་ཐམས་ཅད་རབ་ཏུ་ཞི་བའི་གནས་སུ་རོ་གཅིག་པའི་ངོ་བོ་ཉིད་དུ་གྱུར་པ་དང་། འདོད་ཆགས། ཆགས་བྲལ། ཆགས་པ་བར་མ་གསུམ་ནུབ་ནས། སོ་སོ་རང་གི་རིག་བྱའི་ཆོས་སྐུ་ཐོག་མཐའ་མེད་པའི་ཆོས་ཉིད་དེ་ཁོ་ན་ཉིད་ཐོབ་པར་བྱེད་པ། རྣམ་པ་སྣ་ཚོགས་པའི་སྐད་ཅིག་གི་ཚོགས་དང་བྲལ་བ། རྡོ་རྗེའི་རྩེ་མོར་བྱང་ཆུབ་སེམས་ཀྱི་ཐིག་ལེ་འབའ་ཞིག་ཙམ་བཟུང་བ་ལ། ཁྱབ་བྱེད་དོན་དམ་བྱང་ཆུབ་སེམས་ཀྱི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པའི་མཚན་ཉིད་ཅན་གྱི་ལྷན་སྐྱེས་ཀྱི་བདེ་ཆེན་མྱོང་བ་ནི། བདེ་ཆེན་དང་། དེ་ཁོ་ན་ཉིད་བཞི་པ་དང་། བླང་བར་བྱ་བ་དང་། འོད་གསལ་བ་དང་འབྲས་བུར་གྱུར་པ་ཉིད་དུ་ཤེས་པར་བྱའོ། །དེ་ནི་ཡོད་མེད་དང་། དངོས་དངོས་མེད་བཅིང་ཐར། རྟག་ཆད། རྣམ་བཅས། རྣམ་མེད། སྟོང་མི་སྟོང་། འཁོར་འདས། སྲིད་ཞི། ཀུན་རྫོབ་དོན་དམ། རྒྱུ་འབྲས། སྤྲོ་བསྡུ། འགྲོ་འོང་སོགས་མཚན་ཉིད་བྱེ་བྲག་མེད་པ་དེ་ཁྱོད་ཀྱི་ཤེས་པར་བྱའོ། །
འདི་ནི་ཕྱིའི་མངོན་པར་བྱང་ཆུབ་པའོ། །དེའི་འོག་ཏུ་དེ་ཁོ་ན་ཉིད་ཐོབ་པའི་སྔོན་དུ། སྨིག་རྒྱུའི་རྣམ་པ་ཅན་འོད་ཟེར་ཁ་དོག་ལྔའི་ཚོགས་དབང་གཞུ་ལྟ་བུ་སྟོང་པ་འབད་མེད་མཐོང་སྟེ། དེའི་ཚེ་འདི་ལྟར་ཤེས་པར་བྱ་སྟེ། དུ་བ་ལས་མེ་ཤེས་པ་ལྟར་བདག་གིས་གདོན་མི་ཟ་བ་དེ་ཉིད་མཐོང་བར་འགྱུར་སྙམ་དུ་ཤེས་པར་གྱིས་ཤིག །དེའི་རྗེས་ལ་གཉིས་པ་ཟླ་སྣང་ལྟ་བུ་སྣང་བའི་ཡེ་ཤེས། དེ་རྗེས་ཉི་ཟེར་གྱི་སྣང་བ་མཆེད་པའི་ཡེ་ཤེས། དེ་རྗེས་མཚམས་སྣང་ལྟ་བུ་ཉེར་ཐོབ། དེ་རྗེས་སྣང་བ་ཀུན་ནུབ་པར་གྱུར་ནས། རྣམ་རྟོག་ཀུན་བྲལ་སྤྲིན་མེད་ནམ་མཁའ་ལྟ་བུའི་རབ་ཏུ་གསལ་བའི་དགའ་བའི་རང་བཞིན་དུ་སྣང་བ་དེ་ནི། ཐམས་ཅད་སྟོང་པ་འོད་གསལ་ཡིན་པར་ཤེས་པར་གྱིས་ཤིག་ཅེས་དེ་ནི་ནང་གི་མངོན་བྱང་སྟེ་འདི་ནི་ཕྱག་རྒྱའི་རིམ་པའོ། །ཏིང་ངེ་འཛིན་གྱི་རིམ་པ་ནི་རང་གི་ལྟེ་དཀྱིལ་ལ་གནས་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་གནས་པའི་ཡི་གེ་རྃ་འབར་བའི་འོད་ཀྱིས་འཁོར་ལོ་མེ་འཕྲོས་པས། མགོ་བོ་ནས་བརྩམ་སྟེ་རྐང་པའི་བར་དུ་སྦྱོང་སྟེ་སྣང་བ་མེད་པར་བྱས་ནས། སླར་རྐང་བ་ནས་བརྩམ་སྟེ་མགོ་
བོའམ་སྙིང་ག་མ་ལུས་པར་བསྲེགས་ནས་ཐམས་ཅད་སྟོང་པ་ཉིད་འཇུག་པ་ནི་རིལ་འཛིན་གྱི་ཏིང་འཛིན་ནོ། །དང་པོར་བ་སྤུའི་བུ་ག་ཀུན་ནས་འོད་བྱུང་བས་འོད་ཀྱི་དཀྱིལ་འཁོར་དེ་ཉིད་ཀྱིས་བརྟན་གཡོ་ཐམས་ཅད་མི་སྣང་བར་བྱས་ནས། དེ་ནས་བདག་ཉིད་ཀྱང་དེ་བཞིན་དུ་བྱ་བ་ནི་རྗེས་སུ་གཞིག་པའི་ཏིང་ངེ་འཛིན་ནོ། །ཏིང་ངེ་འཛིན་དེ་གཉིས་ཀྱི་དཔེ་ནི། སྟོན་ཁའི་ཆུ་དང་བར་ཟླ་གཟུགས་སྣང་བ་ལྟར་ཏིང་འཛིན་ལ་ཐམས་ཅད་སྟོང་པའི་དེ་ཉིད་གསལ་བར་འགྱུར་རོ། །མེ་ལོང་ཧས་བཏབ་པ་ལྟར་ཏིང་འཛིན་གཉིས་པོ་དེ་ཁོ་ན་ཉིད་འོད་གསལ་དང་ཐ་མི་དད་པར་འཇུག་པར་སྣང་བར་འགྱུར་རོ། །ཕྱག་རྒྱ་དང་ཏིང་འཛིན་གྱི་སྒོ་ནས་བསྒོམ་པའི་བྱང་ཆུབ་ཀྱི་སྔགས་ཞེས་པ་དོན་དམ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་སྔགས་བརྗོད་པའོ། །ཟུང་འཇུག་གི་རིམ་པས་ཐབས་ནི་གཉིས་ཏེ། རྒྱུའི་རིམ་པ་དང་། འབྲས་བུའི་རིམ་པའོ། །རྒྱུ་ནི་ཉན་ཐོས་བྱེ་སྨྲ་དང་། རྣལ་འབྱོར་སྤྱོད་པ་དང་། དབུ་མ་པ་དང་། གསང་སྔགས་པའི། བདག་མེད་གཉིས་དང་། ཡོད་པ་དང་མེད་པ་དང་། རྣམ་བཅས་རྣམ་མེད། ཀུན་རྫོབ་དོན་དམ། བརྟག་པ་དང་བརྟག་པ་མིན་པའི་
ལྷའི་རྣལ་འབྱོར་དུ་སྣང་བ་སོགས་ཀྱི་ཐ་སྙད་དུ་བྱས་པའི་དོན་ཐ་དད་པ་གཉིས་གཉིས་སུ་དབྱེར་མེད་པར་རྣམ་རྟོག་མེད་པའི་རྣལ་འབྱོར་མངོན་སུམ་གྱིས་རྟོགས་བྱ་དེ་ཁོ་ན་ཉིད་རབ་ཏུ་གསལ་བ་ནི་རྒྱུའི་ཟུང་འཇུག་གོ། དེ་ཉིད་ཐོབ་པའི་རྣལ་འབྱོར་པས་བྱ་བ་དང་ཡོན་ཏན་དང་རྫས་དང་རིགས་ཀྱིས་དབྱེ་བ་ནི། བདག་དང་གཞན། བྲམ་ཟེ་དང་གདོལ་པ་སོགས། བདག་དང་གཞན་གྱི་རྒྱུད་ལ་ཡོད་པའི་དངོས་པོ་རྣམས་ཐ་དད་མེད་པར་ཡོངས་སུ་ཤེས་པ་འབྲས་བུའི་ཟུང་འཇུག་གི་རིམ་པའོ། ༈ །རིམ་པ་ལྔ། ཕུང་ལྔ་དག །ཡེ་ཤེས་ལྔ་ཐོབ་སོགས་མདོ་ཙམ་གསུངས་སོ། ༈ །རྨོངས་པའི་རིགས་ཅན་ཙནྡན་ལྟ་བུ། དབང་པོ་རྟུལ་པོ་ཨུཏྤལ་ལྟ་བུ། འབྲིང་པད་དཀར། རྣོན་པོ་པདྨ། ཡང་རབ་རིན་པོ་ཆེ་ལྟ་བུའོ། །དེ་ལས་བཞི་ཚོགས་བཤད། གཉིས་སློབ་བཤད་ཀྱི་སྣོད་དོ། ༈ །སྲོག་སྙིང་ག་སོགས་སུ་གནས། དབང་པོའི་སྒོ་ནས་རྒྱུ་བ་སྲོག་རླུང་དང་གཅིན་ཕྱི་ས་ཁུ་བ་སོགས་འོག་ཏུ་འདྲེན་པ་ཐུར་སེལ། དགོད་ཟ་ལྡག་འཐུང་འཇེབ་པ་མཉམ་གནས། གྱེན་འགྲོ་སྡུད་བཟའ་མྱང་སོགས་གྱེན་རྒྱུ།
ཁྱབ་འཛིན་འགྲོ་ལྡོག་ཁྱབ་བྱེད་དོ། །སྲོག་རླུང་ཀུན་གཞི། ཉོན་ཡིད་ཐུར་སེལ། མེ་མཉམ་ཡིད་ཤེས། གྱེན་རྒྱུ་ཡིད་དབང་སྟེ་འཇུག་ཤེས་ཀྱི་རང་བཞིན་ནོ་གསུངས། ཁྱབ་བྱེད་རྣམ་ཤེས་ཕུང་པོ། ཐུར་སེལ་ཚོར་བའི་ཕུང་པོ་སོགས་གསུངས། སྲོག་རླུང་ཆུ་ཁམས། ཐུར་སེལ་ས། གྱེན་རྒྱུ་མེ། མེ་མཉམ་རླུང་། ཁྱབ་བྱེད་ནམ་མཁའ་ཞེས་གསུངས་རྒྱུ་བ་དང་། རྣལ་འབྱོར་རྒྱུ་བ། ཡང་དག་པར་རྒྱུ་བ། རབ་ཏུ་རྒྱུ་བ། ངེས་པར་རྒྱུ་བ་ལྔ་ནི། མིག་སོགས་ལ་གནས་ཏེ་ཉེ་བའི་རླུང་ངོ་། ༈ །ཨ་ཨུ་མ་འདུས་ཨོཾ། ཨ་དང་ཨཱཿའདུས་ཨཱཿ ཧ་དང་ཨཱུཾ་འདུས་ཧཱུྃ། དེ་རྣམས་ཀྱི་ཕྱིས་པ་ནི་གཅིག་གཅིག་གི་ཆ་ལ་ཐིམ་པ་སྟེ་མི་སྣང་བའོ། །དེ་ནི་ཨོཾ་གྱི་ཡི་གེ་ཨ་ནི་ཨུ་ལ་ཐིམ། དེ་ཐིག་ལེ་ལ་ཐིམ། ཐིག་ལེ་ནི་ཨཱའི་ཚེག་དྲག་ལ་ཐིམ། རིང་པོ་ཧཱུྃ་ནི་ཐིག་ལེ་ལ་ཞུགས་ནས། ཆ་བཞི་པའི་ཡི་གེ་ཧཱུྃ་གི་ཧ་ནི་ཞབས་ཀྱུ་ཨཱུ་ལ་ཐིམ། ཨཱུ་ནི་དེའི་ནང་ན་གནས་པའི་ཨ་ལ་ཐིམ། ཨ་དེ་ཐིག་ལེ་ལ་ཞུགས་ནས་ཡི་གེ་ཨ་ཐུང་འབའ་ཞིག་ལུས་པ་དེ་ནི་ཐུང་ངུ་མ་ལུས་ངག་གི་རྒྱུར་ཞེས་གསུངས། ༈ ལྟེ་བར་ཆོས་དབྱིངས་འཁོར་ལོ་རྩིབ་བརྒྱད་ཀྱི་དབུས་
སུ་གཞོམ་མེད་ཨ་བསྒོམ་པའི་འོད་ཀྱིས་ཨོཾ་དཀར་པོ་མགོ་ལ་བཀོད་ནས་དེ་འཇུག་རླུང་དང་ཆབ་ཅིག་ལྟེ་བའི་ཨ་ལ་ཐིམ་པར་བསམ་པས་སྣང་བ་དང་པོའི་ཉམས་སྐྱེ། དེ་རྗེས་ལྟེ་བའི་ཨཱཿལས་འོད་འབར་ལྐོག་མར་ཨ་བཀོད་སོགས་གསུངས། ༈ །རིམ་པ་ལྔ་པོ་འདི། ཕུང་ལྔ་ཡེ་ཤེས་ལྔ། འབྱུང་བ་ལྔ། དབང་བསྐུར་ལྔ། དེ་བཞིན་གཤེགས་པ་ལྔ། ལམ་ལྔ། རྣམ་ཤེས་ལྔའི་རང་བཞིན་ནོ། ༈ །རྡོར་བཟླས་ནི། རླུང་བཅུ་ཁུ་ཁྲག་གི་ཐིག་ལེའི་གཟུགས་སུ་གྱུར་ནས་དབྱིབས་ཀྱི་བདག་ཉིད་ཀྱི་གཟུགས་བསྐྱེད་པས་གཟུགས་རགས་པའི་མངོན་ཞེན་སྤངས་ནས་རླུང་གི་རིམ་པ་ཕྲ་མོ་གོམས་ཕྱིར་གཟུགས་ཕུང་དག་པའོ། །དེ་བཞིན་ཚོར་བ་བདེ་སོགས་ཀྱི་རྣམ་ཅན་སེམས་རྣམ་པར་དག་པས་ཚོར་ཕུང་དག །བདག་བྱིན་རླབས་སྒྱུ་མའི་ཚུལ་གྱིས་འདུ་ཤེས་རྣམ་དག །མངོན་བྱང་ནི་འདུ་བྱེད་དགེ་སོགས་ཏེ་དེ་དག་ཀྱང་འདོད་ཆགས་ལ་སོགས་དག་པས་སོ། །རྣམ་ཤེས་དངོས་པོ་ཀུན་གྱི་རང་བཞིན་དེ་དག་ཟུང་འཇུག་གོ། རྡོར་བཟླས་མེ་ལོང་ཡེ་ཤེས། སེམས་
རྣམ་དག་མཉམ་ཉིད། བདག་བྱིན་བརླབ་སོར་རྟོག །སྣོད་བཅུད་སྒྱུ་མར་རྟོགས་པའི་ཕྱིར་དེ་ཉིད་ལ་ཞུགས་ནས་སེམས་ཅན་དོན་བྱེད་བྱ་གྲུབ། ཟུང་འཇུག་ནི། ཆོས་དབྱིངས་དྲི་མེད་མཐའ་ཡས་ནམ་མཁའ་ལྟ་བུའོ། །རྡོར་ས་ ༡ བཟླས་སེམས་ཆུ་ ༢ དག །བདག་མེ་ ༣ བྱིན། མངོན་བྱང་། རླུང་ ༤ ཟུང་ནམ་མཁའ་ ༥ འཇུག་ཅེས་སྦྱར། ༈ །རྡོར་བཟླས་རིག་པའི་དབང་བསྐུར་གྱི་ངོ་བོ་ཡིན་ཏེ། ཀུན་གཞི་སོགས་ཡོངས་གྱུར་ཐོབ་པས་རྒྱུད་དག །སེམས་དབེན་ཕྱིར་མི་ལྡོག་པའི་དབང་། བདག་བྱིན་རླབས་གསང་དབང་ཡེ་ཤེས་ཀྱི་སྐུ་ཐོབ་པའོ། །མངོན་བྱང་ཤེས་རབ་དབང་བསྐུར་ཏེ། ཕྱི་ནང་གི་ཤེས་རབ་ཀྱི་རིམ་པ་ཐོབ་པས་སོ། །ཟུང་འཇུག་ཤེས་རབ་ཡེ་ཤེས་དབང་སྟེ་བཞི་པ་ཡིན་པས་སོ། །རིམ་པ་ལྔ་པོ་རིམ་བཞིན་རྣམ་སྣང་། ༡ རིན་འབྱུང་། ༢ སྣང་མཐའ། ༣ མི་སྐྱོད། ༤ དོན་གྲུབ། ༥ རྡོར་བཟླས་སྦྱོར་ལམ་གྱི་ངོ་བོ། སེམས་དབེན་མཐོང་ལམ་སྟེ་སྣང་བ་སོགས་ཡེ་ཤེས་རེ་རེ་ཞིང་རྗེས་ཤེས་མཐར་ཐུག་པའི་བར་གྱི་སྐད་ཅིག་བཅོ་ལྔ་མཐོང་ལམ་བདག་བྱིན་
བསྒོམ་ལམ་སྟེ་སྒྱུ་མ་ལྟར་མཐོང་བའི་ཕྱིར་རོ། །མངོན་བྱང་ཁྱད་པར་ལམ་སྟེ་བར་ཆད་མེད་དང་རྣམ་གྲོལ་ལམ་གྱི་ངོ་བོ་ཡིན་ཕྱིར་རོ། །ཟུང་འཇུག་མི་སློབ་ལམ་གྱི་ངོ་བོ། །རྣམ་ཤེས་ལྔ་ལ་སྦྱར་ན། གཟུངས་དོན་གྱི་རྣམ་ཤེས་ཏེ་དེ་དག་པ་རྡོར་བཟླས། བདག་གཞན་གྱི་དབང་པོ་རྣམས་སེམས་ཅན་ཡིན་དེ་དག་པ་སེམས་དབེན། ཉོན་ཡིད་དག་པ་བདག་བྱིན་བརླབས། མིག་སོགས་རྣམ་ཤེས་དག་ནི་རྣམ་པར་རིག་པའི་རྣམ་ཤེས་ཏེ་དེ་དག་པ་མངོན་བྱང་སྟེ་དེར་འཇུག་ཤེས་རྣམས་འགོག་པའོ། །ཀུན་གཞི་རྐྱེན་གྱི་རྣམ་ཤེས་དེ་དག་པ་ཟུང་འཇུག་སྟེ་བག་ཆགས་བཅས་སྤངས་པས་སོ། །དེ་ཡང་གཅིག་ནི་རྐྱེན་གྱི་རྣམ་པར་ཤེས། གཉིས་པ་ཉེ་བར་སྤྱོད་པ་ཅན། ཉེ་བར་སྤྱོད་དང་ལོངས་སྤྱོད་དང་། དེ་ཡི་འཇུགས་བྱེད་སེམས་ལས་བྱུང་། ཞེས་པ་བཞིན་ནོ། །གཏི་མུག་དག་པ་རྡོར་བཟླས། ཞེ་སྡང་དག་པ་སེམས་དབེན། ང་རྒྱལ་དག་པ་བདག་བྱིན་བརླབས། འདོད་ཆགས་དག་པ་མངོན་བྱང་སྟེ་ཆགས་ཆགས་བྲལ་བར་མའི་ཆགས་
ལས་འདས་པའོ། །ཟུང་འཇུག་ཕྲག་དོག་རྣམ་པ་སྟེ་ཀུན་བྱང་གི་བག་ཆགས་འཇོམས་པས་སོ། །ངག་རྟོག་རྡོར་བཟླས། སེམས་རྟོག་སེམས་དབེན། ལུས་རྟོག་བདག་བྱིན་བརླབས། འདི་གསུམ་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་དག་པའི་ངོ་བོ། །མངོན་བྱང་ནི་དོན་དམ་བདེན་པ་རྣམ་པར་དག་པ། ཟུང་འཇུག་དེ་གཉིས་རྣམ་པར་དག་གོ། གཏི་མུག་གིས་བསྡུས་པའི་ཉེ་ཉོན་རྡོར་བཟླས་ཞེ་སྡང་སེམས་དབེན་སོགས་གོང་གི་རིམ་པ་བཞིན་ནོ། ༈ །དང་པོར་ལུས་དབེན་གྱི་ལུས་རྣམ་དག་ཐོབ་ཀྱང་རྣམ་རྟོག་དང་བཅས་པས་དེ་སྤང་གོམས་ཚེ། རྫོགས་རིམ་གྱི་ཏིང་འཛིན་གོམས་པར་བྱེད་དེ་དགེ་མི་དགེའི་རྣམ་རྟོག་ཐམས་ཅད་རྣམ་རྟོག་ཏུ་འདྲ་བས་མེ་ཐམས་ཅད་སྲེག་པར་བྱེད་པ་ལྟར། རྣམ་རྟོག་ཆུང་ངུ་ཡང་ག་པར་བྱེད་དེ་དགེའམ་མི་དགེ་བ་ཡང་རུང་། རྣམ་རྟོག་བྱེ་བྲག་འགའ་ཡང་མེད། །མེ་ནི་སྲེག་པར་བྱེད་པ་ལ། །རྟེན་གྱི་དབྱེ་བས་བྱེ་བྲག་མེད། །འདི་ནི་ཙནྡན་ལས་བྱུང་ཡང་། །རེག་པ་སྲེག་པར་བྱེད་པ་ཉིད། །རྣམ་པར་རྟོག་པ་ཆུང་
ན་ཡང་། །ཐམས་ཅད་སྤང་བར་བྱ་བ་ཉིད། །འཁྲུལ་པའི་རང་བཞིན་རྟོག་པ་ནི། །སེམས་ནི་ཟློག་པར་བྱེད་པ་ཉིད། །རྣམ་པར་རྟོག་པའི་གདོན་ཆེན་གྱིས། །འཁོར་བའི་རྒྱ་མཚོར་ལྟུང་བར་བྱེད། །ཅེས་པ་ལ་སོགས་གང་བཤད་པའོ། །ཞེས་ཀླུ་བྱང་གསུངས་སོ། །དང་པོར་ངག་དང་སེམས་དག་པར་བྱས་གཞན་དོན་གྱི་སྨོན་ལམ་དང་སྙིང་རྗེ་ཆེན་པོས་དོན་དམ་འབའ་ཞིག་ལ་མི་རྟེན་པར་བདག་བྱིན་རླབས་རྣམ་པ་ཐམས་ཅད་ཀྱི་མཆོག་ལྡན་ཡེ་ཤེས་ཀྱི་སྐུ་ཡི་དཀྱིལ་འཁོར་བསྒོམ། བརྒྱ་ལ་དེར་ཞེན་ན་ནང་དུ་འོད་གསལ་ལ་འཇུག །དེ་ནས་བདེན་གཉིས་དབྱེར་མེད་ཟུང་འཇུག་ཐོབ་གསུངས། སེམས་དབེན་གྱིས་འོད་གསལ་ཐོབ་ཀྱང་ཡེ་ཤེས་ལ་དབང་བ་ཙམ་དུ་འགྱུར་བའི་ཕྱིར་རྣལ་འབྱོར་པས་ནི་ས་བཅུ་པ་ལ་གནས་པར་འགྱུར་རོ། །བཞི་པ་མངོན་བྱང་གིས་མན་ངག་བཞི་པས་མངོན་དུ་བྱས་པས་རྡོར་ཏིང་གིས་ས་བཅུ་གཅིག་ཀུན་འོད་དེ་སངས་རྒྱས་ཀྱི་ས་ཐོབ་བོ། །ཡང་དམ་ཚིག་གི་ཕྱག་རྒྱས་དཔེའི་ཡེ་ཤེས་མཐོང་བ་སེམས་
དབེན་དོན་གྱི་ཡེ་ཤེས་མངོན་བྱང་ཡིན་ནོ་གསུངས། ༈ རྣམ་ཤེས་སམ་སེམས་ཀྱང་དོན་དམ་པར་དཔྱད་ན་འོད་གསལ་ལས་མི་འདའ་ཡང་།ཐབས་མེད་པས་འོད་གསལ་དུ་འཆར་བར་མི་འགྱུར་བས་ཐབས་སྣང་བ་གསུམ་གྱིས་འོད་གསལ་དུ་འཇུག་དགོས་ལ་དེས་དྲངས་པའི་སེམས་ནི་འོད་གསལ་དང་གཉིས་སུ་མེད་པའི་ཡེ་ཤེས་སུ་འཆར་རོ། །མཆོད་བརྗོད་ཀྱི་དོན་རེ་རེ་ཡང་འགྲེལ་ཚུལ་མཐའ་དྲུག་གི་སྒོ་ནས་བཤད་པ་ཡོད་ཀྱང་མ་སྤྲོས་ཀླུ་བྱང་གི་གཞུང་ལས་ཤེས་པར་བྱའོ། །ཟིན་བྲིས་འདི་ནི་ཀུན་མཁྱེན་བླ་མ་ཉིད་ཀྱི་དཀའ་བའི་གནས་བསྙེལ་ཐོ་ཙམ་བཀོད་པ་ལས་ཞིབ་པར་མ་བཤད་པས་གོ་དཀའ་བར་འདུག་ཅིང་ཀླུ་བྱང་གི་འགྲེལ་བ་དང་། ཁ་ཆེའི་མཁས་པ་ལཀྵྨིཾ་ཀྱི་གསུང་རྣམས་ལས་གཙོ་བོར་བཏུས་པ་ཡིན་ཀྱང་རང་བློས་ཇི་དཔོག་ཙམ་ལས་ཞིབ་ཏུ་བསྟུན་མ་ཐུབ་པས་མཁྱེན་པར་མཛོད། ཅེས་པའང་བློ་གྲོས་རྒྱ་མཚོས་ཞུས་དག་པར་བྱས་པའི་སྐབས་སུ་སྨྲས་པའོ།། །།ཨོཾ་སྭ་སྟི། འཕགས་པའི་རྒྱུད་ཀྱི་མན་ངག་རིམ་པ་ལྔ། །
གསལ་བར་ཕྱེ་བའི་འགྲེལ་ཆུང་ཟིན་བྲིས་བཅས། །སྤར་དུ་བསྐྲུན་པས་མཐའ་ཡས་འགྲོ་བ་རྣམས། །བླ་མ་གསང་འདུས་གོ་འཕང་ཐོབ་པར་ཤོག །ཅེས་པའང་འཁོར་ལོའི་མགོན་པོ་ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེའི་ཐུགས་དགོངས་རྫོགས་ཕྱིར་དཔོན་དགེ་ལེགས་རྒྱ་མཚོ་དང་། བླ་མ་ཞིང་སྐྱོང་གཉིས་ནས་སྤར་དུ་བསྐྲུན་སྐབས་སྨོན་ཚིག་ཏུ་བྲིས་པ་ཤུབྷཾ། །སརྦ་མངྒ་ལཾ།། །།