Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གསུམ་པ།


   
   
   
   
   
   
   
   
སྲུང་བཟློག་བསད་པའི་ལས་མཐའ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
  expand section
   
  expand section


 
previousསྲུང་བཟློག་བསད་པའི་ལས་མཐའ།next

སྲུང་བཟློག་བསད་པའི་ལས་མཐའ།

ཕག་མོ་ནག་མོའི་ཟབ་ཐིག་ལས༔ སྲུང་བཟློག་བསད་པའི་ལས་མཐའ་བཞུགས༔ མཁའ་འགྲོ་མ་ལ་ཕྱག་འཚལ་ལོ༔ མཁའ་འགྲོ་སྒྲུབ་པའི་རྣལ་འབྱོར་པས༔ བྱད་ཁ་ཕུར་ཁ་རྦོད་གཏོང་རྣམས༔ སྲུང་བཟློག་བསད་པ་འདི་ལྟ་སྟེ༔ ཕྱི་ནང་གྲུབ་མཐའི་རིགས་སྔགས་མཁན༔ བན་བོན་ངན་སྔགས་སྲུང་འདོད་ན༔ བག་ཟན་བྱད་མའི་ངར་སྣབས་བསྲེ༔ གཟུགས་བྱད་སྐྱེ་མཆེད་ཚང་བར་བཟོས༔ དུག་ཤོག་ངོས་སམ་རོ་རས་ལ༔ དུག་ཁྲག་འཁོར་ལོ་རྩིབས་བརྒྱད་ལིངྒའི་སྙིང་གར་འབྲི༔ ལིངྒར་གནས་ཡིག་སྤྱི་འགྲོས་འགོད༔ སྙིང་གར་ནྲི་ཡིག་བྱད་མའི་མིང་༔ ཁུག་ཅིག་སོད་ཅིག་མཱ་ར་ཡ༔ རྡུལ་དུ་རློགས་ཤིག་བྱ་བ་འབྲི༔ རྩིབས་བརྒྱད་ནང་དུ་འདི་ལྟ་སྟེ༔ བན་དྷེ་ནག་པོའི་བྱད་ཁ་བྷྱོ་ཟློག༔ བོན་པོ་ནག་པོའི་བྱད་ཁ་བྷྱོ་ཟློག༔ ཕྲ་མེན་མཁན་གྱི་བྱད་ཁ་བྷྱོ་ཟློག༔ འཕུང་གཡོས་མཁན་གྱི་བྱད་ཁ་བྷྱོ་ཟློག༔ མནན་གཏད་བཅིངས་པའི་བྱད་ཁ་བྷྱོ་ཟློག༔ རླུང་ལ་འཁོར་ལོ་བསྐོར་བའི་བྱད་ཁ་བྷྱོ་ཟློག༔ ཧོམ་གྱིས་བསྲེགས་པའི་བྱད་ཁ་བྷྱོ་ཟློག༔ པར་བུ་བསྐོར་བའི་བྱད་ཁ་བྷྱོ་ཟློག༔ ཅེས་འབྲི༔ རྩིབས་མཆན་རྣམས་ལ༔ ལྷ་ཡི་རྦོད་ཟོར་བྷྱོ་ཟློག༔ ཀླུ་ཡི་རྦོད་ཟོར་བྷྱོ་ཟློག༔ བདུད་ཀྱི་རྦོད་ཟོར་བྷྱོ་ཟློག༔ མ་མོའི་རྦོད་ཟོར་བྷྱོ་ཟློག༔ གཤིན་རྗེའི་རྦོད་ཟོར་བྷྱོ་ཟློག༔ བཙན་གྱི་རྦོད་ཟོར་ཟློག༔ གཟའ་ཡི་རྦོད་ཟོར་བྷྱོ་ཟློག༔ ཐེའུ་རང་རྦོད་ཟོར་བྷྱོ་ཟློག༔ ཅེས་བྲི་དེ་ཡི་ཕྱི་རིམ་དམོད་བཅོལ་སྣ་ཚོགས་བྲི༔ ལྷ་དབྱེ་ལས་གཞུང་བསྲང་ཞིང་དྲག་སྔགས་ཐུན་གྱིས་བརྡེག༔ ཡང་ཡང་འགུགས་བསྟིམས་དགྲ་བོ་དངོས་སུ་བསམས༔ ཨཱོཾ་བཛྲ་ཀྲོ་ཏ་ཀཱ་ལི་ཧ་རི་ནི་ས་ཧཱུྃ་ཕཊ༔ དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པ་ཁུག་རིལ་ཐུན་བྷྱོ་མ་མ་རཀྴ་ས་མ་ཡ༔ ཁ་ཐུན་ཁ་ཐུན༔ ཨ་ལ་པྲ་མོ་ཧེ་ཟློག༔ ཕུར་ཁ་ཟློག༔ ཟོར་ཁ་ཟློག༔ བྱད་ཁ་ཟློག༔ གཏད་ཁ་ཟློག༔ ཁྲམ་ཁ་ཟློག༔ ནད་ཁ་ཟློག༔ ཡམས་ཁ་ཟློག༔ རྦད་འདྲེ་ཟློག༔ རྦོད་གཏོང་ཟློག༔ ཅི་མང་བཟླ་བའམ་ཕ་རོལ་གྱི་ནུས་པ་དང་བསྟུན་ཏེ་བཟླ༔ ཤོག་ལིང་མགོ་རྟིང་ལྟེབས་ཏེ་དྲིལ༔ བག་ཟན་ཉ་བོའི་སྙིང་གར་གཞུག༔ ཕྱི་ལག་སྦར་སྡེར་སྙིང་གར་བཏབ༔ རང་གི་ཉལ་མལ་འོག་ཏུ་མནན༔ རང་ཉིད་ཕག་མོའི་ང་རྒྱལ་བསྐྱེད༔ ཉི་མ་དམར་ཐག་ཉུལ་བའི་ཚེ༔ མཁའ་འགྲོའི་བསྐུལ་འདོན་རྒྱུན་གཏོར་འབུལ༔ བཟློག་སྔགས་བཟླ་ཞིང་ཐལ་མོ་བརྡབ༔ བྱད་མ་ཤིན་ཏུ་ཐུ་བ་ན༔ ལིངྒ་གཉིས་གསུམ་བཟོས་ནས་ཀྱང་༔ དགྲ་བོ་བྱད་མའི་ཁང་རྨང་ངམ༔ ཡང་ན་བྱད་མ་མཐོང་བའི་ས༔ ཡང་ན་ལུང་གསུམ་འདུས་པའི་མདོ༔ ཡང་ན་རྒྱ་གྲམ་ལམ་གྱི་སྲང་༔ ཡང་ན་མཆོད་རྟེན་ལྷ་ཁང་འོག༔ མནན་ཞིང་དགུག་གཞུག་དྲག་ཏུ་བྱ༔ མེ་རྒྱ་ཆུ་རྒྱ་རོ་གཡམ་བཅད༔ དམོད་བཅོལ་མ་ཉེས་ཤགས་ཀྱང་འདེབས༔ ལྟ་བྲོ་འཁྲབ་ཅིང་བཟློག་སྔགས་འདོན༔ དྲང་སྲོང་དམོད་པ་ཡིན་ཀྱང་བཟློག༔ སྦྱོར་བ་གཞན་ལ་སྨྲོས་ཅི་དགོས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མཁའ་འགྲོ་བསྟེན་པའི་རྣལ་འབྱོར་པས༔ བསྲུང་བ་འདོད་ན་འདི་ལྟ་སྟེ༔ ཆོས་རྣམས་མི་དམིགས་སྟོང་པའི་ངང་༔ སྟེང་ན་གསེར་གྱི་འཁོར་ལོ་དང་༔ འོག་ན་གནམ་ལྕགས་འཁོར་ལོ་ནི༔ རྩིབས་སྟོང་ལྡན་པའི་གུར་ནང་དུ༔ གནམ་ལྕགས་ཞུན་མའི་རྡོ་རྗེ་ཡི༔ ལྟེ་བ་ཡངས་ཤིང་རྒྱ་ཆེའི་ནང་༔ རྡོ་རྗེ་རྒྱ་གྲམ་ལྟེ་བའི་སྟེང་༔ པདྨ་ཉི་མའི་དཀྱིལ་འཁོར་གསལ༔ དེ་སྟེང་བམ་ཆེན་མི་རོའི་གདན༔ གསེར་ཀྱི་རྡོ་རྗེ་རྩེ་ལྔའི་དབུས༔ ཧཱུྃ་ཡིག་མཐིང་ནག་ཡོངས་གྱུར་པས༔ རང་ཉིད་ཕག་གདོང་ནག་མོར་བསྒོམ༔ ཡན་ལག་བཞི་ལ་ཕག་མོ་བཞི༔ བ་སྤུའི་འོད་ཀློང་རེ་རེ་ན༔ དཔའ་བོ་དཔའ་མོ་གྲངས་མེད་གསལ༔ རང་རིག་ཕག་མོའི་ཐུགས་ཀ་རུ༔ ཙིཏྟ་ཤེལ་གྱི་མཆོད་རྟེན་ནི༔ ཁྲི་འཕང་ལྔ་དང་ལྡན་པ་ལ༔ བུམ་པ་བྲེ་ཏོག་ལྡན་པར་བསྒོམས༔ བུམ་པའི་ནང་དུ་ཡེ་ཤེས་སེམས་དཔའ་རང་འདྲ་བ་མཚོན་གང་གསལ་བའི་ཐུགས་ཀར༔ སེམས་ཉིད་ཀྱི་ངོ་བོ་ཧཱུྃ་མཐིང་ནག་སྤུས་བྲིས་པ་ཙམ་ཞིག་གསལ་ཞིང་༔ རང་གི་ཚེའི་ངོ་བོ་གནོད་བྱེད་ཀྱི་ལག་ཏུ་ཤོར་བ་ཐམས་ཅད་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཅན་མང་པོ་འཕྲོས་པས་བཀུགས་ཏེ་ཧཱུྃ་ལ་ཐིམ་པར་བསྒོམ༔ སླར་ཡང་འོད་ཟེར་མང་པོ་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་དང་བྱིན་རླབས་ནུས་མཐུ་ཐམས་ཅད་བསྡུས་ཏེ་སེམས་ཉིད་ཀྱི་ངོ་བོ་ལ་ཐིམ་པར་བསྒོམ་ཞིང་༔ ཨཱོཾ་བཛྲ་ཀྲོ་ཏ་ཀཱ་ལི་ཧ་རི་ནི་ས་ཆེ་གེ་མོའི་ལུས་ངག་ཡིད་གསུམ་སྲུངས་ཤིག་རཀྵ་རཀྵ་སྭཱ་ཧཱ༔ རྩེ་གཅིག་འདུན་པས་ཅི་མང་བཟླ༔ འཁོར་གཡོག་ཉེ་དུ་སྲུང་བྱེད་ན༔ ཕོ་གཡས་མོ་གཡོན་ནོར་རྫས་དང་༔ ཞིང་ཁང་མདུན་རྒྱབ་བྲན་གཡོག་འོག༔ ཀུན་ཀྱང་ལྷ་ཡི་རྣམ་པར་གསལ༔ དམ་སེལ་ཡོད་པའི་སྐྱེ་འགྲོ་ནི༔ བསྲུང་འཁོར་ནང་དུ་བསྒོམ་མི་རུང་༔ ཕྱི་རབས་རྣལ་འབྱོར་དམ་ལྡན་གྱིས༔ ཞག་སྐོར་རེ་ལ་སྔགས་དམིགས་རྣམས༔ ཐུན་རེ་ཆག་མེད་བྱས་གྱུར་ན༔ དུས་མིན་འཆི་དང་བསམ་སྦྱོར་ངན༔ མི་མཐུན་ཕྱོགས་རྣམས་བཟློག་པ་དང་༔ མཚོན་དང་དུག་གི་འཇིགས་པའང་སྐྱོབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མཁའ་འགྲོ་སྒྲུབ་པའི་རྣལ་འབྱོར་ལ༔ དགྲ་བོ་ནག་པོས་ཉེར་འཚེ་ན༔ ཕུང་ཤུལ་ས་ལ་མཎྜལ་བྱ༔ དུག་དང་ཁྲག་གིས་ཆག་ཆག་གདབ༔ དབུས་སུ་ཧོམ་ཁུང་ལེགས་པར་བཟོས༔ ལིངྒ་མིང་རུས་བླ་དྭགས་འབྲི༔ ཟག་རྫས་བྱུག་ཅིང་ལྷ་དབྱེ་ནས༔ དགུག་གཞུག་ཧོམ་ཁུང་ཁ་བཀབ་སྟེ༔ ཐུན་ལམ་རྡོ་རྗེས་དགག་པར་བྱ༔ དེ་སྟེང་མཉྫའི་ཁྲིའུ་ཁར༔ མཁའ་འགྲོའི་གཏོར་མ་བཤམས་ནས་ཀྱང་༔ ལས་གཞུང་བསྲང་ཞིང་བསྐྱེད་རིམ་གསལ༔ རང་ལས་འཕྲོས་པའི་མཁའ་འགྲོ་ནི༔ ཤ་ཟ་ཕྲ་མེན་ལས་བྱེད་ཚོགས༔ སྟོང་གསུམ་གང་བར་འཕྲོ་ཞིང་རྒྱུག༔ དགྲ་བོ་དབང་མེད་ལྕགས་ཀྱུས་བཟུང་༔ ཞགས་པས་བཅིངས་ཤིང་ལྕགས་སྒྲོག་བསྡམས༔ དྲིལ་བུས་དགྲ་བོ་མྱོས་བཅུག་ནས༔ གཉིས་མེད་གཟུགས་ལ་བསྟིམས་པར་བསམས༔ ཨཱོཾ་བཛྲ་ཀྲོ་ཏ་ཀཱ་ལི་ཧ་རི་ནི་ས༔ དགྲ་བོ་འདུ་ཤ་ཡེ༔ བྷནྡྷ་ཡ༔ ཚིནྡྷ་ཡ༔ རཀྟ་ཡེ༔ དགྲ་བོའི་སྙིང་ཁ་རག་མོ་སྲོག་ཁུག༔ མྱུར་དུ་ཁུག་ཛཿཛ༔ དགྲ་བོའི་སྙིང་དུམ་བུར་ཆོད༔ དུམ་བུར་ཆོད༔ དགྲ་བོ་མཱ་ར་ཡ་ཛཿཛ༔ ཞེས་པ་ཐུན་བཟུང་ནན་གྱིས་བཟླ༔ ཐུན་སྐབས་བསྐུལ་འདོན་གཏོར་མ་འབུལ༔ ཟན་ལིང་བསྒྲལ་ཞིང་ཞལ་དུ་བསྟབ༔ ཁུགས་རྟགས་གསལ་ནས་གདབ་ལས་བྱ༔ ལིངྒ་གླང་རུའི་ནང་དུ་བཅུག༔ གདོལ་བ་ནག་པོའི་ཀླུ་ལ་གཏད༔ མ་ཉེས་ཤགས་འདེབས་གསེར་སྐྱེམས་མཆོད༔ བདེན་པ་བརྡར་ཞིང་དམོད་བཅོལ་བྱ༔ དགྲ་བོ་ཁ་ཕུང་རྗེས་མེད་འགྲོ༔ གཏོར་མ་དགྲ་བོའི་ཕྱོགས་སུ་འཕེན༔ ཕུང་གསུམ་བདུད་ཀྱི་ཉི་མར་བརྩམ༔ ལས་ཀྱི་རྗེས་ཀྱང་མི་མངོན་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཆེན་པོ་ཉི་མ་གྲགས་པ་རྩལ་གྱིས་གནས་མཆོག་ཆེན་པོ་རཀྴ་ཀོ་ཊི་ནས་ས་རྟ་ལ་གདན་དྲངས་ཤིང་ལྕགས་བྱ་ལ་ཤོག་སེར་ལས་ཕབ་པའོ། །མངྒ་ལམ།། །།


previousསྲུང་བཟློག་བསད་པའི་ལས་མཐའ།next