Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།


   
   
   
   
   
   
   
   
སྟོང་ཐུན་སེང་གེའི་ང་རོའི་ཉེར་མཁོའི་བར་ལྡེབ་ཕྱོགས་བསྡུས།
   
   


 
previousསྟོང་ཐུན་སེང་གེའི་ང་རོའི་ཉེར་མཁོའི་བར་ལྡེབ་ཕྱོགས་བསྡུས། next

སྟོང་ཐུན་སེང་གེའི་ང་རོའི་ཉེར་མཁོའི་བར་ལྡེབ་ཕྱོགས་བསྡུས།

ལྡེབ་གཉིས་པའི་རྒྱབ། ལུང་གི་ཚད་མ་དང་ཡིད་ཆེས་རྗེས་དཔག་དོན་གཅིག་ཡིན་པ་བཞིན་དུ་ལུང་ཚད་མ་དང་། དཔྱད་གསུམ་གྱིས་དག་པའི་ལུང་གཉིས་དོན་གཅིག་ཡིན་ལ། དེ་ལ་མཐོང་བ་མངོན་གྱུར་ལ་མངོན་སུམ་ཚད་མས་མི་གནོད་པ་དང་། མི་མཐོང་བ་ལྐོག་གྱུར་ལ་རྗེས་དཔག་ཚད་མས་མི་གནོད་པ་དང་། ཤིན་ཏུ་ལྐོག་གྱུར་ལ་ལུང་སྔ་ཕྱི་དང་མི་འགལ་བ་དང་གསུམ་ལས། དང་པོ། བརྒྱད་སྟོང་པ་ལྟ་བུའི་ལུང་དེས་འདི་ནི་གཟུགས་སོ་ཞེས་སོགས་མངོན་གྱུར་བསྟན་པའི་དོན་དེ་ཉིད་རང་གིས་མངོན་སུམ་གྱིས་དེ་ལྟར་ཡིན་མིན་དཔྱད་ནས་དེ་ལྟར་ཡིན་པ་ལ་ཚད་མས་གནོད་པ་མེད་པ་དང་། གཉིས་པ། སྒྲ་མི་རྟག་པའོ་ཞེས་སོགས་ལྐོག་གྱུར་བསྟན་པའི་དོན་དེ་ཉིད་དེ་ལྟར་ཡིན་མིན་དངོས་སྟོབས་རྗེས་དཔག་གིས་དཔྱད་ནས་དེ་ལྟར་ཡིན་པ་ལ་གནོད་པ་མེད་པ་དང་། གསུམ་པ། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ་ཞེས་པ་ལ་སོགས་པའི་ཤིན་ཏུ་ལྐོག་གྱུར་བསྟན་པའི་དོན་དེ་ཉིད་ལ་ལུང་རང་གིས་དངོས་བསྟན་ཤུགས་བསྟན་དང་གོང་འོག་འགལ་མི་འགལ་བརྟགས་ནས་འགལ་བའི་གནོད་པ་མེད་པར་མཐོང་བའི་ལུང་དེ་ལུང་ཚད་མ་དང་དཔྱད་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར་རོ། །ལུང་ཚད་མའི་མཚན་གཞི་ནི་ཤེར་ཕྱིན་གྱི་མདོ་ལྟ་བུའོ། ༈ །ཐོས་པ་ལས་བྱུང་བའི་ཤེས་རབ། བསམ་པ་ལས་བྱུང་བའི་ཤེས་རབ། བསྒོམས་པ་ལས་བྱུང་བའི་ཤེས་རབ། ཐོས་པ་འཆད་ཉན་བྱ་བ་དང་། བསམ་པ་ལ་རིགས་པ་བཞིའི་སྒོ་ནས་ལེགས་པར་དཔྱད་པར་བྱ་བ་སྟེ། དེ་ཡང་རིགས་པ་བཞི་ནི། བྱ་བ་བྱེད་པའི་རིགས་པ། ལྟོས་པའི་རིགས་པ། ཆོས་ཉིད་ཀྱི་རིགས་པ། འཐད་པས་སྒྲུབ་པའི་རིགས་པ་དང་བཞིའོ། །དེ་ཡང་ཀུན་རྫོབ་ཏུ་རྒྱུ་འབྲས་ངོ་བོ་ཉིད་གསུམ་ཇི་ལྟ་བར་རྟོགས་པ་དང་། དོན་དམ་པར་དེ་གསུམ་རང་བཞིན་མེད་པའི་རྣམ་ཐར་གསུམ་གྱི་བདག་ཉིད་དུ་ཤེས་དགོས་ལ། དེ་ལྟར་རྒྱུ་འབྲས་ངོ་བོ་ཉིད་གསུམ་དུ་བཞག་པ་དེ་ནི་ཐ་སྙད་དཔྱོད་པའི་སྐབས་ཀྱི་རིགས་པ་གསུམ་ཡིན་ལ། དོན་དམ་པར་ནི་རྡོ་རྗེ་གཟེག་མའི་གཏན་ཚིགས་ཀྱིས་དཔྱད་ན་རྒྱུ་གང་གིས་འབྲས་བུ་གང་བསྐྱེད་པ་མི་དམིགས་ལ། ཡོད་མེད་སྐྱེ་འགོག་གིས་དཔྱད་ན་འབྲས་བུ་རྣམས་རྒྱུ་ལ་ལྟོས་ཏེ་སྐྱེ་བ་ཡང་མེད་ཅིང་། གཅིག་དུ་བྲལ་སོགས་ཀྱི་རིགས་པས་དཔྱད་ན། སྲ་བ་ལ་སོགས་པའི་ངོ་བོ་ཉིད་གང་ཡང་མི་འགྲུབ་པས། རྒྱུ་མཚན་མ་མེད་པ། འབྲས་བུ་སྨོན་པ་མེད་པ། ངོ་བོ་སྟོང་པ་ཉིད་དེ་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་དུ་གནས་པ་ནི་དོན་དམ་པའི་ཆོས་ཉིད་དོ། །འཐད་སྒྲུབ་ལ་མངོན་སུམ་རྗེས་དཔག་གཉིས། མངོན་སུམ་ལ་དོན་དམ་མངོན་སུམ། ཀུན་རྫོབ་མངོན་སུམ། རྗེས་དཔག་ལའང་། ཀུན་རྫོབ་པ་རྗེས་སུ་དཔག་པ། དོན་དམ་པ་རྗེས་སུ་དཔག་པ་སྟེ་གཉིས། མཐར་བདེན་གཉིས་དབྱེར་མེད་སོ་སོ་རང་རིག་པའི་སྤྱོད་ཡུལ་ཆོས་ཀྱི་དབྱིངས་རྟོགས་པ་ན་མཐར་ཕྱིན་པའོ། །

༈ ལྡེབ་གསུམ་པའི་སྐབས། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པའི་འགྲེལ་པ་ཡེ་ཤེས་སྣང་བ་རྣམ་འབྱེད་ལས། དེ་ཡང་རྒྱལ་བའི་སྲས་པོ་འཕགས་པ་ཐོགས་མེད་ཀྱིས་མི་ལོ་བཅུ་གཉིས་སུ་རྗེ་བཙུན་བྱམས་པ་བསྒྲུབས་པའི་མཐར་ཞལ་མངོན་སུམ་དུ་བསྟན་ནས་དགའ་ལྡན་ལྷའི་གནས་སུ་ཁྲིད་དེ། རྒྱལ་བའི་བཀའ་ཐམས་ཅད་ཀྱི་དགོངས་པ་འགྲེལ་བའི་བསྟན་བཅོས་རྒྱན་གཉིས་འབྱེད་གཉིས་རྒྱུད་བླ་མ་སྟེ་ཆོས་ལྔ་བསྟན་པ་འདི་ལ། མཁས་པ་ཁ་ཅིག་གིས་ལྔ་ག་བསྟན་བཅོས་དཀྱུས་གཅིག་གི་ཚུལ་དུ་བཞེད་ལ། ཡང་ཁ་ཅིག་གིས་ཐེག་གསུམ་དང་ཐེག་གཅིག་ངེས་དོན་དུ་བཤད་པ་སོགས་མཐར་ཐུག་གི་བསྟན་བྱ་མི་མཐུན་པས་བསྟན་བཅོས་ཀྱི་ལུས་གཅིག་ཏུ་འདོད་པ་དེ་བཀག་ནས། རང་ལུགས་བཀའ་སོ་སོའི་དགོངས་འགྲེལ་དུ་བཞེད་ལ། དེ་ལ་ཡང་ཐོག་མཐའ་གཉིས་དབུ་མ་དང་། བར་མ་གསུམ་སེམས་ཙམ་གྱི་དགོངས་འགྲེལ་དུ་བཞེད་པ་དང་། མདོ་རྒྱན་ཁོ་ན་སེམས་ཙམ་གྱི་གཞུང་དང་། གཞན་བཞི་དབུ་མར་བཞེད་པ་དང་། མངོན་རྟོགས་རྒྱན་དབུ་མ་དང་། གཞན་བཞི་སེམས་ཙམ་དུ་བཞེད་པ་དང་། ཡང་ཁ་ཅིག་གིས་ལྔ་ག་སེམས་ཙམ་གྱི་དགོངས་པར་གནས་པ་དང་། ཡང་ལྔ་ག་དབུ་མའི་དགོངས་པར་གནས་པར་བཞེད་པ་སོགས་ཡོད་ཀྱང་། དོན་ལ་མངོན་རྟོགས་རྒྱན་ནི་བཀའ་བར་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་འགྲེལ་དང་། རྒྱུད་བླ་མ་འཁོར་ལོ་ཐ་མའི་ངེས་དོན་བདེ་གཤེགས་སྙིང་པོ་བསྟན་པའི་མདོ་རྣམས་ཀྱི་དགོངས་འགྲེལ་དུ་རྩོད་པ་མེད་པར་གྲུབ་ཅིང་། དེ་གཉིས་ཀས་མཐར་ཐུག་རིགས་གཅིག་དང་ཐེག་པ་གཅིག་ཏུ་འདོད་ལ་དབུ་མའི་དོན་དུ་དགོངས་པ་མཐུན་པ་ཉིད་དོ། །མདོ་སྡེ་རྒྱན་ནི་སྔ་མ་དེ་གཉིས་ཀྱི་བཤད་བྱའི་མདོ་ལས་གཞན་པའི་མདོ་སྡེ་ཕལ་མོ་ཆེའི་དོན་ཕྱོགས་གཅིག་བསྡེབས་པའི་དགོངས་འགྲེལ་ཡིན་ལ། དེར་རིགས་དང་ཐེག་པ་གཅིག་ཏུ་མ་ངེས་པར་བསྟན་པ་སོགས་ཕལ་ཆེར་སེམས་ཙམ་གྱི་མདོ་སྡེའི་དགོངས་པ་གཙོ་བོར་འགྲེལ་བར་གསལ་ལོ། །འབྱེད་གཉིས་པོ་འདི་ནི་ཐེག་པ་སྤྱི་ཡི་རྒྱ་ཆེ་བ་དང་ཟབ་མོའི་ཕྱོགས་སྟོན་པར་བྱེད་པ་སྟེ། འདི་དག་ཏུ་རང་བཞིན་གསུམ་དང་ཕྱི་དོན་མ་གྲུབ་པའི་ཚུལ་རྒྱ་ཆེར་བསྟན་ཀྱང་དེ་ཙམ་ཞིག་གིས་སེམས་ཙམ་པའི་གཞུང་ཁོ་ནར་འགྱུར་བའི་ངེས་པ་མེད་དེ། དབུ་མའི་དགོངས་པ་ཡང་ཆོས་སྐད་དེ་དག་གི་ཚུལ་གྱིས་བཞག་པ་ཙམ་ལ་འགལ་བ་མེད་པ་ནི། ལང་གཤེགས་ལས། ཆོས་ལྔ་རང་བཞིན་གསུམ་དང་ནི། །རྣམ་པར་ཤེས་པའི་ཚོགས་བརྒྱད་དང་། །བདག་མེད་དོན་གྱི་རྣམ་གཉིས་པོར། །ཐེག་ཆེན་མཐའ་དག་བསྡུས་པ་ཡིན། །ཞེས་ཆོས་སྐད་འདི་དག་ཐེག་ཆེན་མཐའ་དག་གི་སྤྱི་སྡོམ་དུ་གསུངས་པ་དང་། ཡུམ་གྱི་དགོངས་པ་གསལ་བར་བྱེད་པའི་མདོ་བྱམས་ཞུས་ན་ཡང་ངོ་བོ་ཉིད་གསུམ་གྱི་ཆོས་སྐད་འདི་དག་བསྟན་པ་སོགས་ཀྱིས་དངོས་སུ་གསལ་ལ། སེམས་ཙམ་པའི་འདོད་གཞུང་བཞིན་གཉིས་སྟོང་གི་ཤེས་པ་བདེན་གྲུབ་ཏུ་མི་འདོད་པའི་འོས་མེད་ཀྱི་ཚིག་ཟིན་དང་རིགས་པ་གང་ཡང་མི་སྣང་བས་ན། ཕྱོགས་སུ་མ་ལྷུང་བར་ཐེག་པ་སྤྱི་ཡི་དགོངས་འགྲེལ་དུ་བཤད་པ་ལ་ཉེས་པ་ཅི་ཡང་མེད་པར་མ་ཟད་གཞུང་གི་བབ་དེ་ལྟར་གནས་པས་ན། དབུས་མཐའ་རྣམ་འབྱེད་འདི་ཐེག་པ་གསུམ་གྱི་ལམ་རྒྱ་ཆེ་བའི་རྣམ་བཞག་སྟོན་པའི་གཞུང་དང་། ཆོས་ཉིད་རྣམ་འབྱེད་འདི་བདེན་གཉིས་ཟུང་འཇུག་དབུ་མ་རྣལ་འབྱོར་སྤྱོད་པའི་ཚུལ་དང་མཐུན་པར། ཟབ་མོའི་མདོ་སྡེ་ཀུན་གྱི་བརྗོད་བྱའི་སྙིང་པོ་རྣམ་པར་མི་རྟོག་པའི་ཡེ་ཤེས་གཏན་ལ་འབེབ་པའི་གཞུང་ཡིན་ལ། དེའི་ཕྱིར་ཤིན་ཏུ་ཟབ་པས་ན་འདི་དང་རྒྱུད་བླ་གཉིས་བཀའ་རྒྱ་དམ་པའི་ཚུལ་གྱིས་རྒྱ་གར་དུའང་ཕྱིས་སུ་དཔེ་རྒྱུན་མ་བྱུང་བའི་ཚེ། མངའ་བདག་མཻ་ཏྲི་པས་མཆོད་རྟེན་ཞིག་གི་སེར་ཀ་ནས་འོད་བྱུང་བ་གཟིགས་པ་དེ་ནས་ཆོས་ཉིད་རྣམ་འབྱེད་དང་རྒྱུད་བླ་མ་གཉིས་ཀྱི་དཔེ་བྱུང་སྟེ་སླར་འཕེལ་བ་ཡིན་པས། ཞ་མ་ལོ་ཙཱ་བ་སེང་གེ་རྒྱལ་མཚན་གྱིས་ཆོས་ཉིད་རྣམ་འབྱེད་ཀྱི་དཔེ་འདི་འགྱུར་ཞུས་མཛད་པའི་ཚེ། པཎྜི་ཏས་ཤོག་ལྡེབ་རེ་རེ་བཞིན་གནང་ནས་འདི་ཆུད་མ་ཟོས་པར་གྱིས། དེས་བཀའ་དམ་པས་རྒྱུན་དཀོན་ཕྱིར་འདི་མེད་སོང་ན་རྗེ་བཙུན་བྱམས་པ་འཛམ་བུའི་གླིང་དུ་སྐུ་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་གཙིགས་སུ་མཛད་པར་གསུངས་པ་ལྟར། ལྟ་བའི་ངེས་གསང་སྟོན་པའི་ཟབ་དོན་ཡིན་པས་ཐེག་པ་ཆེན་པོ་བ་ཀུན་གྱིས་ལྟ་བ་འདི་ལྟར་རྟོགས་དགོས་པས་དབུ་སེམས་སུ་ཡི་ལུགས་སུ་བཀྲལ་ཀྱང་མི་རུང་བ་མེད་མོད། དཔེར་ན་ཤེར་ཕྱིན་གྱི་མདོ་སྡེ་ལ་དབུ་སེམས་ཀྱི་སློབ་དཔོན་རྣམས་ཀྱིས་སོ་སོ་རང་རང་གི་བཞེད་གཞུང་དུ་བཀྲལ་ཀྱང་གཞུང་དེའི་དགོངས་པ་མཐར་ཐུག་དབུ་མར་གནས་པ་ལྟར། གཞུང་འདི་ཡང་སེམས་ཙམ་གྱི་ལྟ་བ་སྟོན་པའི་བསྟན་བཅོས་སུ་བཞེད་མཁན་ཡང་། རང་བློའི་རྩལ་དང་སྦྱར་ཏེ་དེ་ལྟར་བཤད་ཀྱང་འགལ་བ་མེད་ལ། འོན་ཀྱང་དོན་དུ་གཞུང་འདིས་ཐེག་པ་ཆེན་པོའི་ཟབ་དོན་མཐར་ཐུག་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉིད་ཅི་ལྟ་བུ་ཡིན་པ་གསལ་བར་སྟོན་པས་ན། ཟབ་མོའི་མདོ་སྡེ་མཐའ་དག་གི་སྤྱི་འགྲེལ་དུ་འགྲོ་ཞིང་། ཀུན་རྫོབ་ཆོས་ཅན་གྱི་འདོད་ཚུལ་སེམས་ཙམ་དང་མཐུན་ལ། དོན་དམ་ཆོས་ཉིད་ཀྱི་འདོད་ཚུལ་དབུ་མ་དང་མཐུན་པས་མཐར་ཐུག་གི་དགོངས་པ་དབུ་མར་གནས་ཤིང་དབུ་སེམས་ཟུང་འཇུག་གི་ཚུལ་གྱིས་ཐེག་པ་ཆེན་པོའི་ལྟ་བའི་གནད་སྟོན་པའི་ཚུལ་དུ་གོ་ཞིང་བཤད་ན་བསྟན་བཅོས་ཆེན་པོའི་དགོངས་པ་གཏིང་ཕྱིན་པར་བཤད་པར་འགྱུར་རོ། །ཞེས་གསུངས། ༈ བོད་སྔ་རབས་པ་ཞེས་པའི་སྐབས། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་རྔོག་ཆེན་པོ་བྱ་བ་དེའི་བརྒྱུད་པ། ཡར་འབྲོག་དོའི་ཕྱི་རོལ་གྱི་མཚོ་ཆེན་པོའི་འགྲམ་དུ་གྲོང་ཆགས་པའི་སྔགས་རྙིང་མ་བའི་དགེ་བཤེས་རྡོ་རྗེ་གཞོན་ནུ་ཞེས་བྱ་བ་ལ་སྲས་ལྔ་བྱུང་བའི། ཆེ་བ་རྔོག་ལེགས་པའི་ཤེས་རབ། གཉིས་པ་ཀླུ་ཁྲི། གསུམ་པ་ཀླུ་བྱང་། བཞི་པ་ཆོས་སྐྱབས། ལྔ་བ་ཐུབ་པ་རྡོ་རྗེ་རྣམས་ལས། རྔོག་ལེགས་ཤེས་ཀྱི་དབོན་པོ་རྔོག་ལོ་ཆེན་པོ་དེ་ནི། ཆོས་སྐྱབས་ཀྱི་སྲས་སུ་ས་མོ་ཕག་གི་ལོ་ལ་འཁྲུངས། དེ་ནས་ལོ་བཅོ་བརྒྱད་སོང་བ་ན་ཁ་ཆེར་བྱོན་ཏེ། པཎྜི་ཏ་སཛྫ་ན་དང་། བ་ར་ཧེ་ཏ་བྷ་ཏྲ་ལ་སོགས་པ་དྲུག་ཙམ་བསྟེན། ཁ་ཆེར་ལོ་བཅུ་བདུན་སྦྱངས་པ་མཛད་ནས་ཆུ་ཕོ་སྤྲེའུ་སུམ་ཅུ་རྩ་ལྔ་པ་ལ་སླར་བོད་དུ་བྱོན། བོད་དུ་ཡང་པཎྜི་ཏ་འབུམ་ཕྲག་གསུམ་པ་དང་སུ་མ་ཏི་ཀཱིརྟིིཿསོགས་ལ་ཆོས་མང་དུ་གསན། འདི་ཡིས་འགྱུར་མཛད་པའི་ཚད་ནི་གྲོ་ལུང་པས། དམ་ཆོས་བསྒྱུར་ལ་མངའ་བརྙེས་པས། །རྒྱལ་ཡུམ་གཉིས་དང་བསྟན་བཅོས་གཞུང་། །འབུམ་ཕྲག་གཅིག་དང་ཁྲི་ཕྲག་གསུམ། །སྟོང་ཕྲག་བདུན་ཅུ་ལྷག་བཅས་བསྒྱུར། །ཞེས་གསུངས་པ་དེའོ། དེ་ལ་སློབ་མའི་ཚོགས་མཐའ་ཡས་པ་ཡོད་མོད། སྲས་ཀྱི་ཐུ་བོ་བཞི་ནི། གསུང་རབ་ཀུན་ལ་མཁས་པ་གྲོ་ལུང་པ་བློ་གྲོས་འབྱུང་གནས། ཕར་ཕྱིན་ལ་མཁས་པ་འབྲེ་ཆེན་པོ་ཤེས་རབ་འབར། དབུ་མ་ལ་མཁས་པ་ཁྱུང་རིན་ཆེན་གྲགས། དངོས་ཀྱི་གདན་ས་པ་ཞང་ཚེ་སྤོང་ཆོས་ཀྱི་བླ་མ་དང་བཞིའོ། །གྲོ་ལུང་བའི་སྲས་ཀྱི་ཐུ་བོ་བཞི་ནི། ཟུར་ཆོས་པ་སྐུ་འབུམ་གྱི་ཤར་དུ་ཕྱྭ་བས་ཚད་མ། ལྷོར་རྒྱ་མཆིང་རུ་བས་བྱམས་ཆོས། ནུབ་ཏུ་རིན་ཚུལ་གྱིས་མངོན་པ། བྱང་དུ་ཡོན་ཏན་ཤེས་རབ་ཀྱིས་འདུལ་བ་འཆད་དོ། །དེ་རྣམས་ཀྱི་སློབ་བརྒྱུད་མཁས་པ་གནམ་གྱིས་ས་བཀབ་པ་ལྟ་བུ་རིམ་པར་བྱོན་པ་རྣམས་ཀྱིས་བཤད་གྲྭ་མང་དུ་བཙུགས་ཏེ་བོད་ཡུལ་རིག་པའི་འབྱུང་གནས་གསང་ཕུ་ནེའུ་ཐོག་ཅེས་ཡོངས་སུ་གྲགས་པའོ། །གངས་པ་ཤེའུ་དང་། ཁྱུང་རི་གཉིས་ཀྱི་སློབ་མ་སྟོད་ལུང་རྒྱ་དམར་བ་བྱང་ཆུབ་གྲགས་པ་ཡིན་ནོ། །འབྲེ་ཤེར་གྱི་སྲས་ཀྱི་ཐུ་བོ་ཨར་བྱང་ཆུབ་ཡེ་ཤེས་སོ། །གྲོ་ལུང་པ་སོགས་ཀྱི་སློབ་མ་ཕྱྭ་པ་ཆོས་ཀྱི་སེང་གེ་ལ། སློབ་མ་སེང་ཆེན་བརྒྱད། ཇོ་སྲས་བཞི། ཤེས་རབ་ཅན་བཞིའོ། །སེང་ཆེན་བརྒྱད་ནི། གཙང་ནག་པ་བརྩོན་འགྲུས་སེང་གེ། དན་ཕག་པ་སྨྲ་བའི་སེང་གེ། བྲུ་ཤ་བསོད་ནམས་སེང་གེ། རྨ་བྱ་རྩོད་པའི་སེང་གེ། རྩགས་དབང་ཕྱུག་སེང་གེ། མྱང་བྲན་ཆོས་ཀྱི་སེང་གེ། ལྡན་མ་དཀོན་མཆོག་སེང་གེ། གཉལ་པོ་ཡོན་ཏན་སེང་གེའོ། །ཁ་ཅིག་གཙང་པ་འཇམ་དཔལ་སེང་གེའང་ཟེར། ཇོ་སྲས་བཞི་ནི། འཁོན་ཇོ་སྲས་རྩེ་མོ། རྔོག་ཇོ་སྲས་ར་མོ། ཁུ་ཇོ་སྲས་ནེ་ཙོ། གཉོས་ཇོ་སྲས་དཔལ་ཡེའོ། །ཤེས་རབ་ཅན་བཞི་ནི། འགར་དབང་གྲུབ། ཀོང་པོ་འཇག་ཆུང་། ལྷོ་པ་སྒོག་ཟན། པར་བུ་བ་དང་བཞིའོ། །ཕྱྭ་བས་ཚད་མ་བསྡུས་པ་ལ་སོགས་མཛད་དེ་ཀློག་པ་བ་རྣམས་ཀྱི་བསྡུས་པ་ཞེས་པའང་འདི་ནས་དར་རོ། །གཙང་ནག་པ་དང་རྨ་བྱ་པ་ཕལ་ཆེར་མ་གཏོགས་པས་རང་རྒྱུད་པའི་སྲོལ་བཟུང་། གཞན་ཡང་ཀརྨ་པ་དུས་མཁྱེན་དང་། ཕག་གྲུ་རྡོ་རྗེ་རྒྱལ་པོ་གཉིས་ཀྱིས། རྒྱ་དམར་བ་དང་། ཕྱྭ་པ་ཆོས་ཀྱི་སེང་གེ་ལ་ཆོས་གསན་པ་དང་། ས་ཆེན་ཀུན་དགའ་སྙིང་པོས། ཁྱུང་རིན་ཆེན་གྲགས་པ་ལས་དབུ་ཚད་གསན། སློབ་དཔོན་བསོད་ནམས་རྩེ་མོས། ཕྱྭ་པ་ཆོས་སེང་ལས་དབུ་མ། ས་པཎ་གྱིས། རྨ་བྱ་བྱང་བརྩོན་དང་། མཚུར་སྟོན་གཞོན་སེང་ལས་ཚད་མ། རྩགས་པ་དབང་ཕྱུག་སེང་གེ་ལས་གྲུབ་མཐའ་གསན། ༈ ཐལ་འགྱུར་བ་ལོ་ཙཱ་བ་བ་ཚབ་ཉི་མ་གྲགས་པ་ནི། འཕན་ཡུལ་ན་བ་ཚབ་སྟོད་སྨད་གཉིས་ཡོད་པའི་སྟོད་པ་ཡིན། ཁ་ཆེར་བྱོན་ཏེ་སཛྫ་ནའི་སྲས་གཉིས་སོགས་པཎྜི་ཏ་མང་པོ་ལ་ཆོས་གསན་ཏེ་ལོ་ཉི་ཤུ་རྩ་གསུམ་དུ་སྦྱང་བ་མཛད་ནས་བོད་དུ་རྩ་འཇུག་བཞི་གསུམ་སོགས་ཀྱི་འགྲེལ་བ་ཟླ་བས་མཛད་པའི་རིགས་རྣམས་བསྒྱུར། འཕན་ཡུལ་དུ་ཕེབས། དབུ་མའི་འཆད་ཉན་ལེགས་པར་བཙུགས། དཔལ་ལྡན་ཟླ་བ་གྲགས་པའི་གཞུང་ལུགས་འཆད་རྩོད་རྩོམ་གསུམ་གྱི་ལམ་སྲོལ་ཆེན་པོ་ཕྱེས་ཤིང་། གངས་ཅན་ལྗོངས་ཀྱི་དབུ་མ་ཐལ་འགྱུར་སྨྲ་བ་ཐམས་ཅད་དེ་ལས་གྱེས། སློབ་མ་རྣམས་ཀྱི་ནང་ནས། གཙང་པ་སར་སྦོས། རྨ་བྱང་ཆུབ་ཡེ་ཤེས། དར་ཡོན་ཏན་གྲགས། ཚིག་ལ་མཁས་པ་གངས་པ་ཤེའུ། དོན་ལ་མཁས་པ་གཙང་པ་འབྲེ་སྒུར། གཉིས་ཀ་ལ་མཁས་པ་རྨ་བྱ་བྱང་བརྩོན། གཉིས་ཀ་ལ་མི་མཁས་པ་ཞང་ཐང་སག་པ་ཡེ་ཤེས་འབྱུང་གནས་རྣམས་ལ་བ་ཚབ་ཀྱི་བུ་བཞི་ཞེས་གྲགས། དེ་རྣམས་ལ་བརྟེན་ནས་དབུས་གཙང་དུ་དབུ་མའི་བཤད་པ་དར་བའོ། །ཕྱྭ་པའི་སློབ་མ་རྨ་བྱ་བྱང་བརྩོན་གྱིས་བ་ཚབ་ལ་དབུ་མ་སོགས་གསན། ཞང་ཐང་སག་པས་ནི། ཐང་སག་བཏབ་ནས་དབུ་མའི་འཆད་ཉན་ལེགས་པར་མཛད་དོ། །

༈ ལྡེབ་བཞི་པའི་སྐབས། དོན་རྣམ་པར་ངེས་པ་ཤེས་རབ་རལ་གྲི་ལས། །དངོས་པོར་དམིགས་དང་དངོས་མེད་དམིགས། །གཉིས་སུ་དམིགས་དང་གཉིས་མིན་དམིགས། །ཇི་ལྟར་དམིགས་ཀྱང་དམིགས་པ་སྟེ། །དམིགས་པས་གང་བཟུང་བདུད་ཀྱི་ནི། །སྤྱོད་ཡུལ་ཡིན་ཞེས་མདོ་ལས་གསུངས། །ཞེས། དངོས་པོར་དམིགས་པ་དང་། དེ་བཀག་པའི་དངོས་མེད་དུ་དམིགས་པ་དང་། དངོས་པོ་དངོས་མེད་གཉིས་སུ་དམིགས་པ་དང་། གཉིས་ཀ་མིན་པར་དམིགས་པ་སོགས་ཇི་ལྟར་དམིགས་ཀྱང་སེམས་ཀྱི་གཡོ་བ་ཡོད་པས་དམིགས་པ་སྟེ། དམིགས་པས་དངོས་མེད་དང་དངོས་པོ་སོགས་གང་ཞིག་བཟུང་ཡང་བདུད་ཀྱི་ནི་སྤྱོད་ཡུལ་ཡིན་ཞེས་འཇམ་དཔལ་རྣམ་པར་རོལ་པའི་མདོ་དང་། ལངྐར་གཤེགས་པའི་མདོ་སོགས་ལས་གསུངས་སོ། ༈ །གློག་སྒྲོན་ལས། རྟེན་ཅིང་འབྲེལ་བར་འབྱུང་བའི་དབང་གིས་བྱུང་བའི་ཀུན་བྱང་གི་ཆོས་ཐམས་ཅད་མ་བརྟགས་ཉམས་དགའ་ཙམ་དུ་སྣང་ཡང་། དོན་དམ་པར་རང་བཞིན་གྱིས་གྲུབ་པ་མེད་པས། གང་སྣང་བའི་གཟུགས་སོགས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས་གཟུགས་སྟོང་པ་དང་། གནས་སྐབས་རྟེན་འབྲེལ་གྱི་སྣང་བ་མ་འགག་པར་ཤར་བས་སྟོང་པ་ཉིད་གཟུགས་དང་། སྣང་ཙམ་ཉིད་ན་ངོ་བོ་སྟོང་ཉིད་ལས་མ་གཡོས་པས་གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་པ་དང་། ངོ་བོ་སྟོང་ཉིད་ལས་མ་གཡོས་པས་གཟུགས་སོགས་སུ་སྣང་བས་སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་པ་སྟེ་སྟོང་ཉིད་བཞི་སྦྱོར་གྱི་དགོངས་པ། འཕགས་པ་ཀླུས། ཀུན་རྫོབ་དང་ནི་དོན་དམ་དག །སོ་སོའི་ཆར་ནི་ཤེས་གྱུར་ཏེ། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པར་དེ་བཤད་དོ། །ཞེས་གསུངས། ༈ མི་ཕམ་རིན་པོ་ཆེས། མཉམ་པ་ཉིད་ལ་ངེས་པ་རིམ་གྱིས་སྐྱེ་བའི་དབང་དུ་ན། ལས་དང་པོ་པས་གཅིག་དུ་བྲལ་སོགས་སྟོང་ཉིད་སྒྲུབ་པའི་རིགས་པ་རྣམས་ཀྱིས་ཚུལ་བཞིན་བརྟགས་ཚེ། བུམ་སོགས་མ་གྲུབ་པའི་དོན་ལ་བསམས་ནས། མ་དཔྱད་པའི་ངོར་ཡོད་ཀྱང་དཔྱད་ན་མི་རྙེད་པའི་ཕྱིར། མ་གྲུབ་པ་ཉིད་གནས་ལུགས་སོ་སྙམ་པས་སྣང་སྟོང་རེས་འཇོག་གི་ཚུལ་དུ་སྟོང་པའི་རྣམ་པ་ཞིག་འཆར་ཞིང་། དེའི་ཚེ་དེའི་མེད་པ་ཉིད་ཀྱང་བཏགས་པ་ཙམ་ལས་དོན་ལ་མ་གྲུབ་པའམ། ཡེ་ནས་སྟོང་བཞིན་དུ་སྣང་བ་ཡིན་པའི་ཚུལ་ལ་བསམས་པས་ཆུ་ཟླ་ལྟར་སྣང་བཞིན་སྟོང་ལ་སྟོང་བཞིན་སྣང་བའི་ངེས་པ་ཁྱད་པར་ཅན་སྐྱེ་སྟེ། དེའི་ཚེ་རང་བཞིན་མེད་པ་དང་རྟེན་འབྱུང་འགལ་མེད་དུ་ཤར་བའམ་ཟུང་འཇུག་ཏུ་གོ་བ་ཞེས་བྱ་ཞིང་། དེ་དུས་རང་བཞིན་མེད་པ་དང་རྟེན་འབྱུང་དེ་གཉིས་ཚིག་གི་བརྗོད་ཚུལ་ལ་ཐ་དད་ཡོད་ཀྱང་ངོ་བོ་ལ་ཐ་དད་ཅུང་ཟད་མེད་པར་དབྱེར་མེད་པའི་ཚུལ་ལ་ངེས་ཤེས་བསྐྱེད་པས་དགག་གཞི་སྣང་བ་དང་དགག་བྱ་བཅད་པ་སྦྱར་ནས་འཛིན་པའི་རྣམ་རྟོག་རང་སར་ཞིག་སྟེ། དགག་སྒྲུབ་བསལ་བཞག་མེད་པར་སོར་བཞག་ཏུ་ནུས་པ་ལྟ་བུའི་སྤྲོས་བྲལ་གྱི་རྣམ་པར་འཆར་ཞིང་། དེ་འདྲའི་སྤྲོས་བྲལ་ལ་ཡང་ནས་ཡང་དུ་གོམས་པས། ཆོས་ཅན་རེ་རེ་བ་ལ་ལྟོས་པའི་ཆོས་ཉིད་སོ་སོ་ལྟ་བུའི་བློ་རིས་ཆད་ཀྱི་དམིགས་པའི་སྤྱོད་ཡུལ་གཉིས་ཆོས་ཀྱི་རྣམ་པ་ཐམས་ཅད་དག་ནས་ཆོས་ཐམས་ཅད་རང་བཞིན་མཉམ་པ་ཉིད་ལ་ངེས་ཤེས་ཁྱད་པར་ཅན་སྐྱེ་བས་མཐར་ཕྱིན་ཏོ། །དེ་ལྟར་སྟོང་པ་དང་། ཟུང་འཇུག་དང་། སྤྲོས་བྲལ་དང་། མཉམ་པ་ཉིད་དེ་དེ་བཞི་པོ་སྔ་མ་སྔ་མ་ཤེས་པ་ལ་བརྟེན་ནས་ཕྱི་མ་ཕྱི་མའི་ཚུལ་ལ་འཇུག་གི། སྔ་མ་ལ་ངེས་པ་མ་རྙེད་བར་དུ་ཕྱི་མ་གཏན་ལ་ཕེབས་པ་མི་འབྱུང་ངོ་། །དེས་ན་རྣམ་གྲངས་པའི་དོན་དམ་བདེན་མེད་རྐྱང་པ་ཙམ་ལ་གནས་ལུགས་སོ་སྙམ་དུ་བློ་རྩེ་གཏད་པས་ནི་སྐབས་འདིའི་མཉམ་པ་ཉིད་ཀྱི་ཕྱོགས་ཙམ་དུ་ཡང་མི་ཕྱིན་ཏེ། བདེན་གྲུབ་བཅད་ཙམ་གྱི་ལྡོག་པ་ཀ་བ་དང་བུམ་པ་སོགས་ཀྱི་སྟེང་ན་སོ་སོར་ཡོད་པར་གོ་བ་ཙམ་ཞིག་གིས། ཆོས་ཐམས་ཅད་ལ་བླང་དོར་དང་མཚན་མའི་འདུ་ཤེས་གཞིག་པ་མཉམ་པ་ཉིད་ཀྱི་བྱ་བ་བྱེད་མི་ནུས་ཏེ། དམངས་ཀྱིས་རྒྱལ་པོའི་བྱ་བ་བྱེད་མི་ནུས་པ་བཞིན་ནོ། །ཞེས་གསུངས།

༈ ལྡེབ་བདུན་པའི་སྐབས། རྒྱུད་བླའི་མཆན་འགྲེལ་མི་ཕམ་ཞལ་ལུང་ལས། ཇི༷་ལྟར༷་སྔར༷་འཁོར་བར་གནས་ཚེ་ཇི་ལྟ་ཡིན་པ་བཞིན༷་ཕྱིས༷་མྱང་འདས་ན་ཡང་དེ༷་བཞིན༷་དུ་རྟག་ཏུ་རང་བཞིན་འགྱུར༷་བ༷་མེད༷་པའི༷་ཆོས༷་ཉིད༷་ཅན་དུ་འདོད་དོ༷། །ཞེས་དང་། ༈ སེམས༷་ཀྱི༷་རང༷་བཞིན༷་འོད༷་གསལ༷་བདེ་གཤེགས་སྙིང་པོ་གང༷་ཡིན༷་པ༷་དེ༷་ནི༷་ནམ༷་མཁའ༷་དུ་སྤྲིན་སོགས་ཀྱིས་མི་འགྱུར་བ་བཞིན༷་དུ༷་འགྱུར༷་བ་མེད༷་དེ༷་ཡང༷་དག༷་མིན༷་རྟོག༷་ཚུལ་མིན་ཡིད་བྱེད་ལས༷་བྱུང༷་བའི་འདོད༷་ཆགས༷་ཞེ་སྡང་སོགས༷། རིན་ཆེན་ཕྲེང་བ་ལས། དང་པོ་བརྒྱད་པ་དགུ་ཉོན་མོངས། །གཉིས་དང་བཅུ་པ་ལས་ཡིན་ཏེ། །ལྷག་མ་རྣམས་ནི་སྡུག་བསྔལ་ལོ། །ཞེས་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་། སྐྱེ་བའི་ཀུན་ནས་ཉོན་མོངས་པ་གློ༷་བུར༷་གྱི་དྲི༷་མས༷་ཆོས་ཉིད་དེ༷་ཉོན་༷མོངས༷་པར་མི༷་འགྱུར༷་ཏེ་རང་བཞིན་གྱིས་དག་པའི་ཕྱིར་རོ། །ཞེས་དང་། ༈ རང་དང་ངོ་བོ་ཉིད་ཀྱིས་རྣམ༷་དབྱེ༷་མེད༷་པའི༷་འབྲལ་མི་རུང་བའི་མཚན༷་ཉིད༷་ཅན༷་སྟོབས་སོགས་ཡོན་ཏན་བླ༷་ན་མེད༷་པའི་ཆོས་ཀྱིས༷་སྟོང༷་པ་མ༷་ཡིན༷་ཏེ་གདོད་ནས་ལྡན་པས་གསར་དུ་བཞག་མི་དགོས་པས་ཉི་མ་དང་ཟེར་བཞིན་ནོ། །ཞེས་དང་། ༈ རྒྱུད་བླའི་དོགས་བཤད་ལས། འོ་ན་ཁྱི་ཕག་སོགས་སེམས་ཅན་རྣམས་ཀྱི་སེམས་ཀྱི་རྒྱུད་ལ་སྟོབས་བཅུའི་ཡེ་ཤེས་ཡོད་དམ་ཟེར་ན། སྟོབས་བཅུའི་ཡེ་ཤེས་ཀྱི་ཡོན་ཏན་དེའི་རྒྱུད་ཀྱི་གཤེགས་སྙིང་ལ་ཡེ་ནས་ཡོད་དོ། །ཁོ་རང་གི་ཆོས་ཉིད་ཀྱི་ཡོན་ཏན་ཡིན་པས་ཁམས་ཡོད་ན་ཡོན་ཏན་ཡོད་མོད་ཀྱི་མངོན་དུ་མི་འགྱུར་ཏེ། རལ་གྲི་ལ་གཅོད་པའི་བྱ་བ་ཡོད་ཀྱང་། ཤུབས་སུ་ཆུད་པ་ལ་གཅོད་པའི་བྱ་བ་མངོན་གྱུར་དུ་མེད་པ་དང་། མེ་ལོང་ལ་གཟུགས་བརྙན་འཆར་རུང་གི་ཡོན་ཏན་ཡོད་ཀྱང་སྒྲོམ་དུ་བཅུག་པ་ལ་མངོན་གྱུར་དུ་མི་འཆར་བ་དང་འདྲ་སྟེ། རང་རྒྱུད་ལྡན་གྱི་གང་ཟག་དེའི་རྒྱུད་ལ་ཡོད་པའི་སྒྲིབ་པས་ཁམས་ཀྱི་ཡོན་ཏན་མངོན་དུ་མི་སྣང་སྟེ། དེར་མ་ཟད་དེའི་རང་སེམས་ཀྱི་ཆོས་ཉིད་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཡོད་ཀྱང་མངོན་དུ་མི་འགྱུར་ན་ཡོན་ཏན་ཅི་ལ་མངོན། དེའི་ཕྱིར་མངོན་གྱུར་དུ་མེད་པ་འདི་ལ་བསམས་ནས། སྟོབས་བཅུ་སྐྱེ་རུང་གི་རྒྱུ་ཙམ་ཡོད་ཀྱི་དངོས་སུ་མེད་ཟེར་བ་ཡོད་པའང་དཔྱད་ཚུལ་དེའི་དབང་དུ་དེ་ལྟར་རུང་མོད། སྐྱེ་རུང་གི་རྒྱུ་དེ་འདུས་བྱས་སེམས་ཀྱི་ཡིན་ན་སེམས་ཡིན་ཚད་སྟོབས་བཅུ་སྐྱེད་རུང་དུ་སྒྲུབ་དཀའ་ལ། སྒྲིབ་གཉིས་བག་ཆགས་བཅས་སྦྱངས་སྟོབས་ཀྱིས་སེམས་ཉིད་རང་གིས་བྱེད་པ་ཡིན་ན། འདི་འདུས་མ་བྱས་ཀྱི་དབྱིངས་ཀྱི་ཡོན་ཏན་ཡིན་པས། སྨིན་པའི་རྒྱུ་རུ་མི་རུང་ངོ་། །འདི་ལྟ་བུའི་ཁམས་དེ་སེམས་ཀྱི་རང་བཞིན་འོད་གསལ་གཉུག་སེམས་གསུངས་པ་དེ་ཡིན། དེ་ནམ་ཡང་རྒྱུན་ཆད་པ་མེད་ལ་ངོ་བོ་སྟོང་པས་དམིགས་མཚན་གང་ཡང་མེད་ཀྱང་། སྟོང་རྐྱང་མིན་ཏེ་མཚན་མ་མེད་པའི་རང་འོད་གསལ་བ་ཡིན། སྒྲིབ་པ་མ་ཟད་པའི་སེམས་རྒྱུད་ཀྱི་གཤེགས་སྙིང་ལ་སྟོབས་བཅུའི་ཡེ་ཤེས་མངོན་གྱུར་དུ་མེད་པ་ནི་བདག་ཅག་ཀྱང་འདོད་མོད། བླ་མེད་ཆོས་ཀྱི་ཡོན་ཏན་དབྱིངས་དེ་ལ་མེད་པ་མིན་ཀྱང་། མངོན་དུ་མི་འགྱུར་བའི་སྒྲིབ་པ་ཡོད་པའི་ཕྱིར་རོ། །ཁམས་རང་གི་ངོ་བོ་སངས་རྒྱས་ཀྱི་ཡོན་ཏན་ཡེ་ལྡན་མིན་ན། དེ་འདྲའི་ཁམས་དེ་ཡོད་ཀྱང་སངས་རྒྱས་ཀྱི་རིགས་སུ་མི་འགྲུབ་སྟེ། སྟོང་རྐྱང་བཞིན་ནོ། །དེས་ན་ཆོས་དབྱིངས་འོད་གསལ་ལམ། རང་བྱུང་ཡེ་ཤེས་སམ། གཉུག་སེམས་འོད་གསལ་ལམ། བདེ་གཤེགས་སྙིང་པོ་ཞེས་པ་རྣམས་དོན་གཅིག་ཏེ། འདི་སངས་རྒྱས་ཀྱི་རིགས་ཡིན་ཏེ། སྒྲིབ་བཅས་ཀྱི་རྒྱུད་ལ་ཡོད་ཚེ་སངས་རྒྱ་རུང་གི་རིགས་དང་། སངས་རྒྱས་ཚེ་མངོན་གྱུར་ཡིན། སངས་རྒྱ་རུང་ཡིན་ཡང་འདུས་མ་བྱས་པའི་ཆོས་ཉིད་ལ་སྔ་ཕྱིའི་ཁྱད་པར་གནས་ཚུལ་ལ་མེད་དེ་ངོ་བོ་འགྱུར་མེད་ཡིན་པས་སོ། །སྣང་ཚུལ་ལ་གནས་གྱུར་པའི་ཐ་སྙད་བརྗོད་རུང་ངོ་། །དེ་འདྲའི་སངས་རྒྱས་ཀྱི་རིགས་ཡོད་པར་བསྟན་པས་ཉེས་པ་ལྔ་སྤངས་ནས་བླ་མེད་བྱང་ཆུབ་ལ་ཕྱིར་མི་ལྡོག་པར་འགྱུར་རོ། །ཉེས་པ་ལྔ་པོ་གཤེགས་སྙིང་སེམས་ཅན་ཐམས་ཅད་ལ་ཡོད་པར་མ་ཐོས་པ་ལས་འབྱུང་། མཐར་ཐུག་ཐེག་གཅིག་འགྲུབ་པའི་གནད་འདི་ཡིན་ལ། རྡོ་རྗེ་ཐེག་པར་སེམས་ཉིད་ཡེ་སངས་རྒྱས་པའི་གནད་ཀྱང་འདི་ཡིན་ནོ། །ཞེས་གསུངས། ༈ རྔོག་ལོ་དང་། གཙང་ནག་པས་ནི། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་དོན་དམ་པའི་བདེན་པ་ལ་ཟེར་མོད་ཀྱི། དོན་དམ་པའི་བདེན་པ་ནི་སྒྲ་དང་རྟོག་པའི་དངོས་ཀྱི་ཡུལ་མ་ཡིན་པ་ལྟ་ཞོག །ཞེན་པའི་ཡུལ་ཙམ་ཡང་མ་ཡིན་ཞེས་གསུངས། ཕྱྭ་པས་ནི། དངོས་པོ་རྣམས་བདེན་པས་སྟོང་པའི་མེད་པར་དགག་པ་ནི་དོན་དམ་པའི་བདེན་པ་ཡིན་ཞིང་། དེ་སྒྲ་རྟོག་གི་ཞེན་པའི་ཡུལ་དུ་ཡང་བཞེད། བཙན་ལུགས་པ་རྣམས་ནི་སེམས་ཀྱི་རང་བཞིན་འོད་གསལ་བ་བདེ་བར་གཤེགས་པའི་སྙིང་པོ་ཡིན་པས། དེ་སངས་རྒྱས་ཀྱི་རྒྱུ་༼ཡང་༽གྲུང་པོར་བཞེད། རྗེ་བཙུན་རེད་མདའ་བས། དང་པོར་རྒྱུད་བླ་མ་སེམས་ཙམ་གྱི་བསྟན་བཅོས་སུ་མཛད་ནས་སེམས་ཙམ་དང་མཐུན་པའི་ཊཱི་ཀ་ཡང་མཛད། ཕྱིས་དབེན་པ་བསྟེན་ནས་ནི། དེ་ཕྱིར་རང་སེམས་རིག་སྟོང་དབྱེར་མེད་འདི། །སེམས་ཅན་ཀུན་ལ་ཁྱབ་པར་ཡོད་གཟིགས་ནས། །ས་འོག་གཏེར་དང་སྦྲུམ་མའི་མངལ་སོགས་དཔེས། །འགྲོ་ཀུན་བདེ་གཤེགས་སྙིང་པོ་ཅན་དུ་གསུངས། །ཞེས་བྱ་བའི་མགུར་བླངས་པ་ལས་གསུངས་པ་བཞིན་ནོ། ༈ །ལྡེབ་དགུ་བའི་སྐབས། མི་ཕམ་རིན་པོ་ཆེའི་སྡུད་འགྲེལ་ལས། འདི་ལྟར་སྣང་ཚུལ་ལ་ནི་ཡུལ་ཅན་ཇེ་དག་ཏུ་སོང་བ་དང་ཡུལ་ཀྱང་གསར་དུ་དག་པར་སྣང་བ་ལྟར་ཡོད་ཀྱང་། གནས་ཚུལ་ལ་ནི་ཡུལ་གཟུགས༷་སོགས་ཀྱི༷་རང་བཞིན་ཡེ་ནས་དག༷་པ༷་མཐོང་བ་དེ་ཉིད་ཡུལ་ཅན་གློ་བུར་གྱི་དྲི་མ་ལས་གྲོལ་བ་འབྲ༷ས་བུ༷་ཡི་དག༷་པ་ཉིད་ཡིན་པར༷་ཤེས༷་པར༷་བྱ༷་སྟེ། དེ་གཉིས་ཡེ་ནས་ཡུལ་ཡུལ་ཅན་གཉིས་སུ་མེད་པར་དག་པ་ཆེན་པོར་གནས་པའི་གནད་ལ་དོན་གཅིག་པས་དག་པ་དེ་གཉིས་ངོ་བོ་ཐ་མི་དད་དུ་ཤེས་པར་བྱའོ། །དེ་བཞིན་དུ་འབྲས༷་བུ༷་དག་པ་དང་གཟུགས༷་སོགས་ཀྱི་དག༷་པ་དེ་ཉིད་གློ་བུར་བྲལ་དག་གི་མཐར་ཐུག་པ་སྒྲིབ་གཉིས་ཡོངས་སུ་སྤངས་པའི་ཤིན་ཏུ་རྣམ་པར་དག་པ་ཐམས༷་ཅད༷་མཁྱེན༷་པའི་ཡེ་ཤེས་ཉིད༷་ཀྱི་དག༷་པར༷་འགྱུར༷་ཏེ་དག་པ་དེ་དག་ཐམས་ཅད་རྩ་བ་རང་བཞིན་རྣམ་དག་གི་དོན་ལ་གནད་གཅིག་པ་བཤད་མ་ཐག་པ་བཞིན་ནོ། །དེ་ལྟར་དག་པ་མཐར་ཐུག་པ་ཐམས༷་ཅད༷་མཁྱེན༷་པ་ཉིད༷་ཀྱི་དག་པ་དང་། གནས་སྐབས་ཀྱི་ལམ་སོ་སོའི་འབྲས༷་བུ༷་ཐོབ་པའི་དག༷་པ་དང་༷། གཞི་གཟུགས༷་སོགས་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་རྣམས་ཀྱི་དག༷་པ༷་གསུམ་པོ་འདི་ནི་སྣང་ཚུལ་ལ་ཐ་དད་དུ་བཞག་ཀྱང་། གནས་ཚུལ་ལ་ནམ༷་མཁའི༷་ཁམས༷་ལ་ཐ་དད་མེད་པ་དང༷་མཚུངས༷་ཏེ༷་ཆོས་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་གཅིག་གི་ངོ་བོར་དབྱེར༷་མེད༷་ལ་བློས་ཀྱང་ཐ་དད་དུ་གཅད༷་དུ༷་མེད༷་དེ། ཆོས་ཉིད་རྣམ་དག་དེའི་རང་བཞིན་ཇི་ལྟ་བ་བཞིན་དུ་མངོན་སུམ་གཟིགས་པ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ངོར། ཆོས་ཐམས་ཅད་མངོན་པར་སངས་རྒྱས་པའམ་གདོད་ནས་མྱ་ངན་ལས་འདས་པའི་རང་བཞིན་དུ་གཟིགས་ཀྱི་མ་དག་པ་མེད་ལ། དེ་ལྟར་རྟོགས་པའི་ཡེ་ཤེས་དེའང་གློ་བུར་གྱི་དྲི་མ་བག་ཆགས་དང་བཅས་པའི་སྒྲིབ་པ་མཐའ་དག་གཏན་ནས་སྤངས་པའི་དག་པ་མཐར་ཐུག་པ་ཡིན་པས། དེས་ཇི་ལྟར་གཟིགས་པ་ལྟར་ཆོས་ཐམས་ཅད་ཡུལ་དང་ཡུལ་ཅན་ལ་སོགས་པའི་གཉིས་ཆོས་ཀྱི་རང་བཞིན་དུ་མེད་པར་གཉིས་མེད་མཉམ་པ་ཆེན་པོར་ཡེ་ནས་དག་ཅིང་སངས་རྒྱས་པ་ཉིད་དུ་དབྱེ་བ་མེད་པར་རོ་གཅིག་ཏུ་ཤེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་པ་མཐར་ཐུག་པ་ཡིན་ལ། གཤིས་རྣལ་མ་དེའི་དོན་བབ་ཀྱི་ཅོག་བཞག་ཏུ་སྐྱོང་བའི་ཚུལ་ཀྱང་། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་གང་ཡང་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །ཞེས་པ་བཞིན་དུ་ཤེས་པར་བྱའོ། །ཞེས་གསུངས།

༈ ལྡེབ་བཅུ་གཉིས་པའི་སྐབས། བདེན་པ་གཉིས་པོ་དེ་ཡང་གནས༷་ཚུལ་དང་སྣང༷་ཚུལ་ཐ་དད་པས་ཕན༷་ཚུན༷་འགལ༷་བ༷་ཉིད་ཡིན་ན༷་བདེན༷་གཉིས༷་ཐ༷་དད༷་དུ་འདོད་པ་ལ་ཡང་སྐྱོན༷་བཞི༷་འབབ༷་པར་མདོ་སྡེ་དགོངས་པ་ངེས་འགྲེལ་ལས་གསུངས་པའི་དོན། འདི་ལྟར་དོན་དམ་མངོན་སུམ་དུ་རྟོགས་ཀྱང་ཀུན་རྫོབ་དེ་དེར་མ་འདུས་པས་ལོགས་སུ་དམིགས་པའི་ཕྱིར་མྱང་འདས་མི་ཐོབ་པ་དང་། ཀུན་རྫོབ་དང་ཐ་དད་པའི་དོན་དམ་པའི་བདེན་པ་དེ་ཀུན་རྫོབ་བདེན་པའི་ཆོས་ཉིད་མ་ཡིན་པར་འགྱུར་ཏེ་བུམ་པ་སྣམ་བུའི་ཆོས་ཉིད་མ་ཡིན་པ་བཞིན་ནོ། །བདེན་གཉིས་ཐ་དད་པའི་ཕྱིར་ཀུན་རྫོབ་ཀྱི་བདག་རབ་ཏུ་མ་གྲུབ་པ་ཙམ་དོན་དམ་པའི་བདེན་པ་ནི་མ་ཡིན་པར་འགྱུར་ཏེ། བུམ་པ་རབ་ཏུ་མ་གྲུབ་པ་ཙམ་སྣམ་བུ་མ་ཡིན་པ་བཞིན་ནོ། །དོན་དམ་བདེན་པ་རྟོགས་ནས་མྱང་འདས་ཐོབ་པའི་དུས་ནའང་ཀུན་རྫོབ་དེ་བས་ལོགས་སུ་དམིགས་པས་ཀུན་ནས་ཉོན་མོངས་པར་ཡང་འགྱུར་བས་སྐྱེས་བུ་གཅིག་གི་རྒྱུད་ལ་ཀུན་ཉོན་དང་རྣམ་བྱང་དུས་གཅིག་ལ་འཇུག་པ་མི་འགལ་བར་འགྱུར་བ་དང་བཞིའོ། །ཡང་གལ་ཏེ་དེ་འདྲའི་བདེན་གཉིས་གནས༷་སྣང༷་ཕན༷་ཚུན༷་གཞན༷་མིན༷་པས་གཅིག་པ་ཉིད་ཡིན་ན༷་བདེན༷་གཉིས༷་གཅིག༷་པའི༷་སྐྱོན༷་ཡང་བཞིས༷་གནོད༷་པར་མདོ་དེ་ལས་གསུངས་པ་ནི། སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་ཀུན་རྫོབ་མཐོང་བའི་ཕྱིར་དོན་དམ་ཡང་མཐོང་བར་འགྱུར་བ་དང་། ཀུན་རྫོབ་ལ་བརྟེན་ནས་ཟག་པ་འཕེལ་བ་ལྟར་དོན་དམ་ལ་བརྟེན་ནས་ཀྱང་ཟག་པ་འཕེལ་བར་ཐལ་བ་དང་། དོན་དམ་ལ་དབྱེ་བ་མེད་པ་ལྟར་ཀུན་རྫོབ་ལའང་དབྱེ་བ་མེད་པར་ཐལ་བ་དང་། ཀུན་རྫོབ་ཇི་ལྟར་མཐོང་བ་དང་ཐོས་པ་ལས་བཙལ་བར་བྱ་མི་དགོས་པ་བཞིན་དོན་དམ་ཀྱང་དེ་ལྟར་འགྱུར་བ་སྟེ་བཞིའོ། །དེས་ན་གནས་སྣང་གཅིག་ཐ་དད་དུ་ཁས་བླང་བར་མི་བྱ་གསུངས། །

༈ ལྡེབ་བཅུ་གསུམ་པའི་སྐབས། མི་ཕམ་རིན་པོ་ཆེའི་རྒྱུད་བླའི་ཕྱག་མཆན་ལས། དཔེ་དགུ་ནི་སངས༷་རྒྱས༷་ཀྱི་སྐུ་པདྨ༷་ངན༷་པའི་ནང་ན་གནས་པ་དང་། དེ་བཞིན་དུ་སྦྲང༷་རྩི༷་སྦྲང༷་མ༷་མང་པོ་ཡི་དབུས་ལ༷་དང་། སྤུན༷་པ་ལ༷་འབྲས་བུའི་སྙིང༷་པོ༷་དང་། མི༷་གཙང༷་པའི་ནང༷་ན༷་གསེར༷་དང་། དབུལ་པོའི་ཁྱིམ་གྱི་ས༷་འོག་ལ༷་རིན་པོ་ཆེའི་གཏེར༷་དང༷་། མྱུ་གུ་སོགས༷་སྐྱེ་བའི་ནུས་པ་འབྲས༷་བུ་ཆུང༷་ངུ་ལ་ཡོད་པ་དང་༷། གོས༷་ཧྲུལ༷་ནང༷་ན༷་རིན་པོ་ཆེ་ལས་བྱས་པའི་རྒྱལ༷་བའི༷་སྐུ༷་གཟུགས་ཡོད་པ་དང༷་ནི༷། བུད༷་མེད༷་ངན༷་མའི༷་ལྟོ༷་ན༷་མི༷་བདག༷་འཁོར་བསྒྱུར་ཡོད་པ་དང་༷། བླུག་གོང་གི་ས༷་ལ༷་རིན༷་ཆེན༷་གསེར་གྱི་གཟུགས༷་ཡོད༷་པ་ཇི༷་ལྟ༷་བར༷་གློ༷་བུར༷་ཉོན༷་མོངས༷་དྲི༷་མས༷་བསྒྲིབས༷་པ༷་ཡི༷་སེམས༷་ཅན༷་རྣམས༷་ལ༷་དཔེ་དེ༷་བཞིན༷་དུ། ཁམས༷་རང་བཞིན་གྱིས་རྣམ་པར་དག་པ་འདི༷་གནས༷་སོ། །ཞེས་དང་། སངས༷་རྒྱས༷་ཡེ༷་ཤེས༷་ཆོས་ཀྱི་སྐུ་སེམས༷་ཅན༷་གྱི་ཚོགས༷་ལ་ཞུགས༷་ཤིང་གནས་པ་ནམ་ཞིག་མངོན་དུ་འགྱུར་བ་འཕྲོ་བའི་ཕྱིར༷་དང་། རང༷་བཞིན༷་དྲི༷་མེད༷་ཆོས་ཉིད་དེ༷་ནི༷་འཁོར་འདས་གཉིས༷་ལ་ཁྱད་མེད༷་དེ༷། སངས༷་རྒྱས༷་རིགས༷་གདོད་ནས་དག་པ་དེ་མངོན་དུ་གྱུར་པ་ལ༷་དེ༷་འབྲས༷་སངས་རྒྱས་སུ་ཉེར༷་བཏགས༷་ཕྱིར༷་འགྲོ༷་ཀུན༷་སངས༷་རྒྱས༷་སྙིང༷་པོ༷་ཅན༷་དུ༷་གསུངས༷་སོ། །ཞེས་དང་། རང་བཞིན་གསུམ་གང་ཞེ་ན། སྙིང་པོ་འདི༷་ཡི༷་རང༷་བཞིན༷་ནི་རང་བྱུང་ཡེ་ཤེས་ཆོས༷་ཀྱི་སྐུ༷་དང༷་། གཞན་དུ་མི་འགྱུར་བ་དེ༷་བཞིན༷་ཉིད༷་དང༷་། སངས་རྒྱས་འགྲུབ་པའི་རིགས༷་ཀྱང༷་སྟེ༷་གསུམ་མོ། །ཞེས་དང་། གློ་བུར་གྱི་དྲི་མ་ལ་ལྟོས་ནས་ཁམས་དེ་དྲི་མས་མ༷་དག༷་པའི་སྐབས་དང་། མ༷་དག༷་དག༷་པ༷་གཉིས་ལྡན་གྱི་སྐབས་དང༷་། ཤིན༷་ཏུ༷་རྣམ༷་པར་དག༷་པའི་གནས་སྐབས་ན་གོ༷་རིམ༷་བཞིན༷་དུ་སེམས༷་ཅན༷་དང་། བྱང༷་ཆུབ༷་སེམས༷་དཔའ༷་དང་༷། དེ༷་བཞིན༷་གཤེགས༷་པ༷་ཞེས༷་པའི་མིང་གསུམ་གྱིས་བརྗོད༷་ཅིང་བསྟན་ཏོ༷། །ཞེས་གསུངས།

༈ ལྡེབ་བཅུ་བཞིའི་སྐབས། འཇམ་དཔལ་གནས་པའི་མདོ་ལས། འཇམ་དཔལ་གཞོན་ནུར་གྱུར་པས་གསུངས་པ། བྱིས་པ་རྣམས་ཀྱང་མི་དམིགས། བྱིས་པའི་ཆོས་དང་དགྲ་བཅོམ་པའི་ཆོས་རྣམས་ཀྱང་མི་དམིགས་སོ། །ནམ་མི་དམིགས་པ་དེའི་ཚེ་ན་མི་རྟོག་གོ །ཀུན་ཏུ་མི་སྤྱོད་དོ། །དེ་སྤྱོད་པ་མེད་ལ། སྤྲོས་པ་མེད་ཅིང་ཉེ་བར་ཞི་བ་སྟེ། ཡོད་དོ་ཞེས་ཁས་མི་ལེན། མེད་དོ་ཞེས་ཁས་མི་ལེན། ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་དོ་ཞེས་ཁས་མི་ལེན། ཡོད་པའང་མ་ཡིན་མེད་པའང་མ་ཡིན་ཞེས་དེ་སྐད་ཀྱང་ཁས་མི་ལེན་ཏོ། །ནམ་ཁས་མི་ལེན་པ་དེ་ནི་དམིགས་པ་མེད་དོ། །དེ་དམིགས་པ་ཐམས་ཅད་དང་བྲལ་བས་སེམས་མེད་ཅིང་སེམས་དང་བྲལ་ཏེ་གནས་མེད་པའི་ཚུལ་གྱིས་དགེ་སྦྱོང་གི་ཆོས་ལ་གནས་པ་ཞེས་བྱའོ། །ཚུལ་འདི་བཤད་པ་ན་འཁོར་དེའི་དགེ་སློང་ལྔ་བརྒྱ་སྟན་ལས་ལངས་ཏེ་འདི་སྐད་ཅེས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་མི་བལྟའོ། །མི་མཉན་ཏོ། །འཇམ་དཔལ་གང་དུ་གནས་པའི་ཕྱོགས་དེ་ཡང་སྤང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འཇམ་དཔལ་གཞོན་ནུར་གྱུར་པས་སྟོན་པ་མངོན་སུམ་དུ་གྱུར་བཞིན་དུ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མཚན་ཉིད་གཅིག་ཏུ་སྟོན་པས་ཆོས་མ་ཡིན་པ་སྨྲའོ་ཞེས་བརྗོད་ནས། བདག་ཅག་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་འདུལ་བ་ལ་ཚངས་པར་སྤྱོད་པ་སྤྱད་དོ་སྙམ་ནས་དོང་ངོ་། །དེ་ནས་ཤཱ་རིའི་བུས། འཇམ་དཔལ་ལ་སྨྲས་པ། དགེ་སློང་ལྔ་བརྒྱ་པོ་སྟན་ལས་ལངས་ཏེ་མི་སྙན་པ་ཟེར་ཞིང་སོང་ངོ་ཞེས་སྨྲས་པ་ལ། འཇམ་དཔལ་གྱིས་སྨྲས་པ། དགེ་སློང་ལྔ་བརྒྱ་པོ་འདི་སྐད་ཅེས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་མི་བལྟའོ། །མི་མཉན་ཏོ། །འཇམ་དཔལ་གཞོན་ནུར་གྱུར་པ་གང་དུ་གནས་པའི་ཕྱོགས་དེ་ཡང་སྤང་བར་བྱའོ་ཞེས་ཟེར་བ་ནི་ལེགས་སོ་ལེགས་སོ། །ཤཱ་རིའི་བུ། དེ་དག་གིས་ཚིག་དེ་ལེགས་པར་སྨྲས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འཇམ་དཔལ་གཞོན་ནུར་གྱུར་པ་ནི་ཡོད་པ་མ་ཡིན་ཏེ། དམིགས་སུ་མེད་དོ། །གང་ཡོད་པ་མ་ཡིན་ཅིང་དམིགས་སུ་མེད་པ་དེ་ལ་བལྟ་བའམ་མཉན་པར་མི་ནུས་སོ། །འཇམ་དཔལ་གཞོན་ནུར་གྱུར་པ་ཕྱོགས་གང་ན་གནས་པའི་ཕྱོགས་དེ་ཡང་སྤང་བར་བྱ་ཞེས་པ་ཡང་། འཇམ་དཔལ་ཡོད་པ་མ་ཡིན་ཏེ་དམིགས་སུ་མེད་ན། གང་དེའི་གནས་ཀྱང་ཡོད་པ་མ་ཡིན་ཏེ་དམིགས་སུ་མེད་དོ། །དགེ་སློང་དེ་དག་འཇམ་དཔལ་གྱིས་བསྟན་པ་དེ་ཐོས་ནས་སླར་ཡང་དེར་ཕྱིར་ལོག་སྟེ། འཇམ་དཔལ་ཁྱོད་ཀྱིས་བསྟན་པ་བདག་ཅག་གིས་མི་ཤེས་སོ། །འཇམ་དཔལ་གྱིས་སྨྲས་པ། དགེ་སློང་དག་ལེགས་སོ། །དེ་ལྟ་བུ་ནི་སྟོན་པའི་ཉན་ཐོས་ཀྱི་བྱ་བ་སྟེ། དགེ་སློང་དག་འདི་ལ་ནི་ཀུན་ཤེས་པར་བྱ་བ་མེད། རྣམ་པར་ཤེས་པར་བྱ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཀྱི་དབྱིངས་འདི་ནི་མི་གནས་པའི་ཚུལ་གྱིས་གནས་པ་ཉིད་དོ། །དེ་ནི་ཡོད་པ་མ་ཡིན་ཏེ་དམིགས་སུ་མེད་ཅིང་གཡོ་བ་མེད་པ་ལ་འཆི་འཕོ་བ་མེད་དོ་ཞེས་སོགས་གསུངས་པས། དགེ་སློང་བཞི་བརྒྱ་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །བརྒྱ་ནི་སེམས་ཆེར་འཁྲུགས་ནས། ལུས་དེས་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་དུ་སྐྱེས་ཀྱང་། ཆོས་འདི་ཐོས་པས་མྱུར་དུ་དེ་ལས་ལྡང་ནས། དགའ་ལྡན་པའི་ལྷ་རྣམས་དང་སྐལ་པ་མཉམ་པར་སྐྱེས་ནས་བྱམས་པའི་འདུས་པ་དང་པོར་དགྲ་བཅོམ་པ་ཐོབ་པར་ལུང་བསྟན་ཏོ། །ཞེས་དང་། ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པའི་མདོ་ལས། འཇམ་དཔལ་གྱིས། རིགས་ཀྱི་བུའམ་བུ་མོ་གང་དག་བདག་དང་སེམས་ཅན་དུ་ལྟ་བ་བརྟེན་པ་གང་གིས་རྫོགས་པའི་སངས་རྒྱས་དགེ་སློང་གི་དགེ་འདུན་དང་བཅས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཅིག་ལ། ཇི་སྲིད་འཚོའི་བར་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ་དང་། གང་གིས་ཆོས་ཟབ་མོ་ཤེས་པར་དཀའ་བ། འཇིག་རྟེན་ཐམས་ཅད་དང་མི་མཐུན་པ་འདི་ལྟ་བུ་ཐོས་ཤིང་ཆོས་སྟོང་པ་དང་མཚན་མེད་སྨོན་པ་མེད་པ་འདི་ལྟ་བུ་ཐོས་ནས་སྤངས་ཏེ་སེམས་ཅན་དམྱལ་བ་རྣམས་སུ་ལྟུང་བར་གྱུར་པ་ནི་ཆེས་མྱུར་བར་གནས་དེ་ལས་ལྡང་བར་འགྱུར་གྱི། དམིགས་པ་ཅན་སངས་རྒྱས་ལ་བསྙེན་བཀུར་བྱེད་པ་ནི་དེ་ལྟ་མ་ཡིན་ནོ་ཞེས་བཤད་པ་ལ། བཅོམ་ལྡན་འདས་ཀྱི་འཇམ་དཔལ་ལེགས་སོ་ལེགས་སོ་ཇི་སྐད་སྨྲས་པ་དེ་བཞིན་ཏེ། ཐོས་པ་འདི་ནི་སངས་རྒྱས་འབྱུང་བ་དང་འདྲའོ་ཞེས་སོགས་བསྔགས་པ་མཛད་ཅིང་། གཞན་ཡང་ཤཱ་རིའི་བུ། དགེ་སློང་དེ་དག་ཆེས་མྱུར་བར་ལྡང་ཞིང་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་གྱི། མི་གཏི་མུག་ཅན་དམིགས་པའི་ལྟ་བ་དང་ལྡན་པ་ཐེ་ཚོམ་དུ་གྱུར་པ་གང་དག་དེ་བཞིན་གཤེགས་པ་ལ་མཆོད་པ་བྱེད་པ་དེ་ནི་དེ་ལྟ་མ་ཡིན་ནོ། །དེ་ནི་དེའི་ཡོངས་སུ་མྱ་ངན་ལས་འདའ་བའི་རྒྱུར་འགྱུར་གྱི་མྱུར་དུ་རྣམ་པར་ཐར་པར་ནི་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཟབ་མོ་དག་མ་ཐོས་པའི་ཕྱིར་རོ་ཞེས་བཀའ་སྩལ་བ་ལྟར། ཟབ་མོ་ཁུ་འཕྲིགས་ཅན་འཇིགས་པ། །ཞེས་གསུངས་པ་ལྟ་བུའི་ཆོས་འདིས་བྱིས་པ་རྣམས་སྐྲག་པར་འགྱུར་ན་ཡང་ཇི་ལྟར་སྨན་རྩུབ་མོ་མ་བྱིན་པར་ནད་མི་འབྱིན་པ་ལྟར་བསྒྲགས་དགོས་པར་འཇམ་དཔལ་གྱིས་གསུངས་པ་ལྟར་རོ། །ཞེས་གསུངས། ༈ ལང་ཀར་གཤེགས་པ་ལས་གསུང་པའི་སྟོང་པ་ཉིད་རྣམ་པ་བདུན་ནི། འདི་ལྟར་མཚན་ཉིད་སྟོང་པ་ཉིད་དང་། དངོས་པོའི་རང་བཞིན་སྟོང་པ་ཉིད་དང་། སྲིད་པ་སྟོང་པ་ཉིད་དང་། མི་སྲིད་པ་སྟོང་པ་ཉིད་དང་། ཆོས་ཐམས་ཅད་བརྗོད་དུ་མེད་པ་སྟོང་པ་ཉིད་དང་། དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་པ་ཆེན་པོ་ཉིད་དང་། གཅིག་གིས་གཅིག་སྟོང་པ་ཉིད་དང་བདུན་ལས། དང་པོ་ནི། དངོས་པོ་ཐམས་ཅད་ནི་རང་དང་སྤྱིའི་མཚན་ཉིད་ཀྱིས་སྟོང་པའོ། །གཉིས་པ་ནི། རང་གི་རང་བཞིན་གྱིས་དངོས་པོ་སྐྱེ་བ་མེད་པའི་ཕྱིར་ཆོས་ཐམས་ཅད་དངོས་པོའི་རང་བཞིན་གྱིས་སྟོང་པ་ཉིད་ཡིན་ཏེ། དེའི་ཕྱིར་དངོས་པོའི་རང་བཞིན་སྟོང་པ་ཉིད་ཅེས་བྱའོ། །གསུམ་པ་ནི། བདག་དང་བདག་གི་དང་བྲལ་བའི་ཕུང་པོ་རྣམས་ཏེ། རྒྱུ་དང་། རིགས་པ་དང་། བྱེད་པ་དང་། ལས་དང་། འབྱོར་བ་ལས་སྐྱེ་ཞིང་འབྱུང་སྟེ། དེའི་ཕྱིར་སྲིད་པའི་སྟོང་པ་ཉིད་ཅེས་བྱའོ། །བཞི་པ་ནི། ཕུང་པོ་རྣམས་ལ་མྱ་ངན་ལས་འདས་པ་སྔོན་མི་སྲིད་པ་ཡིན་ཏེ། དེའི་ཕྱིར་མི་སྲིད་པ་སྟོང་པ་ཉིད་ཅེས་བྱའོ། །ལྔ་པ་ནི། ཀུན་བརྟགས་པའི་རང་བཞིན་བརྗོད་དུ་མེད་པའི་ཕྱིར་ཆོས་ཐམས་ཅད་བརྗོད་དུ་མེད་པའི་སྟོང་པ་ཉིད་དེ། དེའི་ཕྱིར་བརྗོད་དུ་མེད་པ་སྟོང་པ་ཉིད་ཅེས་བྱའོ། །དྲུག་པ་ནི། བདག་གིས་སོ་སོ་རང་གི་འཕགས་པའི་ཡེ་ཤེས་ཁོང་དུ་ཆུད་པ་ནི་ལྟ་བ་དང་། ཉེས་པའི་བག་ཆགས་ཐམས་ཅད་ཀྱིས་སྟོང་སྟེ། དེའི་ཕྱིར་དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་པ་ཆེན་པོ་ཉིད་ཅེས་བྱའོ། །བདུན་པ་ནི། གང་ན་ཅི་མེད་པ་དེ་ནི་དེས་སྟོང་ཞེས་བྱའོ། །རི་དྭགས་འཛིན་གྱི་མའི་ཁང་པ་ན་གླང་པོ་དང་། བ་ལང་དང་། ལུག་ལ་སོགས་པ་མེད་ཀྱང་དགེ་སློང་དང་། དགེ་སློང་མ་ལ་སོགས་པས་ནི་སྟོང་པ་ཉིད་མ་ཡིན་ནོ། །དེ་བཞིན་དུ་ཆོས་ཐམས་ཅད་རང་དང་སྤྱིའི་མཚན་ཉིད་ནི་གཅིག་ལ་གཅིག་མེད་དེ། དེའི་ཕྱིར་གཅིག་གིས་གཅིག་སྟོང་པ་ཉིད་ཅེས་བྱའོ། །འདི་ནི་སྟོང་པ་ཉིད་བདུན་གྱི་ཐ་ཤལ་ཏེ་དེ་ནི་སྤང་བར་བྱའོ། །ཞེས་སོ། ༈ །མི་ཕམ་རིན་པོ་ཆེའི་སྡུད་འགྲེལ་ལས། རིགས་པས་དཔྱད་པ་ལ་བརྟེན་པ་ཕུ༷ང་པོ་འདི༷་ཀུན་གྱི་རང་བཞིན་ནི་དགག་བྱ་བདེན་གྲུབ་བཀག་པའི་མེད་དགག་སྟོང༷་པ་དེ་ཙམ་གནས་ལུགས་སོ་ཞེས༷་རྟོག༷་པར་བྱེད་ན༷འང༷་དེ་འདྲའི་བྱང༷་ཆུབ༷་སེམས༷་དཔའ༷་དེ་ནི༷། གནས་ལུགས་སྒྲོ་སྐུར་དང་བྲལ་བ་རྟོགས་པའི་སྤྱོད་ཡུལ་ལས་འདས་པའི་དོན་ལ་མི་གནས་པའི་ཕྱིར། དམིགས་པ་ཅན་གྱི་མཚན༷་མ༷་ལ༷་སྤྱོད༷་པ་ཡིན་གྱི་མཚན་མའི་སྤྲོས་པ་ཀུན་གྱིས་དབེན་པའི་སྐྱེ༷་མེད༷་ཆོས་དབྱིངས་ཟབ་མོའི་གནས༷་ལ༷་ཡིད་ཆེས་པའི་དད༷་པ་ཐོབ་མ༷་ཡིན༷་ཏེ་དམིགས་གཏད་མཚན་འཛིན་གྱིས་བཅིངས་པ་ཅན་དུ་ཤེས་པར་བྱའོ། །ཞེས་གསུངས།

༈ ལྡེབ་བཅུ་དགུ་བའི་སྐབས། མཁས་འཇུག་ལས། སེམས་ཀྱི་རང་བཞིན་འོད་གསལ་བ་ལ། དྲི་མ་གློ་བུར་བ་མཐའ་དག་སྤངས་པས་རང་བཞིན་རྣམ་དག་ཆེན་པོའི་བདག་ཉིད་དུ་གྱུར་པ་སྤང་རྟོགས་ཡོངས་སུ་རྫོགས་པའི་གནས་གྱུར་མཐར་ཐུག་པ་སངས་རྒྱས་ཆོས་ཀྱི་སྐུ་ནི་ཡོན་ཏན་ཚད་མེད་ཀྱང་མདོར་བསྡུ་ན། གཙང་བདེ་རྟག་བདག་གི་ཕ་རོལ་ཏུ་ཕྱིན་པ་སྟེ། ཇི་ལྟར་ན། ཆོས་ཀྱི་དབྱིངས་ངོ་བོ་རང་བཞིན་གྱིས་རྣམ་པར་དག་པ་དེ་ཇི་ལྟ་བ་བཞིན་དུ་བདག་མེད་གཉིས་རྟོགས་པའི་ཡེ་ཤེས་ཆེན་པོས་གློ་བུར་གྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སླར་མི་སྐྱེ་བར་བཅོམ་པས་དག་པ་གཉིས་ལྡན་ནི་གཙང་བའི་ཕ་རོལ་ཏུ་ཕྱིན་པ་རྣམ་གྲོལ་གྱི་སྐུའམ། ཤིན་ཏུ་རྣམ་པར་དག་པའི་སྐུའོ། །སྡུག་ཀུན་གྱི་ཉེས་པ་རགས་པ་ལྟ་ཅི་སྨོས་ཀྱི་ཉན་རང་རྣམས་ཀྱིས་ཀྱང་སྤང་བར་མ་ནུས་པ་ཡིད་ཀྱི་རང་བཞིན་གྱི་ཕུང་པོ་དང་། དེའི་རྒྱུ་མ་རིག་བག་ཆགས་ཀྱི་ས་ཡང་རྣམ་པ་ཀུན་དུ་སྤངས་པས། འགྱུར་བའི་ཟུག་རྔུ་ཐམས་ཅད་དང་བྲལ་བ་ནི་བདེ་བ་དམ་པའི་ཕ་རོལ་ཏུ་ཕྱིན་པ་བདེ་ཆེན་ཀྱི་སྐུའོ། །འཁོར་བ་དང་མྱང་འདས་ལ་ཐ་དད་དུ་འཛིན་པ་མེད་པར་མཉམ་པ་ཉིད་དུ་རྟོགས་པས་དངོས་དངོས་མེད་ཀྱི་མཐའ་ལ་མི་གནས་པའི་འདུས་མ་བྱས་ཆེན་པོ་འཇིག་པ་མེད་པ་ནི་རྟག་པའི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་ལྟ་བུའི་སྐུ་སྟེ། དེ་ཡང་སྲིད་པ་སྔ་མ་རྒྱུན་ཆད་ནས་གསར་དུ་སྐྱེ་བ་དང་། འདུ་བྱེད་རྣམས་རྙིང་ནས་མྱགས་པའི་རྒ་བ་དང་། ཁམས་རྣམ་པར་འགྱུར་བའི་ན་བ་དང་། བསམ་གྱིས་མི་ཁྱབ་པར་འགྱུར་བའི་འཆི་འཕོ་བ་བཞིའི་ཉེས་པ་ཆ་ཙམ་ཡང་མི་གནས་པས་ན་རིམ་པ་ལྟར། རྟག་བརྟན་ཞི་བ་འཕོ་མེད་གཡུང་དྲུང་གི་རང་བཞིན་དུ་གྱུར་པའོ། །བདག་དངོས་པོར་ཡོད་པ་དང་། བདག་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་བ་དངོས་མེད་ཉི་ཚེ་བའི་མཐའ་ལས་འདས་ཏེ། དེ་དག་གི་སྤྲོས་པ་ཉེ་བར་ཞི་བ། ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྲིད་ཞི་ཀུན་ཁྱབ་ཀྱི་ཡེ་ཤེས་ཉིད་དུ་གནས་གྱུར་ཐོབ་པ་ནི་བདག་དམ་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། བདག་ཉིད་ཆེན་པོ་ནམ་མཁའ་ལྟ་བུ་མཉམ་པ་ཉིད་ཡེ་ཤེས་ཀྱི་སྐུ་ཆོས་ཐམས་ཅད་ལ་མངའ་དབང་བསྒྱུར་བ། སྟོབས་བཅུ་དང་དབང་བཅུ་ལ་སོགས་པ་ཟག་པ་མེད་པའི་ཆོས་རྒྱ་མཚོ་གཞལ་དུ་མེད་པ་མཉམ་པ་མེད་པ་མཐའ་དག་གི་གནས་སུ་གྱུར་པ་དོན་གཉིས་ལྷུན་གྱིས་གྲུབ་པའི་རྟེན་དམ་པར་གྱུར་པའོ། །ཞེས་གསུངས། ༈ །མི་ཕམ་རིན་པོ་ཆེའི་རྒྱུད་བླའི་ཕྱག་མཆན་ལས། ལུང་ལ་བརྟེན་ནས་བློ༷་ལྡན༷་གང་ཞིག་རྒྱལ༷་བའི༷་ཡུལ༷་བཞི་པོ་དེ༷་ལ༷་མོས༷་པ༷་དེ་ནི་སངས༷་རྒྱས༷་ཀྱི་ཡོན༷་ཏན༷་གྱི་ཚོགས༷་ཀྱི༷་སྟེ་ཚོགས་བསམ་མི་ཁྱབ་པ་གནས་པའི་སྣོད༷་དུ་རུང་བར་འགྱུར༷་ཏེ༷། ཕལ་བས་བསམ༷་དུ་མེད༷་པའི་ཡོན༷་ཏན༷་གྱི་ཚོགས༷་ཅན་གྱི་གནས་འདི་བཞི་ལ༷་མངོན༷་པར་དགའ༷་བའི་དགེ་བས༷། དེ་དང་མ་འབྲེལ་བའི་སེམས༷་ཅན༷་ཀུན༷་གྱི༷་སྦྱིན་སོགས་བསོད༷་ནམས༷་ཀྱི་ཚོགས་ཐམས་ཅད་ཟིལ༷་གྱིས༷་གནོན༷་ཏེ་འདི་ལས་གོང་དུ་གྱུར་པའི་ཆོས་གཞན་མེད་པའི་ཕྱིར་རོ། །གང་ཟག་གང༷་ཞིག༷་གིས་བསམ་པ་བླ་ན་མེད་པའི་བྱང༷་ཆུབ༷་ཆེན་པོ་དོན༷་དུ༷་གཉེར༷་བའི་བསམ་པས༷་གསེར༷་ལས་གྲུབ་པའི་ཞིང༷་ཁམས་རྒྱ་ཆེན་པོ་ནོར༷་བུས༷་ཏེ་ནོར་བུ་རིན་ཆེན་དཔག་ཏུ་མེད་པས་སྤྲས༷་པ༷་ནི༷། གྲངས་སངས༷་རྒྱས༷་ཀྱི་ཞིང༷་མཐའ༷་ཡས་པ་དག་གི་རྡུལ༷་དང་མཉམ༷་པ༷་དུས་ཉིན༷་རེ༷་བཞིན་དུ་རྒྱུན་མི་འཆད་པར་ཡུལ་མཆོག་ཏུ་གྱུར་པ་ཆོས༷་ཀྱི་རྒྱལ༷་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས༷་ལ༷་དུས་རྟག༷་པར་འབུལ༷་ན༷་བསོད་ནམས་ཆེས་མང་དུ་འཕེལ་མོད། དེ་བས་ཀྱང་གང་ཟག་གཞན༷་གང༷་ལ་ལ་ཞིག་གིས་དོན་གནས་བཞི་པོ་འདི༷་ལས༷་བརྩམས་ཏེ་དོན་རྟོགས་ན་ལྟ་ཅི་སྨོས། ཐ་ན་ཚིག༷་ཙམ༷་ཐོས༷་ཤིང༷་ཐོས༷་ནས༷་ཀྱང༷་ནི༷་ཡིད་ཆེས་པས་མོས༷་ན༷་མོས་པའི་དགེ་བ་འདི༷་གོང་དུ་བཤད་པའི་སྦྱིན༷་པ༷་ལས༷་བྱུང༷་བའི་དགེ༷་བ༷་རྒྱ་ཆེན་པོ་དེ༷་ལས༷་ཀྱང་བསོད༷་ནམས༷་ཆེས༷་མང༷་པོ་ཐོབ༷་པར༷་འགྱུར༷་རོ། །བློ༷་ལྡན༷་གང༷་ཞིག༷་བསམ་པ་བླ༷་མེད༷་བྱང༷་ཆུབ༷་འདོད༷་པས༷་དུས་བསྐལ༷་པ༷་དུ༷་མར༷་ཡང༷་། ལུས༷་ང༷ག་ཡིད༷་ཀྱི༷་སྒོ་ནས་གོམས་པའི་དབང་གིས་དཀའ་ཚེགས་ཀྱིས་འབད༷་པ༷་མེད༷་པར༷་འཇུག་པའི་སྟོབས་ཀྱིས་ཚུལ༷་ཁྲིམས༷་ཉེས་པ་ཕྲ་མོས་ཀྱང་དྲི༷་མ་མེད༷་པ་སྲུང༷་བར་བྱེད༷་པ་ལ༷་བསོད་ནམས་ཆེས་འཕེལ་མོད། དེ་ལས་ཀྱང་གང་ཟག་གཞན༷་གང༷་ལ་ལ་ཞིག་གིས་གནས་བཞི་པོ་འདི༷་ལས༷་དོན་རྟོགས་པ་ལྟ་ཅི་སྨོས་ཚིག༷་ཙམ༷་ཐོས༷་ཤིང༷་ཐོས༷་ནས༷་ཀྱང༷་ནི༷་མོས༷་པར་གྱུར་ན༷་མོས་པའི་དགེ་བ་འདིས༷་གོང་བཤད་ཀྱི་ཚུལ༷་ཁྲིམས༷་ལས༷་བྱུང༷་བའི་དགེ༷་བ༷་དེ༷་ལས༷་བསོད༷་ནམས༷་ཆེས༷་མང༷་དུ་ཐོབ༷་པར༷་འགྱུར༷་རོ། །གང་ཟག་གང༷་ཞིག༷་འཇིག་རྟེན་འདི༷་ན༷་བྱེད་ལས་སྲིད༷་པ༷་གསུམ༷་གྱི༷་ཉོན༷་མོངས༷་པའི་མེ༷་འཇིལ༷་བར་ནུས་པའི་བསམ༷་གཏན༷་ནི༷། ལྷ༷་ཡི་གནས་པ་བསམ་གཏན་བཞི་དང༷་ཚངས༷་པའི་གནས༷་པ་ཚད་མེད་བཞི་རྣམས་ཕུལ་བྱུང་མཐར༷་སོན༷་པ་ཞིག་རྫོགས༷་པའི༷་བྱང༷་ཆུབ༷་འཕོ༷་བ་མེད༷་པ་ཐོབ་པའི་ཐབས༷་སུ་བསྒོམས༷་པ་ལ༷་བསོད་ནམས་ཆེས་མང་པོ་འཕེལ་མོད། དེ་བས་ཀྱང་གང་ཟག་གཞན༷་གང༷་ལ་ལ་ཞིག་གིས་གནས་བཞི་པོ་འདི༷་ལས༷་བརྩམས་ཏེ་དོན་རྟོགས་པ་ལྟ་ཅི་སྨོས། ཐ་ནའང་ཚིག༷་ཙམ༷་ཐོས༷་ཤིང༷་ཐོས༷་ནས༷་ཀྱང༷་ནི༷་ཡིད་ཆེས་པས་མོས༷་ན༷་དེ་ལྟར་མོས་པའི་དགེ་བ་འདི༷་གོང་བསྟན་གྱི་བསམ༷་གཏན༷་ལས༷་བྱུང༷་དགེ༷་བ༷་དེ༷་ལས༷་བསོད༷་ནམས༷་ཆེས༷་མང༷་འཕེལ་ཞིང་ཐོབ༷་པར༷་འགྱུར༷་རོ། །འདི་རྣམས་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ཚིགས་བཅད་དུ་བྱས་པའོ། །ཞེས་གསུངས། །


previousསྟོང་ཐུན་སེང་གེའི་ང་རོའི་ཉེར་མཁོའི་བར་ལྡེབ་ཕྱོགས་བསྡུས། next