ཁྱུང་པོའི་གདུང་རབས་རགས་བསྡུས་ཀྱི་གསོལ་འདེབས་བཀྲ་ཤིས་དབྱངས་སྙན།


LT28_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱུང་པོའི་གདུང་རབས་རགས་བསྡུས་ཀྱི་གསོལ་འདེབས་བཀྲ་ཤིས་དབྱངས་སྙན་ཅེས་བྱ་བ་བཞུགས་སོ། །


LT28_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་མ་ཧོ། །མི་མངོན་དབྱིངས་ནས་ཀུན་བཟང་རིག་སྣང་རྒྱལ། །འགྲོ་དོན་ཁྱུང་ཆེན་སྤྲུལ་པའི་གདུང་བརྒྱུད་ནི། །ལྷ་ཁྱུང་མུ་ཁྱུང་ཁྱུང་རྒོད་ཐོག་ལ་འབར། །སྟག་སྒྲ་དུང་གཙུག་བཙན་སྒྲ་དུང་གཙུག་སོགས། །སྤྲུལ་པའི་སྐུ་མཆོག་རྣམས་ལ་གསོལ་བ་འདེབས། །གྱེར་ནམ་ཟུ་ཙེ་དཔལ་གྱི་གིར་ཏི་དང་། །མཆོག་གི་སྒྲོན་མ་སྤུངས་དང་ཟུ་ཙེ་སོགས། །ཀུན་ལས་ཁྱད་འཕགས་མཁས་ཤིང་གྲུབ་པ་ཡི། །གདུང་རབས་རིན་ཆེན་ཕྲེང་བར༴ །སྟོང་རྒྱུད་རིང་མོ་ཁྱུང་འཕགས་ཁྲ་མོ་དང་། །དམ་པ་ཁྱུང་སྒོམ་མཁས་པ་ཁྱུང་དབུས་དང་། །དབུས་ཁྱུང་ཆེན་པོ་དཔོན་དགེ་དཔོན་དབུས་སོགས། །ཀུན་བཟང་ཐུགས་སྤྲུལ་རྣམས་ལ༴ །ཞྭ་དཀར་བསྟན་བདག་ནང་ཆེན་གྲགས་རྒྱལ་མཚན། །རང་གྲོལ་བླ་མ་བློ་གྲོས་རྒྱལ་མཚན་དང་། །གྲུབ་ཆེན་ཤ་བ་རང་གྲོལ་ལ་སོགས་པ། །སྟོང་རྒྱུད་སྤྲུལ་པ་རྣམས་ལ༴ །ཡེ་ཤེས་རྒྱལ་མཚན་ལེགས་པ་རྒྱལ་མཚན་དང་། །བསོད་ནམས་རྒྱལ་མཚན་ནམ་མཁའ་རྒྱལ་མཚན་དང་། །རྒྱལ་མཚན་དར་དང་གཡུང་དྲུང་རྒྱལ་མཚན་སོགས། །སར་གནས་རིག་འཛིན་རྣམས་ལ༴ །གཞན་ཡང་རྣམ་འཕྲུལ་དཔའ་བོ་དཔའ་མོ་དང་། །བྱ་ཡི་རིགས་ལས་གྲུབ་ཐོབ་བརྒྱད་ཅུ་བྱོན། །མི་ལ་རས་པ་ཁྱུང་པོ་རྣལ་འབྱོར་སོགས། །འགྲོ་འདུལ་སྐྱེས་མཆོག་རྣམས་ལ༴ །སྤྲུལ་པའི་སྐུ་མཆོག་བློ་ལྡན་སྙིང་པོ་དང་། །ཟབ་གཏེར་སྒོ་འབྱེད་བཀྲ་ཤིས་རྒྱལ་མཚན་སོགས། །སྙན་བརྒྱུད་མངའ་བདག་གསང་སེམས་གཏེར་གྱི་བདག །གཤེན་བསྟན་གསལ་བྱེད་རྣམས་ལ༴ །


LT28_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

གཡུང་དྲུང་ཡེ་ཤེས་གཡུང་དྲུང་བསྟན་འཛིན་ཞབས། །གསང་སྔགས་གྲགས་པ་ནམ་མཁའ་དབང་ལྡན་སོགས། །མཁྱེན་བརྩེ་ནུས་པས་མཐའ་འཁོབ་གདུལ་བྱ་འདུལ། །རྒྱལ་ཁྱུང་མཁས་གྲུབ་རྣམས་ལ༴ །ནམ་མཁའ་འོད་ཟེར་རིན་ཆེན་ལྷུན་གྲུབ་དང་། །བསྟན་པ་ལྷུན་གྲུབ་བསྟན་པ་རྣམ་རྒྱལ་ཞབས། །ཚུལ་ཁྲིམས་མཆོག་ལེགས་ཉི་མ་བསྟན་འཛིན་སོགས། །འདན་ཁྱུང་རིམ་བརྒྱུད་རྣམས་ལ༴། མཁས་གྲུབ་བླ་མའི་བྱིན་རླབས་རྒྱུད་ལ་ཞུགས། །གཤེན་བསྟན་རིན་ཆེན་དར་རྒྱས་ཡུན་ཏུ་གནས། །འཇིག་རྟེན་ཁམས་སུ་དགེ་ལེགས་དཔལ་འབྱོར་རྒྱས། །བསམ་དོན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་པ་འདིའང་དད་དམ་ལྷག་བསམ་དགེ་བ་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྐུལ་ངོར་འདན་ཁྱུང་གི་རིགས་སྐྱེས་བློ་གྲོས་མཐའ་ཡས་སམ། །འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱིས་མཁས་གྲུབ་ཆེན་པོ་བློ་གྲོས་རྒྱལ་མཚན་གྱིས་གསུང་ཉིད་གཞིར་བྱས་ནས། ཞེ་དགོན་བདེ་ལྡན་གཡུང་དྲུང་གླིང་དུ་བྲིས་པ་དགེ་ལེགས་འཕེལ།། ༈ །།སྨོན་རྒྱལ་པད་སྤྲུལ་རིན་པོ་ཆེའི་སྐྱེས་རབས་གསོལ་འདེབས་ལྷའི་རྔ་བོ་ཆེའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་ར་བེ། མ་བཅོས་གཉུག་མར་བཞག་པས་དུས་གསུམ་གྱི། །རྣམ་རྟོག་སྒྲིབ་ཚོགས་བྲལ་བའི་རྫིང་བུ་རུ། །འགྲོ་འོང་མེད་པ་ཁྱབ་བདག་བླ་མའི་སྐུ། །ཆུ་ཟླ་བཞིན་ཏུ་དད་པའི་ངོར་གསལ་མཛོད། །སྙིང་གའི་ཆུ་སྐྱེས་སྒྲག་ཅན་དབུས་སོན་པའི། །དཀར་དམར་འབར་ཞུ་ཟླ་ཉིའི་གདན་སྟེང་དུ། །དྲངས་མ་ལྔ་འདུས་མི་ཤིགས་ཏི་ལ་ཀ །དབྱེར་མེད་དཔལ་ལྡན་བླ་མ་དགྱེས་


LT28_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཞུགས། །ནམ་མཁའི་མཐར་ཐུག་ལས་དང་ཉོན་མོངས་ཀྱིས། །འཁོར་བའི་ཤིང་རྟར་འཁྲུལ་བའི་སེམས་ཅན་ཏེ། །དེ་དག་རང་གི་རིགས་པས་གདོད་ནས་ཁྱབ། །སྣང་ཤེས་རོ་གཅིག་ངང་དུ་གསོལ་བ་འདེབས། །བོན་དབྱིངས་མཉམ་ཉིད་མདྨོ་བཀོད་པའི་ཞིང་། །བོན་ཅན་མཚན་བྲལ་སེམས་དཔའ་རྒྱ་མཚོའི་དབུས། །སོར་རྟོག་ཡེ་ཤེས་འོད་སྣང་མཐའ་ཡས་སྐུ། །ཤེས་དང་ཤེས་བྱ་ཀུན་མཁྱེན་ལ༴ །བྱམས་མས་ལུང་བསྟན་དཔལ་གྱི་ཕུར་ནག་གྲུབ། །རོང་ཅན་གནས་སུ་མཆོག་གི་དངོས་གྲུབ་བརྙེས། །སངས་རྒྱས་ཐུགས་སྤྲུལ་དཔལ་གཤེན་སྟག་མེ་འབར། །བླ་མ་ཡི་དམ་དབྱེར་མེད་ལ༴ །བདེན་པའི་དོན་གཟིགས་གྲུབ་པ་མཐར་ཕྱིན་ནས། །ས་འོག་འགྲོ་བ་མ་ལུས་སྨིན་གྲོལ་མཛད། །རྒྱལ་བས་ལུང་བརྙེས་སློབ་དཔོན་འཕགས་པ་ཀླུ། །མདོ་སྔགས་སྨྲ་བའི་དབང་པོ་ལ། །རྒྱལ་ཀུན་མཁྱེན་བརྩེ་གཅིག་བསྡུས་རིག་པ་འཛིན། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཧེ་རུ་ཀ །གསང་ཆེན་སྟོན་པ་གཡུང་དྲུང་མཐོང་གྲོལ་རྩལ། །གངས་ལྗོངས་བསྟན་འགྲོའི་དཔལ་མགོན་ལ༴ །གསང་བའི་བདག་པོ་གཡུང་དྲུང་གླིང་པ་ཡི། །རིགས་དང་བོན་གྱི་སྲས་གྱུར་ཞིང་འདི་ན། །མཚུངས་མེད་རིག་སྔགས་འཆང་བའི་པདྨ་རྒྱལ། །མཁྱེན་བརྩེ་ནུས་པའི་མངའ་བདག་ལ༴ །རབ་འབྱམས་སྲས་བཅས་རྒྱལ་བའི་ཐུགས་རྗེའི་མཚོར། །བསྲུབས་སྐྱེས་ཤེས་བྱ་ཀུན་མཁྱེན་ཚ་ཟེར་གྱིས། །སྐལ་བཟང་བློ་ཡི་པདྨོ་རྒྱས་མཛད་པ། །སྤྲུལ་སྐུ་དྲུང་མུ་ཝེར་ཞི་ལ། །ལྔ་བརྒྱའི་འགྲོ་བ་རྨུ་རྒོད་གདུལ་


LT28_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་བར། །རྒྱལ་འབགས་གཞན་གྱི་ཐུགས་རྗེ་བརྟུལ་བའི་དུས། །བསམ་བཞིན་མི་ཡི་སྲིད་པ་ཉེར་བཞེས་ནས། །འགྲོ་འདུལ་ཐབས་ལ་མཁས་པ་ལ༴ །བསྟན་པའི་གཞི་མ་སོ་སོར་ཐར་པ་ཡི། །བཅས་ཁྲིམས་རྨ་མེད་མཆོག་ཏུ་རྣམ་པར་དག །གཤེན་བསྟན་ཉི་མའི་འོད་བཞིན་བརྡལ་བར་མཛད། །གཤེན་གྱི་དྲང་སྲོང་ཆེན་པོ་ལ༴། རིས་མེད་སྙིང་རྗེ་ཟླ་བའི་འཛུམ་རླབས་ཀྱིས། །ལྷར་བཅས་སྲིད་པ་གསུམ་ན་མ་འདྲིས་པའི། །སྐྱེ་རྒུའི་ཡིད་ཀྱི་དགེ་བའི་ཆུ་གཏེར་སྤེལ། །གཡུང་དྲུང་སེམས་དཔའ་ཆེན་པོ་ལ༴ །ལྷ་སྐུ་ཕྱག་རྒྱས་ཐ་མལ་ཞེན་པ་བཅིལ། །རང་བྱུང་སྒྲ་བརྙན་དག་པའི་སྔགས་སུ་ཤར། །རིག་སྟོང་འཁོར་ལོ་འཁོར་འདས་བོན་སྐུར་ཐིམ། །རིམ་གཉིས་རྣལ་འབྱོར་ཆེན་པོ་ལ༴ །བཟོ་དང་གསོ་བས་སྐལ་ལྡན་རྗེས་སུ་འཛིན། །སྒྲ་དང་ཚད་མས་ལྟ་ངན་ཚར་ཐག་བཅད། །ནང་དོན་རིག་པས་ཀུན་མཁྱེན་ལམ་བཟང་སྟོན། །གནས་ལྔ་སྨྲ་བའི་སེང་གེ་ལ༴ །པེ་ཙེ་རྣམ་གསུམ་བོན་གྱི་འཁོར་ལོ་ཡིས། །རིགས་ཅན་གསུམ་གྱི་གདུལ་བྱ་སྨིན་གྲོལ་མཛད། །སྙིགས་མའི་དུས་སུ་བཀའ་དྲིན་མཚུངས་པ་མེད། ཁམས་གསུམ་འཁོར་བ་དོང་སྤྲུགས་ལ༴ །ཀློང་དུ་ལྟ་བ་མཇལ་བས་ཕྱག་བགྱིའོ། །སྣང་ཡུལ་རོ་མཉམ་ཀུན་བཟང་མཆོད་པས་མཆོད། །གདོད་ནས་སྒྲིབ་བྲལ་བཅིང་གྲོལ་མེད་པར་བཤགས། །མ་བྱས་རིགས་ཀྱི་དགེ་ལ་རྗེས་ཡི་རང་། །སྨྲ་བསམ་བརྗོད་མེད་བོན་འཁོར་བསྐོར་བ་བསྐུལ། །སྐྱེ་འགག་གཉིས་


LT28_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རྟག་བརྟན་ཆེན་པོར་བཞུགས། །འཁོར་གསུམ་དམིགས་མེད་ངང་དུ་བསྔོ་བར་བགྱི། །ཁྱད་པར་ཁྱེད་སྐུ་ཡེ་ནས་གཡུང་དྲུང་གི། །རང་བཞིན་འཕོ་འགྱུར་མེད་པར་བཞུགས་ལགས་ཀྱང་། །བདག་སོགས་བྱིས་བློས་སྐྱོན་གྱི་ནོངས་པ་ཡིས། །བསླད་མིན་བསྐལ་བརྒྱའི་བར་དུ་བཞུགས་གསོལ་འདེབས། །འདུ་ཤེས་གསུམ་གྱི་མལ་ན་གཏི་མུག་གིས། །རབ་བསྡོམས་སྒྲིབ་པ་གསུམ་གྱི་ཁུར་ལྕི་བ། །བདག་འདྲའི་སྙིང་མེད་པོ་ལ་ཐུགས་རྗེ་ཅན། །མ་གཡེལ་ཡེ་ཤེས་སྤྱན་གྱིས་ད་གཟིགས་འཚལ། །ཉོན་ཤེས་སྒྲིབ་པའི་མུན་པ་རབ་དྭངས་ཏེ། །ཤེས་བྱའི་ཀློང་ནས་རིག་པའི་ཡེ་ཤེས་སད། །ཤེས་དང་ཤེས་བྱ་རོ་གཅིག་གཟིགས་པ་ཡི། །ཀུན་མཁྱེན་ཡེ་ཤེས་ཕུང་པོར་བྱིན་གྱིས་རློབས། །འཁྲུལ་མེད་ཡོངས་འཛིན་དམ་པ་ལེགས་བསྟེན་ནས། །སྨིན་གྲོལ་གདམས་པའི་བདུད་རྩི་ངོམས་མེད་འཐུང་། །མདོ་སྔགས་ཐོས་བསམ་སྒོམ་པས་རྒྱུད་གྲོལ་ཏེ། །ལྟ་སྒོམ་སྤྱོད་འབྲས་མཐར་ཕྱིན་བྱིན་གྱིས་རློབས། །ཨ་ཧཾ་ཞུ་བདེ་དགའ་བཞིའི་ཡེ་ཤེས་ཀྱིས། །འཕོ་འཛག་མེད་པའི་ཚུལ་ཁྲིམས་མཆོག་ཐོབ་སྟེ། །བདེ་སྟོང་མཆོག་ཏུ་མི་འགྱུར་གསང་ལམ་ནས། །དྭངས་མའི་འོད་སྐུ་འགྲུབ་པར་བྱིན་གྱིས་རློབས། །དབེན་གསུམ་མལ་དུ་ཟག་མེད་ཏིང་འཛིན་གྱིས། །རྒྱུད་བརླན་མཉམ་པར་བཞག་བཞིན་བོན་གྱི་སྒོ། །གྲངས་མེད་འདོམས་པས་སྐལ་ལྡན་རྒྱུད་གྲོལ་བའི། །ཕྲིན་ལས་རྩོལ་མེད་ལྷུན་གྲུབ༴ །འཁྲུལ་པའི་དེ་ཉིད་ཤེས་པའི་རྣམ་དཔྱོད་ཀྱིས། །


LT28_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མལ་ཤེས་པ་རང་ངོ་མཐོང་བའི་ཚེ། །གསལ་སྟོང་འཛིན་མེད་སེམས་སུ་ཐག་ཆོད་ནས། །ཅི་སྣང་ཆོས་སྐུར་འཆར་བར༴ ཀ་དག་ནང་གསལ་གཞོན་ནུ་བུམ་སྐུའི་ངང་། །ལྷུན་གྲུབ་སྣང་བཞིའི་གསང་ལམ་མཐར་ཕྱིན་ནས། །སྲིད་ཞིའི་བོན་ཀུན་གཞི་རྫོགས་ཟད་སར་སྐྱོལ། །གཉུག་མའི་འཇའ་ལུས་འགྲུབ་པར༴ །མདོར་ན་འདི་བཟུང་སྙིང་པོར་མཆིས་ཀྱི་བར། །དཔལ་ལྡན་བླ་མ་དམ་པས་རྗེས་བཟུང་ཞིང་། །གསང་གསུམ་རྣམ་ཐར་རྒྱ་མཚོར་མངའ་བརྙེས་ནས། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་སྩོལ། །ཞེས་པ་འདིའང་གཤེན་གྱི་དྲང་སྲོང་རིམ་པ་གཉིས་ཀྱི་རྣལ་འབྱོར་པ་ཆེན་པོ་ཐང་བདེའི་བླ་མ་དྲུང་མུའི་མཚན་ཅན་གྱིས་བཀའ་ཡིས་བསྐུལ་བ་ལྡོག་ཏུ་མ་སྤོབས་ཏེ། །བོན་ཆོས་རིས་མེད་ལ་དག་པའི་དགེ་བློ་ལྷུར་ལེན་པ་ལྔ་རིག་སྨྲ་བ་ཤཱཀྱའི་དགེ་སྦྱོང་འདན་ཁྱུང་གི་རིགས་ལས་སྤྲུལ་པའི་ལུས་གོག་ནར་སོན་ཤིང་བཏགས་མིང་དུ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཞེས་བྱ་བས་མཆོག་གི་བླ་མའི་གདན་སར་བྲིས་ནས་གསོལ་བ་བཏབ་པ་དགེ་ལེགས་འཕེལ།། ༈ །།ས་བཅུའི་དབང་ཕྱུག་གཡུང་དྲུང་སེམས་དཔའ་ཆེ། སྐྱེས་སྦྱངས་ཕུན་ཚོགས་ཡེ་ཤེས་རང་བཞིན་ཉིད། །སྐུ་དང་ཞིང་ཁམས་སྒྱུ་འཕྲུལ་རོལ་བའི་བདག །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །གཞི་རྒྱུད་རྟག་བརྟན་གཡུང་དྲུང་གསེར་གྱི་ཁམས། །ལམ་རྒྱུད་བསགས་སྦྱང་ཕུན་ཚོགས་རྩིབས་སྟོང་བཀྲ། །འབྲས་རྒྱུད་དོན་གཉིས་ལྷུན་གྲུབ་འཁོར་ལོས་སྒྱུར། །སྐུ་བཞིའི་དབང་ཕྱུག་ཞབས་ལ༴ །


LT28_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་གཤེན་ལུང་རྟོགས་བསྟན་པའི་གདུགས་དཀར་པོ། །བསླབ་གསུམ་རིན་ཆེན་གསེར་གྱི་ཡུ་བས་བཏེགས། །གྲུབ་པའི་ནོར་བུའི་ཏོག་ཆེན་སྲིད་ན་འབར། །ལྷར་བཅས་འགྲོ་བའི་མགོན་པོར༴ །དད་པའི་ས་གཞི་ཚུལ་ཁྲིམས་མེ་ཏོག་མཛེས། །སྦྱིན་པའི་ཆུ་རྒྱུན་མང་ཐོས་ནོར་བུས་ཕྱུག །ངོ་ཚ་ཁྲེལ་ཡོད་རི་དབང་ལྷུན་པོའི་སྤོར། །ཤེས་རབ་ཉི་ཟླ་འབར་དེར༴ །ཐོས་པའི་མིག་སྟོང་བསམ་པའི་ས་སྲུང་ལྡན། །རིམ་གཉིས་ཟབ་ལམ་སྒོམ་པའི་རྩེ་བརྒྱ་ལས། །ཀུན་དཀྲིས་ལྷ་མིན་གཡུལ་ངོ་ཟློག་ལ་བརྩོན། །སྐྱེས་ཆེན་ལྷ་ཡི་དབང་པོར༴ །ལྟ་བས་འཁོར་འདས་སོན་ཀུན་སེམས་སུ་རྟོགས། །འཛིན་མེད་ཡེངས་མེད་སྒོམ་པ་གཉུག་མའི་ངང་། །སྤྲོས་བྲལ་སྒྱུ་མའི་སྤྱོད་པ་འཁོར་ཡུག་གིས། །སྣང་སེམས་བོན་སྐུར་འཆར་ལ༴ །གཟུགས་སྣང་གདན་གསུམ་ལྷ་ཡི་འཁོར་ལོར་དག །སྒྲ་གྲགས་གཞོམ་མེད་ཨཱ་ལི་ཀཱ་ལིའི་གདངས། །དྲན་རིག་རྣམ་པར་མི་རྟོགས་བོན་གྱི་དབྱིངས། །དོན་དམ་རྣལ་འབྱོར་མཆོག་དེར། །གནས་པ་རྩ་མདུད་རང་བཞིན་དབྱིངས་སུ་གྲོལ། །གཡོ་བ་རླུང་བཅུ་ཨ་བ་དྷཱུ་ཏིར་ཐིམ། །བཀོད་པའི་ཐིག་ལེ་འཕོ་འགྱུར་མེད་པར་བརྟན། །ཨ་ཧཾ་མཉམ་སྦྱོར་དཔལ་ལ༴ །ཞི་ལྷག་དབྱེར་མེད་རིག་སྟོང་ཁྱབ་བརྡལ་ཆེ། །མཉམ་རྗེས་དབྱེར་མེད་ནམ་མཁའ་ལྟ་བུའི་ངང་། །སྣང་སེམས་དབྱེར་མེད་གཅིག་ཤེས་ཀུན་གྱི་དོན། །འཁོར་འདས་དབྱེར་མེད་རྟོགས་ལ༴། སྟོང་ཉིད་རྩལ་རྫོགས་སྙིང་རྗེའི་གཞན་དབང་ཅན། །སྐལ་


LT28_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་མཐའ་དག་སྨིན་གྲོལ་དཔལ་ལ་བཀོད། །བསྡུ་དངོས་བཞི་ཡིས་འགྲོ་དོན་ལྷུན་གྱིས་གྲུབ། །འབྲེལ་ཚད་དོན་དང་ལྡན་ལ༴ །མཐའ་འཁོབ་མུན་པའི་རུམ་ན་མཁྱེན་དང་བརྩེའི། །འོད་ཀྱི་དྲ་བས་ཐར་ལམ་སྣང་མཛད་པ། །འགྲོ་བའི་སྒྲོན་མེ་དཔལ་ལྡན་བླ་མ་ཡིས། །སྐྱེ་བ་ཀུན་ཏུ་རྗེས་སུ་འཛིན་མཛད་གསོལ། །མགོན་ཁྱེད་དག་པའི་ཞིང་ཁམས་གར་བཞུགས་ཀྱང་། །དམིགས་མེད་ཐུགས་རྗེའི་སྤྱན་གྱིས་འདིར་གཟིགས་ལ། །གདུལ་བྱར་གྱུར་པའི་འགྲོ་བ་མ་ལུས་ཀུན། །བོན་ཉིད་གཡུང་དྲུང་ས་ལ་དྲང་དུ་གསོལ། །གཤེན་བསྟན་ཉི་མའི་དཀྱིལ་འཁོར་རབ་འབར་ཞིང་། །བསྟན་འཛིན་པདྨོའི་དགའ་ཚལ་ཕྱོགས་བརྒྱར་རྒྱས། །རིག་གྲོལ་བདུད་རྩིའི་བཅུད་འཐུང་མཁའ་མཉམ་འགྲོ། །རྟག་པ་དམ་པའི་གོ་འཕང་བརྙེས་གྱུར་ཅིག །ཅེས་པ་འདིའང་མོས་ལྡན་ཁ་ཅིག་གི་བཞེད་སྐོང་དང་། རང་ཉིད་ཀྱིས་ཀྱང་དད་མོས་འདུན་པས་མཚམས་སྦྱར་ཞབས་བརྟན་གསོལ་འདེབས་སུ་བགྱིས་པ་ལ། །སླད་ནས་གཏེར་ཆེན་རིན་པོ་ཆེ་ཀུན་གྲོལ་གསང་བ་རྩལ་གྱིས་བཀའ་བཞིན་ཐུགས་དམ་སྐུལ་བའི་གསོལ་འདེབས་སུ་ཞལ་སྒྱུར་པ་པོ་ནི་རྒྱལ་བསྟན་རིས་མེད་ལ་དག་པའི་སྣང་བ་དཀར་བ་བ་དན་ཁྱུང་གི་རིག་པ་འཛིན་པ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱིས་བགྱིས་པ་དགེ་ལེགས་འཕེལ།། ༈ །།བོན་ཉིད་དབྱིངས་སུ་མངོན་པར་སངས་རྒྱས་ཏེ། །གཞན་དོན་གཟུགས་སྐུ་གང་ལ་གང་འདུལ་གྱིས། །འཁོར་བ་མ་སྟོངས་བར་དུ་འགྲོ་དོན་མཛད། །སྙིགས་མའི་མགོན་


LT28_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་རིག་འཛིན་ལུང་གིས་བསྔགས། །བློ་ལྡན་དངོས་བྱོན་གུ་རུའི་རྒྱལ་ཚབ་མཆོག །ཟབ་གཏེར་བཀའ་བབས་མི་འགྱུར་ཚེ་དབང་གྲགས། །ཀུན་གྲོལ་གསང་བ་རྩལ་ལ་གསོལ་བ་འདེབས། །བསྐལ་བརྒྱར་ཞབས་བརྟན་བོན་གྱི་འཁོར་ལོ་བསྐོར། །ཕྲིན་ལས་ཛམ་གླིང་ཐ་གྲུ་ཁྱབ་པ་དང་། །སྐྱེ་ཀུན་མགོན་པོ་ཁྱེད་ཀྱིས་རྗེས་བཟུང་སྟེ། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །ཅེས་པའང་བློ་གསལ་གཡུང་དྲུང་དོན་ལྡན་གྱིས་བསྐུལ་ངོར་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱིས་བྲིས་པ་དགེ་ལེགས་འཕེལ། ༈ །།མཆོག་གསུམ་རྩ་བ་གསུམ་གྱི་ལྷ། །ཀུན་འདུས་རྩ་བའི་བླ་མ་དང་། །རང་རིག་སྟོང་གསལ་དབྱེར་མེད་པ། །མི་འབྲལ་སྙིང་གི་པདྨོར་བསྟེན། །གསང་སྔགས་འཇུག་སྒོ་དབང་ནོས་ཤིང་། །ལམ་གྱི་སྲོག་རྩ་དམ་ཚིག་ལ། །འགལ་ཉམས་སྐད་ཅིག་མི་འབྱུང་བས། །ཡེ་ཤེས་སུ་མཆོག་མངོན་བྱེད་ཤོག །སོ་སོ་ཐར་པའི་སྡོམ་པ་དང་། །བྱང་ཆུབ་སེམས་ཀྱི་བསླབ་པ་དང་། །སྔགས་རྒྱུད་ཕྱི་ནང་ལས་གསུངས་པའི། །སྤྱི་ཡི་དམ་ཚིག་རྣམ་དག་ཤོག །རྩ་བ་སྐུ་གསུང་ཐུགས་གསུམ་དང་། །ཡན་ལག་དམ་ཚིག་ཉི་ཤུ་ལྔ། །འབུམ་སྡེ་ས་མ་ཡས་བསྡུས་པའི། །ཁྱད་པར་དམ་ཚིག་མི་ཉམས་ཤོག །བསྙེན་སྒྲུབ་བརྩོན་པའི་རྣལ་འབྱོར་ལ། །དངོས་གྲུབ་མྱུར་བའི་ཐབས་ཆེན་པོ། །བརྡ་ཡིས་མཚོན་པ་ཉི་ཤུ་


LT28_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །བསླབ་པའི་དམ་ཚིག་རབ་སྲུང་ཤོག །སྨིན་གྲོལ་ལམ་མཆོག་མཐའ་རུ་ཕྱིན། །བདེ་སྟོང་ཡེ་ཤེས་རྩལ་ཆེན་རྫོགས། །འཁོར་འདས་མཉམ་པ་ཉིད་དུ་ཤར། །རྟོགས་པའི་གདིང་ཆེན་མྱུར་ཐོབ་ཤོག །བསླབ་དང་སྡོམ་ལས་རྣམ་པར་གྲོལ། །མི་སྲུང་སྲུང་བ་ཆེན་པོའི་ངང་། །རྟགས་མེད་རྟགས་ཀྱི་རྒྱལ་པོ་གྲུབ། །ཀུན་བཟང་གདོད་མའི་སར་ཕྱིན་ཤོག །ཅེས་སྨོན་རྒྱལ་རིག་འཛིན་ཆེན་པོ་ཀུན་གྲོལ་གྲགས་པའི་ཡང་སྲིད་ལྔ་པའི་ཐུགས་བཞེད་ལྟར་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་གསར་བཀྲ་ཤིས་ལྷ་རྩེར་བགྱིས་པ་དགེ་ལེགས་འཕེལ།། །།