ཞལ་གདམས་སོགས་གསུང་ཐོར་བུའི་སྐོར་ལས།

༄༅། །ཧོར་བླ་གཞན་ཕན་ལ་ཕུལ་བའི་ཞུ་ཡིག །རྒྱལ་ཀུན་ཕྲིན་ལས་གཅིག་བསྡུས་མཚོ་སྐྱེས་རྗེ། །ཞལ་མི་གཉིས་པ་བདག་སོགས་འགྲོ་བའི་མགོན། །བཀའ་དྲིན་གསུམ་ལྡན་རྡོ་རྗེ་འཛིན་པ་པོ། །གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་གསེར་ཁྲིའི་དྲུང་། །སྲ་མཁྲེགས་རྡོ་གདན་སྟེང་ནས། །ཆོས་མེད་སྤྲང་པོ་ཞིག་གིས། །སོར་བཅུ་སྤྱི་བོར་བཟླུམས་ནས། །སྙིང་ནས་གསོལ་བ་འདེབས་སོ། །གང་སྐུ་གསེར་རི་ལྷུན་པོ། །མི་མཐུན་ཕྱོགས་ལས་རྒྱལ་ཞིང་། །ཟབ་ཆོས་བདུད་རྩིའི་དགའ་སྟོན། །འགྱེད་བཞིན་བཞུགས་པ་དགའ་སྤྲོ། །དངོས་ངན་ཕྲན་རྨོངས་བདག་ཀྱང་། །བླ་མ་མཆོག་གསུམ་དྲིན་ལས། །སྒྱུ་ལུས་མ་བོར་ཙམ་དུ། །བག་མེད་བྱུང་རྒྱལ་གནས་ལགས། །དེང་སྐབས་འཕྲལ་གྱི་ཞུ་བ། །ཉིད་གསུང་བདུད་རྩིའི་ཟེགས་མ། །བཀའ་སྩལ་སྤྱིི་བོར་ཕེབས་པ། །རབ་དགའི་དཔལ་ལས་ཆེར་འཕེལ། །དྲིན་ཆེན་ཉིད་ཀྱིས་གསུངས་བཞིན། །སྐྱབས་རྗེའི་མདུན་སར་ལྷག་ནས། །ཟས་སྐོམ་རོ་ལ་སྲེད་བཞིན། །རྡོ་ཡུལ་སློང་མོར་སོང་སྐབས། །ཆུ་བོ་རླུང་གིས་བསྐྱོད་ནས། །གྲུ་གཟིངས་གཏོར་ལ་ཁད་བྱུང་། །བདག་གིས་ཁྱེད་ལ་གསོལ་བཏབ། །ཆུ་བོའི་ཕ་རོལ་སླེབས་སོང་། །དེ་ནས་ཡར་ལ་སོང་ནས། །ས་ངན་འཕྲང་ཆེན་ཞིག་ཏུ། །མི་ངན་གྲོགས་མེད་རྒྱུ་དུས། །རྐྱེན་ངན་གཅན་གཟན་གཟིག་ནི། །མ་བུ་གསུམ་དང་འཕྲད་ནས། །ཡར་བདའ་མར་དེད་བྱས་ནས། །སྐྲག་སྔངས་དྲག་པོ་བྱུང་དུས། །སྐྱབས་རྗེ་ཁྱེད་ཉིད་དྲན་བཞིན། །གསོལ་བ་སྙིང་ནས་བཏབ་པས། །རྐྱེན་ངན་ཁ་ནས་ཐར་སོང་། །སྐྲག་སྔངས་དེ་ཡིས་རྐྱེན་བྱས། །ཞག་གྲངས་ངེས་མེད་མང་པོར། །གཅན་གཟན་དུ་མ་རྨིས་ཚེ། །སྐྲག་སྔངས་འཇིགས་གསུམ་མང་བྱུང་། །རེ་ཞིག་བུད་མེད་ཞིག་གིས། །གཅན་གཟན་དེ་རྣམས་ཁྲིད་ནས། །འདི་རྣམས་ང་ཡི་ཆོ་འཕྲུལ། །དེ་སྔོན་ཁྱོད་ཀྱིས་མ་གོ །དེ་སྐད་ཟེར་མ་ཐག་ཏུ། །གཅན་གཟན་བུད་མེད་ཐིམ་ཞིང་། །བུད་མེད་ཡི་གེར་གྱུར་སོང་། །སྐྱབས་རྗེ་བླ་མར་ཞུས་ཚེ། །དེ་རྣམས་ཐམས་ཅད་ལྷོང་ཡིན། །ད་བར་ཁྱོད་ཀྱིས་མ་ཆོད། །ད་ནི་ཆོད་པ་ཡིན་གསུངས། །རྗེ་བཙུན་བཞད་པ་རྡོ་རྗེའི། །རྣམ་ཐར་དཔེ་ཆར་མཇལ་རྐྱེན། །ཉིན་ཞག་ལྔ་ཕྲག་གཅིག་ལ། །དབང་མེད་མལ་དུ་ལུས་ཐལ། །དེ་ཕྱིན་སྣང་བ་ཐམས་ཅད། །འདི་ཡིན་གཏད་སོ་མེད་འདྲ། །སྣང་བའི་འཆིང་ཞེན་ལྷོད་ནས། །དེ་རྗེས་ཉམས་སྣང་ཞིག་ལ། །དྲིན་ཆེན་ཁྱེད་དང་མཇལ་ནས། །རིགས་ལྔའི་ཕྱག་མཚན་གཏད་བཞིན། །སྟོད་ཕྱོགས་མར་པའི་གདན་སར། །ད་ནི་འགྲོ་རན་གསུངས་ནས། །སྐྱབས་རྗེ་བླ་མའི་དྲུང་དུ། །འགྲོ་བའི་ཞུ་བ་ཕུལ་ཚེ། །མཁའ་འགྲོའི་ལུང་བསྟན་ཡིན་ཡང་། །ད་དུང་མ་འགྲོ་གསུངས་ནས། །དེ་རྗེས་ལོ་ཟུང་སོང་ཚེ། །དྲིན་ཆེན་སྐྱབས་རྗེ་བླ་མའི། །སྐུ་ལུས་བསྙུང་གཞིས་ཟིན་ནས། །མཆོག་སྤྲུལ་རོལ་པའི་རྡོ་རྗེ། །བླ་མའི་ཞབས་པད་བརྟན་ཕྱིར། །ཡུལ་འདིར་ཆགས་ཕེབས་བྱུང་ཚེ། །དད་གུས་གདུང་བ་ཆེན་པོས། །དངོས་ངན་མདུན་སར་སོང་ནས། །ཀྱེ་ཀྱེ་རྗེ་བཙུན་ཆེན་པོ། །དེང་སང་རྫོགས་པ་ཆེན་པོའི། །ཆོས་སྐད་གླེང་བ་མང་ཡང་། །བདག་གི་རྒྱུད་ལ་མ་འབྱོར། །ད་ནི་ཅིས་ཀྱང་ཁྱེད་ལས། །སྐྱབས་གནས་གཞན་ན་མེད་པས། །ཐུགས་རྗེས་འཛིན་དགོས་ཞུས་ཚེ། །དྲིན་ཆེན་དེ་ཡི་ཞལ་ནས། །ཨོ་ལོ་བན་ཆུང་ཁྱོད་ཉིད། །མཆོག་སྤྲུལ་གཞན་ཕན་ཉིད་ནས། །འདི་རུ་མངག་པ་ཡིན་སྐད། །བདག་ཀྱང་གཞན་ཕན་ཉིད་ལ། །མཇལ་འདོད་ལྷག་པར་ཆེ་ཡང་། །དེང་སྐབས་མཇལ་སྟབས་མ་འགྲིགས། །མི་རྒན་ང་ཡི་ཁོང་ནས། །རྫོགས་ཆེན་རྟོགས་པ་མེད་ཀྱང་། །ཁྱོད་རང་ང་དང་ལྷན་དུ། །མགོ་ལོག་ཕྱོགས་སུ་ཤོག་དང་། །ལྟོ་གོས་གཉིས་པོ་ངས་སྟེར། །རྡོ་གྲུབ་མདུན་སར་སོང་དང་། །རྫོགས་ཆེན་རྒྱུད་ལ་འབྱོར་འོང་། །ཞེས་པའི་བཀའ་ཞུས་གནང་ནས། །སྐྱབས་རྗེ་ཉིད་ལ་ཁོང་གིས། །ཞུ་བ་ནན་ཏན་བྱས་ཀྱང་། །འགྲོ་བའི་གནང་བ་མ་སྟེར། །ད་ནི་བན་ཆུང་ཁྱོད་ལ། །སྐྱབས་རྗེས་གནང་བ་མེད་ཀྱང་། །མཆོག་སྤྲུལ་རྡོ་གྲུབ་ཉིད་ཀྱི། །གདམས་པའི་བྱིན་བརྒྱུད་ཕ་ཕོག །ང་ཡིས་ཁྱོད་ལ་སྟེར་ཞེས། །དགྱེས་བཞིན་རྫོགས་པ་ཆེན་པོའི། །ཁྲིད་ཡིག་ཡེ་ཤེས་བླ་མའི། །གཙོ་བྱས་རྫོགས་ཆེན་ཁྲིད་དེ། །ཟབ་གནད་མང་པོ་གནང་ནས། །ད་ནི་མཐར་ཐུག་ཡང་ཟབ། །གྲུབ་རྗེ་ཉིད་ཀྱིས་བཞེད་ལྟར། །སྙིང་པོ་འདི་ཉིད་ཡིན་ཞེས། །གསུངས་ནས་བདག་ལ་གནང་བ། །སྤྱིར་ནི་བདེ་གཤེགས་སྙིང་པོ། །འགྲོ་བའི་ཁམས་ལ་བཞུགས་ཀྱང་། །སྣང་གསུམ་ཀུན་རྟོག་བརྒྱད་ཅུ། །ལས་རླུང་ཉི་ཁྲི་སོགས་ཀྱིས། །རྐྱེན་བྱས་རང་ཞལ་བསྒྲིབས་ནས། །སུས་ཀྱང་རྟོགས་པར་དཀའ་འོ། །དེ་ཕྱིར་མངོན་དུ་བྱེད་པའི། །གདམས་པ་རྫོགས་པ་ཆེན་པོ། །ཀུན་མཁྱེན་ཡབ་སྲས་སོགས་ནས། །བརྒྱུད་པའི་གསང་ལམ་ཟབ་མོ། །གསང་བདག་དཔའ་བོའི་ཟློས་གར། །རྡོ་གྲུབ་བསྟན་པའི་རྒྱལ་མཚན། །བར་དུ་རིམ་པར་བརྒྱུད་ནས། །ཟབ་པའི་ཟབ་གནད་ཡིན་པས། །གཟུང་འཛིན་ལས་རླུང་བཞོན་པ། །དབུ་མར་ཞུགས་གནས་ཐིམ་གསུམ། །ཐིམ་པའི་རང་རྩལ་རྫོགས་ཚེ། །བཞི་ཆ་གསུམ་དང་བྲལ་བ། །ཁྱད་ཆོས་དྲུག་དང་ལྡན་པའི། །ཉེར་ཐོབ་ཆོས་སྐུའི་འོད་གསལ། །སྐུ་བཞིའི་བདག་ཉིད་ཆེན་པོར། །མངོན་དུ་གྱུར་ནས་འོང་ཞེས། །བཀའ་ཡི་གནང་བ་བྱུང་ཚེ། །དཀའ་སྤྱད་དུ་མ་བྱས་ནས། །རྩོལ་བའི་འབད་པས་བསྒྲུབ་ཚེ། །བདུན་ཕྲག་གཅིག་ཙམ་སོང་ནས། །རེ་ཞིག་མལ་ན་ཉལ་ཚེ། །གཉིད་དང་རྨི་ལམ་མཚམས་སུ། །མི་མང་འཚོགས་སར་ཐོན་འདུག །ང་ལ་གཅིག་གིས་མདའ་འཕང་། །རཱ་ཧུ་ལ་ཡི་མདའ་གཞུ། །ཡིན་ཞེས་ང་རྩར་སྣང་ནས། །ང་ཡི་ཕར་ལ་འཕངས་བས། །མི་གཅིག་བསད་ནས་ཡང་ནི། །འཕེན་པའི་བསམ་པ་ཤར་ཚེ། །མཆོག་སྤྲུལ་རོལ་པའི་རྡོ་རྗེས། །ང་ཡིས་ཁྱོད་ལ་སྣང་སྲིད། །བླ་མར་ངོ་སྤྲོད་ཐིང་ཞིང་། །ང་ལ་འཕང་བ་མི་རིགས། །ཁྱོད་རང་ཤར་ལ་སོང་དང་། །མདའ་མོ་ང་ཡིས་འཕེན་ཞེས། །མདའ་བརྒྱག་ནམ་མཁར་བཀྱགས་པས། །ས་གཞི་རྒྱ་མཚོ་ཆེན་པོར། །ཕྱེད་ཚལ་མེ་དཔུང་འབར་ཞིང་། །ཕྱེད་ཚལ་ཆུ་ཆེན་མཆེད་སོགས། །སྣང་བ་དུ་མ་ཤར་ནས། །ཉི་ཤར་བར་དུ་ལུས་ཐལ། །དེ་སོགས་ཉམས་སྣང་མང་པོ། །ངལ་ནས་བྲི་བར་མ་ནུས། །གཟུང་འཛིན་ལས་རླུང་བཞོན་པ། །དབྱིངས་སུ་ནུབ་པའི་ཟླ་ཤར། །མི་རྟོག་དབུ་མའི་གཤིས་ལ། །ཐིམ་ཡང་དྲན་མེད་མུན་པ། །ལྟ་བུའི་གཟེབ་ལས་གྲོལ་ནས། ལུང་མ་བསྟན་དུ་མ་འབྱམས། །བུམ་ནང་མར་མེ་སྦར་བཞིན། །འོད་གསལ་འཆར་སྒོ་འགག་མེད། །འཁོར་འདས་སོ་སོའི་མཚངས་རྣམས། །རིག་ཅིང་དེ་རུ་འཛིན་པས། །ཀུན་རྟོག་བློ་དང་བྲལ་བའི། །གཞོན་ནུ་བུམ་སྐུའི་ཞིང་ཁམས། །མཐོང་བ་ཡིན་ཞེས་གཟུགས་མེད། །སྒྲ་ཡི་རྣམ་པས་བསྟན་སོང་། །དེ་ཡང་སྟོང་པའི་རང་མདངས། །ཆེས་ཆེར་རབ་ཏུ་འབར་ནས། །སྣང་སྲིད་སྣོད་བཅུད་ཐམས་ཅད། །རྟོག་མེད་འོད་གསལ་ངང་དུ། །མེ་ལོང་གཟུགས་བརྙན་ལྟར་རམ། །རྒྱ་མཚོར་གཟའ་སྐར་ཤར་བཞིན། །དེ་ལ་དེར་འཛིན་མེད་པའི། །ངང་ནས་ལྟད་མོ་མཐོང་ཞིང་། །གཞི་དབྱིངས་མཐིང་གསལ་ཀློང་དུ། །རིགས་ལྔའི་ཞིང་སོགས་ཤར་ཚེ། །སྣང་ཆ་ཡིན་ཞེས་གསལ་ཞིང་། །སྟོང་ཆ་ཡིན་ཞེས་གཞིར་ཐིམ། །དབུ་མེད་རྒྱན་ལྡན་དུ་མས། །འདི་རྣམས་རིགས་ལྔའི་ཞིང་སོགས། །ཡིན་ཞེས་བརྡ་སྤྲད་སྣང་ངོ་། །རྒྱ་ཡིག་བོད་ཡིག་ལ་སོགས། །ཡིག་རིགས་དུ་མ་མང་པོའི། །སྣང་བརྙན་སྣ་ཚོགས་ཤར་ནས། །ཡང་ཡང་བུད་མེད་དུ་མས། །ཚེ་རབས་སྔོན་ནས་འབྲེལ་པའི། །བླ་མ་སངས་རྒྱས་ཐོགས་མེད། །ཡིན་ཞེས་ཁ་བ་ལ་དེར། །བཞུགས་ཡོད་དེ་རུ་སོང་སོགས། །ཉམས་སྣང་དུ་མ་ཤར་རོ། །ཉམས་སྣང་དེ་ཡི་ངང་ནས། །ཉིན་ཞག་ཟུང་སོགས་ཐལ་ལོ། །དེ་ནས་སད་རྒྱུ་མེད་ཀྱང་། །སད་པའི་སྣང་བ་ཤར་རོ། །ཐོད་རྒལ་ཉམས་དང་མ་མཚུངས། །དེ་སོགས་ཉམས་སྣང་ཆ་ལ། །འཁྲུལ་རྟོག་གྱ་གྱུའི་རི་མོ། །རྗེ་བཙུན་ཆེན་པོའི་སྙན་དུ། །ལྷད་མེད་བྱིས་པས་བླངས་ཡོད། །ཞུ་གསོལ་དོན་གྱི་སྙིང་པོ། །མཆོག་སྤྲུལ་རང་ཡུལ་ཕེབས་སོང་། །སྤྲང་པོ་གཏད་མེད་ལུས་ཐལ། །ད་ནི་ཅིས་ཀྱང་ཉིད་ཀྱིས། །ཡོ་ག་གསུམ་གྱི་རྫོགས་རིམ། །གཞི་ལམ་འབྲས་བུར་འབྲེལ་བའི། །ཞལ་གདམས་ཟབ་པའི་མཐར་ཐུག །བདག་གཞན་ཡོངས་ལ་ཕན་ཕྱིར། །ཅིས་ཀྱང་གནང་བར་འཚལ་ལོ། །སྤྲང་པོའི་རེ་འབྲས་དེ་རྣམས། །མ་ཧཱ་གུ་རུའི་ཐུགས་ནས། །གལ་ཏེ་ཡལ་བར་དོར་ན། །སྤྲང་པོ་བསད་དང་ཁྱད་པར། །ཡོད་ན་དཀོན་མཆོག་གསུམ་པོ། །སྐབས་སུ་དད་པའི་རྟེན་དུ། །ཕྱག་ཐམ་ན་བཟའ་དབུ་སྐྲ། །སྤྱི་བོར་སྩོལ་བའི་བཀའ་དྲིན། །རེ་འབྲས་དོན་ལྡན་ཞུ་ཞུ། །ཉིད་ཀྱི་བཀའ་བཞིན་འདི་རུ། །ལོ་བར་ཆ་ཤས་སོང་འདུག །ད་ནི་སྤྲང་པོ་བདག་ལ། །སྐྱབས་རྗེ་དགུང་ལོ་བགྲེས་རྐྱེན། །ཡུལ་འདིར་འདུག་སྙམ་མེད་མོད། །འོན་ཀྱང་ད་དུང་སྐྱབས་རྗེའི། །བཀའ་ཡི་གནང་བ་མ་བྱུང་། །དེ་ཚེ་སྤྲང་པོ་བདག་ནི། །ངེས་མེད་ཞིག་ཏུ་འགྲོ་ངེས། །སྔ་སོར་རྗེ་བཙུན་ཉིད་དང་། །ཕ་མ་ཨ་ཁུ་སོགས་ལ། །མཇལ་འདོད་ལྷག་པར་ཡོད་ཀྱང་། །ད་ནི་དྲིན་ཆེན་ཨ་ཁུའི། །སྒྱུ་ལུས་མེ་ཏོག་འཐོར་སོང་། །དེ་ཕྱིར་འོང་སྙམ་སྤྲང་པོ། །བདག་ལ་གཏན་ནས་མི་འདུག །དེང་ནས་བྱང་ཆུབ་བར་དུ། །ཁྱེད་ལས་རེ་ས་སྐྱབས་གནས། །སྤྲང་པོ་བདག་ལ་མེད་པས། །དུས་དང་རྣམ་པ་ཀུན་ཏུ། །ཟབ་གསལ་ཐུགས་ཀྱི་ཀློང་ནས། །ནམ་ཡང་འདོར་མེད་མཁྱེན་མཁྱེན། །ཆེད་གསོལ་གངས་ཅན་བོད་ཡུལ། །གསེར་གྱི་ས་གཞིའི་ཁྱོན་འདིར། །གང་སྐུ་གསེར་རི་ལྷུན་པོ། །བསྐལ་བརྒྱའི་བར་དུ་བཞུགས་ཤིག །དེ་སྐད་ཉམས་སྣང་རྫུན་གཏམ། །ལྷ་དགོན་ཉེ་བའི་རི་ནས། །རྗེ་ཡི་འབངས་ཀྱི་ཐ་ཤལ། །ངེས་མེད་སྤྲང་པོས་བྲིས་སོ། །དགེའོ། །

༄༅། །འབྲུག་པ་རིན་པོ་ཆེ་ལ་ཕུལ་བའི་ཞུ་ཡིག །དུས་བཞི་མཉམ་ཉིད་ཀྱི་ཞིང་ན། །སྐུ་གསུམ་རང་སྣང་གི་སྟོན་མཆོག །ཐུགས་རྗེའི་ཕྱག་ཡངས་དེ་རྐྱོངས་ལ། །བྱིན་རླབས་སྙིང་དབུས་སུ་སྩོལ་དང་། །ཀ་དག་ཡེ་གྲོལ་གྱི་ཞིང་ན། །འཕོ་མེད་ཆོས་སྐུ་ཡི་རྒྱལ་ས། །ཆོས་མེད་སྤྲང་པོ་ངས་ཟིན་ཚེ། །རྒྱང་གླུ་རིང་མོ་ཞིག་མཆོད་ཡ། །མཉམ་བཞག་ལྟ་སྟངས་ཀྱི་འཛིན་པ། །སེམས་འཛིན་ཡིད་དཔྱོད་ཀྱི་བསམ་གཏན། །སྡུག་བཙིར་འཇུར་བཅིངས་ཀྱི་དྲན་པ། །མ་བཅོས་ལྷོད་གྲོལ་ལ་ལངས་སོང་། །དབྱིངས་རིག་ཕྱམ་བརྡལ་གྱི་ཀློང་ན། །རིག་རྩལ་འགག་མེད་ཀྱི་རོལ་པ། །རྒྱུ་འབྲས་སྔ་ཕྱི་རུ་འབྲེལ་བའི། །བག་ཆགས་གསོག་ལོང་ནི་མི་འདུག །འཁོར་འདས་ཡེ་གྲོལ་གྱི་ཀློང་ན། །གང་ཤར་ཡེ་ཤེས་ཀྱི་རོལ་པ། །སྣང་སེམས་ཁྲལ་ཁྲོལ་དང་བན་བུན། །རྟོགས་གྲོལ་ཉམས་ལེན་རང་མཐར་ཐུག །ན་རུང་འཚེར་བ་ནི་མི་འདུག །ཤི་ཡང་འགྱོད་པ་ཡང་མི་སྐྱེ། །ན་དགའ་ཤི་སྐྱིད་ཀྱི་ངང་ནས། །ངེས་མེད་དབེན་ཁྲོད་དུ་ཆས་འགྲོ། །རྗེ་ཡི་བཀའ་དྲིན་ལ་བསམས་ན། །སྡོད་མི་ཚུགས་པ་ཞིག་བྱུང་ཡང་། །གཞན་ནས་བྱ་ཐབས་ནི་མི་འདུག །བཀའ་ཤོག་ལེགས་པོ་ཞིག་གནང་ཤོག །ཕྲན་ལ་ཐུགས་རྗེ་ཡིས་གཟིགས་དང་། །ནམ་ཞིག་མགོན་ཁྱོད་ཀྱི་དྲུང་དུ། །སྐྱིད་པའི་ཞབས་བྲོ་དེ་འཁྲབ་བཞིན། །དགའ་བའི་གླུ་དབྱངས་ཀྱིས་མཆོད་འོང་། །ཞེས་འབྲུག་པ་རིན་པོ་ཆེ་ལ་ཕུལ་བའི་ཞུ་ཡིག་ལས་ཁོལ་དུ་ཕྱུང་བའོ།། །།