པདྨ་ཡང་གསང་ཁྲོས་པའི་ལས་བྱང་གྱེར་སྒོམ་འཇིགས་མེད་རྡོ་རྗེའི་སྒྲ་དབྱངས།
པདྨ་ཡང་གསང་ཁྲོས་པའི་ལས་བྱང་གྱེར་སྒོམ་འཇིགས་མེད་རྡོ་རྗེའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །
ན་མཿཤྲཱི་ཧ་ཡ་གྲཱི་ཝཱ་ཡ། དོན་དམ་ཆོས་དབྱིངས་ཟད་མི་ཤེས་པའི་དབང་གི་རྒྱལ་པོའི་བང་མཛོད་ལས། །སྲིད་ཞིའི་ཕུན་ཚོགས་འདོད་དགུའི་དཔལ་སྟེར་ཁྲོ་ཆགས་བརྗིད་པའི་རྣམ་འགྱུར་ཅན། །དབང་དྲག་འཕྲིན་ལས་གར་གྱིས་རྣམ་རོལ་རྟ་མཆོག་པདྨ་ཧེ་རུ་ཀ །གང་གི་ཞབས་པད་གཙུག་ན་བསྟེན་ནོ་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །དུས་གསུམ་སངས་རྒྱས་ཀུན་འདུས་པདྨ་འབྱུང་། །ཟབ་གཏེར་གདམས་པའི་མཛོད་འཛིན་འདར་ཆར་ཞབས། །འཁྲུལ་མེད་བརྒྱུད་པའི་བཀའ་བབས་མུས་སྲས་པ། །རྩ་བརྒྱུད་བླ་མའི་ཚོགས་རྣམས་ཕྱག་གི་ཡུལ། །དབང་ཆེན་ལྷ་ཡིས་རྗེས་བཟུང་ཚར་པ་རྗེ། །འཇམ་མགོན་གྲུབ་པ་དཔལ་འབྱོར་ལྷུན་གྲུབ་ཞབས། །ཐེག་མཆོག་བདུད་རྩིའི་དཔལ་སྟེར་ཨཱནནྟ། །དྲིན་ཅན་བླ་མ་གཙུག་གི་པད་མཚོར་བསྟེན། །ཡང་ཟབ་རྒྱུད་སྡེའི་ཆུ་གཏེར་ལས་འོངས་པའི། །སྒྲུབ་ཆེན་བཀའ་བརྒྱད་ཉིན་མོར་བྱེད་པ་ཡི། །ཆ་ཤས་དབང་ཆེན་ལྷ་ཡི་འོད་ཟེར་གྱིས། །ནག་ཕྱོགས་བདུད་སྡེའི་མུན་པ་ཕ་མཐར་སྐྲོད། །དེ་ཕྱིར་རྟ་མཆོག་འཕྲིན་ལས་གྲངས་མེད་ལས། །ཟབ་ལས་ཆེས་ཟབ་ཡང་གསང་ཁྲོས་པ་ཞེས། །བཀའ་གཏེར་ཟུང་དུ་འཇུག་པའི་འཕྲིན་ལས་ཀྱི། །གྱེར་སྒོམ་འཇིགས་མེད་རྡོ་རྗེའི་དབྱངས་སུ་སྒྲོག །རྒྱུད་འདེབས་(༢བ)
སྐྱབས་སེམས་ཚོགས་སྐྲོད་མཚམས། །བཤགས་བྱིན་མཆོད་ཀུན་སྦྱང་དང་སྤེལ། །ཕྱི་མཆོད་སྨན་གཏོར་རཀྟ་བརླབ། །སྔོན་འགྲོའི་ཁྲིགས་ཏེ་བརྒྱུད་འདེབས་ནི། །དཀོན་མཆོག་གསུམ་དངོས་རིག་འཛིན་འདུས་པའི་གཙོ། །ཞི་ཁྲོ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་བདག །གསང་ཆེན་བཟང་པོའི་འཕྲིན་ལས་བསྟན་པའི་དཔལ། །དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །ཆོས་དབྱིངས་འོད་གསལ་བདེ་ལྡན་ཞིང་ཁམས་སུ། །རབ་འབྱམས་རྒྱལ་བའི་ཆོས་སྐུའི་སྣང་བརྙན་ནི། །དམར་གསལ་མཚན་དཔེའི་གཟི་འབར་འོད་དཔག་མེད། །ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས། །འོག་མིན་བདེ་ཆེན་དག་པའི་ཞིང་ཁམས་སུ། །བདེ་སྟོང་གཉིས་མེད་ཁྲག་འཐུང་ཁྲོ་བོའི་གར། །ཡང་གསང་ཁྲོས་པའི་དཔལ་ཆེན་དཀྱིལ་འཁོར་པ། །ལོངས་སྐུ་པདྨ་དབང་ཆེན་ལ་གསོལ་བ་འདེབས། །ནུབ་ཕྱོགས་ཨུ་རྒྱན་རྔ་ཡབ་དཔལ་རིའི་རྩེར། །དུས་གསུམ་རྒྱལ་བ་ཀུན་འདུས་རིག་འཛིན་ཆེ། །སྲིན་པོའི་ཁ་གནོན་སྐྱེ་དགུ་ཡོངས་ཀྱི་གཉེན། །སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །ནགས་རྒྱལ་ལྷ་ཆུ་མཚན་ལྡན་བསྒྲུབ་གནས་སུ། །པདྨས་རྗེས་བཟུང་རབ་དགའི་ས་ལ་གནས། །གངས་ཅན་ཁྲོད་འདིར་གྲུབ་(༣ན)
ཐོབ་འདར་ཆར་ཞེས། །ཡོངས་སུ་གྲགས་པ་དེ་ཉིད་ལ་༴། དཔལ་ལྡན་བོ་དོང་མཁས་པའི་ཆོས་གྲྭ་རུ། །ཐོས་བསམ་སྒོམ་པས་རང་རྒྱུད་ལེགས་སྦྱངས་ནས། །འཆད་རྩོམ་རྩོམ་པས་རྒྱལ་བའི་བསྟན་པ་སྤེལ། །ཆོས་རྒྱལ་བརྩོན་འགྲུས་རྡོ་རྗེ་ལ་༴། བྱང་ཕྱོགས་ཉན་པོའི་དབེན་གནས་བྲག་རྫོང་དུ། །ཟབ་དང་རྒྱ་ཆེ་གདམས་པའི་མཛོད་བཟུང་ནས། །སྐལ་ལྡན་གདུལ་བྱ་སྐྱོང་བའི་མཁས་གྲུབ་རྗེ། །ཉན་ཆེན་བསོད་ནམས་བརྟན་པ་ལ་གསོལ་བ་འདེབས། །བྲག་རམ་དཔལ་གྱི་གཙུག་ཁང་ཆེན་དུ།། རིག་གནས་རྒྱ་མཚོའི་མཐར་སོན་མཁས་པའི་མཆོག །གཅིག་ཏུ་སྒྲུབ་པ་ལྷུར་ལེན་གྲུབ་པའི་དབང་། །མཁན་ཆེན་ཆོས་རྒྱལ་དཔལ་བཟང་ལ་༴། གཙང་སྟོད་མུས་སྲས་དཔལ་གྱིས་དགོན་པ་རུ། །གསང་ཆེན་བསྟན་པའི་མངའ་བདག་རྡོ་རྗེ་འཛིན། ཁྱད་པར་ལམ་འདིའི་རྩ་ལག་ཆག་སྟོན་རྗེ། །ཀུན་མཁྱེན་དཔལ་ལྡན་སེང་གེ་ལ་༴། རྣམ་པར་གྲོལ་བའི་གནས་ཀྱི་ཡང་རྩེ་རུ། །ཀུན་མཁྱེན་ཆེན་པོའི་སྲས་ཀྱི་ཐུ་བོ་པ། །སྙན་བརྒྱུད་བསྟན་པ་འཛིན་པའི་དཔལ་ཡོན་ཅན། །ཆོས་རྗེ་རིན་ཆེན་བཀྲ་ཤིས་ལ་༴ །གར་བཞུགས་ཆོས་དབྱིངས་དག་པའི་ཞིང་ཁམས་སུ། །བདེ་སྟོང་གཉིས་མེད་ཡེ་ཤེས་རོལ་པ་ལས། །ཉམས་དང་རྟོགས་པའི་རྦ་རླབས་སྟོང་གཡོ་བ། །རྟོགས་ལྡན་ཡོན་ཏན་མགོན་པོ་ལ་༴། རྒྱལ་པོའི་ཁབ་ཀྱི་སྒོ་མང་གཙུག་ལག་ཏུ། །ཟབ་དོན་སྨྲ་བའི་གཙུག་རྒྱན་མཆོག་གྱུར་པ། །མཁྱེན་བརྩེ་ནུས་པས་འགྲོ་བ་འདྲེན་པའི་དཔལ། །བླ་ཆེན་ཆོས་དཔལ་བཟང་པོ་ལ་༴། །དཔལ་ལྡན་ས་སྐྱ་གྲངས་ཆེན་བླ་བྲང་དུ། །གསང་སྔགས་རྒྱ་མཚོའི་ཚོགས་ལ་དབང་འབྱོར་ཞིང་། །གསུང་ངག་བསྟན་པའི་སྒྲོན་མེ་མུས་སྲས་པ། །བྱམས་པ་རྡོ་རྗེ་རྒྱལ་མཚན་ལ་༴། །སྙེ་ཐང་བདེ་མཆོག་དཔལ་གྱི་ཡང་དབེན་(༣ན)
དུ། གསང་ཆེན་གདམས་པས་སྐལ་ལྡན་རྗེས་སུ་འཛིན། །མཐུ་སྟོབས་ནུས་པས་ནག་ཕྱོགས་ཕྱེ་མར་འཐག །མུས་ཆེན་རྣམ་རྒྱལ་བཟང་པོ་ལ་༴། དམ་པས་བྱིན་བརླབས་ནགས་ཕུག་དགོན་པ་རུ། །ཀུན་བཟང་དགོངས་པའི་གནས་ལུགས་མངོན་དུ་གྱུར། །དྲག་སྔགས་གྲུབ་པའི་སྙན་གྲགས་ཕྱོགས་ཀུན་ཁྱབ། །འཁྲུལ་ཞིག་རཏྣ་བྷ་དྲ་ལ༴། མང་འཁར་ཆ་ལུང་རྡོ་རྗེའི་བྲག་རྫོང་དུ། །བློ་གསལ་བུང་བ་འདུ་བའི་པད་མོའི་ཚལ། །རྒྱུད་སྡེ་རྒྱ་མཚོའི་བཅུད་ཕྱུང་གདམས་པའི་གཏེར། །དྲིན་ཆེན་མཚར་པ་སྨྱོན་པ་ལ་༴། གཙང་སྟོད་ཞྭ་ལུ་དཔལ་གྱི་ཆོས་གྲྭ་ཆེར། །གསང་སྔགས་བསྟན་པ་ཕྱོགས་བཅུར་སྤེལ་མཛད་ཅིང་། །མཚར་ཆེན་ཆོས་རྗེའི་ཐུགས་བཅུད་བདུད་རྩིའི་རྒྱུན། །འཛིན་མཁས་མཁྱེན་བརྩེའི་དབང་ཕྱུག་ལ༴།གསུང་ངག་སློབ་བཤད་ཆོས་འཁོར་ཡང་རྩེ་རུ། ཁའུ་པར་གྲགས་འཁྲུལ་མེད་བསྟན་པའི་རྒྱུན། །རྣམ་པར་རྒྱས་མཛད་མཐུ་སྟོབས་ནུས་པའི་བདག །མཁས་གྲུབ་བསོད་ནམས་ཆོས་འཕེལ་ལ་༴། རྗེ་བཙུན་གོང་མའི་ཕྱོགས་མེད་གདན་ས་རུ། །སྙན་རྒྱུད་གདམས་པ་མཆོག་གི་བདུད་རྩི་ཡིས། །སྐལ་བཟང་འཆི་མེད་དགའ་སྟོན་སྤེལ་མཛད་པའི། །སྔགས་འཆང་དབང་ཕྱུག་རབ་བརྟན་ལ་༴། ཕུན་ཚོགས་སློབ་བཤད་ཆོས་ཀྱི་སྡེ་ཆེན་པོར། །གསང་ཆེན་ཐེག་མཆོག་ཡིད་བཞིན་ནོར་བུ་ལས། །ལེགས་བཤད་འདོད་དགུའི་ཆར་ཆེན་འབེབས་མཁས་པའི། །མགོན་པོ་བསོད་ནམས་མཆོག་ལྡན་ལ་༴། བདེ་བའི་རྡོ་རྗེའི་མི་འགྱུར་ཕོ་བྲང་ཆེར། །ཟབ་རྒྱས་ཆོས་ཚུལ་བྱེ་བའི་སྒོ་ཕྱེ་ནས། །སྐལ་ལྡན་གདུལ་བྱ་སྨིན་ཅིང་གྲོལ་མཛད་པའི། །འཇམ་དབྱངས་ཀུན་དགའི་མཚན་ཅན་ལ་༴། དགའ་ལྡན་གྲུ་འཛིན་གཉིས་པའི་ཕོ་བྲང་ཆེར། །རང་རང་གདུལ་བྱའི་བློ་དང་ལེགས་འཚམ་པར། །མདོ་སྔགས་བཤད་སྒྲུབ་ཆོས་ཚུལ་འདོམས་མཛད་པའི། །ངག་དབང་བློ་བཟང་རྒྱ་མཚོ་ལ་༴། དེ་ལྟར་རྒྱལ་(༣བ)
བ་དགོངས་པའི་བརྒྱུད་པ་དང་། །རིག་འཛིན་རིག་པ་བརྡ་ཡི་བརྒྱུད་པ་དང་། །གང་ཟག་སྙན་ཁུང་བརྒྱུད་པའི་བླ་མ་སྟེ། །དུས་གསུམ་རིག་འཛིན་བླ་མ་ལ་གསོལ་༴། བདག་ནི་དེང་ནས་ཚེ་རབས་ཐམས་ཅད་དུ། །མཚན་ལྡན་བླ་མ་དམ་པས་རྗེས་བཟུང་ཞིང་། །ཡང་གསང་ཁྲོས་པའི་རྣལ་འབྱོར་བསྒོམས་པའི་མཐུས། ཁྲག་འཐུང་རྒྱལ་པོ་མྱུར་དུ་འགྲུབ་པར་ཤོག །སྒྲུབ་ཆེན་བཀའ་བརྒྱད་སྙིང་པོ་པདྨ་དབང་། །གསང་ལས་ཡང་གསང་ཁྲོས་པ་ཉིང་ཁུའི་རྒྱུད། །འཕགས་ཡུལ་གྲུབ་དབང་པདྨ་འབྱུང་གནས་དང་། །སྐད་གཉིས་སྨྲ་བའི་དབང་པོ་བཻ་རོའི་ཞབས། །གངས་ཅན་གྲུབ་མཆོག་དཔལ་ལྡན་འདར་ཆར་གྱི། །ཐུགས་ཀྱི་ཉིང་ཁུ་ཞལ་གྱི་གདམས་པ་འདི། །དགོངས་པ་ཇི་བཞིན་འཁྲུལ་མེད་ལེགས་རྟོགས་ཏེ། །རྩེ་གཅིག་བརྩོན་པས་ཉམས་སུ་ལེན་པར་ཤོག །རྣམ་དག་དབང་བཞིས་བདག་རྒྱུད་ལེགས་སྨིན་ཅིང་། །རིམ་གཉིས་ཟབ་མོའི་རྟོགས་པ་ལྡན་བྱས་ནས། །གནས་སྐབས་ལས་བཞིའི་འཕྲིན་ལས་ཀུན་གྲུབ་སྟེ། །ཀུན་བཟང་དགོངས་པ་མངོན་དུ་འགྱུར་བར་ཤོག །ལྟེ་བའི་དབུས་གནས་མཆོག་གི་འོད་དམར་གྱིས། །རྟེན་དང་བརྟེན་པའི་དཀྱིལ་འཁོར་མ་ལུས་པ། །མུན་ཁུང་སྒྲོན་མེ་བཏེག་པ་ཇི་བཞིན་དུ། །གསལ་དྭངས་སྣང་བའི་བསྐྱེད་རིམ་རྟོགས་པར་ཤོག །དེ་ལྟར་སྣང་བའི་བསྐྱེད་རིམ་ཐམས་ཅད་ཀུན། ལེགས་པར་བརྟགས་ཚེ་སྐྱེ་འགག་གནས་གསུམ་དང་། །གདོད་ནས་བྲལ་བའི་སེམས་ཉིད་རིག་པའི་རྩལ། །སྟོང་ཉིད་རྫོགས་པའི་རིམ་པ་རྟོགས་པར་ཤོག །དེ་ནས་ཆུ་ཟླ་བར་སྣང་འཇའ་ཚོན་ལྟར། །སྣང་ཞིང་བརྟགས་ན་བདེན་པར་མ་གྲུབ་ཅིང་། །མེད་ཅིང་སྣང་བ་མི་འགག་གདོད་མའི་གཤིས། །ཟུང་འཇུག་ངང་ནས་སྐུ་གཉིས་མངོན་འགྱུར་ཤོག །དྲེགས་པའི་རྒྱལ་པོ་གྱིང་ཆེན་སྡེ་ལྔ་དང་། །གཟའ་གདོང་དྲག་པོ་གནོད་སྦྱིན་ལྕམ་དྲལ་སོགས། །ཇི་ལྟར་བསྒོ་བའི་བཀའ་ལས་མི་འདའ་བར། །གསང་ཆེན་བསྟན་པ་སྲུང་བའི་མཐུ་ལྡན་ཤོག །མཁའ་ལ་རིག་(༤ན)
འཛིན་བརྒྱུད་པའི་ཆར་སྤྲིན་གཏིབས། །བར་ལ་རྣལ་འབྱོར་གསང་སྔགས་འབྲུག་སྟོང་སྒྲོག །མཆོག་དང་ཐུན་མོང་དངོས་གྲུབ་ཆར་ཆེན་གྱིས། །སྒྲུབ་མཆོག་ཕུན་ཚོགས་འབྲས་བུ་འགྲུབ་པར་ཤོག །སྐྱབས་སུ་འགྲོ་བའི་རིམས་པ་ནི། བདག་དང་མཁའ་མཉམ་སེམས་ཅན་མ་ལུས་པ། ཁྱབ་བདག་ཀུན་བཟང་གོ་འཕང་མ་ཐོབ་བར། །དཀོན་མཆོག་འདུས་པའི་བདག་ཉིད་རྩ་བ་གསུམ། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆི། །གཞན་དོན་བྱང་ཆུབ་སེམས་བསྐྱེད་ནི། མཐའ་མེད་མར་གྱུར་དྲིན་ཅན་འགྲོ་བ་ཀུན། །བླ་མེད་སངས་རྒྱས་ས་ལ་དགོད་པའི་ཆེད། །དབང་ཆེན་ཡང་གསང་ཁྲོས་པ་སྒྲུབ་པའི་ཐབས། །ཟབ་མོའི་འཕྲིན་ལས་ཉམས་སུ་བླང་བར་བྱ། །ཚོགས་ཞིང་གསལ་གདབ་རྣམ་དག་བདུན། རང་གི་མདུན་དུ་པད་ཉི་རུ་དྲའི་སྟེང་། ཁྲག་འཐུང་ལྷ་ཚོགས་རིགས་ཀྱི་བདག་པོ་རུ། །རྩ་བ་བརྒྱུད་པའི་བླ་མ་ཀུན་བཞུགས་པ། །མཁའ་ལ་དབང་པོའི་གཞུ་ལྟར་བཀྲ་བར་གྱུར། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ཞིང་། །ཕྱི་ནང་གསང་བའི་ཀུན་བཟང་མཆོད་སྤྲིན་དབུལ། །ཐོག་མེད་ནས་བསགས་སྡིག་ལྟུང་མ་ལུས་བཤགས། །དུས་གསུམ་དགེ་བ་ཀུན་ལ་རྗེས་ཡི་རང་། །མགོན་རྣམས་ཟབ་རྒྱས་ཆོས་འཁོར་སྐོར་བར་བསྐུལ། །བསྐལ་པར་མྱ་ངན་མི་འདར་གསོལ་བ་འདེབས། །དགེ་ཚོགས་མ་ལུས་སངས་རྒྱས་ཐོབ་ཕྱིར་བསྔོ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །བར་གཅོད་བགེགས་དཔུང་ཕྱིར་སྐྲོད་པ། ཨཱོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། །པཾ་པདྨ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། མ་སུརྱ་མཎྜ་ལ། རུ་དྲ་བཾ། ཧྲཱིཿསྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། བཛྲ་ཀྲོ་དྷ་ཧ་ཡ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཧྲཱི༔ པད་ཉི་རུ་དྲ་བསྣོལ་བའི་གདན་སྟེང་དུ། །སྐད་ཅིག་བདག་ཉིད་དབང་ཆེན་དམར་ནག་མདོག །(༤བ)
ཞལ་གཅིག་ཕྱག་གཉིས་གཡས་པ་བེ་ཅོན་འཕྱར། །གཡོན་པ་སྡིགས་མཛུབ་རྩེ་ལ་མེ་དཔུང་འབར། །སྐུ་ལ་དུར་ཁྲོད་ཆས་བརྒྱད་རབ་ཏུ་རྫོགས། །དབུ་གཙུག་རྟ་སྐད་སྲིད་གསུམ་ཁྱབ་པར་འཚེར། །ཐུགས་ལས་སྤྲུལ་པའི་ཁྲོ་བོའི་ཚོགས་རྣམས་ཀྱིས། །སྟེང་འོག་ཕྱོགས་མཚམས་མ་ལུས་གང་བར་གྱུར། །ཧྲཱི༔ དཔལ་ཆེན་མི་བཟད་དཀྱིལ་འཁོར་ནས། །འབར་བའི་ཁྲོ་བོ་མེ་དཔུང་འབར། །གདུག་པའི་མཚོན་ཆ་སྣ་ཚོགས་བསྣམས། །བགེགས་དང་ལོག་འདྲེན་རྡུལ་དུ་རློག །དབང་ཆེན་མེ་དཔུང་དམར་ནག་འབར། །བསྐལ་པ་དུས་མཐའི་མེ་ལྟ་བུ། །དབང་དྲག་མཚོན་ཆ་བྲག་ལྟར་གཏམས། །གང་ལ་བབ་ན་གཅོད་ཅིང་སྒྲོལ། །དབང་ཆེན་ཁྲོ་བོ་མི་བཟད་བརྔམས། །སྲིད་པའི་འཁོར་ལོ་ཡེ་ཤེས་འཁྲིགས། །དབང་ཆེན་མཚམས་ལས་གང་འདའ་བ། །རྡུལ་ཕྲན་བཞིན་དུ་བརླག་པར་བྱའོ། །ཨཱོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲི་ཧ་ན་གྲི་ཧ་ན་ཧཱུཾ། གྲི་ཧ་ནཱ་པ་ཡ་གྲི་ཧ་ནཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་ཝ་ན། བིདྱ་རཱ་ཛ་ཧཱུཾ་ཕཊ། མཚམས་གཅོད་སྲུང་བའི་གུར་ཁང་ནི། ཧྲཱི༔ སྟེང་འོག་ཕྱོགས་མཚམས་མ་ལུས་ཁྲོ་བོ་དང་། །རྡོ་རྗེའི་རྭ་བ་བསྐལ་པའི་མེ་འབར་བས། །བར་མཚམས་མེད་པར་གཏམས་པའི་གུར་ཁང་གི །སྲུང་བའི་འཁོར་ལོའི་མཚམས་ལས་མ་འདའ་ཞིག །ཨཱོཾ་རཾ་ཀྲོདྷ་རཀྵ་བཛྲ་ཛྭ་ལ་རཾ་ཏཾ་ཀྵ་ཎ་བི་ཤྭ་ཛྭ་ལ་རཾ་ཕཊ་རཾ་རཾ། སྡིག་སྒྲིབ་ཉེས་ལྟུང་བཤགས་པ་ནི། རང་ཉིད་ལྷར་གསལ་ཐུགས་ཀའི་ས་བོན་ལས། །འོད་འཕྲོས་ཁྲག་འཐུང་ལྷ་དགུའི་དཀྱིལ་འཁོར་ལ། །བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །བསྐོར་བ་མདུན་དུ་བཛྲ་ས་མཱ་ཛ༔ ཧཱུཾ༔ བདག་གིས་དང་པོ་བྱང་ཆུབ་སེམས་བསྐྱེད་ནས། །གྲུབ་པའི་རིག་འཛིན་དབང་ཕྱུག་གོ་འཕང་དུ། །ཡི་དམ་ལྷ་དང་རྡོ་རྗེ་སློབ་དཔོན་ལ། འདའ་བར་མི་བྱ་བསྲུང་བར་དམ་བཅས་ཏེ། །ལས་ངན་དབང་གྱུར་སྐྱེ་བོ་བདག་འདྲ་བ། །(༥ན)
འདོད་ཆགས་ཞེ་སྡང་གཏི་མུག་དབང་དུ་གྱུར། །སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཡི་དམ་ལྷ་ཡི་ཕྱག་རྒྱ་མ་གསལ་ཏེ། །སྔགས་དང་བཟླས་བརྗོད་བསྙེན་྄པའིགྲངས་ཀྱང་ཆག །བསྙེན་བསྒྲུབ་བཀང་ཕྱིར་དུས་ཀྱི་ཆོ་ག་ཆག །ཉ་ཤི་དུས་དྲུག་མཆོད་པ་ལོ་ཟླ་འདས། ཁས་བླངས་དམ་བཅས་གཞན་དུ་མ་བགྱིས་ཏེ། །གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །སྙན་ཁུང་བརྒྱུད་ནས་ཐུགས་ཀྱི་དཀྱིལ་འཁོར་དུ། །ལྟ་སྤྱོད་གསང་བའི་མན་ངག་གཉེར་གཏད་པ། །སྤྱོད་པ་གཡེལ་བས་མན་ངག་གཉེར་མ་ཐུབ། །ཉམས་ཤིང་ཚོགས་ཆག་ཉམས་པའི་ཚོགས་དང་འདྲེས། །ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །སྣང་གསལ་སྒྲོན་མ་རྡོ་རྗེ་སློབ་དཔོན་དང་། །དམ་ཚིག་ཟུང་གིས་འབྲེལ་བའི་ཡུམ་རྣམས་ལ། །སྙིང་ནས་སྨོད་ཅིང་ཐུགས་དང་འགལ་གྱུར་པ། །བཀའ་ཆད་གནས་སུ་གྱུར་པ་མཐོལ་ལོ་བཤགས། །དམ་ཚིག་སྲུང་བས་འབྲེལ་བའི་མཆེད་ལྕམ་ལ། །སྐུ་བརྡུངས་འགྲན་སེམས་ཞེ་སྡང་བསྡིགས་ལ་སོགས། །ངན་སོང་གསུམ་གྱི་སྡུག་བསྔལ་མི་བཟོད་པ། །ལྟུང་བའི་ལུ་གུ་རྒྱུད་དེ་རྒྱུན་ཐག་ཆོད། །དབྱིངས་ཉིད་ནམ་མཁའི་དབྱིངས་སུ་བཟོད་པར་གསོལ། །བཟོད་པར་གསོལ་ལོ་ཚངས་པར་སྩལ་དུ་གསོལ། །ཨཱོཾ་པདྨ་ཤྲཱི་ཧེ་རུ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། པདྨ་ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ། ཌི་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲཱི་ཡཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ་བྷ་ག་ཝ་ན་པདྨ་ཤྲཱི་ཧེ་རུ་ཀ་མ་མེ་མུཉྩ་པདྨ་ཤྲཱི་ཧེ་རུ་ཀོ་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨ་ཧཱུཾ། ཡེ་ཤེས་བྱིན་ཆེན་དབབ་པ་ནི། ཨ་ལ་ལ་ཧོ། །བྷ་ག་ཝ་ན་ས་མ་ཡ་ཧོ། ས་མ་ཡ་སྟྭཾ༔ འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། ཁྱད་པར་སྟོན་པའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །
དངོས་གྲུབ་སྩོལ་བའི་དུས་ལ་བབ། །དགྲ་བགེགས་སྒྲོལ་བའི་དུས་ལ་བབ། །ཉམས་ཆག་བཀོང་བའི་དུས་ལ་བབ། །མཐུ་ཆེན་མཐུ་སྩོལ་བཅོམ་ལྡན་འདས། །དབང་ཆེན་དབང་སྐུར་བཅོམ་ལྡན་འདས། །བྱིན་ཆེན་ཕོབ་ཅིག་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བཅོམ་ལྡན་འདས་ཀྱིས་བདག་རྣམས་ལ། །ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཨཱོཾ་བཛྲ་ཨཾ་ཀུ་ཤ་ཛཿ། མཆོད་ཀུན་སྦྱང་བའི་རིམ་པ་ནི། རང་ཉིད་ལྷར་གསལ་ཐུགས་ཀའི་ས་བོན་ལས། །སྤྲོས་པའི་རཾ་ལས་ཡེ་ཤེས་མེ་དཔུང་འབར། །ཕྱི་ནང་གསང་བའི་མཆོད་ཚོགས་མ་ལུས་པའི། །མ་དག་ཉེས་སྐྱོན་བསྲེགས་ཤིང་བྱང་བར་གྱུར། །མཆོད་ཀུན་སྤེལ་བའི་རིམ་པ་ནི། རང་གི་ཐུགས་ཀའི་ས་བོན་ལས་སྤྲོས་པའི། །ཨ་ཡིག་འོད་ཟེར་འབར་བའི་ནུས་མཐུ་ཡིས། །ཆུང་དང་ཉུང་ངུའི་མཆོད་པའི་ཚོགས་རྣམས་ཀྱང་། །མང་པོར་འཕེལ་ཞིང་རྒྱ་ཆེར་རྒྱས་གྱུར་ཅིག །ཕྱི་མཆོད་བྱིན་ཀྱིས་བརླབ་པ་ནི། རཾ་ཡཾ་ཁཾཿལས་མེ་རླུང་ཆུ་གསུམ་བྱུང་། །ཕྱི་ཡི་མཆོད་པའི་དྲི་མ་བསྲེགས་གཏོར་བཀྲུས། །ཨ་དྷུ་པུ་ཨ་ག་ན་ཤ༔ ས་མ་ཡ་སྟྭཾ༔ སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ས་བོན་ལས་གྲུབ་མཆོད་པའི་ལྷ་མོ་ནི། །ཆུ་དང་ཉེར་སྤྱོད་རོལ་མོ་ལེགས་ཐོགས་པ། །དམ་ཚིག་དབང་གྱི་བྱོན་ཞིང་འོད་ཟེར་འཕྲོས། །འཕགས་པ་མཆོད་ཅིང་སེམས་ཅན་དོན་ཀུན་བྱས། །སྲིད་ཞིའི་འདོད་པའི་ཡོན་ཏན་ཚོགས་ཀུན་བསྡུས། །ཀུན་དུ་བཟང་པོའི་མཆོད་པའི་སྤྲིན་ཕུང་སྤྲོས། །ཨཱོཾ་ཨཱ་ཧ་ར་ཨཱ་ཧ་ར་ཧཱུཾ༔ ཨཱོཾ་བཛྲ་དྷཱུ་པེ་ཧཱུཾ༔ ཨཱོཾ་བཛྲ་པུཥྤེ་ཧཱུཾ༔ ཨཱོཾ་བཛྲ་ཨ་ལོ་ཀཻ་ཧཱུཾ༔ ཨཱོཾ་བཛྲ་གནྡྷེ་ཧཱུཾ༔ ཨཱོཾ་བཛྲ་ནཻ་ཝཾ་དྱ་ཧཱུཾ༔ ཨཱོཾ་བཛྲ་ཤཔྟ་ཧཱུཾ༔ སྨན་ཕུད་བྱིན་གྱིས་བརླབ་པ་ནི། རཾ་ཡཾ་ཁཾ་གིས་བདུད་རྩི་སྨན་མཆོད་ཀྱི། །སྣོད་དང་བཅས་པ་བསྲེགས་གཏོར་བཀྲུས་ཤིང་སྦྱངས། །བྷྲུཾ་བྷི་ཤ་བི་ཤུདྡྷེ༔ ས་མ༔ སུཪྻ༔ རཏྣ༔ ཙནྡྲ༔ ཨེ་མཎྜ་ལ་བྷྲུཾ། འཁོར་ལོ་རྩིབས་བཞིའི་ལྟེ་(༦ན)
བར་པདྨ་ནི། །འདབ་བརྒྱད་རྩིབས་ཀྱི་ཤར་དུ་ཉི་མ་དང་། །ལྷོ་རུ་རིན་ཆེན་ཟུར་བརྒྱད་ནུབ་ཟླ་བ། །བྱང་དུ་རྡོ་རྗེ་རྒྱ་གྲམ་དག་གིས་མཚན། །དབུས་ནས་རིམ་བཞིན་གཡས་སྐོར་རཀྟ་དང་། །དྲི་ཆུ་ཤ་ཆེན་དྲི་ཆེན་ཀླད་པ་ལྔ། །ཨཾ་སྱཾ། ཧཱུཾ་མུཾ༔ སྭ་མཾ༔ ཨཱོཾ་ལཾ༔ ཧ་རཾ༔ སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུཾ༔ ས་བོན་བཅུ་ལས་འོད་འཕྲོས་དོན་གཉིས་བྱས། །ཚུར་འདུས་འོད་དུ་ཞུ་བ་ཡོངས་གྱུར་ལས། །པདྨ་གཎྜ༔ བཛྲ་གཎྜ༔ རཏྣ་གཎྜ༔ ཙཀྲ་གཎྜ༔ ཁངྒ་གཎྜ༔ ས་མ་ཡ་སྟྭཾ༔ སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུཾ། དབུས་ནས་བརྩམས་ཏེ་རིམ་བཞིན་གཡས་སྐོར་དུ། །སྣང་མཐའ་དམར་པོ་གོས་དཀར་མོ་དང་སྤྱོད། །མི་བསྐྱོད་མཐིང་ག་དབྱིངས་ཕྱུག་མ་དང་སྦྱོར། །རིན་འབྱུང་སེར་པོ་རིན་ཆེན་སྒྲོལ་མས་འཁྱུད། །རྣམ་སྣང་དཀར་པོ་སངས་རྒྱས་སྤྱན་མས་འཁྱུད། །དོན་གྲུབ་ལྗང་གུ་དམ་ཚིག་སྒྲོལ་མས་འཁྱུད། །ཡབ་རྣམས་གཡས་པ་རང་རྟགས་གཡོན་དྲིལ་བུ། །ཡུམ་རྣམས་གཡས་འཁྱུད་གཡོན་པ་དྲིལ་བུ་འཛིན། །སྙོམས་པར་ཞུགས་པས་བྱང་སེམས་གསང་གནས་ཕབ། །འོད་འཕྲོས་དོན་གཉིས་བྱས་ཤིང་འབྲུ་གསུམ་གྱིས། །འཇིག་རྟེན་འདས་དང་མ་འདས་སྣོད་བཅུད་ཀྱི། །བདུད་རྩིའི་སྙིང་པོ་བསྡུས་ཏེ་ཡུམ་ལྔར་ཐིམ། །ཡུམ་ལྔ་འོད་ཞུ་བདུད་རྩིའི་རང་བཞིན་གྱུར། །མུ་ཏིག་དཀར་པོ་དྲི་མ་མེད་ལྟ་བུའི། །སྟེང་དུ་ཟླ་བའི་གདན་ལ་ཨཱོཾ་དཀར་པོ། །ཡེ་ཤེས་ལྔ་དང་ལྡན་པའི་མཚན་མ་ཅན། །མ་ཧཱ་སུརྱ་མཎྜ་ལ་ཧཱུཾ་ཕཊ༔ པཾ་པདྨ་མཎྜ་ལ་ཨེ་ཨཾ། ས་མ་ཡ་ཧོ། ས་མ་ཡ་སྟྭཾ༔ ཨ་ནུ་རཱ་ག་མི༔ ཨ་ནུ་རཱ་ག་ཡ་ཧོ༔ ཛཿཧཱུཾ་བཾ་ཧོ༔ ཨཱོཾ་ཨ༔ མ་པཾ༔ ཧྲཱི༔ སུརྱ༔ ཙནྡྲ༔ པདྨ་དྷ་ར་ཧྲཱི༔ གཡོན་པའི་མཐེབ་སྲིན་བར་དུ་ཨ་ཡིག་དང་། །མ་ལས་ཉི་ཟླ་ཁ་སྦྱོར་གུར་ཁང་དང་། །བདུད་རྩིའི་སྟེང་དུ་པདྨ་འདབ་བཞིའི་དབུས། །རྟ་མགྲིན་དམར་ནག་པདྨ་རྒྱ་གྲམ་(༦བ)
འཛིན། །ཕྱོགས་བཞིར་གསང་ཡུཾ་མི་ཕམ་ཁྲོ་གཉེར་ཅན། །རལ་གཅིག་རོ་ལངས་དཀར་སེར་དམར་ལྗང་མདོག །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་འཛིན། །བཞི་ཀའང་རྒྱབ་མདུན་ཟུར་ནས་ཡབ་དང་སྦྱོར། །ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ། རྟ་མགོའི་སྟེང་གི་ཧྲཱིཿ ལས་འོད་འཕྲོས་པས། །འོག་མིན་གནས་ཀྱི་སངས་རྒྱས་ཡབ་ཡུམ་མཆོད། །མདུན་དུ་སྤྱན་དྲངས་སྙོམས་པར་བཞུགས་པ་ཡི། །བྱང་སེམས་ཡབ་ཀྱི་ཞལ་ཞུགས་སྒལ་ཚིགས་རྒྱུད། །ཡུམ་བཞིའི་བྷ་གར་ཐིག་ལེ་དུས་གཅིག་བབས། །ཡབ་ཡུམ་ལྔ་པོ་བདུད་རྩིར་ཞུ་ནས་འདྲེས། །བདག་གྲོགས་རྫས་ལ་གཏོར་བས་ཉེས་པ་ཀུན། །མ་ལུས་དག་པའི་བྱེད་ལས་ལྡན་པར་གྱུར། །ཨཱོཾ་སྭ་བྷཱ་ཝ་བི་ཤུ་དྷེ་ཧཱུཾ༔ དྷརྨ་ཨ་མྲྀ་ཏ་ཧཱུཾ། རཾ་ཀྲོ་དྷ་རཀྵ་བཛྲ་ཛྭ་ལ་རཾ་ཕཊ༔ རཾ་རཾ༔ ཨཱོཾ་ཨཱཿཧཱུཾ༔ གཏོར་མ་བྱིན་གྱིས་བརླབ་པ་ནི། རཾ་ཡཾ་ཁཾ་གྱིས་གཏོར་མའི་དངོས་འཛིན་རྣམས། །བསྲེགས་གཏོར་བཀྲུས་ཏེ་རྣམ་པར་དག་པར་གྱུར། །བྷྲུཾ་པད་མ་བ་ལིཾ་ཏ་བི་ཤ་ཙཀྲ་བྷྲུཾ། མ་ཧཱ་སུཪྻ་མཎྜ་ལ་ཧཱུཾ༔ ས་མ་ཡ་སྟྭཾ༔ སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུཾ༔ པཾ་པདྨ་མཎྜལ་ཨཱ༔ ས་མ་ཡ་སྟྭཾ༔ སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུཾ། ཨ་ཙནྡྲ་མཎྜ་ལ་ཨཾ། ས་མ་ཡ་སྟྭཾ༔ སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུཾ། གཏོར་མ་གཞལ་ཡས་ཁང་དུ་གསལ་བ་ཡི། །ཉི་མའི་སྟེང་དུ་ཧཱུཾ་ལས་འོད་འཕྲོས་པས། །དོན་གཉིས་བྱས་ཤིང་ཚུར་འདུས་ཡོངས་གྱུར་ལས། །གཏོར་མའི་དངོས་པོ་ཆོས་ཉིད་ངང་དུ་སྦྱངས། །སླར་ཡང་གཏོར་མའི་སྟེང་དུ་པདྨ་བརྒྱད། །དབུས་སུ་ཨ་ཡིག་དམར་པོ་གསལ་ཞིང་དངས། །དེ་ལས་བྱུང་བའི་འོད་ཟེར་འཕྲོ་འདུ་ཡིས། །བདུད་རྩི་ཡེ་ཤེས་ལྔ་ཡི་ངོ་བོར་འབར། །སླར་ཡང་གཏོར་སྟེང་ཟླ་བའི་དཀྱིལ་འཁོར་དབུས། །ཨཱོཾ་ཡིག་དཀར་པོའི་འོད་ཟེར་འཕྲོ་འདུ་ལས། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས། །འདོད་ཡོན་མཆོད་པའི་སྤྲིན་ཕུང་རྒྱས་གྱུར་ཅིག །(༧ན)
ཨཱོཾ་མ་ཧཱ་བ་ལིཾ་ཏ་པུ་ཛ་ཏེ་ཛ་ཧཱུཾ། རཀྟ་བྱིན་གྱིས་བརླབ་པ་ནི། རཾ་ཡཾ་ཁཾ་གྱིས་རཀྟའི་དྲི་མ་ཀུན། །མ་ལུས་སྦྱངས་ཤིང་ཡོངས་སུ་དག་པར་གྱུར། །བྷྲུཾ་བི་ན་དྷ་ཤ་ཀ༔ མ་སུརྱ་མཎྜ་ལ། རཾ་ས་མ་ཡ་སྟྭཾ༔ སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུཾ། ནང་དམར་ཕྱི་དཀར་ཐོད་པའི་གཞལ་ཡས་སུ། །མ་ལས་ཉི་མའི་དཀྱིལ་འཁོར་དམར་སེར་སྟེང་། །ཐུགས་ཀའི་ཧྲཱིཿལས་འཕྲོས་པའི་རཾ་དམར་པོ། །འཕྲོ་འདུ་འོད་ཞུ་ཡོངས་སུ་གྱུར་པ་ལས། །རཀྟའི་རྒྱ་མཚོས་སྟོང་གསུམ་ཁྱོན་ཀུན་གང་། །རླབས་འཁྲུག་ཞིང་འཕྱོ་ཚིལ་ཆེན་དར་ཆགས་པ། །ཕྱི་ལྟར་ཁྲག་མཚོ་ནང་ནི་ཆོས་ཀྱི་དབྱིངས། །གསང་བ་ཡུམ་གྱི་པདྨ་རཀྟ་འཁྱིལ། །ཨཱོཾ་མ་ཧཱ་པདྨ་རཀྟ་ཧཱུཾ། ཏིང་འཛིན་རྣམ་གསུམ་རྟེན་བརྟེན་པ། །སྙན་གསན་སྤྱན་འདྲེན་བཞུགས་གསོལ་ཕྱག །ཉེར་སྤྱོད་འདོད་ཡོན་སྨན་དངོས་གྲུབ། །གཏོར་མ་རཀྟ་སྦྱོར་སྒྲོལ་མཆོད། །ཀླུ་མཆོད་བསྟོད་པ་འཛབ་དེའི་བསྟོད། །དངོས་གྲུབ་བླང་བ་དངོས་གཞིའི་ཁྲིགས། །དེ་ཏིང་ཀུན་ཏིང་རྒྱུ་ཏིང་གསུམ། །ཧཱུཾ། ཆོས་ཉིད་ནམ་མཁའི་ཀློང་ཡངས་ནས། །ཆོས་རྣམས་སྣ་ཚོགས་རང་ཤར་བ། །རང་བཞིན་མེད་དེ་ཆུ་ཟླ་འདྲ། །ཐུགས་རྗེ་ཆེན་པོས་ཀུན་ལ་ཁྱབ། །སྙིང་པོ་ཡེ་ཤེས་ཧཱུཾ་གི་དབྱིངས། །ཨཱོཾ་ཤཱུ་ནྱ་ཏ་ཛྙཱ་ན་ས་མ་ཏ་ཧཱུཾ། ཨཱོཾ་དྷརྨཱ་དྷཱ་ཏུ་ས་མ་ཏི་ཧཱུཾ། ཨཱོཾ་ཛྙཱ་ན་བཛྲ་ས་མ་ཏི་ཧཱུཾ། བརྟེན་བྱ་གཞལ་ཡས་ཁང་བསྐྱེད་པ། ཨེ་ཡཾ་རཾ་ཁཾ་སུཾ་ཀེཾ་བྷྲུཾ༔ ས་བོན་སྔགས་རྣམས་ཡོངས་སུ་གྱུར་པ་ལས། །འབྱུང་ལྔ་རི་རབ་གཞལ་ཡས་ལྷུན་གྱིས་གྲུབ། །ཨེ་ཨ་ཀ་ཤ་མཎྜ་ལ་ཧཱུཾ། ཨེ་ལས་ནམ་མཁའ་སྔོ་སྐྱ་གྲུ་གསུམ་སྟེང་། །ཡཾ་བ་ཡ་བེ་མཎྜ་ལ་ཧཱུཾ། ཡཾ་ལས་རླུང་དཀྱིལ་ཟླ་གམ་དུད་ཁ་གཡོ། །རཾ་ཛྭ་མཎྜ་ལ་ཧཱུཾ། རཾ་ལས་མེ་དཀྱིལ་དམར་པོ་ཟུར་གསུམ་འབར། ཁཾ་རཀྟ་ས་མུ་དྲ་མཎྜ་ལ་ཧཱུཾ། ཁཾ་ལས་ཁྲག་མཚོ་དམར་ནག་ཟླུམ་པོ་འཁྲུག །སུཾ་བྲི་ཐི་ཝི་མཎྜ་ལ་ཧཱུཾ། སུཾ་ལས་ས་དཀྱིལ་སེར་(༧བ)
པོ་གྲུ་བཞི་བརྟན། །ཀཾ་ནི་རི་ཏི་སུ་མེ་རུ་མཎྜ་ལ་ཧཱུཾ། ཀེཾ་ལས་ཀེང་རུས་རི་རབ་གྲུ་བཞི་དཀར། །བྷྲུཾ་བི་ཤ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲུཾ༔ བྷྲུཾ་ལས་ཐོད་པ་རིན་ཆེན་གཞལ་ཡས་ཁང་། །དབུས་སུ་གྲུ་གསུམ་དམར་ནག་དཀྱིལ་འཁོར་ལ། །ཟླ་གམ་དམར་པོ་ཐོད་པའི་ར་བ་ཅན། །ཕྱི་རོལ་འཁོར་ལོ་རྩིབས་བཞི་ཕྱོགས་ཀྱི་མདོག །མགོ་བོ་རློན་པའི་འཕྲེང་བས་ཟླུམ་པོར་བསྐོར། །དེའི་ཕྱིར་གྲུ་བཞི་སྒོ་བཞི་གཞལ་ཡས་ཁང་། །ཕྱོགས་སྐྱོང་བཅུ་ཡིས་རྩིག་པའི་རྨང་གཞི་བྱས། །ནང་ནི་བན་དྷ་སྐམ་རློན་རྙིང་པ་ཡིས། །རྩིག་པ་གནམ་ལྕགས་འབར་བའི་གཟེར་གྱིས་བཏབ། །ཕྱི་ནི་སྣ་ཚོགས་རིན་ཆེན་ལས་གྲུབ་པ། །དམར་དཀར་སེར་ལྗང་ནག་པོའི་རྩིག་པ་ཅན། །བར་དུ་ལྷ་ཆེན་བརྒྱད་ཀྱིས་རྩིག་པས་གཏམས། །རྩིག་སྟེང་རིན་ཆེན་རུས་པའི་ཕ་གུ་ལ། །རྒྱུ་མ་རློན་པའི་དྲ་བ་དྲ་ཕྱེད་འཕྱང་། །དེའི་སྟེང་རིན་ཆེན་རུས་པ་སྤེལ་མ་ཡིས། །མདའ་ཡབ་པུ་ཤུ་རྩིག་པའི་རྩ་བ་ན། །འདོད་སྣམ་དམར་པོ་མཆོད་པའི་ལྷ་མོས་གང་། །རྒྱལ་ཆེན་བཞི་དང་ཐོད་པ་སྐམ་པོ་ལས། །གྲུབ་པའི་ཀ་བ་བརྒྱད་ཀྱིས་ལེགས་བཏེག་པའི། །ཐོད་པ་རློན་པའི་ཀ་གཞུ་རབ་ཏུ་བརྗིད། །ཀླུ་ཆེན་བརྒྱད་ཀྱི་གདུང་མས་ཕྱོགས་མཚམས་བྲེས། །དེ་ལ་མཛེས་པའི་མེ་ཏོག་རྒྱན་དུ་སྤུད། །གཟའ་ཆེན་བརྒྱད་ཀྱི་བད་ཕུར་བཏང་པ་ལ། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དྲལ་ལྕམ་བྱས། །བདུད་རྩི་ལྔ་ལས་གྲུབ་པའི་ཞལ་བ་ཅན། །དབུས་ཀྱི་ལྟེ་བ་ཕྱུར་བུར་མཐོ་བའི་རྩེར། །པདྨས་བཏེག་པའི་ཙིཏྟའི་ཏོག་གིས་བརྒྱན། །སྒོ་བཞི་ཀ་བ་བཞི་བཞིས་བཏེག་པ་ཡི། །རྟ་བབས་བང་རིམ་བཞི་དང་ལྡན་པའི་སྟེང་། །པདྨ་ཆོས་འཁོར་བཅུ་གསུམ་གདུགས་རི་དགས། །མགོ་སྙིང་ཏོག་མཛེས་ཞིང་ཆེན་རྒྱལ་མཚན་དང་། །ལག་པའི་འཕན་དང་སྐྲ་ཡི་རྔ་ཡབ་ཅན། །དབང་པོའི་མེ་ཏོག་སྤེལ་བའི་ཕྲེང་བ་གཡོ། །མདོར་ན་རྔམ་བརྗིད་མཛེས་པའི་རྒྱན་(༨ན)
གྱིས་སྤུད། །ཕྱི་རོལ་པད་ར་དུར་ཁྲོད་ཆེན་པོ་བརྒྱད། །རྡོ་རྗེའི་ར་བ་བསྐལ་བའི་མེ་དཔུང་འབར། །དབུས་ཀྱི་གྲུ་གསུམ་དམར་ནག་དཀྱིལ་འཁོར་སྟེང་། །པཾ་པདྨ་བཾ༔ དེ་ལས་སྣ་ཚོགས་པད་མ་མཛེས་པའི་གདན། །ཨ་ཙནྡྲ་བཾ༔ དེ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་པ། །མ་སུཪྻ་བཾ༔ དེ་ལས་ཉི་མའི་དཀྱིལ་འཁོར་འོད་ཟེར་འབར། །རུ་ཏྲ་བཾ༔ དེ་ལས་རུ་ཏྲ་ཕོ་མོ་བསྣོལ་པ་ཡི། །གན་རྒྱལ་ཁ་སྦུབ་བརྩིགས་པའི་གདན་སྟེང་དུ། །བརྟེན་པ་ལྷ་ཚོགས་བསྐྱེད་པ་ནི། ཧྲཱིཿམཾ། སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུཾ༔ ཏིཥྛ་བཛྲ༔ ཨཱོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། གདན་སྟེང་རྒྱུ་ཏིང་ཧཱུཾ་ཡིག་བབས་པ་ལས། །ཧྲཱིཿ ཡིག་དམར་ནག་བཾ་ཡིག་སྔོན་པོར་གྱུར། །དེ་ལས་འོད་འཕྲོས་འཕགས་ཚོགས་མཆོད་པས་མཉེས། །སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་མ་ལུས་སྦྱངས། །སླར་ཡང་འདུས་ཤིང་བརྟན་པར་བྱས་པ་ལས། །རང་ཉིད་རྟ་མགྲིན་པདྨ་དབང་ཆེན་སྐུ། །ཞལ་གསུམ་གཡས་དཀར་གཡོན་ལྗང་དབུས་དམར་ནག །སྤྱི་བོའི་གཙུག་ཏུ་རྟ་མགོ་ལྗང་གུའི་ཞལ། །རྔོག་མ་དམར་པོ་ཕྲུཾ་ཕྲུཾ་སེར་པོ་དང་། །ཞུར་དཀར་རྟ་སྐད་སྒྲ་དབྱངས་ཕྱོགས་བཅུར་འཚེར། །ཞལ་རྣམས་ཀུན་ལ་སྤྱན་གསུམ་དམར་ཞིང་ཟླུམ། །སྨིན་མ་སྨ་ར་སེར་པོ་གློག་ལྟར་འཁྱུག །དབུ་སྐྲ་རལ་པ་ཁམ་ནག་གྱེན་དུ་བརྫེས། །ཕྱག་དྲུག་གཡས་ཀྱི་དང་པོ་པདྨ་བསྣམས། །གཡོན་གྱི་དང་པོ་ཁྲག་གང་ཀ་པཱ་ལ། །བཟུང་སྟེ་བདེ་ཆེན་ཡུམ་གྱི་མགུལ་ནས་འཁྱུད། །ལྷག་མ་གཡས་གཉིས་ལྕགས་ཀྱུ་བེ་ཅོན་དང་། །གཡོན་གཉིས་ཞགས་པ་རལ་གྲི་མེ་འབར་འཛིན། །སྐུ་སྟོད་ཞིང་ལྤགས་གླང་ཆེན་ཀོ་རློན་གསོལ། །སྐུ་སྨད་སྟག་གི་པགས་པའི་ཤམ་ཐབས་ཀླུབས། །ཐོད་སྐམ་དབུ་རྒྱན་རིན་ཆེན་རྩེ་ཕྲན་ཅན། །མགོ་བོ་སྐམ་རློན་རྙིད་པ་ལྔ་བཅུ་ཡི། །ཚར་གསུམ་འཕྲེང་བའི་དོ་ཤལ་སྐུ་ལ་(༨བ)
གསོལ། །རུས་པ་རིན་ཆེན་སྦྲུལ་རིགས་བཞི་ཡིས་བརྒྱན། །ཞག་གི་སོར་རིས་རཀྟའི་ཐིག་ལེ་དང་། །ཐལ་ཆེན་ཚོམ་བུ་སྐུ་ཡི་གནས་སུ་བྱུགས། ཁམས་གསུམ་རྣམ་པར་རྒྱལ་བའི་ཁྱུང་གཤོག་ཅན། །གར་དགུའི་ཉམས་ལྡན་ཞབས་བཞི་བརྐྱང་བསྐུམས་བཞུགས། །ཨཱོཾ་མཧཱ་ཀྲོ་དྷི་ཤྭ་རི་ཧཱུཾ་ཕཊ། གཙོ་བོའི་གཡོན་ནས་སྐུ་ལ་འཁྲིལ་ཚུལ་ཅན། །གསང་ཡུམ་པདྨ་གར་གྱི་དབང་ཕྱུག་ནི། །སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་མ། །སྤྱན་གསུམ་གདངས་མིག་ཞལ་བགྲད་མཆེ་བ་གཙིགས། །དབུ་སྐྲ་རལ་པ་ནག་པོ་མུན་ལྟར་བཏིབས། །ཕྱག་གཡས་ཙིཏྟ་ཐོགས་ནས་ཡབ་ལ་འཁྱུད། །གཡོན་པ་དུང་ཆེན་ཁྲག་གིས་གང་བའི་མཚོ། །དཔལ་ཆེན་གཙོ་བོའི་ཞལ་དུ་འདེབས་ཚུལ་མཛད། །ཡབ་ཡུམ་གཉིས་ཀྱི་སྤྱི་བོར་ཟླ་བ་དང་། །མགྲིན་པར་པདྨ་ཐུགས་ཀར་ཉི་མའི་སྟེང་། །ཨཱོཾ་དཀར་ཨཱཿདམར་ཧཱུཾ་སྔོན་ཡི་གེ་ཡིས། །མཚན་པས་སྐུ་གསུང་ཐུགས་རྣམས་བྱིན་གྱིས་བརླབས། །དབུ་ལ་ཐོད་པའི་ཁང་བུ་ལྔས་བརྒྱན་པའི། །སྤྱི་གཙུག་ཧཱུཾ་སྔོན་མཚོག་མར་ཨཱོཾ་དཀར་པོ། །རྣ་ལྟག་གཡས་སུ་སྭཱ་སེར་ལྟག་པ་ན། །ཨཾ་དམར་རྣ་ལྟག་གཡོན་ན་ཧཾ་ལྗང་གུ། །དེ་རྣམས་སྐད་ཅིག་ཡོངས་སུ་གྱུར་པ་ལས། །ཧཱུཾ་བཛྲ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཁྲག་འཐུང་སྔོན་པོ་རྡོར་དྲིལ་འཛིན། །ཨཱོཾ་བུདྡྷ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུཾ། །སངས་རྒྱས་ཁྲག་འཐུང་དཀར་པོ་འཁོར་དྲིལ་འཛིན། །སྭཱ་རཏྣ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུཾ། །རིན་ཆེན་ཁྲག་འཐུང་སེར་པོ་རིན་ཆེན་དྲིལ། །ཨཾ་པདྨ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུཾ། །པདྨ་ཁྲག་འཐུང་དམར་པོ་པད་དྲིལ་འཛིན། །ཧཾ་ཀརྨ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུཾ། །ལས་ཀྱི་ཁྲག་འཐུང་ལྗང་གུ་རལ་གྲི་དྲིལ། །རྒྱན་དང་ཆ་ལུགས་གཙོ་བོ་དག་དང་མཐུན། །ཁྲག་འཐུང་རིགས་ལྔ་དབུ་ཡི་རྒྱན་དུ་རྫོགས། །ཡབ་ཀྱི་གསང་གནས་ཡི་གེ་ཧཱུཾ་ཡིག་ནི། །ཡོངས་གྱུར་རྡོ་རྗེ་(༩ན)
རྩེ་ལྔའི་རྣམ་པ་ཅན། །ཡུམ་གྱི་གསང་གནས་པཾ་ལས་པད་འདབ་བརྒྱད། །སྙོམས་པར་ཞུགས་པའི་བདེ་བ་ཆེན་པོའི་སྒྲས། །སངས་རྒྱས་སྲས་དང་བཅས་པ་སྤྱན་དྲངས་ནས། །ཡབ་ཀྱི་ཞལ་ཞུགས་ཐུགས་གར་འོད་དུ་ཞུ། །རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབས་པའི། །ཐིག་ལེ་ཡིག་འབྲུ་བརྒྱད་ཀྱི་ངོ་བོ་གྱུར། །ཧཱུཾ་ཧཱུཾཿཧཱུཾཿ ཧཱུཾཿཛ་ཧཱུཾ་བཾ་ཧོ༔ ཤར་གྱི་རྩིབས་སྟེང་དེ་ཝ་བཾ་ཡོངས་གྱུར། །དྲི་ཟ་དཀར་པོ་ཕོ་མོ་བསྣོལ་གདན་ལ། །ཨཱོཾ་བཛྲ་ཤྭ་རི་ཀྲོ་དྷ་ཧཱུཾ་ཕཊཿ། དེ་ལས་རྡོ་རྗེ་དབང་ཆེན་སྐུ་མདོག་དཀར། །ཞལ་གཅིག་ཕྱག་གཉིས་གཡས་པ་རྡོ་རྗེ་དང་། །གཡོན་པ་དབྱུག་ཐོ་བསྣམས་ཤིང་འགྱིང་བའི་ཚུལ། །ལྷོ་ཡི་རྩིབས་སྟེང་ཡ་མ་བཾ་ཡོངས་གྱུར། །གྲུལ་བུམ་སྔོན་པོ་ཕོ་མོ་བསྣོལ་གདན་ལ། །ཨཱོཾ་རཏྣ་ཤྭ་རི་ཀྲོ་དྷ་ཧཱུཾ་ཕཊ༔། དེ་ལས་རིན་ཆེན་དབང་ཆེན་སྐུ་མདོག་སྔོ། །ཞལ་གཅིག་ཕྱག་གཉིས་གཡས་པ་རིན་ཆེན་དང་། །གཡོན་པ་ལྕགས་ཀྱུ་འགུགས་པའི་ཚུལ་གྱིས་འཛིན། །ནུབ་ཀྱི་རྩིབས་སྟེང་ན་ག་བཾ་ཡོངས་གྱུར། །ཀླུ་རྒྱལ་དམར་པོ་ཕོ་མོ་བསྣོལ་གདན་ལ། །ཨཱོཾ་པདྨ་ཤྭ་རི་ཀྲོ་དྷ་ཧཱུཾ་ཕཊ༔ དེ་ལས་པདྨ་དབང་ཆེན་སྐུ་མདོག་དམར། །ཞལ་གཅིག་ཕྱག་གཉིས་གཡས་པ་པདྨ་དང་། །གཡོན་པ་ཞགས་པ་འཆང་བའི་ཚུལ་གྱིས་འཛིན། །བྱང་ཕྱོགས་རྩིབས་སྟེང་ཡཀྵ་བཾ་ཡོངས་གྱུར། །གནོད་སྦྱིན་ལྗང་གུ་ཕོ་མོ་བསྣོལ་གདན་ལ། །ཨཱོཾ་ཀརྨ་ཤྭ་རི་ཀྲོ་དྷ་ཧཱུཾ་ཕཊཿ། དེ་ལས་ལས་རབ་དབང་ཆེན་ལྗང་དམར་མདོག །ཞལ་གཅིག་ཕྱག་གཉིས་གཡས་པ་རལ་གྲི་དང་། །གཡོན་པ་རྩེ་གསུམ་བསྣུན་པའི་ཚུལ་གྱིས་འཛིན། །ཀུན་ཀྱང་སྤྱན་གསུམ་ཞལ་བགྲད་མཆེ་བ་གཙིགས། །དབུ་སྐྲ་ཁམ་ནག་གྱེན་བརྫེས་སྦྲུལ་གྱིས་བཅིངས། །དུར་ཁྲོད་ཆས་རྣམས་མ་ལུས་སྐུ་ལ་བརྒྱན། །མེ་དཔུང་(༩བ)
ཀློང་ན་གར་སྟབས་ཚུལ་གྱིས་བཞུགས། །སྒོ་བཞིར་ཨ་དང་ཙནྡྲ་བཾ་ཡོངས་གྱུར། །ཟླ་བའི་དཀྱིལ་འཁོར་རེ་རེའི་གདན་སྟེང་དུ། །ཨཱོཾ་བཛྲ་ཨཾ་ཀུ་ཤ་ཛ༔ དེ་ཉིད་ཡོངས་གྱུར་སྒོ་མ་ལྕགས་ཀྱུ་མ། །དཀར་མོ་ཁྲག་རལ་ལྕགས་ཀྱུ་གློ་སྙིང་འཛིན། །ཨཱོཾ་བཛྲ་པཱ་ཤ་ཧཱུཾ། །དེ་ཉིད་ཡོངས་གྱུར་སྒོ་མ་ཞགས་པ་མ། །སེར་མོ་གཡུ་རལ་ཞགས་པ་གློ་སྙིང་འཛིན། །ཨཱོཾ་བཛྲ་སྥོ་ཊ་བཾ༔ དེ་ཉིད་ཡོངས་གྱུར་སྒོ་མ་ལྕགས་སྒྲོག་མ། །དམར་མོ་མཐིང་རལ་ལྕགས་སྒྲོག་གློ་སྙིང་འཛིན། །ཨོཾ་བཛྲ་གྷཎྜེ་ཧོ༔ དེ་ཉིད་ཡོངས་གྱུར་སྒོ་མ་དྲིལ་བུ་མ། །ལྗང་གུ་གསེར་རལ་དྲིལ་བུ་གློ་སྙིང་འཛིན། །ཀུན་ཀྱང་ཞལ་གཅིག་ཕྱག་དང་ཞབས་གཉིས་པ། །དུར་ཁྲོད་ཆས་བརྒྱན་མེ་དཔུང་ཀློང་ན་བཞུགས། །ཡེ་ཤེས་ལྷ་ལ་སྙན་གསན་དབབ། ཧྲཱི༔ ཡེ་ནས་ཀ་དག་ཆོས་ཀྱི་ཀློང་ཡངས་ལས། །སངས་རྒྱས་སྐུ་ལྔའི་བདག་ཉིད་ལོངས་སྤྱོད་རྫོགས། ཁྲག་འཐུང་དབང་ཆེན་ལྷ་དགུའི་དཀྱིལ་འཁོར་པ། །སྣ་ཚོགས་སྤྲུལ་པའི་གར་གྱིས་དབྱིངས་ནས་བཞེངས། །ཨཱོཾ་བཛྲ་ས་མ་ཡཱ་ཧཱུཾ་ཛ༔ ཡེ་ཤེས་ལྷ་ཚོགས་སྤྱན་དྲང་བ། ཧྲཱི༔ ཆོས་ཀྱི་དབྱིངས་ལས་སྐུ་བཞེངས་པ། །དབང་ཆེན་ཁྲོས་པའི་རྒྱལ་པོ་བཞེངས། །དབུས་ཉིད་ཡེ་ཤེས་གཞལ་ཡས་ནས། །པདྨ་རྟ་མཆོག་གཤེགས་སུ་གསོལ། །མཁའ་དབྱིངས་ཡུམ་གྱི་གཞལ་ཡས་ནས། །ཡུམ་ཆེན་ཁྲོ་མོ་༴། ཕྱོགས་བཞི་འཁོར་ལོའི་རྩིབས་སྟེང་ནས། །སྤྲུལ་པའི་ཁྲོ་བོ་༴། སྒོ་བཞི་གནས་ཀྱི་གཞལ་ཡས་ནས། །སྒོ་མ་བཞི་རྣམས་༴། དུར་ཁྲོད་ཆེན་པོའི་གནས་མཆོག་ནས། །དབང་ཆེན་བྲན་གཡོག་༴། ཨེ་ཧྱ་ཧི་བྷ་ག་ཝ་ན་མ་ཧཱ་ཀ་རུ་ཎི་ཀ་ཏྲི་ཤ་ཧོ། །ས་མ་ཡ་ཛ༔ ས་མ་ཡ་སྟྭཾ༔ བརྟན་པར་བཞུགས་སུ་གསོལ་བ་ནི། ཧྲཱི༔ དམ་ཚིག་དབང་གི་དཀྱིལ་འཁོར་འདིར། །ཡེ་ཤེས་དབང་ཆེན་དཀྱིལ་འཁོར་མཆོག །ཕོ་བྲང་དམ་(༡༠ན)
ཚིག་དཀྱིལ་འཁོར་འདིར། །དགྱེས་བཞིན་བརྟན་པར་བཞུགས་སུ་གསོལ། །ཛཿ ཧཱུཾ་བཾ་ཧོ༔ ས་མ་ཡཱ་སྟྭཾ༔ སྒོ་གསུམ་གུས་པས་ཕྱག་བྱ་བ། ཧྲཱི༔ དཔལ་ཆེན་ཁྲོ་བོ་མི་བཟད་པ། །རྟ་མཆོག་དཔལ་ལ་ཕྱག་འཚལ་ལོ། ཁྲོ་མོ་ཡུམ་ལ་ཕྱག་འཚལ་ལོ། །སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །སྒོ་སྲུང་བཞི་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོ༔ པྲ་ཏི་ཛ་ཧོ། ཉེར་སྤྱོད་རོལ་མོ་འབུལ་བ་ནི། ཧྲཱི༔ གདུག་སྤོས་སྣང་གསལ་ཞུགས་ཏོག་སྒྲ། །ཞལ་ཟས་དྲི་ཆབ་འདི་རྣམས་ཀྱང་། །པདྨ་དབང་ཆེན་དཀྱིལ་འཁོར་ལ། །མཆོད་པར་འབུལ་ལོ་བཞེས་སུ་གསོལ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པདྨ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུཾ། དེ་བཞིན་དུ་ཨརྒྷཾ་གྱི་གནས་སུ་བཛྲ་དྷཱུ་པེ། བཛྲ་པུཥྤེ། བཛྲ་ཨཱ་ལོ་ཀྐེ། བཛྲ་གན་དྷེ། བཛྲ་ནཻ་ཝི་དྱ། བཛྲ་ཤཔྟ་ཧཱུཾ། འདོད་ཡོན་སྣ་ལྔའི་མཆོད་པ་ནི། ཧཱུཾ་གཟུགས་ཀྱི་ལྷ་མོ་སྐུ་མདོག་དཀར། །ཕྱག་ན་མཛེས་སྡུག་ལོངས་སྤྱོད་བསྣམས། །དབང་ཆེན་ལྷ་ཡི་སྤྱན་ལ་འབུལ། །གཟུགས་ཀྱི་མཆོད་པ་བཞེས་སུ་གསོལ། །ཨ་ལ་ལ་ཏེ་དགྱེས་པར་མཛོད། །སྒྲ་ཡི་ལྷ་མོ་སྐུ་མདོག་སྔོ། །ཕྱག་ན་སྒྲ་སྙན་༴། དབང་ཆེན་ལྷ་ཡི་སྙན་ལ་འབུལ། །སྒྲ་ཡི་༴། དྲི་ཡི་ལྷ་མོ་སྐུ་མདོག་སེར། །ཕྱག་ན་དྲི་ཡི་༴། དབང་ཆེན་ལྷ་ཡི་ཤངས་ལ་འབུལ། །དྲི་ཡི་༴། རོ་ཡི་ལྷ་མོ་སྐུ་མདོག་དཀར། །ཕྱག་ན་རོ་ཡི་༴། དབང་ཆེན་ལྷ་ཡི་ལྗགས་ལ་འབུལ། །རོ་ཡི་༴། རེག་བྱའི་ལྷ་མོ་སྐུ་མདོག་ལྗང་། །ཕྱག་ན་རེག་བྱའི་༴། དབང་ཆེན་ལྷ་ཡི་སྐུ་ལ་འབུལ། །རེག་བྱའི་༴། ཆོས་ཀྱི་ལྷ་མོ་སྐུ་མདོག་དཀར། །ཕྱག་ན་ཆོས་ཀྱི་པོ་ཏི་བསྣམས། །དབང་ཆེན་ལྷ་ཡི་ཐུགས་ལ་འབུལ། །ཆོས་ཀྱི་༴། བདུད་རྩི་སྨན་མཆོད་འབུལ་བ་ནི། རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །རིགས་ལྔ་(༡༠བ)
དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་སྒྲུབ་པའི་རྫས། །རྒྱུད་དྲུག་སེམས་ཅན་ཀུན་གྲོལ་བའི། །དུག་ལྔ་སེལ་བའི་བདུད་རྩི་འདི། །ཇི་སྙེད་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའི་ཚོགས་ཆེན་ལ། །བདག་ཅག་དད་པས་འབུལ་ལགས་ཀྱིས། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །བཞེས་ནས་བདག་ལ་དགྱེས་པར་མཛོད། །བླ་མེད་འཕྲུལ་གྱི་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི་ཁཱ་ཧི། །སྔ་རབས་འདས་པའི་རྡོ་རྗེ་སློབ་དཔོན་དང་། །ད་ལྟ་བཞུགས་པའི་རྡོ་རྗེ་སློབ་དཔོན་དང་། །སླད་ནས་འབྱོན་པའི་རྡོ་རྗེ་སློབ་དཔོན་ལ། །རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ། །ཐུགས་རྗེས་དགོངས་ཏེ་དབང་དང་དངོས་གྲུབ་སྩོལ། །ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། རྒྱལ་བ་དགོངས་པའི་བརྒྱུད་པའི་བླ་མ་དང་། །རིག་འཛིན་རིག་པའི་བརྒྱུད་པའི་བླ་མ་དང་། གང་ཟག་སྙན་ཁུང་བརྒྱུད་པའི་བླ་མ་ལ། །རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ། །ཐུགས་རྗེས་དགོངས་ཏེ་དབང་དང་དངོས་གྲུབ་སྩོལ། །ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །ཆོས་སྐུ་སྤྲོས་བྲལ་སྣང་བ་མཐའ་ཡས་དང་། །ལོངས་སྐུ་བདེ་ཆེན་ཁྲོ་རྒྱལ་རྟ་མགྲིན་དཔལ། །སྤྲུལ་པའི་སྐུ་མཆོག་པདྨ་འབྱུང་གནས་ལ། །རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ། །ཐུགས་རྗེས་དགོངས་ཏེ་དབང་དང་དངོས་གྲུབ་སྩོལ། །ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ལོ་ཆེན་བཻ་རོ་མངའ་བདག་ཁྲི་སྲོང་རྗེ། །གཏེར་སྟོན་གསུམ་ལས་སུམ་པ་དབང་ཕྱུག་དང་། །འབྲེ་སྟོན་ཆེན་པོ་ཤེས་རབ་བླ་མ་ལ། །རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ། །ཐུགས་རྗེས་དགོངས་ཏེ་དབང་དང་དངོས་གྲུབ་སྩོལ། །ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །རྐྱང་པོ་གྲགས་བྱང་རྣམ་གསུམ་ལས་འཕྲོ་ཅན། །འབྲུ་ཚད་གཉགས་སྟོན་ཆེན་པོ་གཟི་བརྗིད་འབར། །རྟ་ནག་བླ་མ་རྒྱ་ཡི་མཚན་ཅན་ལ། །རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ། །ཐུགས་རྗེས་དགོངས་ཏེ་དབང་དང་དངོས་གྲུབ་སྩོལ། །ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །རབ་དགའི་སར་གནས་གྲུབ་ཐོབ་འདར་ཆར་དང་། །ཆོས་ཀྱི་རྒྱལ་པོ་བོ་དོང་རིན་པོ་ཆེ། །མཁས་གྲུབ་ཆེན་པོ་བསོད་ནམས་བརྟན་པ་ལ། །རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ། །ཐུགས་རྗེས་དགོངས་ཏེ་དབང་དང་དངོས་གྲུབ་སྩོལ། །ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །འགྲོ་བའི་མགོན་པོ་ཆོས་རྒྱལ་དཔལ་བཟང་པོ། །ཀུན་མཁྱེན་ཆེན་པོ་དཔལ་ལྡན་སེང་གེ་དང་། །མཚུངས་མེད་ཆོས་རྗེ་རིན་ཆེན་བཀྲ་ཤིས་ལ། །རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ། །ཐུགས་རྗེས་དགོངས་ཏེ་དབང་དང་དངོས་གྲུབ་སྩོལ། །ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །རྟོགས་ལྡན་ཆེན་པོ་ཡོན་ཏན་མགོན་པོ་དང་། །འགྲོ་བའི་བླ་ཆེན་ཆོས་ཀྱི་དཔལ་བཟང་པོ། །དཀོན་མཆོག་(༡༡ན)
གསུམ་དངོས་རྡོ་རྗེ་རྒྱལ་མཚན་ལ། །རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ། །ཐུགས་རྗེས་དགོངས་ཏེ་དབང་དང་དངོས་གྲུབ་སྩོལ། །ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །མཐུ་སྟོབས་དབང་ཕྱུག་རྣམ་རྒྱལ་བཟང་པོ་དང་། །འཁྲུལ་ཞིག་ཆེན་པོ་དཀོན་མཆོག་བཟང་པོ་དང་། །རྡོ་རྗེ་འཆང་དངོས་བློ་གསལ་རྒྱ་མཚོ་ལ། །རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ། །ཐུགས་རྗེས་དགོངས་ཏེ་དབང་དང་དངོས་གྲུབ་སྩོལ། །ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །ལྷ་རིགས་འ་ཞྭའི་སྔགས་འཆང་མཁྱེན་བརྩེའི་ཞབས། །སྔགས་འཆང་ཆེན་པོ་གཞོན་ནུ་སྟོབས་ལྡན་དང་། །རྫོགས་ཆེན་རྣལ་འབྱོར་བྱམས་པ་རྡོ་རྗེ་ལ། །རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ། །ཐུགས་རྗེས་དགོངས་ཏེ་དབང་དང་དངོས་གྲུབ་སྩོལ། །ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །སླར་ཡང་འཇམ་དབྱངས་མཁྱེན་བརྩེས་རྗེས་བཟུང་བའི། །མཐུ་སྟོབས་དབང་ཕྱུག་བསོད་ནམས་ཆོས་འཕེལ་དང་། །གྲུབ་པ་མཆོག་རྙེད་དབང་ཕྱུག་རབ་བརྟན་ལ། །རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ། །ཐུགས་རྗེས་དགོངས་ཏེ་དབང་དང་དངོས་གྲུབ་སྩོལ། །ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །འཁོར་ལོའི་མགོན་པོ་བསོད་ནམས་མཆོག་ལྡན་ཞབས། །དཀྱིལ་འཁོར་རྒྱ་མཚོའི་བྱེད་པོ་ཨཱ་ནནྡ། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོ་ལ། །རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ། །ཐུགས་རྗེས་དགོངས་ཏེ་དབང་དང་དངོས་གྲུབ་སྩོལ། །ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །བཅོམ་ལྡན་རྟ་མཆོག་པདྨ་ཧེ་རུ་ཀ །ཡུམ་ཆེན་ཁྲོ་མོ་གར་གྱི་དབང་ཕྱུག་མ། །རིགས་བཞིའི་ཁྲོ་བོ་སྒོ་བ་བཞི་རྣམས་ལ། །རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ། །ཐུགས་རྗེས་དགོངས་ཏེ་དབང་དང་དངོས་གྲུབ་སྩོལ། །ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །གིང་ལྔ་གཟའ་གདོང་བེག་ཙེ་ལྕམ་སྲིང་དང་། །གནས་གསུམ་དཔའ་བོ་དཔའ་མོ་མཁའ་འགྲོའི་ཚོགས། །ཆོས་འཁོར་སྐྱོང་བའི་སྲུང་མ་ཐམས་ཅད་ལ། །རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ། །ཐུགས་རྗེས་དགོངས་ཏེ་དབང་དང་དངོས་གྲུབ་སྩོལ། །ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །སྨན་གྱི་དངོས་གྲུབ་བླང་བ་ནི། ཧཱུཾ༔ ཡེ་ཤེས་ཁྲོ་རྒྱལ་དབང་ཆེན་གྱི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མཆོག །རྣལ་འབྱོར་ལུས་ངག་ཡིད་ལ་ཐིམ། །གཉིས་མེད་གྱུར་ནས་བརྟན་པ་ཆེ། །ཀཱ་ཡ་སིདྡྷི་ཨཱོཾ༔ ཝ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུཾ། བ་ལིཾ་གཏོར་མའི་མཆོད་པ་ནི། ཧཱུཾ༔ ཁྱད་པར་འདོད་ཡོན་མཆོད་པ་མཆོག །ཤ་ཁྲག་ཀེང་རུས་གཏོར་མ་ཡིས། ཁྲོ་རྒྱལ་དབང་ཆེན་ཐུགས་དམ་བསྐང་། །མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། ཁྱད་པར་༴། ཤ་ཁྲག་༴། ཡུམ་ཆེན་ཁྲོ་མོའི་ཐུགས་༴། མ་ཧཱ་༴། ཁྱད་པར་༴། ཤ་ཁྲག་༴། ཁྲོ་རྒྱལ་བཞི་ཡི་༴། མ་ཧཱ་༴། ཁྱད་པར་༴། ཤ་ཁྲག་༴། སྒོ་མ་བཞི་ཡི་༴། མ་ཧཱ་༴། ཁྱད་པར་༴། ཤ་ཁྲག་༴། གྱིང་ཆེན་ལྔའི་༴། གཟའ་གདོང་ལྕམ་དྲལ་༴། མ་ཧཱ་༴། ཁྱད་པར་༴། ཤ་ཁྲག་༴། བེ་གདོང་ལྕམ་དྲལ་༴། མ་ཧཱ་༴། ཧཱུཾ༔ ཤ་ཁྲག་རུས་པ་ནང་(༡༡བ)
ཁྲོལ་མཁྲིས། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོག་མཆོད་པར་འབུལ། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །འཕྲིན་ལས་དངོས་པོར་བཞེས་སུ་གསོལ། །མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཀེཾ་ནི་རི་ཏི་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི༔ རཀྟའི་མཆོད་པ་འབུལ་བ་ནི། ཧཱུཾ༔ སྣ་ཚོགས་ཁྲག་གི་མཚོ་འཁྱིལ་བའི། །རཀྟ་དམར་ཆེན་མཆོད་པ་འདི། །པདྨ་དབང་ཆེན་དཀྱིལ་འཁོར་ལ། །མཆོད་པར་འབུལ་ལོ་བཞེས་སུ་གསོལ། །མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། བདེ་ཆེན་སྦྱོར་བའི་མཆོད་པ་ནི། ཧཱུཾ། གསང་བ་ཐབས་དང་ཤེས་རབ་ལས། །པད་མ་ནོར་བུ་མཉམ་སྦྱར་ནས། །དགྱེས་པ་ཆེན་པོའི་བདེ་ཆེན་དང་། །བྱང་ཆུབ་སེམས་ཀྱི་མཆོད་པ་འདི། །པདྨ་དབང་ཆེན་དཀྱིལ་འཁོར་ལ། །མཆོད་པར་འབུལ་ལོ་བཞེས་སུ་གསོལ། །མ་ཧཱ་སུ་ཀ་བོ་དྷི་ཙིཏྟ་སྭཱཧཱ། དགྲ་བགེགས་བསྒྲལ་བའི་མཆོད་པ་ནི། ཧཱུཾ། སྤྲུལ་པའི་ཁྲོ་བོ་འབར་བ་ཡིས། །ཞིང་བཅུ་མ་ལུས་ཐམས་ཅད་དང་། །འཁོར་བ་ཉོན་མོངས་རྒྱ་དྲལ་ནས། །དུག་ལྔ་དབྱིངས་སུ་བསྒྲལ་བར་བྱའོ། །ཨ་མུ་ཀ་མ་ར་ཡ་ཕཊ༔ ཧཱུཾ། ཞིང་གྱུར་ཐམས་ཅད་རང་བཞིན་བསྒྲལ། །ཤ་ཁྲག་སྲོག་དབུགས་མཆོད་པ་འདི། །པདྨ་དབང་ཆེན་དཀྱིལ་འཁོར་ལ། །མཆོད་པར་འབུལ་ལོ་བཞེས་སུ་གསོལ། །མ་ཧཱ་མཾ་ས། མ་ཧཱ་རཀྟ། མ་ཧཱ་ཀེཾ་ནི་རི་ཏི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཡེ་ཤེས་གླུ་ཡི་མཆོད་པ་ནི། ཧྲཱི༔ དམར་ནག་གྲུ་གསུམ་དབང་གི་དཀྱིལ་འཁོར་ནས། །པདྨ་ཉི་ཟླ་བདུད་བསྣོལ་གདན་སྟེང་དུ། །རྣམ་ཤེས་གནས་གྱུར་པདྨ་ཧེ་རུ། །ཞེ་སྡང་རྣམ་དག་ཆོས་དབྱིངས་ཡེ་ཤེས་དང་། །རྒྱུད་དྲུག་ཉོན་མོངས་ཞེ་སྡང་འཇོམས་མཛད་པ། ཁྲོ་རྒྱལ་རྟ་མཆོག་དཔལ་ལ་ཕྱག་འཚལ་ལོ། །ཕྱི་ནང་གསང་བའི་མཆོད་པ་འདི་བཞེས་ལ། །རྨད་བྱུང་རོལ་པའི་དངོས་གྲུབ་སྩལ་དུ་གསོལ། །དགའ་བཞི་བདེ་བ་(༡༢ན)
ཆེན་པོའི་དཀྱིལ་འཁོར་ནས། །དུས་གསུམ་སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ། །བདེ་སྟོང་ཟུང་འཇུག་ཤེས་རབ་ཐབས་ལ་རོལ། །དབང་དང་ཡེ་ཤེས་དབྱེར་མེད་ཁྲོ་མོའི་སྐུ། །རྒྱུད་དྲུག་ལས་དང་ཉོན་མོངས་འཇོམས་མཛད་མ། ཁྲོ་མོ་གར་དབང་ཡུམ་ལ་ཕྱག་འཚལ་ལོ། །ཡབ་ཡུམ་ཐབས་ཤེས་གཉིས་མེད་རོལ་པ་ལས། །ཤར་ཕྱོགས་འཁོར་ལོ་དྲི་ཟའི་གདན་སྟེང་ན། །གཟུགས་ཕུང་དབང་གྱུར་རྡོ་རྗེ་དབང་ཆེན་སྐུ། །གཏི་མུག་གནས་དག་མེ་ལོང་ཡེ་ཤེས་ངང་། །རྒྱུད་དྲུག་ཉོན་མོངས་གཏི་མུག་འཇོམས་མཛད་པ། །རྡོ་རྗེ་དབང་ཆེན་སྐུ་ལ་ཕྱག་འཚལ་ལོ། །ཡབ་ཡུམ་ཐབས་ཤེས་གཉིས་མེད་རོལ་པ་ལས། །ལྷོ་ཕྱོགས་འཁོར་ལོ་གྲུལ་བུམ་གདན་སྟེང་ན། །ཚོར་ཕུང་གནས་གྱུར་རིན་ཆེན་དབང་ཆེན་སྐུ། །ང་རྒྱལ་རྣམ་དག་མཉམ་ཉིད་ཡེ་ཤེས་དང་། །རྒྱུད་དྲུག་ཉོན་མོངས་ང་རྒྱལ་འཇོམས་མཛད་པ། །རིན་ཆེན་དབང་ཆེན་སྐུ་ལ་ཕྱག་འཚལ་ལོ། །ཡབ་ཡུམ་ཐབས་ཤེས་གཉིས་མེད་རོལ་པ་ལས། །ནུབ་ཕྱོགས་འཁོར་ལོ་ཀླུ་དབང་གདན་སྟེང་དུ། །འདུ་ཤེས་གནས་གྱུར་པདྨ་དབང་ཆེན་སྐུ། །འདོད་ཆགས་རྣམ་དག་ཀུན་རྟོག་ཡེ་ཤེས་དང་། །རྒྱུད་དྲུག་ཉོན་མོངས་འདོད་ཆགས་འཇོམས་མཛད་པ། །པདྨ་དབང་ཆེན་སྐུ་ལ་ཕྱག་འཚལ་ལོ། །ཡབ་ཡུམ་ཐབས་ཤེས་གཉིས་མེད་རོལ་པ་ལས། །བྱང་ཕྱོགས་འཁོར་ལོ་གནོད་སྦྱིན་གདན་སྟེང་དུ། །འདུ་བྱེད་གནས་གྱུར་ལས་རབ་དབང་ཆེན་སྐུ། །ཕྲག་དོག་རྣམ་དག་བྱ་གྲུབ་ཡེ་ཤེས་དང་། །རྒྱུད་དྲུག་ཉོན་མོངས་ཕྲག་དོག་འཇོམས་མཛད་པ། །ལས་རབ་དབང་ཆེན་སྐུ་ལ་ཕྱག་འཚལ་ལོ། །ཡབ་ཡུམ་ཐབས་ཤེས་གཉིས་མེད་རོལ་པ་ལས། །ཤར་ཕྱོགས་སྒོ་ཁྱུད་ཟླ་བའི་གདན་སྟེང་དུ། །ས་ཁམས་རྣམ་དག་སྒོ་མ་ལྕགས་ཀྱུ་མ། །བྱམས་པ་ཚད་མེད་ཞི་བའི་ལས་རྣམས་(༡༢བ)
སྒྲུབ། །རྒྱུད་དྲུག་ལས་དང་ཉོན་མོངས་འཇོམས་མཛད་མ། །རྡོ་རྗེ་ལྕགས་ཀྱུ་མ་ལ་ཕྱག་འཚལ་ལོ། །ཡབ་ཡུམ་ཐབས་ཤེས་གཉིས་མེད་རོལ་པ་ལས། །ལྷོ་ཕྱོགས་སྒོ་ཁྱུད་ཟླ་བའི་གདན་སྟེང་དུ། །ཆུ་ཁམས་རྣམ་དག་སྒོ་མ་ཞགས་པ་མ། །སྙིང་རྗེ་ཚད་མེད་རྒྱས་པའི་ལས་རྣམས་སྒྲུབ། །ཚེ་དང་ཡེ་ཤེས་མ་ལུས་རྒྱས་མཛད་མ། །རྡོ་རྗེ་ཞགས་པ་མ་ལ་ཕྱག་འཚལ་ལོ། །ཡབ་ཡུམ་ཐབས་ཤེས་གཉིས་མེད་སྦྱོར་བ་ལས། །ནུབ་ཕྱོགས་སྒོ་ཁྱུད་ཟླ་བའི་གདན་སྟེང་དུ། །མེ་ཁམས་རྣམ་དག་སྒོ་མ་ལྕགས་སྒྲོག་མ། །དགའ་བ་ཚད་མེད་དབང་གི་ལས་རྣམས་སྒྲུབ། ཁམས་གསུམ་མ་ལུས་དབང་དུ་སྡུད་མཛད་མ། །རྡོ་རྗེ་ལྕགས་སྒྲོག་མ་ལ་ཕྱག་འཚལ་ལོ། །ཡབ་ཡུམ་ཐབས་ཤེས་གཉིས་མེད་སྦྱོར་བ་ལས། །བྱང་ཕྱོགས་སྒོ་ཁྱུད་ཟླ་བའི་གདན་སྟེང་དུ། །རླུང་ཁམས་རྣམ་དག་སྒོ་མ་དྲིལ་བུ་མ། །བཏང་སྙོམས་ཚད་མེད་དྲག་པོའི་ལས་རྣམས་སྒྲུབ། །དགྲ་བགེགས་མངོན་སྤྱོད་ལས་ཀྱིས་ཚར་གཅོད་མ། །རྡོ་རྗེ་དྲིལ་བུ་མ་ལ་ཕྱག་འཚལ་ལོ། །ཞིང་ཁམས་ཐམས་ཅད་དབང་དྲག་དཀྱིལ་འཁོར་ནས། །ཕུང་པོ་ཁམས་དང་སྐྱེ་མཆེད་ཡེ་ཤེས་ལྔ། །སྐུ་ལྔ་ཡེ་ཤེས་ལྔ་ཡི་རང་བཞིན་ཅན། །ཚད་མེད་བཞི་དང་འཕྲིན་ལས་རྣམ་བཞིར་ལྡན། །ཐུགས་རྗེ་ཁྲོས་པས་ཁྲོ་བཞད་བརྔམས་པའི་ཞལ། །ཡབ་ཡུམ་གཙོ་འཁོར་བཅུ་ལ་ཕྱག་འཚལ་ལོ། །དབང་དྲག་ཕྱི་ཡི་དཀྱིལ་འཁོར་བཀའ་སྲུང་ནི། །སྲོག་ལ་དབང་སྒྱུར་གྱིང་ཆེན་ལྔ་རྣམས་ཀྱང་། །ལས་སུ་སངས་རྒྱས་བསྟན་པ་སྲུང་མཛད་ཅིང་། །ཟས་སུ་དགྲ་བགེགས་ཤ་ཁྲག་ཚོགས་རྣམས་གསོལ། །དམ་ཉམས་དགྲ་བགེགས་ཐལ་བར་རློག་མཛད་པའི། །དྲེགས་པ་མཐུ་རྩལ་ཅན་ལ་ཕྱག་འཚལ་ལོ། །ཕྱོགས་བཞི་བར་སྣང་ནམ་མཁའི་དཀྱིལ་ཡངས་ནས། །དམ་ཅན་བཀའ་སྡོད་གཟའ་(༡༣ན)
གདོང་ལྕམ་དྲལ་ཡང་། །ལས་སུ་སངས་རྒྱས་བསྟན་པ་སྲུང་མཛད་ཅིང་། །ཟས་སུ་དགྲ་བགེགས་ལོ་ཐོག་ནར་མར་གསོལ། །དགྲ་བགེགས་ཡུལ་ཁམས་ཐལ་བར་རློག་མཛད་པའི། །གཟའ་གདོང་དྲེགས་པ་ཅན་ལ་ཕྱག་འཚལ་ལོ། །ཤར་དཀྱིལ་འཁོར་ལྷ་ཚོགས་ལ་བསྟོད་པ། འོད་གསལ་དབྱིངས་ལས་མ་གཡོས་ཀྱང་། །ཟུང་འཇུག་བདེ་ཆེན་རྣམས་སྤྲུལ་པ། །སྣ་ཚོགས་སྤྲུལ་པའི་སྐུར་སྟོན་པའི། །རྟ་མཆོག་དཔལ་ལ་ཕྱག་འཚལ་ལོ། །སྤྲོས་པ་ཀུན་ལས་རྣམ་གྲོལ་ཡང་། །ཆགས་ཅན་ཆགས་པ་གདུལ་བའི་ཕྱིར། །བུད་མེད་སྒྱུ་མའི་ཚུལ་འཛིན་པ། ཁྲོ་མོ་ཡུམ་ལ་ཕྱག་འཚལ་ལོ། །ཟག་བཅས་ཕུང་པོ་གནས་གྱུར་པའི། །ཉོན་མོངས་རྣམ་དག་ཡེ་ཤེས་སྐུ། །འཕྲིན་ལས་རྣམ་བཞི་ཡོངས་རྫོགས་མཛད། ཁྲོ་རྒྱལ་བཞི་ལ་ཕྱག་འཚལ་ལོ། །རྟག་ཆད་བདག་མཚན་རྣམ་དག་ཅིང་། །བསྡུ་དངོས་ཚད་མེད་ངོ་བོ་ཉིད། །དགུག་གཞུག་བཅིང་དང་དབང་མཛད་པའི། །སྒོ་མ་བཞི་ལ་ཕྱག་འཚལ་ལོ། །གདུག་པ་ཅན་རྣམས་གདུལ་བའི་ཕྱིར། །རབ་ཁྲོས་བརྔམས་ཤིང་མི་བཟད་པ། །འབར་བའི་འཕྲེང་བ་རབ་འཁྲིགས་པའི། །བཀའ་སྡོད་རྣམས་ལ་ཕྱག་འཚལ་ལོ། །རྟེན་འབྲེལ་བཅུ་གཉིས་རྣམ་དག་ཅིང་། །བྱང་ཆུབ་ཕྱོགས་ཆོས་རང་བཞིན་ཅན། །བདེ་ཆེན་སྙིང་པོ་ལེགས་རྫོགས་པའི། །གཞལ་མེད་ཁང་ལ་ཕྱག་འཚལ་ལོ། །གཉིས་མེད་ཡེ་ཤེས་རྡོ་རྗེ་ཡིས། །ས་གཞི་ར་བ་བླ་བྲེ་གུར། །ཡེ་ཤེས་མེ་དཔུང་འབར་བ་ཅན། །སྲུང་བའི་འཁོར་ལོར་ཕྱག་འཚལ་ལོ། ཁྱེད་ལ་བསྟོད་པའི་དགེ་བ་དེས། །ལམ་གྱི་བར་ཆད་ལེགས་བསལ་ནས། །ཚེ་འདིར་ཚོགས་གཉིས་རབ་རྫོགས་ཏེ། །སྐུ་བཞིའི་བདག་ཉིད་སངས་རྒྱས་ཤོག །བསྙེན་པ་འཛབ་ཀྱི་རིམ་པ་ནི། ཧཱུཾ། བདག་ཉིད་ཁྲོ་རྒྱལ་རྟ་མཆོག་དཔལ། །ཐུགས་ཀར་པདྨ་འདབ་བརྒྱད་ཀྱི། །གེ་སར་(༡༣བ)
ལ་ནི་སྙིང་པོ་ཧྲཱིཿ། །འདབ་མ་བརྒྱད་ལ་སྔགས་ཀྱིས་བསྐོར། །འོད་འཕྲོས་བདེ་གཤེགས་རྣམས་ལ་ཐིམ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྡུ། །སེམས་ཅན་སྒོ་གསུམ་དྲི་མ་སྦྱངས། །རྣལ་འབྱོར་ལུས་ངག་ཡིད་ལ་བསྡུ། །ཧྲཱིཿབཛྲ་ཀྲོདྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨཱོཾ་མ་ཧཱ་ཀྲོ་དྷ་ཤྭ་རི་ཧཱུཾ་ཕཊ༔ ཨཱོཾ་བཛྲ་ཤྭ་ར་ཀྲོ་དྷ་ཧཱུཾ་ཕཊ༔ ཨཱོཾ་རཏྣ་ཤྭ་ར་ཀྲོ་དྷ་ཧཱུཾ་ཕཊ༔ ཨཱོཾ་པདྨ་ཤྭ་ར་ཀྲོ་དྷ་ཧཱུཾ་ཕཊ༔ ཨཱོཾ་ཀརྨ་ཤྭ་ར་ཀྲོ་དྷ་ཧཱུཾ་ཕཊ༔ ཨཱོཾ་བཛྲ་ཨཾ་ཀུ་ཤ་ཛ༔ ཨཱོཾ་བཛྲ་པཱ་ཤ་ཧཱུཾ། ཨཱོཾ་བཛྲ་སྥོ་ཊ་བཾ༔ ཨཱོཾ་བཛྲ་གྷཎྜེ་ཧོ༔ འཛབ་ཀྱི་བསྟོད་པ་བྱ་བ་ནི། ཧཱུཾ་པདྨ་རིགས་ཀྱི་ཁྲོ་རྒྱལ་མཆོག །དཔལ་ཆེན་པདྨ་ཧེ་རུ་ཀ །མི་བཟད་ཁྲོ་རྒྱལ་རྟ་མཆོག་དཔལ། །དབང་དྲག་སྟོབས་ཆེན་བརྔམས་ཆེན་གཏུམ། །སྐུ་མདོག་དམར་ནག་བརྗིད་ཅིང་འགྱིང་། །དབུ་གསུམ་རྣམ་ཐར་གསུམ་ཡང་སྟོན། །ཕྱག་དྲུག་རྒྱུད་དྲུག་རྩད་ནས་གཅོད། །ཞབས་བཞི་འཁོར་བའི་ཆོས་བཞི་སྒྲོལ། །དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས། །རྟ་མགོ་ལྗང་གུ་རྟ་སྐད་འཚེར། །མེ་དཔུང་འབར་བའི་དབུས་ན་བཞུགས། །བརྔམས་པའི་ང་རོ་འབྲུག་སྟོང་སྒྲོག །དྲེགས་པ་ཕོ་མོ་དབང་དུ་སྡུད། །དབང་ཆེན་སྐུ་ལ་ཕྱག་འཚལ་བསྟོད། །དངོས་གྲུབ་བླང་བར་བྱ་བ་ནི། །ཧཱུཾ། ཁྲོ་རྒྱལ་བརྔམས་པ་རྟ་མཆོག་དཔལ། །དཔལ་གྱི་སྐུ་གསུང་ཐུགས་མཆོག་ལས། །མཆོག་གི་དངོས་གྲུབ་ཡེ་ཤེས་དབྱིག །དུས་འདིར་རྣལ་འབྱོར་བདག་ལ་སྩོལ། །ཨཱོཾ་པདྨ་ཏ་ཀྲི་ད་པདྨ་ཤྭ་རི་མཧཱ་ཀྲོ་དྷ་ཧ་ཡ་གྲཱི་བ་མ་མ་དྲག་མོ་དུན་ཏིཾ་ཧྲཱིཾ་ཧྲཱིཾ་ཧཱུཾ་ཛ། ཨཱོཾ་པདྨ་ཀྲོ་དྷ་ཀཱ་ཡ་ཝ་ཀ་ཙིཏྟ་སིདྡྷི་ཨ་ལ་ལ་ཧོ། བཀའ་སྲུང་མཆོད་དང་བཀང་བའི་རིམ། །ཚོགས་བརླབས་སྤྱན་དྲངས་སྤྱིར་འབུལ་བ། །བསྟོད་བཤགས་བསྐྱེད་འགུགས་ཁྲོ་བོ་ཡུངས། །དབྱེ་ཕུར་གྲི་བཏབ་ཚོགས་དབང་བསྐུར། །ཡར་གནས་མཆོད་ལ་མར་གནས་བཏང་། །སྒོ་དབྱེ་གསེར་སྐྱེམས་ཟོར་འཕེན་པ། །ཆད་མཐོ་བསྟན་སྐྱོང་རྟ་བྲོ་བརྩད། །(༡༤ན)
གསལ་གདབ་མཆོད་བསྟོད་ནོངས་པ་གསོལ། །རྟག་ཆད་མཐའ་གསལ་སྨོན་ལམ་དང་། །བཀྲ་ཤིས་བྱ་བའི་རིམ་པ་རྣམས། །འཇུག་པའི་སྡོམས་སུ་ཚུལ་འདི་ལ། །སྦྱངས་པའི་དཔྱོད་ལྡན་ཚོགས་རྣམས་སྨྲ། །གིང་ལྔ་གཟའ་གདོང་མཆོད་པ་ནི། །རཾ་ཡཾ་ཁཾ། བྷྲུཾ་ཨཱོཾ་ཨཱཿཧཱུཾ། ཨཱོཾ་མ་ཧཱ་བ་ལིཾ་ཏ་པཱུ་ཛ་ཏེ་ཛྭ་ཧཱུཾ༔ ལན་གསུམ་གྱིས་གཏོར་མ་བྱིན་གྱིས་བརླབས། མདུན་གྱི་ནམ་མཁར་དུར་ཁྲོད་རོལ་པའི་ས་གཞིར་ར་ཙ་ཏྲི་ཧྲིི་ཤུ་རྣམས་ཡོངས་སུ་གྱུར་པ་ལས། དབུས་སུ་དབང་ཆེན་ཐུགས་ཀྱི་སྤྲུལ་པ་སྲོག་བདག་འོད་ཀྱི་རྒྱལ་པོ་འོད་ཀྱི་མི་བོ་ཆེ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རལ་གྲི་དང་གཡོན་འོད་ཀྱི་ཞགས་པ་ཐོགས་པ། སྐུ་ལ་སེང་གེའི་སློག་པ་གསོལ་ཞིང་དབུ་ལ་ཇིལ་དར་དཀར་པོ་བཅིངས་པ། ནམ་མཁའི་འཇའི་སྐེ་རགས་ཅན། ལྕགས་ཀྱི་སྡེར་མོ་རྣོན་པོས་དགྲ་སྙིང་འབྱིན་པ། འཇིགས་སུ་རུང་བའི་སེང་གེ་དཀར་པོ་རླབས་སྒྲ་སྒྲོག་པ་ལ་ཆིབས་པ། ཤར་དུ་ཚངས་པ་དུང་གི་ཐོར་ཚུགས་ཅན་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་ཟངས་ཀྱི་གྲི་རིང་དང་། གཡོན་ཞགས་པ་དགྲ་ལ་འདེབས་པ། སྐུ་ལ་དར་དཀར་གྱི་རལ་གུ་གསོལ་ཞིང་དབུ་ལ་དུང་གི་ཅོད་པན་བཅིངས་པ། རྟ་དཀར་པོ་ངང་རིང་ལ་ཆིབས་པ། ལྷོར་དམ་ཅན་རྡོ་རྗེ་ལེགས་པ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་གསེར་གྱི་རྡོ་རྗེ་དང་། གཡོན་ཙིཏྟ་དམར་པོ་ཐོགས་པ། ཟ་འོག་སྔོ་ཁྲའི་བེར་གསོལ་ཞིང་དབུ་ལ་བསེ་མེན་གྱི་འགྱིང་ཐོད་བཅིངས་པ། རྟ་ཁམས་པ་ལག་དཀར་ལ་ཆིབས་པ། ནུབ་ཏུ་བདུད་པོ་རི་ནག་དཔུངས་པ་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་བདུད་ཀྱི་ཁྲམ་ཤིང་དང་། གཡོན་ཞགས་པ་ནག་པོ་འདེབས་པ། སྐུ་ལ་ལྕགས་ཀྱི་ཞུན་ཁྲབ་གསོལ་ཞིང་དབུ་ལ་བདུད་ཞྭ་ནག་པོ་གསོལ་བ། བདུད་རྟ་ནག་པོ་ལ་ཞོན་པ། བྱང་དུ་སྲོག་(༡༤བ)
བདག་ཡཾ་ཤུད་དམར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་ཟངས་ཀྱི་གྲི་རིང་དང་། གཡོན་ཞགས་པ་དམར་པོ་དགྲ་ལ་འདེབས་པ། བསེ་ཁྲབ་དང་བསེ་རྨོག་གསོལ་བ། བསེའི་ར་སྐྱེས་ཁམ་པ་ལ་ཆིབས་པ། ལྔ་ཀ་བརྔམས་ཤིང་ཁྲོས་ལ་དྲག་ཅིང་རྩུབ་པའི་རྣམ་པ་ཅན། སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་བསམ་གྱིས་མི་ཁྱབ་པས་བསྐོར་བ། དེ་རྣམས་ཀྱི་སྤྱི་བོར་ཨཱོཾ། མགྲིན་པར་ཨཱ༔ ཐུགས་ཀར་ཧཱུཾ། རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་མང་པོ་འཕྲོས་པས་པདྨ་དབང་གི་ཞིང་ཁམས་ནས་སྲོག་བདག་འོད་ཀྱི་རྒྱལ་པོ། རྒྱ་ཡུལ་ནམ་མཁའ་ཆད་ཆོད་ནས་ཚངས་པ་དུང་གི་ཐོར་ཚུགས་ཅན། ནུབ་ཕྱོགས་ཕ་ཝཾ་ལོང་བུའི་མཁར་ནང་ནས་དམ་ཅན་རྡོ་རྗེ་ལེགས་པ། བདུད་ཡུལ་ཁ་རག་སྒོ་དགུ་ནས་བདུད་པོ་རི་ནག་སྤུངས་པ། བཙན་ཡུལ་ཟངས་ཐང་དམར་པོ་ནས་བཙན་རྒོད་ཡཾ་ཤུད་དམར་པོ་འཁོར་དང་བཅས་པ་སྐད་ཅིག་ཡུད་ཙམ་ལ་ཨེ་ཧྱ་ཧི། བཛྲ་ས་མཱ་ཛས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་དམ་ཚིག་པ་རྣམས་ལ་གཉིས་སུ་མེད་པར་ཐིམ། རཱ་ཙ་ཏྲི་ཧྲིཿཤུ་ས་མ་ཡ་སྟྭཾ་ཞེས་པས་དམ་ལ་བཞག །རྡོ་རྗེ་ཐལ་མོ་ཁ་ཕྱེ་བའི་མཐར་སེ་གོལ་གཏོག་ཅིང་། ཨཱོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། རཱ་ཛ་སྲོག་ལ་ཧྲཱི༔ ཡ་ཤུག་མེ་ཏྲི་སྲོག་ལ་ཛ༔ ཙ་པ་ལ་ཨ་ཤུགྨ། ཏྲི་ལི་ཛ། བཛྲ་ས་དུ་ཧྲཱིཿ དུན་དུན་ཤུ་ལ་གྲི་ཝ་ཨི་དཾ་བ་ལིཾ་གྷྲིཧྣ་ས་མ་ཡ་རཀྵནྟུ་མ་མ་སརྦ་སིདྡྷི་མེ་པྲ་ཡ་ཙྪནྟུ་ཡ་ཐཻ་བཾ་ཡ་ཐཻ་ཥྚཾབྷུཉྩ་ཐ་ཛི་གྷ་ཐ་པི་པ་ཐ་མ་ཏི་པྲ་མ་ཐ་མ་མ་སརྦ་ཀཪྟ་ཡ་ས་ད་སུ་ཁཾ་བི་ཤུངྔྷེ་ས་ཧཱ་ཡི་ཀ་བྷ་ཝནྟུ་ཧཱུཾ་ཧཱུཾ་ཕཊ༔ ཅེས་ལན་གསུམ་དང་། རཱ་ཙ་ཏྲི་ཧྲི་ཤུ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི་ཁཱ་ཧི་མ་རཀྟ་ལ་ཁཱ་ཧི་ཁཱ་ཧིས་སྨན་རག་ཕུལ། ཧཱུཾ༔ དབང་དྲག་དཀྱིལ་འཁོར་སྤྱི་ཡི་བཀའ་སྟོད་ནི། སྲོག་ལ་དབང་སྒྱུར་གྱིང་ཆེན་ལྔ་རྣམས་ཀྱང་། །ལས་སུ་སངས་རྒྱས་བསྟན་པ་སྲུང་བྱེད་ཅིང་། །ཟས་སུ་དགྲ་བོའི་ཤ་ཁྲག་ཚོགས་རྣམས་ཟ། །དམ་ཉམས་དགྲ་བགེགས་རྩད་ནས་གཅོད་མཛད་(༡༥ན)
པའི། །དྲེགས་པ་མཐུ་རྩལ་ཅན་ལ་ཕྱག་འཚལ་བསྟོད། །ཕྱི་ནང་གསང་བའི་མཆོད་པ་འདི་བཞེས་ལ། །རྨད་བྱུང་རོལ་པའི་དངོས་གྲུབ་སྩལ་དུ་གསོལ། །ཞེས་པས་བསྟོད་ཅིང་འཕྲིན་ལས་འཆོལ་ལོ། །ར་ཧུ་ལ་ཡི་གཏོར་ཆོག་ནི། ཡང་སྔར་ལྟར་གཏོར་མ་བྱིན་གྱིས་བརླབས་ལ། །རང་གི་མདུན་དུ་རྒྱ་མཚོ་ཆེན་པོ་རྦ་ཀློང་འཁྲུག་པའི་དབུས་མེ་དཔུང་འབར་ཞིང་སྤྲིན་དང་རླུང་ནག་བུ་ཡུག་འཚུབ་པ། ཐོག་དང་སེར་བ་དྲག་ཏུ་འབབ་ཅིང་འབྲུག་དང་གློག་དམར་འཁྱུག་པའི་སྒྲ་སྒྲོག་པ། གནམ་ས་ཆ་ལང་སྡེབ་པ་ལྟ་བུའི་ཀློང་དཀྱིལ་དུ་ར་མ་ར་ཙ་ཤ་རྣམས་ལས་འོད་འཕྲོས་ཡོངས་སུ་གྱུར་པ་ལས་ཁྲོ་རྒྱལ་པདྨ་ཧེ་རུ་ཀའི་ཐུགས་ཀྱི་སྤྲུལ་པ་གཟའ་རྒོད་དྲག་པོ་ར་ཧུ་ལ་སྐུ་མདོག་དུད་ཁ་སྲིན་པོ་ཁྲོས་པ་ལྟ་བུའི་མགོ་དགུ་པ། ཕྱག་གཡས་ཀྱིན་ཐང་གནམ་ལྕགས་ཀྱི་འཁོར་ལོ་ནམ་མཁར་ཕྱར་ནས་དགྲ་བོའི་ཡུལ་དུ་འཕེན་པ། ཕྱག་གཡོན་ཆུ་སྲིན་གྱི་ཞགས་པས་དམ་ཉམས་འཆིང་ཞིང་ཟ་བ། ལུས་པོ་ཐམས་ཅད་མིག་གིས་གང་བ། ལྟེ་བ་མན་ཆད་དུག་སྦྲུལ་ནག་པོའི་གཟུགས་ཀྱིས་རྒྱ་མཚོའི་གཏིང་ནས་དཀྲུག་པ། དེའི་ཤར་དུ་ཟོར་སྲིན་དཀར་མོ་སྟག་གི་གདོང་ཅན། ལྷོར་བཾ་སྲིན་སེར་མོ་དྲེད་ཀྱི་གདོང་ཅན། ནུབ་ཏུ་ཀོང་སྲིན་དམར་མོ་བ་ལང་གི་གདོང་ཅན། བྱང་དུ་འབྲོག་སྲིན་ལྗང་གུ་ཆུ་སྲིན་གྱི་གདོང་ཅན། བཞི་ཀའང་སྲིན་མོ་ཁྲོས་པའི་རྣམ་པ་ཅན། གཡས་ཟོར་བ་དང་གཡོན་ནད་རྐྱལ་ཐོགས་པ། སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱི་འཁོར་གྱིས་བསྐོར་བ། སྐད་ཅིག་ཉིད་ལ་དགྲ་བོའི་ཡུལ་ཁམས་ཐལ་བར་རློག་པར་བྱེད་པ། གཙོ་འཁོར་དེ་ཐམས་ཅད་ཀྱི་དཔྲལ་བར་ཨཱོཾ། མགྲིན་པར་ཨཱ༔ ཐུགས་ཀར་ཧཱུཾ། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ལྷོ་ནུབ་མཚམས་ཀྱི་སྲིན་ཡུལ་ལང་ཀ་པུ་རིའི་གྲོང་ཁྱེར་ནས་དྲེགས་པ་གཟའ་གདོང་ལྕམ་དྲལ་ལྷ་སྲིན་སྡེ་བརྒྱད་ཀྱི་འཁོར་དང་བཅས་པ་ཨཱོཾ་(༡༥བ)
ཨེ་ཧྱ་ཧི་བཛྲ་ས་མ་ཡ་ཛ༔ས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོ༔ དམ་ཚིག་པ་ལ་གཉིས་སུ་མེད་པར་ཐིམ། ར་ཧུ་ལ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཡ་སྟྭཾ། ཞེས་པས་དམ་ལ་གཞག །ཨཱོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ར་ཧུ་ལ་མ་ར་ཙ་ཤ་ཡཿ ཨི་དཾ་བ་ལིཾ་ཏ་གྲི་ཧ་ན་ས་མ་ཡ་རཀྟ་མ་མ་སརྦ་སིདྡྷི་མཾ་པྲ་ཡཙྪནྟ་ཡ་ཐཻ་བཾ་ཡ་ཐཻཥྚི་བྷུཉྩ་ཐ་ཛི་གྷ་ཐ་པི་པ་ཐ་མ་ཧི་པྲ་མ་ཐ་མ་མ་སརྦ་ཀརྠ་ཡ་ས་ད་སུ་ཁཾ་བི་ཤུདྡྷེ་ས་ཧ་ཡི་ཀ་བྷ་ཝནྟུ་ཧཱུཾ་ཧཱུཾ་ཕཊ༔ ལན་གསུམ་དང་། ར་ཧུ་ལ་ས་པ་རི་ཝཱ་ར་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཁ་ཧི། མ་ཧཱ་རཀྟ་ཁ་ཧིས་སྨན་རག་ཕུལ། ཧཱུཾ༔ ཕྱོགས་བཞི་བར་སྣང་ནམ་མཁའི་ཀློང་ཡངས་ནས། དམ་ཅན་བཀའ་སྡོད་གཟའ་གདོང་ལྕམ་དྲལ་ཡང་། །ལས་སུ་སངས་རྒྱས་བསྟན་པ་སྲུང་མཛད་ཅིང་། །ཟས་སུ་དགྲ་བོའི་ལོ་ཐོག་ནར་མར་གསོལ། །དགྲ་བགེགས་ཡུལ་ཁམས་ཐལ་བར་རློག་བྱེད་པའི། །གཟའ་གདོང་དྲེགས་པ་ཅན་ལ་ཕྱག་འཚལ་བསྟོད། །ཕྱི་ནང་གསང་བའི་མཆོད་པ་འདི་བཞེས་ལ། །རྨད་བྱུང་རོལ་པའི་དངོས་གྲུབ་སྩལ་དུ་གསོལ། །ཅེས་པས་བསྟོད་ཅིང་འཕྲིན་ལས་བཅོལ། །བེག་ཙེ་ལྕམ་སྲིང་གཏོར་ཆོག་ནི། རང་གི་མདུན་དུ་རྟ་ཁྲག་དང་མི་ཁྲག་གི་རྒྱ་མཚོ་དམར་ལ་དངས་པ། །ཀློང་གྲུ་གསུམ་བསྣོལ་མར་འཁྲུག་པའི་དབུས་སུ་ཟངས་ཀྱི་རི་གྲུ་བཞི་པའི་སྟེང་དུ་རྟ་རོ་དང་མི་རོ་བརྩེགས་པའི་གདན་ལ་པྲཾ་དང་ཟངས་ཀྱི་རལ་གྲི་ལས་སྐྱེས་པའི་གནོད་སྦྱིན་ཆེན་པོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་འབར་བ་དང་བཅས་པའི་ཟངས་ཀྱི་རལ་གྲི་ནམ་མཁའ་ལ་ཕྱར་བས་དམ་ཉམས་ཀྱི་སྲོག་རྩ་གཅོད་ཅིང་། གཡོན་མདའ་གཞུ་དང་དགྲ་བགེགས་ཀྱི་གློ་སྙིང་ཐུགས་ཀར་འཛིན་པའི་མཆན་ཁུང་གཡོན་དུ་བསེའི་རུ་མཚོན་དམར་པོ་བསྣམས་པ། ཞལ་རབ་ཏུ་གདངས་ཤིང་མཆེ་བ་རྣོ་ངར་གཙིགས་ནས་ལྗགས་རྣམ་པར་སྐྱོད་པ། སྤྱན་གསུམ་དང་ལྡན་པའི་ཁྲོ་གཉེར་ཤིན་ཏུ་བསྡུས་པ། སྨིན་མ་དང་སྨ་ར་དུས་མཐའི་མེ་ལྟར་(༡༦ན)
རབ་ཏུ་འབར་ཞིང་དབུ་སྐྲ་ཁམ་སེར་ལྟག་པར་བཅིངས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། ཁྲག་འཛག་པའི་མགོ་རློན་ལྔ་བཅུའི་དོ་ཤལ་ཅན། སྐུ་ལ་ཟངས་ཀྱི་བེག་ཙེ་དང་དར་གྱི་རལ་གུ་དམར་པོས་བརྒྱན་ཅིང་ཞབས་ལ་སག་ལྷམ་དམར་འབོབ་གསོལ་བ། སྒེག་པ་དཔའ་བ་མི་སྡུག་པའི་གཟུགས་ཅན། གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་གཡོན་དུ་མཾ་ལས་སྲིད་པའི་ལྷ་མོ་གདོང་དམར་མ་སྐུ་མདོག་སྔོ་ནག །གདོང་པ་བསེ། སོ་དུང་། སྨིན་མ་གཡུ། མེའི་རལ་པ་ལ་མཆོང་དང་མུ་མེན་གྱིས་བརྒྱན་ཅིང་གསེར་གྱི་སྣ་རྒྱན་འཕྱང་བ། གཅེར་མོ་སྤྱན་དང་ཞལ་བགྲད་པ། གཡས་ཟངས་ཀྱི་རལ་གྲི་དགྲ་ལ་འཕྱར་བ། གཡོན་ལྕགས་ཀྱི་ཕུར་བུ་བགེགས་ལ་འདེབས་པ། དྲེད་མོ་མི་ཟན་ལ་ཞོན་པ། གཙོ་བོའི་གཡས་སུ་པྲཾ་ལས་ལས་མཁན་སྲོག་བདག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་མདུང་དམར་འཕྱང་ཞིང་གཡོན་བཙན་གྱི་ཞགས་པ་དགྲ་ལ་འདེབས་པ། བསེ་ཁྲབ་དང་བསེ་རྨོག་གྱོན་ཞིང་ལྕེ་སྤྱང་ལ་ཞོན་པ། མཚན་མོ་རྒྱུ་ཞིང་དགྲ་བགེགས་ལ་འོ་དོད་འབོད་པ། གཙོ་འཁོར་གསུམ་གྱི་ཤར་དུ་མི་དམར་ཕྲ་མ། ལྷོར་རི་ཙི་མི་དམར། ནུབ་ཏུ་ཀྲོ་ཏི་མི་དམར། བྱང་དུ་སྲོག་བདག་ཀོ་ཤ །ཤར་ལྷོར་ཨཾ་ཀྲི་མི་དམར། ལྷོ་ནུབ་དུ་རོ་ཀྲི་མི་དམར། ནུབ་བྱང་དུ་ཧ་ཤང་མི་དམར། བྱང་ཤར་དུ་སྲོག་བདག་ཐལ་བ་སྟེ་གྲི་ཐོགས་བརྒྱད་དང་། བཤན་པ་ཉི་ཤུ་རྩ་གཅིག་པོ་ཐམས་ཅད་ཀྱང་སྐུ་མདོག་དམར་པོ། གཡས་ཟངས་ཀྱི་རལ་གྲི་འཕྱར་ཞིང་གཡོན་ལ་ལ་རྒྱུ་མ་ལག་བསྡོགས་བྱེད་པ། ལ་ལ་གློ་སྙིང་མཆིན་པ་འདྲད་པ། ལ་ལ་སྙིང་ཁྲག་ཀླད་པ་བལྡག་པ། ལ་ལ་ཤ་ཁྲག་སྦར་གྱིས་འདེབས་པ། ལ་ལ་རུས་པ་རྐང་མར་འཆའ་བ། ལ་ལ་(༡༦བ)
པགས་པ་དམར་བཤུས་བྱེད་པ། ལ་ལ་ཤ་གདན་དམར་པོ་འདིངས་པ། ཐམས་ཅད་ཀྱང་དགྲ་བོའི་སྲོག་ལེན་པ། མི་ལྤགས་ཀྱི་གཡང་གཞི་དང་། བ་གླང་གི་ཀོ་བ་རློན་པ་གྱོན་པ། གཞན་ཡང་བཙན་དམར་སྟོང་། བདུད་དང་གནོད་སྦྱིན་སྲིན་པོ་སུམ་སྟོང་། མ་མོ་འབུམ། ཐེའུ་རང་སྟོང་ལ་སོགས་པ་དམ་ཅན་རྒྱ་མཚོའི་དམག་ཚོགས་དཔག་ཏུ་མེད་པས་བསྐོར་བའི་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨཱོཾ། མགྲིན་པར་ཨཱ༔ ཐུགས་ཀར་ཧཱུཾ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་བྱང་ཤར་མ་རུ་རྩེའི་དུར་ཁྲོད་བྲག་དམར་པོ་མཆོང་ལྡིང་གི་ཕོ་བྲང་ནས་གནོད་སྦྱིན་དྲེགས་པ་ལྕམ་སྲིང་འཁོར་དང་བཅས་པ་སྐད་ཅིག་གིས་བཛྲ་ས་མཱ་ཛ། ཀྱཻ། ཡུལ་ཅིག་མྱ་ངམ་འདས་པ་བདུན་གྱི་ཕ་རོལ་ན། །མདའ་ན་ཁྲག་མཚོ་ཕུ་ན་ཟངས་བྲག་བརྩེགས། །མི་རོ་རྟ་རོ་མང་པོ་གཅལ་དུ་བཀྲམ། །མི་ཁྲག་རྟ་ཁྲག་དུ་མ་མཚོ་ལྟར་འཁྱིལ། ཁོར་ཡུག་ཟངས་རིའི་ཕྲེང་བས་ཀུན་ནས་བསྐོར། །བསེ་མཁར་སྨུག་པོ་མཆོང་གི་བ་གམ་ཅན། །ཐོད་པ་བརྩེགས་པའི་གཞལ་ཡས་ཆེན་པོ་ནས། །ཆོས་སྐྱོང་དྲེགས་པ་ལྕམ་སྲིང་གཤེགས་སུ་གསོལ། །འཁོར་ཚོགས་བཤན་པའི་ཚོགས་རྣམས་གཤེགས་སུ་གསོལ། །ཞིང་བཅུའི་དམ་ཉམས་དགྲ་བོ་འདུལ་བ་དང་། །རྣལ་འབྱོར་བདག་གིས་ལས་བཅོལ་བསྒྲུབ་པའི་ཕྱིར། །ད་ལྟ་ཉིད་དུ་གནས་འདིར་གཤེགས་སུ་གསོལ། །ད་ལྟ་ཉིད་དུ་གནས་འདིར་གཤེགས་ནས་ཀྱང་། །རིངས་པའི་ཚུལ་གྱིས་མཆོད་གཏོར་འདི་བཞེས་ལ། །ནག་པོའི་ཕྱོགས་དང་གང་ལ་དམིགས་པ་ཡི། །གནོད་བྱེད་དགྲ་བགེགས་ཐལ་བའི་རྡུལ་དུ་རློག །རཀྨོ་པྲ་ཎ་པདྨ་ས་པ་རི་ཝཱ་ར་ཨ་ཀ་རཱ་ཡ་ཛ༔ ཛཿཧཱུཾ་བཾ་ཧོ༔ དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་གྱུར། པདྨ་ཀ་མ་ལ་ཡེ་སྟྭཾ། ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་། །མ་རུང་གདུལ་ཕྱིར་དྲག་པོའི་སྐུར་བསྟན་(༡༧ན)
ནས། །མཐུ་སྟོབས་ཕུན་ཚོགས་བསྟན་པ་སྲུང་མཛད་པའི། །སྒྲོལ་གྱིང་སྲོག་བདག་དམར་པོ་ལ་ཕྱག་འཚལ། །བཀའ་ཡི་འཁོར་གནས་ཡེ་ཤེས་སྲུང་མའི་ཚོགས། །རྣལ་འབྱོར་འདོད་པའི་བདེ་སྟེར་གསང་བའི་ཡུམ། །ལས་བྱེད་བཤན་པ་གཏུམ་པོ་སྡེ་ལྔ་དང་། །མ་མོ་ཐེའུ་རང་ཚོགས་ལ་གུས་པས་འདུད། །ཅེས་ཕྱག་བྱ། ཨོཾ་རཀྨོ་པྲ་ཎ་ཨཏྨ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་ཡེ་སྭཱཧཱ། དེ་བཞིན་དུ་ཤཔྟའི་བར་སྦྱར་ལ་མཆོད་པ་འབུལ། །ཨཱོཾ་ཨཱཿཧཱུཾ་བཏགས་ལ་ནང་མཆོད་འབུལ། ཆོས་སྐྱོང་དྲེགས་པ་ལྕམ་སྲིང་འཁོར་དང་བཅས་པའི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་དུ་གྱུར་ནས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་བསམས་ལ། ཨོཾ་རཀྨོ་པྲ་ཎ་ཨཏྨ་ས་པ་རི་ཝཱ་ར་སརྦ་བི་གྷ་ནན་ཤ་ཏྲུཾ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་གྱིས་གཏོར་མ་ཕུལ། སླར་ཡང་མཆོད་པ་དང་ནང་མཆོད་ཕུལ་ནས། ཀྱེ། རྒྱ་གར་ཡུལ་གྱི་དགྲ་ལྷ། མ་རུ་ཙེའི་གནས་སྲུང་། ལི་ཡུལ་ཆོས་ཀྱི་སྲུང་མ། མ་ཧཱ་དེ་ཝའི་བཀའ་ཉན། གཤིན་རྗེ་གཤེད་ཀྱི་བཀའ་སྡོད། ཡབ་གནོད་སྦྱིན་ཟངས་ཀྱི་རལ་པ་ཅན་དང་ཡུམ་སྲིན་མོ་ཁྲག་གི་རལ་པ་ཅན་གྱི་སྲས་གནོད་སྦྱིན་ཟངས་ཀྱི་བེག་ཙེ་ཅན། སྲིང་མོ་སྲིད་པའི་ལྷ་མོ་གདོང་དམར་མ། འཁོར་སྲོག་གཅོད་བཤན་པའི་ཚོགས་དང་བཅས་པ་ཁྱེད་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་གྱི་སྡེ་སྐྱོངས། རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བ་དང་། བསམས་དོན་ཆོས་མཐུན་ཡིད་བཞིན་དུ་འགྲུབ་ཅིང་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྲུང་སྐྱོབ་སྦ་བའི་ཕྲིན་(༡༧བ)
ལས་སྟོངས་གྲོགས་རྒྱ་ཆེན་པོ་མཛད་དུ་གསོལ། ཀྱཻ། དབང་ལྡན་མ་རུ་ཙེ་ཡི་དུར་ཁྲོད་ནས། །མཆོང་དམར་བྲག་ལ་བརྟེན་པའི་གནས་བཅས་པ། །སྒྲོལ་གྱིང་ཆེན་པོ་སྲོག་བདག་དམར་པོ་དང་། །སྲོག་བདུད་ཆེན་མོ་བསེ་ཡི་ལན་ཕྲན་ཅན། །ལྕམ་སྲིང་ཁྱེད་ཀྱི་བཀའ་ལས་མི་འདའ་བའི། །ལས་མཁན་སྲོག་བདག་དམར་པོ་འཁོར་དང་བཅས། །སྒྲོལ་བྱེད་བཤན་པ་གྲི་ཐོགས་བརྒྱད་པོ་དང་། །རོ་བཤན་ཉི་ཤུ་རྩ་གཅིག་འཁོར་དང་བཅས། །བདུད་དང་གནོད་སྦྱིན་སྲིན་པོ་སུམ་སྟོང་དང་། །བཙན་དམར་སྟོང་གི་དམག་ཚོགས་འཁོར་དང་བཅས། །མ་མོ་འབུམ་དང་ཐེའུ་རང་སྟོང་ལ་སོགས། །སྟོན་པའི་བཀའ་བཞིན་སྒྲུབ་པའི་སྲུང་མའི་ཚོགས། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག །དགྲ་ཤ་ཁྲག་གི་མཆོད་གཏོར་འདི་བཞེས་ཤིག །གཙང་མ་ཕུད་ཀྱི་གསེར་སྐྱེམས་འདི་བཞེས་ཤིག །རབ་དམར་ཁྲག་ཆང་མཆོད་ཡོན་འདི་བཞེས་ཤིག །སྔར་བཅོལ་ལེགས་པའི་གཏང་རག་གཉེན་པོ་འབུལ། །ད་འཆོལ་ལེགས་པའི་གསལ་འདེབས་རྟེན་དུ་འབུལ། །རྒྱལ་བའི་བསྟན་དང་བསྟན་འཛིན་གཅེས་པར་སྐྱོངས། །རྣལ་འབྱོར་བདག་གི་གནས་ལུས་ལོངས་སྤྱོད་དང་། །འཁོར་དང་ཡོ་བྱད་བཞོན་པ་ལ་སོགས་པ། །བཅོལ་ལོ་གཏད་དོ་སྲུང་མ་མཐུ་རྩལ་ཅན། །ཉིན་གསུམ་བྱ་ར་རྒྱང་ནས་མ་གཡེལ་ཅིག །མཚན་གསུམ་མེལ་ཚེ་དྲུང་ནས་མ་གཡེལ་ཅིག །རྟག་ཏུ་སྒྲུབ་པོའི་སྟོངས་གྲོགས་མ་གཡེལ་ཅིག །བླ་མས་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །སྡང་བའི་དགྲ་ལ་མངོན་པའི་རྟགས་སྟོན་ལ། །རྣལ་འབྱོར་བདག་གི་མགོན་སྐྱབས་དཔུང་གཉེན་མཛོད། །བླ་མའི་སྐུ་དགྲ་བསྟན་པའི་སྤྱི་དགྲ་དང་། །རྣལ་འབྱོར་སྒོས་དགྲ་སེམས་ཅན་ཡོངས་ལ་འཚེ། །མ་ཉེས་ལོག་པར་ལྟ་བའི་དགྲ་དང་བགེགས། །དཔལ་མགོན་ཁྱོད་ཀྱིས་སྒྲོལ་ལ་བསྟན་པ་སྲུངས། །ཞེས་བརྗོད་ལ་བཏབ་བོ། །(༡༨ན)
ཡི་དམ་ཆོས་སྲུང་བཀང་བ་ནི། ཧྲཱིཿ བཛྲ་ཀྲོ་དྷས་བསངས། སྭ་བྷ་ཝས་སྦྱངས། བྷྲུཾ་ལས་གནས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་ཨཱ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེའི་ནང་དུ་ཆུ་གཉིས་ཉེར་སྤྱོད་འདོད་ཡོན་སྲོག་ཆགས་གོ་མཚོན་སོགས་ཕྱི་ནང་གསང་བའི་སྤྱན་གཟིགས་བསམ་གྱིས་མི་ཁྱབ་པ་རྩ་བ་གསུམ་གྱི་ལྷ་ཚོགས་སྤྱི་དང་ཁྱད་པར་དབང་ཆེན་ཁྲག་འཐུང་ཡང་གསང་ཁྲོས་པ་ལྷ་དགུའི་དཀྱིལ་འཁོར་གྱི་ལྷ་ཚོགས་དང་བཀའ་སྡོད་གིང་ལྔ་གཟའ་གདོང་ཆོས་སྐྱོང་བེག་ཙེ་ལྕམ་སྲིང་ལ་སོགས་པ་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱི་ཐུགས་དམ་མ་ལུས་པར་སྐོང་བར་ནུས་པའི་བྱེད་ལས་ཁྱད་པར་ཅན་དང་ལྡན་པར་གྱུར། ཨཱོཾ་སརྦ་བིད། པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོ། བཛྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔ ཞེས་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། ཧྲཱི༔ ཆོས་སྐུ་སྐྱེ་བ་མེད་པའི་ངང་ཉིད་ནས། །ལོངས་སྐུ་ཁྲོ་རྒྱལ་རྟ་མཆོག་དབང་གི་ལྷ། །སྤྲུལ་སྐུ་སྣ་ཚོགས་གར་གྱིས་འགྲོ་རྣམས་འདུལ། །རྩ་གསུམ་དཀྱིལ་འཁོར་ལྷ་ཡི་ཚོགས་རྣམས་ལ། །དགྱེས་པ་སྐྱེད་ནུས་ཕྱི་ནང་གསང་བ་ཡི། །རྨད་བྱུང་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན། །དངོས་བཤམས་ཡིད་སྤྲུལ་ས་དང་བར་སྣང་ཁྱོན། །མ་ལུས་བཀང་སྟེ་འབུལ་གྱི་བཞེས་སུ་གསོལ། །རྩ་བརྒྱད་སྟོང་སྦྱར་བདུད་རྩི་ཨ་མྲྀ་ཏ། །ཁྲག་སྣའི་རྦ་ཀློང་འཁྲུག་པ་རཀྟའི་མཚོ། །ཤ་ལྔ་བདུད་རྩི་ལྔ་སྦྱར་གཏོར་མ་དང་། །བཟའ་བཅའ་བཏུང་བ་ཚོགས་ཀྱི་འཁོར་ལོ་དང་། །རྨད་བྱུང་གསེར་སྐྱེམས་ཛ་གད་སྨན་གྱི་ཕུད། །མཉམ་སྦྱོར་བདེ་བ་ཆེན་པོའི་མཆོད་པ་རྣམས། །རྩ་གསུམ་དཀྱིལ་འཁོར་དགྱེས་པ་བསྐྱེད་ཕྱིར་བཤམས། །དམར་ཆེན་ཁྲག་གི་ཨརྒྷཾ་རྦ་ཀློང་འཁྲུག །དབང་པོ་སྣ་ལྔའི་མེ་ཏོག་ཕང་ཕུང་གཡོ། །ཤ་ཆེན་གུ་གུལ་སྤོས་(༡༨བ)
དཀར་དུད་སྤྲིན་འཁྲིགས། །ཚིལ་ཆེན་མར་མེ་ཉི་ཟླའི་འོད་ལྟར་གསལ། ཁྲག་ཞག་སྨན་གྱི་དྲི་ཆབ་ཆུ་རྒྱུན་བསྒྲེངས། །ཤ་རུས་རོ་བརྒྱའི་བཅུད་ལྡན་ཞལ་ཟས་དང་། །རྐང་གླིང་ཐོད་རྔ་སིལ་སྙན་དུང་ཆེན་སོགས། །རྩ་གསུམ་ལྷ་ཚོགས་དགྱེས་པ་བསྐྱེད་ཕྱིར་བཤམས། །རྟ་མཆོག་རླུང་གི་ཐུགས་ཅན་གློག་ལྟར་འཁྱུག །འབྲོང་གཡག་རྡོ་རྗེའི་རྭ་ཆེན་མཁའ་ལ་གདེང་། །འཇམ་པའི་སྤུ་ལྡན་ར་བཞི་འཁྱིལ་བའི་ལུག །འོ་མའི་རྒྱུན་འཛིན་འདོད་པ་འཇོ་བའི་བ། །མཛེས་པའི་སྤུ་ལྡན་བསེ་ཡི་ར་སྐྱེས་དང་། །བྱ་རོག་སྲིན་བྱ་འུག་པ་མཁའ་ལ་ལྡིང་། །ཁྱི་ནག་ལྕེ་སྤྱང་དོམ་དྲེད་སྟག་གཟིག་རྣམས། །རྩ་གསུམ་ལྷ་ཚོགས་དགྱེས་པ་བསྐྱེད་ཕྱིར་བཤམས། །རྟག་གཏོར་རྒྱུན་གཏོར་དུས་ཀྱི་གཏོར་མ་དང་། །ཉི་ཟླ་རི་རབ་གླིང་བཞི་བཀང་རྟེན་མདོས། །དར་དཀར་ཟ་འོག་རལ་གུ་སག་ལྷམ་དང་། །བསེ་ལྕགས་ལས་གྲུབ་ཁྲབ་རྨོག་ལྕགས་གཞིབས་འབག །ཞོལ་བཏགས་རྔ་རིས་འཇའ་ཚོན་ལྟ་བུར་བཀྲ། །མདའ་མདུང་རལ་གྲི་དགྲ་སྟ་ཁྲམ་ཤིང་ཞགས། །ཕུར་པ་རྡོ་རྗེ་ཆུ་སྲིན་རྒྱལ་མཚན་ཅན། །རྩ་གསུམ་ལྷ་ཚོགས་དགྱེས་པ་བསྐྱེད་ཕྱིར་བཤམས། །ཟོར་བ་ནད་རྐྱལ་བེ་ཅོན་ཞིང་དབྱུག་དང་། །མི་གླང་སྟག་དང་སེང་གེའི་པགས་པའི་ཚོགས། །མགོ་རློན་དོ་ཤལ་རིན་ཆེན་རུས་པའི་རྒྱན། །རྒྱལ་མཚན་འཕན་གདུགས་བླ་བྲེ་ལྡ་ལྡི་བྲེས། །སྲོག་འཁོར་ཕ་ཝང་ལོང་བུ་སྙུག་རྒོད་སོགས། །དྲེགས་པ་རང་བཞིན་འདུ་བ་གསང་བའི་རྫས། །ཕྱི་ནང་གསང་རྟེན་མ་ཚང་མེད་པ་རྣམས། །རྩ་གསུམ་ལྷ་ཚོགས་དགྱེས་པ་བསྐྱེད་ཕྱིར་བཤམས། །དེ་ལྟར་ལེགས་བཤམས་མཐུན་པའི་བཀང་རྫས་ཀྱིས། །རྒྱལ་བ་དགོངས་པས་བརྒྱུད་པའི་ཐུགས་དམ་བསྐང་། །རིག་འཛིན་བརྡ་ཡི་བརྒྱུད་པའི་༴། གང་ཟག་སྙན་ཁུང་བརྒྱུད་པའི་༴། ལས་འགྲོ་གཏེར་གྱི་བརྒྱུད་པའི་༴། སྨོན་ལམ་གཏད་རྒྱ་བརྒྱུད་པའི་༴། བཀའ་བབས་ལུང་བསྟན་བརྒྱུད་པའི་༴། བྱིན་རླབས་(༡༩ན)
དབང་བསྐུར་བརྒྱུད་པའི་༴། ཞི་བ་བཞི་བཅུ་རྩ་གཉིས་༴། ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་༴། སྒྲུབ་ཆེན་བཀའ་བརྒྱད་ལྷ་ཚོགས་༴། ཁྱད་པར་པདྨ་དབང་ཆེན་༴། ཡུམ་ཆེན་གར་གྱི་དབང་ཕྱུག་༴། དབང་ཆེན་རིགས་བཞིའི་ལྷ་ཡི་༴། སྒོ་སྲུང་ཁྲོ་མོ་བཞི་ཡི་༴། སྲོག་བདག་འོད་ཀྱི་རྒྱལ་པོའི་༴། ཚངས་པ་དུང་གི་ཅོད་པཎ་༴། དམ་ཅན་རྡོ་རྗེ་ལེགས་པའི་༴། བདུད་པོ་རི་ནག་སྤུངས་པའི་༴། སྲོག་བདག་ཡམ་ཤུད་དམར་པོའི་༴། གཟའ་རྒོད་ར་ཧུ་ལ་ཡི་༴། བཀའ་ཉན་གདོང་མོ་བཞི་ཡི་༴། ཆོས་སྐྱོང་བེག་ཙེ་ལྕམ་སྲིང་༴། ལས་མཁན་སྲོག་བདག་དམར་པོའི་༴། གྲི་ཐོགས་བཤན་པའི་ཚོགས་ཀྱི་༴། འཁོར་ཚོགས་དམ་ཅན་རྒྱ་མཚོའི་༴། ཐུགས་དམ་གཉན་པོ་དབྱིངས་སུ་སྐོང་གྱུར་ནས། །བདག་སོགས་རྒྱུ་སྦྱོར་སྦྱིན་པའི་བདག་པོ་ཡི། །འགལ་རྐྱེན་ཟློག་ལ་དངོས་གྲུབ་སྩལ་དུ་གསོལ། །ཚོགས་འཁོར་བྱིན་གྱིས་བརླབ་པ་ནི། ཨཱོཾ་རཾ་ཀྲོ་དྷ་རཀྟ་བཛྲ་ཛྭ་ལ་རཾ་ཏི་ག་ན་བི་ཤོ་ཛྭ་ལ་རཾ་ཕཊ་རཾ་རཾ། རཾ་ཡཾ་ཁཾ། ཨཱོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། བྷྲུཾ། ཨཱོཾ་ཨཱཿཧཱུཾ། ཨཱོཾ་མ་ཧཱ་རཏྣ་ཀཱ་ཡ་བི་ཤུདྡྷེ་ཧཱུཾ། མཆོད་པའི་ཡུལ་རྣམས་སྤྱན་དྲང་བ། ཧཱུཾ། རང་བཞིན་རྣམ་དག་དབྱིངས་ཉིད་ལས། །སྤྲུལ་པའི་ཁྲོ་བོ་མི་བཟད་པ། །པདྨ་དབང་ཆེན་དཀྱིལ་འཁོར་ལྷ། །ལོངས་སྤྱོད་ཚོགས་ལ་གཤེགས་སུ་གསོལ། །ཨཱོཾ་ཨེ་ཧྱེ་ཧི་བྷ་ག་ཝ་ན་མ་ཧཱ་ཀ་རུ་ཎི་ཀ་མ་ཧཱ་པདྨ་ཤྭ་ར་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ༔ པདྨ་ཀ་མ་ལ་ཡེ་སྟྭཾ། ཚོགས་ཀྱི་འཁོར་ལོ་སྤྱིར་འབུལ་བ། ཧཱུཾ། བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་དུ་ཅི་བདེར་བཞེས་སུ་གསོལ། །མ་ཧཱ་པདྨ་ཤྭ་རི་ས་པ་རི་ཝཱ་ར་ཨརྒྷཾ་དྷཱུ་པཾ་པུཥྤཾ་དཱི་པཾ་གན་དྷེ་ནཻ་ཝི་དྱ་པྲ་ཏཱི་ཙྪ་ཡ་སྭཱ་ཧཱ། ཧཱུཾ། འདི་ན་སྣ་ཚོགས་གཟུགས་མཆིས་ཏེ། །གཟུགས་ཀྱི་ལྷ་མོ་མེ་ལོང་(༡༩བ)
མ། །མེ་ལོང་ལས་ཀྱང་གཟུགས་རྣམས་བྱུང་། །མང་པོ་བསམ་གྱིས་མི་ཁྱབ་པ། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་སྟེ། །དཀྱིལ་འཁོར་ལྷ་ཡི་སྤྱན་ལ་འབུལ། །གཟུགས་ཀྱི་མཆོད་པ་བཞེས་སུ་གསོལ། །ཨ་ལ་ལ་ཏེ་དགྱེས་པར་མཛོད། །འདི་ན་སྣ་ཚོགས་སྒྲ་མཆིས་ཏེ། །སྒྲ་ཡི་ལྷ་མོ་པི་ཝང་མ། །པི་ཝང་ལས་ཀྱང་སྒྲ་རྣམས་འབྱུང་། དཀྱིལ་འཁོར་ལྷ་ཡི་སྙན་ལ་འབུལ། །སྒྲ་ཡི་༴། འདི་ན་སྣ་ཚོགས་དྲི་མཆིས་ཏེ། །དྲི་ཡི་ལྷ་མོ་སྤོས་ཁང་མ། །སྤོས་ཁང་ལས་ཀྱང་དྲི་རྣམས་འབྱུང་། །དཀྱིལ་འཁོར་ལྷ་ཡི་ཤངས་ལ་འབུལ། །དྲི་ཡི་༴། འདི་ན་སྣ་ཚོགས་རོ་མཆིས་ཏེ། །རོ་ཡི་ལྷ་མོ་ཞལ་ཟས་མ། །ཞལ་ཟས་ལས་ཀྱང་རོ་རྣམས་བྱུང་། །དཀྱིལ་འཁོར་ལྷ་ཡི་ལྗགས་ལ་འབུལ། །རོ་ཡི་༴། འདི་ན་སྣ་ཚོགས་རེག་མཆིས་ཏེ། །རེག་བྱའི་ལྷ་མོ་ན་བཟའ་མ། །ན་བཟའ་ལས་ཀྱང་རེག་རྣམས་འབྱུང་། །རེག་བྱའི་༴། འདི་ན་སྣ་ཚོགས་ཆོས་མཆིས་ཏེ། །ཆོས་ཀྱི་ལྷ་མོ་པོ་ཏི་མ། །པོ་ཏི་ལས་ཀྱང་ཆོས་རྣམས་འབྱུང་། །དཀྱིལ་འཁོར་ལྷ་ཡི་ཐུགས་ལ་འབུལ། །ཆོས་ཀྱི་བྱེ་བྲག་ཐོག་མར་བསྟོད་དེ་འབུལ། ཧྲཱི༔ སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་། །དགོད་དང་གཤེད་དང་འཇིགས་པར་བྱེད་པ་དང་། །སྙིང་རྗེ་རྔམས་དང་ཞི་བ་ལ་སོགས་པ། །སྐུ་ཡི་དངོས་པོ་ཤིན་ཏུ་སྒྱུར་བ་ནི། །གར་བཅས་སྒྲུབ་པོ་རྣལ་འབྱོར་པ། །གར་གྱི་དབང་ཕྱུག་གཙོ་བོ་ཆེ། །ཟླ་བ་ལ་སོགས་སྙིང་པོ་ཅན། །མཾ་ས་ལ་སོགས་རོ་མཆོག་བསིལ། །མེ་ཏོག་ལ་སོགས་ཙནྡན་དྲི། །བཟང་རྒུ་འབུལ་ལོ་བཞེས་སུ་གསོལ། །མི་མོ་རྣམས་ཀྱི་རེག་བྱ་མཆོག །བྱིན་གྱིས་རློབས་ཤིག་རྣལ་འབྱོར་པ། །སྒྲུབ་པའི་རྫས་འདི་ཐམས་ཅད་ལ། །ཧཱུཾ་དང་ཕཊ་ཀྱིས་ལྡན་པ་མཛོད། །མཧཱ་པདྨ་ཤྭ་ར་ས་པ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཁ་རཾ་ཁཱ་ཧི། བར་པ་བཤགས་ཏེ་འབུལ་བ་ནི། ཧཱུཾ། བླ་མ་དཀྱིལ་འཁོར་ལྷ་ཚོགས་དགོངས་(༢༠ན)
སུ་གསོལ། །བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ། །པདྨ་དབང་ཆེན་དཀྱིལ་འཁོར་ལྷ་ཚོགས་ཀྱི། །ཐུགས་དང་འགལ་བའི་ལས་རྣམས་ཅི་བགྱིས་པ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །བཟོད་པར་གསོལ་ཏེ་ཚངས་པར་སྩལ་དུ་གསོལ། །ཚངས་པ་འཕྲུལ་གྱི་དངོས་གྲུབ་སྩལ་དུ་གསོལ། །ཨཱོཾ་པདྨ་ཤྲཱི་ཧེ་རུ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། པདྨ་ཤྲཱི་ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ། ཌི་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲཱི་ཡཾ། ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝ་ན། པདྨ་ཤྲཱི་ཧེ་རུ་ཀ་མ་མེ་མུཉྩ། པདྨ་ཤྲཱི་ཧེ་རུ་ཀོ་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨ་ཧཱུཾ༔ མཐར་འབུལ་ཆེད་དུ་བསྐྱེད་ཅིང་འགུགས། ཨེ་རཾ། ཕཊ་རཾ། ཛྭ་ལ་རཾ། ཎི་ཛ། ཏྲི་ཛ། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། །ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་༴། ཁྱད་པར་བཅོམ་ལྡན་འདས་པདྨ་དབང་ཆེན་ཁྲག་འཐུང་ལྷ་དགུ་འཁོར་ཟ་བྱེད་བཀའ་ཉན་གྱི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། ཆོས་དབྱིངས་རང་བཞིན་གྱིས་རྣམ་པར་དག་ཅིང་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་ཆེན་པོ་ལ་བརྟེན་ནས་སངས་རྒྱས་ཀྱི་བསྟན་པའི་སྤྱི་དགྲ །དཔལ་ལྡན་བླ་མའི་སྐུ་དགྲ། སེམས་ཅན་ཡོངས་ལ་འཚེ་བར་བྱེད་པ། ཁྱད་པར་རྣལ་འབྱོར་བདག་ཅག་ཆོས་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་དགྲ་བགེགས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་རི་རབ་ཀྱི་ཁོང་གསེང་། ནམ་མཁའི་མཐོངས། རྒྱ་མཚོའི་གཏིང་། གླིང་བཞི་གླིང་ཕྲན་གང་ན་འདུག་ཀྱང་རུང་སྟེ། སྐྱོབ་པར་བྱེད་པའི་ལྷ་དང་ཕྲོལ་ལ། ལིང་ག་དང་། ཚོགས་ཐ་མ་(༢༠བ)
འདི་ཉིད་ཀྱི་ནང་དུ་ཁུག་ཅིག །པྲ་བེ་ཤ་ཡ་ཕཊ། ཨ་བེ་ཤ་ཡ་ཨ། ཁྲོ་བོའི་ཕོ་ཉ་སྤྲོ་བ་ནི། ཧཱུཾ་བྷྱོ། དམ་ཚིག་ཆེན་པོའི་དུས་ལ་བབ། ང་དཔལ་ཁྲག་འཐུང་ཧེ་རུ་ཀ །ཐུགས་རྗེ་ཐུགས་དམ་རྒྱུད་སྐུལ་བ། །འཇིག་རྟེན་ཐམས་ཅད་བསྒྲལ་བའི་ཞིང་། །འཇིག་རྟེན་ཐམས་ཅད་དུར་ཁྲོད་འབར། །བཟའ་རྒྱུ་ཐམས་ཅད་ཤ་ཁྲག་ཚོགས། །གཟུགས་སྣང་ཐམས་ཅད་ཧེ་རུ་ཀ །མི་རྟོག་ཐུགས་ཀྱི་དཀྱིལ་འཁོར་ནས། །བཅོམ་ལྡན་པདྨ་ཧེ་རུ་ཀ །ཐུགས་རྗེ་ཐུགས་དམ་རྒྱུད་བསྐུལ་བས། །ཡེ་ཤེས་རོལ་ཅིང་གཤེགས་སུ་གསོལ། །ཛ༔ ཡབ་གཅིག་སྐུ་མདོག་དམར་པོ་ནི། །རིགས་ལྔའི་སངས་རྒྱས་དབུ་ལ་རྫོགས། །ཕྱག་རྒྱ་ཐུགས་ཀྱི་དཀྱིལ་ནས་སྐྱོང་། །ལྕགས་གྲི་ནག་པོ་ཕྱག་ན་བསྣམས། །སྒྲོལ་གྱིང་ཆེན་པོར་དམ་བཅས་པ། །ནག་པོ་འབུམ་གྱི་བདག་པོ་སྟེ། །མཁའ་འགྲོ་འབུམ་གྱི་དབུས་ན་འགྱིང་། །མི་རོ་འབུམ་གྱི་ཁྲི་སྟེང་ན། །རྟ་རོ་འབུམ་ནི་གཅལ་དུ་བཀྲམ། །ཟས་སུ་དེ་ནི་ཤ་ཆེན་ཟ། །སྐོམ་དུ་དེ་ནི་རཀྟ་འཐུང་། །མཐའ་དག་བསྒྲལ་བའི་རྒྱུ་ཡིན་ཏེ། །འདི་ཡི་སྙིང་པོ་འབུམ་བཟླས་ན། །གཅིག་ཏུ་དེ་ནི་དགྲ་ལ་འཇབས། །གཉིས་སུ་དེ་ནི་བགེགས་ལ་འཇབ། །སྐྱེས་བུ་ཆེན་པོའི་འཕྲུལ་གྱི་སྲས། །གནོད་བགེགས་འདུལ་བའི་དུས་ལ་བབ། །ཧཱུཾ། དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་གཉན་ཆེན་པོའི་དུས་ལ་བབ། །བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །དུས་གསུམ་རྒྱལ་བའི་གདུང་གསོབ་པ། །རིག་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་དང་། །དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས། ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་འདིར་ཁུག་ལ། །མངོན་སྤྱོད་ཚུལ་(༢༡ན)
བཞིན་བསྒྲལ་བ་དང་། །ལུས་ངག་རྡུལ་དུ་བརླག་པར་མཛོད། །ཟུང་ཞིག་སྡོམས་ཤིག་རྣམ་པར་ཆིངས། །རྟོགས་ཤིག་གྲོགས་དང་བྲལ་བར་གྱིས། །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །འདི་ལ་བྱང་ཆུབ་སེམས་མེད་ཀྱིས། །གཞན་དུ་ནམ་ཡང་གཏང་མི་བྱ། །བྱང་ཆུབ་སེམས་སུ་གཏང་བར་བྱ། །ང་ཡི་དབང་དུ་བསྡུས་ལ་ཤོག །ཡུངས་ཀར་ཕོ་ཉ་སྤྲོ་བ་ནི། །བྷྱོ༔ གནོད་སྦྱིན་རྒྱལ་པོ་ཁྲོས་པའི་སྲས། །ཡུངས་ཀར་ཡེ་ཤེས་སྤྲུལ་པའི་མདའ། །ཐུགས་རྗེའི་ཀློང་ནས་ཕར་འཕངས་པས། །དགྲ་བོའི་གཟུགས་ཕུང་འབེན་ལ་རྒྱོབ། །དཀར་ནག་སྙིང་གི་དཀྱིལ་དུ་ཕྱུང་། །ཤིག་ཤིག་དུམ་དུམ་ཉིལ་ཉིལ་རྒྱོབ། ཁྲོ་ཆུང་གཏམས་པའི་ཡུངས་ཀར་འདི། །ཡིད་ཀྱི་ཡེ་ཤེས་སྤྲུལ་པའི་མདའ། །ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས། །ཡེངས་པ་མེད་པར་འཕངས་པ་ཡིས། །དགྲ་བོའི་ནང་ཁྲོལ་འབེན་ལ་རྒྱོབ། །དུམ་བུ་རུལ་རྦད་དུམ་བུ་ཉལ་རྦད། ཡན་ལག་འཆིང་བའི་ཡུངས་ཀར་ནི། །ཕྱག་རྒྱ་རོལ་པའི་མདའ་རྒྱང་སྟེ། །འཕྲོ་འདུ་ཅིར་ཡང་འགྱུར་བའི་མདའ། །དགྲ་བོའི་ཡན་ལག་འབེན་ལ་རྒྱོབ། །ཐུམ་ཐུམ་རིལ་རིལ། དབང་པོ་ལེན་པའི་ཡུངས་ཀར་འདི། །རིག་པའི་རྒྱལ་པོའི་ཐུགས་ཀྱི་མདའ། །རིག་པའི་དབྱིངས་ནས་འཕངས་པ་ཡིས། །དགྲ་བོའི་དབང་པོ་མིག་ལ་རྒྱོབ། །ཐིབས་ཡ་ཐིབས་ཡ། བྷྱོ་བྷྱོ། རྣམ་ཤེས་གཅོད་པའི་ཡུངས་ཀར་འདི། །སྔགས་ཀྱི་རྒྱལ་པོ་བྲམ་ཟེའི་མདའ། །འགུགས་འདྲེན་ཕོ་ཉའི་མདའ་རྒྱང་སྟེ། །དགྲ་བོའི་རྣམ་ཤེས་འབེན་ལ་རྒྱོབ། །ཧུ་ཡ་ཧུ་ཡ། ཧྲོག་ཧྲོག །སྐྱོབ་བྱེད་ལྷ་དང་འཕྲལ་བ་ནི། མ་ཧཱ་གུ་གུལ་པྲ་ཏ་ཡ་ཧཱུཾ་ཕཊ། བྷྱོ། གཉེན་པོ་ཀུན་སྒྲོལ་དམ་ཚིག་ཅན། །མགོ་བའི་ལྷ་རྣམས་བསྒྲལ་བའི་ཕྱིར། །གུ་གུལ་སྦྱར་བའི་རྫས་མཆོག་གིས། །སྲོག་ལྷ་གནམ་དུ་ཡར་དུ་ཆུག །དགྲ་ལྷ་རྒྱ་མཚོའི་གཏིང་དུ་སྐྱུར། །ཕོ་ལྷ་(༢༡བ)
རྡོག་པའི་འོག་ཏུ་གནོན། །ཞང་ལྷ་རྒྱ་མཚོའི་འཁྲིས་ལ་སྐྱོལ། །ཕོ་ལྷ་སྲོག་ལྷ་མྱུར་དུ་ཆོད། །གུ་གུལ་སྦྱར་བའི་རྫས་མཆོག་འདིས། །ལེ་དགུ་ལྷ་དང་ཕྲོལ་ལ་ཤོག །འབོབ་དུད་ཕོ་ལྷའི་གཤེད་མ་གྱིས། །རྒྱ་ཚིལ་དགྲ་ལྷའི་གཤེད་མ་གྱིས། །ཡུངས་ཀར་སྲོག་ལྷའི་གཤེད་མ་གྱིས། །ར་རུ་མོ་ལྷའི་གཤེད་མ་གྱིས། །ཞབས་མས་ཞང་ལྷའི་གཤེད་མ་གྱིས། །གུ་གུལ་སྦྱར་བའི་རྫས་མཆོག་གིས། །དགྲ་བོའི་དམ་ཚིག་ཉམས་སུ་ཆུག །ཕུར་པ་བསྐྱེད་ཅིང་གདབ་པ་ནི། །ཨཱོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨདྨ་ཀོ་྅་ཧཾ༔ པཾ་པདྨ་མཎྜ་ལ༔ མ་སུརྱ་མཎྜ་ལ༔ ཧྲཱི༔ སྥ་ར་ཎ་ཕཊ༔ སིང་ཧ་ར་ཎ་ཧཱུཾ༔ ཨཱོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། སྟོང་པའི་ངང་ལས་ཕུར་པ་སྐད་ཅིག་གི །དབང་ཆེན་ཁྲག་འཐུང་པདྨ་ཀཱི་ལ་ཡ། །དམར་དཀར་ལྗང་བའི་ཞལ་གསུམ་ཕྱག་དྲུག་གི །དང་པོ་གཉིས་ཀྱིས་པདྨ་བྷན་དྷ་བསྣམས། །བར་པ་གཉིས་ཀྱིས་ལྕགས་ཀྱུ་ཞགས་པ་འཛིན། །ཐ་མའི་ཕྱག་གཉིས་རི་རབ་ཕུར་བུ་སྒྲིལ། །དུར་ཁྲོད་ཆས་བརྒྱན་སྐུ་སྟོད་ཁྲོ་བོའི་གཟུགས། །སྐུ་སྨད་ཟུར་གསུམ་རྣོ་བའི་དཔལ་དང་ལྡན། །སྐུ་ལ་བསྐལ་པའི་མེ་དཔུང་རབ་ཏུ་འབར། །ཨཱོཾ་ཨཱཿཧཱུཾ་གི་ཡི་གེས་གནས་གསུམ་མཚན། །ཡེ་ཤེས་ཛཿཧཱུཾ་བཾ་ཧོཿས་གཉིས་མེད་བསྟིམ། ཨཱོཾ་ཏིབ་ཏ་ཙཀྲ་ཧ་ན་ཧ་ན་ཨཱོཾ་ཧྲཱི༔ ཕུར་པ་ཨ། ཨཱོཾ་བཛྲ་ས་ཏྭ་ཧཱུཾ༔ ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝ་ཀ་ཙིཏྟ་ཏིཥྛ་བཛྲ། བདག་དང་ཕུར་པའི་གནས་གསུམ་ཡི་གེ་ལས། །འོད་འཕྲོས་བདེ་གཤེགས་སྐུ་ཡི་བྱིན་རླབས་བསྡུས། །སྐུ་ཡི་སྒོ་ནས་ཁམས་གསུམ་མ་ལུས་པ། །དུས་གཅིག་སྒྲོལ་བའི་ནུས་པ་ཐོབ་པར་གྱུར། །བདེ་གཤེགས་གསུང་གི་བྱིན་རླབས་ཐམས་ཅད་བསྡུས། །གསུང་གི་སྒོ་ནས་ཁམས་གསུམ་མ་ལུས་པ། །དུས་གཅིག་སྒྲོལ་བའི་ནུས་པ་ཐོབ་པར་གྱུར། །བདེ་གཤེགས་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས། །ཐུགས་ཀྱི་སྒོ་ནས་ཁམས་གསུམ་མ་ལུས་པ། །དུས་(༢༢ན)
གཅིག་སྒྲོལ་བའི་ནུས་པ་ཐོབ་པར་གྱུར། །ཨཱོཾ་པདྨ་ཀཱི་ལ་ཡ་པེ་ཏ་ལི་མཎྜ་ལ་ལ་རཀྵ་ཧཱུཾ་ཕཊ། ཨཱོཾ་པདྨ་ཀཱི་ལ་ཡ་མ་ཧཱ་གུ་གུལ་པྲ་ཏ་ལ་ཨ་ཏིཥྛ་ན་ཡ་ཧཱུཾ་ཕཊ། ཨཱོཾ་པདྨ་ཀཱི་ལ་ཡ་མ་ཧཱ་རཀྟ་ཛྭ་ལ་ནི་ཧཱུཾ་ཕཊ། བཛྲ་ར་ཀྲི་ཏ། ཨཱོཾ་ལཾ་ཧཱུཾ་ལཾ་སྟྭཾ་བྷ་ཡ་ནན། མོ་ཧ་གྷཱ་ཏ་ཡ་བྷ་ག་ཝན། ཧྲིཥྚི་ཝི་ཀྲི་ཏ་བཛྲ་ཧཱུཾ་ཀ་ར་ཧཱུཾ། བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོ༔ སརྦ་བིགྷ་ནན། བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། ཕྱོགས་ལས་རྣམ་པར་རྒྱལ་བའི་མཐུ་དང་ལྡན། །ཕ་རོལ་གཞོན་པའི་གཟི་བརྗིད་བཀྲག་མདངས་རྒྱས། །ཐུགས་རྗེ་ཆེན་པོས་འགྲོ་ལ་རྗེས་ཆགས་གྱུར། །བདག་དང་དཀྱིལ་འཁོར་ཕུར་པའི་གནས་གསུམ་ལས། །ཨཱཿཡིག་ཕྲ་མོ་གྲངས་མེད་འཕྲོས་པ་ཡིས། །དུས་གསུམ་སངས་རྒྱས་ཐམས་ཅད་སྤྱན་དྲངས་ནས། །ཨཱ་ཡིག་རྣམ་པ་འོད་ཞུ་ཞུར་འདུས་ཐིམ། །སྒྲིབ་སྦྱངས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། །ཡང་འཕྲོས་འཕགས་མཆོད་སེམས་ཅན་སྡིག་སྒྲིབ་སྦྱངས། །སྲིད་གསུམ་ཐམས་ཅད་ཨ་ཡིག་རྣམ་པར་ཞུ། །དངུལ་ཆུ་ལྟར་གྱུར་ཟེས་པོ་ལ་ཐིམ་པས། །རྣམ་ཤེས་ཨཱ་ཡིག་དཀར་པོའི་རྣམ་པར་གྱུར། །ཚེ་ལྷག་ཚུར་བསྡུས་རྣམ་ཤེས་ཞལ་དུ་ཞུགས། །ཧཱུཾ་གྱུར་འོག་མིན་གནས་སུ་རིགས་ལྔ་ཡི། །མཉམ་སྦྱོར་ཁར་བསྐྲུན་རིགས་ཀྱི་སྲས་སུ་གྱུར། །རལ་གྲི་གཤིན་རྗེར་བསྐྱེད་པ་ནི། ཨཱོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨདྨ་ཀོ྅ཧཾ། པཾ་པདྨ་མཎྜ་ལ། མ་སུརྱ་མཎྜ་ལ། ཧཱུཾ་སྥ་ར་ཎ་ཕཊ། སིང་ཧ་ར་ཎ་ཧཱུཾ། ཨཱོཾ་ཡ་མཱན་ཏ་ཀ་ཧཱུཾ་ཕཊ༔ སྐད་ཅིག་སྟོང་པའི་ངང་ལས་རལ་གྲི་ནི། །གཤིན་རྗེ་གཤེད་ནག་ཞལ་གཅིག་ཕྱག་གཉིས་པ། །གྲི་ཐོད་འཛིན་ཅིང་དུར་ཁྲོད་ཆས་ཀྱིས་བརྒྱན། །མེ་དཔུང་དབུས་བཞུགས་གནས་གསུམ་ཡི་གེས་མཚན། །ཡེ་ཤེས་ཛཿཧཱུཾ་བཾ་ཧོཿས་གཉིས་མེད་བསྟིམ། །དབང་བསྐུར་རིགས་ཀྱི་བདག་པོས་དབུ་བརྒྱན་གྱུར། །གཤིན་རྗེ་གཤེད་པོ་འོད་དུ་ཞུ་བ་ལས། །གནམ་ལྕགས་རལ་གྲི་རྣོ་ངར་(༢༢བ)
ལྡན་པར་གྱུར། ཨཱོཾ་ཧྲཱིཿཥྚི་ཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ༔ དགྲ་བགེགས་ཐམས་ཅད་ཀཱ་ར་ཡ་ནཱ་ཤ་ཡ་སྟཾ་པ་ཡ་ཧཱུཾ་ཕཊ། དབང་ཆེན་ཐོ་ཐོགས་ཐུགས་ཀྱི་དཀྱིལ་འཁོར་ནས། །ཡེ་ཤེས་མཚོན་མ་ལྔ་ཡི་ཆར་ཕབ་པས། །དུག་ལྔ་བདུད་རྩི་ལྔ་རུ་དག་བྱས་ཏེ། །ཡེ་ཤེས་ལྔ་ཡི་ལྷ་ཚོགས་མཉེས་པར་བྱ། །ཧཱུཾ་བྷྲུཾ༔ ཨཱོཾ་བྷྲཱུཾ༔ ཏྲཱཾ་བྷྲཱུཾ༔ ཧྲཱིཿབྷྲཱུཾ༔ ཨཱཿབྷྲཱུཾ༔ བསྒྲལ་མཆོད་ཞལ་དུ་གདབ་པ་ནི། ཧྲཱི༔ དམར་ནག་གྲུ་གསུམ་དཀྱིལ་འཁོར་ནས། །བཅོམ་ལྡན་པདྨ་དབང་ཆེན་ནི། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །ཕྱག་དྲུག་མཚོན་ཆས་རྒྱུད་དྲུག་སྒྲོལ། །རབ་ཏུ་མི་བཟད་ཁྲོས་པ་ཡི། །ཞལ་གསུམ་རྔམས་པའི་ཞལ་གདངས་ཤིང་། །ཞལ་ནི་ཧོམ་ཁུང་གདངས་པ་འདྲ། །ཚེམས་ནི་གངས་རི་བལྟམས་པ་འདྲ། །མཆེ་བ་ཟངས་ཕུར་གཞིབས་པ་འདྲ། །ལྗགས་ནི་ཧོམ་གཟར་བརྐྱང་པ་འདྲ། །ཉམས་པ་གདབ་བོ་ཁ་རཾ་ཁཱ་ཧི། །ཉམས་པ་སྒྲོལ་བའི་ལས་མཛོད་ཅིག །ཡུམ་ཆེན་ཁྲོ་མོ་ཞལ་གདོངས་ཤིག །གར་གྱི་དབང་ཕྱུག་ཞལ་དུ་གདབ། །རྡོ་རྗེའི་རིགས་མཆོག་༴། མཐུ་ཆེན་བརྔམས་པའི་༴། རིན་ཆེན་རིགས་མཆོག་༴། སེར་ནག་འཁྲུག་པའི་༴། པདྨ་རིགས་མཆོག་༴། དམར་ནག་འཁྱིལ་བའི་༴། ལས་ཀྱི་རིགས་མཆོག་༴། ལྗང་ནག་ཁྲོས་པའི་༴། མཁའ་འགྲོ་རིགས་བཞིའི་༴། སྲིང་མོ་བཞི་ཡི་༴། བསྒྲལ་བའི་ཞིང་བཅུར་གྱུར་པ་ཡི། །གཟུགས་ཅན་དགྲ་དང་གཟུགས་མེད་བགེགས། །དབང་ཆེན་ལྷ་དགུའི་ཞལ་དུ་གདབ། །ཞལ་དུ་གདབ་བོ་ཁ་རཾ་ཁཱ་ཧི། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། མ་ཧཱ་ཀེཾ་ནི་རི་ཏཾ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། དབང་བསྐུར་སྨོན་ལམ་གདབ་པ་ནི། ཧོ། བདག་ཅག་རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་རྣམས་ཀྱིས་མ་ཧཱ་མཾ་ས་གསོལ་བ་ལ་བརྟེན་ནས་རྡོ་རྗེ་སེམས་དཔའི་སྐུ་ཚེ་དང་ལང་(༢༣ན)
ཚོ་ལ་མངའ་བརྙེས་པར་གྱུར་ཅིག །འཛའ་གད་དཔའ་བོ་གསོལ་བ་ལ་བརྟེན་ནས་འགྲོ་བ་མང་པོ་འདུས་པར་གྱུར་ཅིག །ཞལ་ཟས་ཀྱི་བྱེ་བྲག་མང་པོ་གསོལ་བ་ལ་བརྟེན་ནས་དཔལ་ཆེན་པོ་པདྨ་དབང་ཆེན་གྱི་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་ལ་མངའ་བརྙེས་པར་གྱུར་ཅིག །ཡར་མཆོད་མར་སྐྱོང་ཚུལ་འདི་ལ། །ཚོགས་མཆོད་དཀྱུས་ལྟར་བྱ་བའི་སྐབས། །སྒོ་དབྱེ་གསེར་སྐྱེམས་ཟོར་མནན་དོར། །ཞར་བྱུང་ཚོགས་ཟློག་བྱ་འདོད་ཚེ། །སྒྲུབ་གཏོར་ཡོད་ན་སྔར་བསྐྱེད་པའི། །ལྷ་ཚོགས་སྔགས་ཀྱིས་སླར་གསལ་འདེབས། །སྒྲུབ་གཏོར་མེད་དམ་ཡོད་ན་ཡང་། །གཏོར་མ་ཟུར་དུ་བཤམས་པ་ན། །སྔགས་ཀྱིས་ལྷ་ཚོགས་ལེགས་པར་བསྐྱེད། །ཡར་གནས་མཆོད་པས་མཉེས་པར་བྱས། །དེ་རྗེས་མར་གནས་ལྷག་བཏང་རྣམས། །ལྷན་ཅིག་ཟོར་དུ་བྱས་ནས་འཕེན། །འདི་ཡང་གསང་སྔགས་སྔ་འགྱུར་ལ། །གྲགས་པའི་མན་ངག་ཟུར་པ་སྟེ། །རྒྱས་བཀབ་རང་གཟོའི་འདྲ་ཆོས་མིན། །དེའི་ཕྱིར་ཡར་གནས་མཆོད་པ་ནི། །བྷྲཱུཾ་བི་ཤ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲུཾ། ཨཱོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨཱོཾ་མ་ཧཱ་ཀྲོ་དྷི་ཤྭ་རི་ཧཱུཾ་ཕཊ༔ ཨཱོཾ་བཛྲ་ཤྭ་ར་ཀྲོ་དྷ་ཧཱུཾ་ཕཊ༔ ཨཱོཾ་རཏྣ་ཤྭ་ར་ཀྲོ་དྷ་ཧཱུཾ་ཕཊ༔ ཨཱོཾ་པདྨ་ཤྭ་ར་ཀྲོ་དྷ་ཧཱུཾ་ཕཊ༔ ཨཱོཾ་ཀརྨ་ཤྭ་ར་ཀྲོ་དྷ་ཧཱུཾ་ཕཊ། ཨཱོཾ་བཛྲ་ཨཾ་ཀུ་ཤ་ཛ༔ ཨཱོཾ་བཛྲ་པཱ་ཤ་ཧཱུཾ༔ ཨཱོཾ་བཛྲ་གྷཎྜེ་ཧོ༔ ཧྲཱི༔ བཛྲ་ཀྲོ་དྷ་ནས། ཨཱོཾ་བཛྲ་གྷཎྜེ་ཧོ༔ ཡར་གྱི་གནས་རྣམས་ཀྱི་ཞལ་དུ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། མ་ཧཱ་རཀ་ཏ་ཁཱ་ཧི། ཧཱུཾ༔ དམར་ནག་གྲུ་གསུམ་དབང་གི་དཀྱིལ་འཁོར་ནས། །བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀ །འཁོར་དུ་དྲེགས་པའི་ཚོགས་རྣམས་འབུམ་གྱིས་བསྐོར། །དབང་ཆེན་རྔམས་པའི་གནས་ནས་སྐུ་བཞེངས་ལ། །དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ། །ཐུན་མོང་མཆོག་གི་(༢༣བ)
དངོས་གྲུབ་བདག་ལ་སྩོལ། །གནོད་པའི་དགྲ་བགེགས་ཐལ་བའི་རྡུལ་དུ་རློག །རྣལ་འབྱོར་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །དབྱིངས་ཉིད་རྣམ་པར་དག་པའི་དཀྱིལ་འཁོར་ནས། །ཡུམ་ཆེན་པདྨ་གར་གྱི་དབང་ཕྱུག་མ། །འཁོར་དུ་མ་མོ་ཆེན་མོ་འབུམ་གྱིས་བསྐོར། །མ་ཚོགས་གནས་ནས་འཁོར་ཚོགས་སྐུ་བཞེངས་ལ། །༴༴ཤར་ཕྱོགས་འཁོར་ལོ་དྲི་ཟའི་གདན་སྟེང་དུ། །སྤྲུལ་པའི་ཁྲོ་རྒྱལ་རྡོ་རྗེ་དབང་ཆེན་ཡང་། །འཁོར་དུ་དྲི་ཟའི་ཚོགས་རྣམས་འབུམ་གྱིས་བསྐོར། །དྲི་ཟའི་གནས་ནས་འཁོར་བཅས་སྐུ་བཞེངས་ལ། །༴༴ལྷོ་ཕྱོགས་འཁོར་ལོ་གྲུལ་བུམ་གདན་སྟེང་དུ། །སྤྲུལ་པའི་ཁྲོ་རྒྱལ་རིན་ཆེན་དབང་ཆེན་ཡང་། །འཁོར་དུ་གྲུལ་བུམ་ཚོགས་རྣམས་འབུམ་གྱིས་བསྐོར། །གྲུལ་བུམ་གནས་ནས་འཁོར་བཅས་སྐུ་བཞེངས་ལ། །༴༴ནུབ་ཕྱོགས་འཁོར་ལོ་ཀླུ་དབང་གདན་སྟེང་དུ། །སྤྲུལ་པའི་ཁྲོ་རྒྱལ་པདྨ་དབང་ཆེན་ཡང་། །འཁོར་དུ་ཀླུ་དབང་ཚོགས་རྣམས་འབུམ་གྱིས་བསྐོར། །ཀླུ་རྒྱལ་གནས་ནས་འཁོར་བཅས་སྐུ་བཞེངས། །༴༴བྱང་ཕྱོགས་འཁོར་ལོ་གནོད་སྦྱིན་གདན་སྟེང་དུ། །སྤྲུལ་པའི་ཁྲོ་རྒྱལ་ལས་རབ་དབང་ཆེན་ཡང་། །འཁོར་དུ་གནོད་སྦྱིན་ཚོགས་རྣམས་འབུམ་གྱིས་བསྐོར། །གནོད་སྦྱིན་གནས་ནས་འཁོར་བཅས་སྐུ་བཞེངས་ལ། །༴༴ཐམས་ཅད་ཞི་བར་བྱེད་པའི་དཀྱིལ་འཁོར་ནས། །ཤར་ཕྱོགས་སྒོ་མ་ཆེན་མོ་ལྕགས་ཀྱུ་མ། །འཁོར་དུ་རང་འདྲའི་དཀར་མོ་འབུམ་གྱིས་བསྐོར། །དུང་གི་སྒོ་ཁྱུད་གནས་ནས་སྐུ་བཞེངས་ལ། །༴༴ཐམས་ཅད་རྒྱས་པར་བྱེད་པའི་དཀྱིལ་འཁོར་ནས། །ལྷོ་ཕྱོགས་སྒོ་མ་ཆེན་མོ་ཞགས་པ་མ། །འཁོར་དུ་རང་འདྲའི་སེར་མོ་འབུམ་གྱིས་བསྐོར། །གསེར་གྱི་སྒོ་ཁྱུད་གནས་ནས་སྐུ་བཞེངས་ལ། །༴༴ཐམས་ཅད་དབང་དུ་བྱེད་པའི་དཀྱིལ་(༢༤ན)
འཁོར་ནས། །ནུབ་ཕྱོགས་སྒོ་མ་ཆེན་མོ་ལྕགས་སྒྲོག་མ། །འཁོར་དུ་རང་འདྲའི་དམར་མོ་འབུམ་གྱིས་བསྐོར། །ཟངས་ཀྱི་སྒོ་ཁྱུད་གནས་ནས་སྐུ་བཞེངས་ལ། །༴༴ཐམས་ཅད་དྲག་པོ་ལས་ཀྱི་དཀྱིལ་འཁོར་ནས། །བྱང་ཕྱོགས་སྒོ་མ་ཆེན་མོ་དྲིལ་བུ་མ། །འཁོར་དུ་རང་འདྲའི་ལྗང་མོ་འབུམ་གྱིས་བསྐོར། །གཡུ་ཡི་སྒོ་ཁྱུད་གནས་ནས་སྐུ་བཞེངས་ལ། །དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ། །ཐུན་མོང་མཆོག་གི་དངོས་གྲུབ་བདག་ལ་སྩོལ། །གནོད་པའི་དགྲ་བགེགས་ཐལ་བའི་རྡུལ་དུ་རློག །རྣལ་འབྱོར་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །མར་གནས་ལྷག་མ་གཏོང་བ་ནི། དཔལ་ཆེན་པོའི་ཕམ་བབས་ལ་དབང་བའི་ལྷ་ཚོགས་རྣམས་ཨེ་ཧྱེ་ཧི་ཛཿཛཿ། མུ་དྲ་ས་མཱ་ཡ་ཧཱུཾ། མུ་དྲ་ས་མ་ཡ་ཕཊ། པཾ་པདྨ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། ཨ་སྱཾ་ས་མ་ཡ་སྟྭཾ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། སྣང་བ་མཐའ་ཡས་ཡབ་ཡུམ་དུ་གྱུར། །མ་སུརྱ་མཎྜ་ལ་ཧཱུཾ་ཕཊ། པཾ་པདྨ་མཎྜ་ལ། ཨེ་ཨཾ་ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ཨ་ནུ་རཱ་ག་ཡ་མི། ཨ་ནུ་རཱ་ག་ཡ་ཧོ། ཛཿཧཱུཾ་བཾ་ཧོ༔ བོ་དྷི་ཙིཏྟ་སྥ་ར་ཎ་ཕཊ། ཧཱུཾ། དང་པོ་ཕུད་ཀྱིས་མི་མཆོད་དུ། །བཅོམ་ལྡན་དཔལ་ཆེན་ཕུད་ཀྱི་བདག །བར་དུ་ཚོགས་ལ་མི་རོལ་དུ། །མ་དང་སྲིང་མོ་ཚོགས་ལ་དགྱེས། །ཐ་མ་ལྷག་མ་མི་བྱ་རུ། །དབང་ཆེན་བྲན་གཡོག་ལྷག་མ་དབང་། །ལྷག་མ་ཁ་ཆུས་མི་བྲན་དུ། །རྗེ་དང་འབངས་གཉིས་ཁྱད་པར་ཆེ། །རྣམ་གསུམ་གཅིག་ཏུ་མི་བསྲེ་རུ། །ཆོས་ཀྱི་དབྱིངས་ལ་བཟང་ངན་མེད། །མཆོད་ནས་ལས་རྣམས་མི་འཆོལ་དུ། །ཆོས་འཁོར་བསྟན་པ་བཤིག་པ་བྱུང་། །ཧྲཱི༔ དམར་ནག་གྲུ་གསུམ་དཀྱིལ་འཁོར་ནས། །བཅོམ་ལྡན་པདྨ་ཧེ་རུ་ཀ །ཡུམ་ཆེན་པདྨ་གར་དབང་ལ། །བདེ་གཤེགས་ཁྱུང་གིས་བསྐོར་བ་ནི། །བུདྡྷ་རིགས་ཀྱི་ཁྱུང་ཆེན་དང་། །རྡོ་རྗེ་རིགས་ཀྱི་ཁྱུང་ཆེན་དང་། །རིན་ཆེན་(༢༤བ)
རིགས་ཀྱི་ཁྱུང་ཆེན་དང་། །པདྨ་རིགས་ཀྱི་ཁྱུང་ཆེན་དང་། །ལས་ཀྱི་རིགས་ཀྱི་ཁྱུང་ཆེན་ཏེ། །རང་རང་འཁོར་དང་བཅས་པ་ལ། །རྒྱན་གྱི་གཏོར་མ་འདི་འབུལ་གྱི། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །དཔག་བསམ་རྩེ་ནས་བཞེངས་པ་ཡི། །ལས་ཀྱི་ཁྱུང་ཆེན་ཕོ་མོ་ལ། །རྒྱན་གྱིས་གཏོར་མ་འདི་འབུལ་གྱི། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །བུདྡྷ་ག་རུ་ཌ། བཛྲ་ག་རུ་ཌ། རཏྣ་ག་རུ་ཌ། པདྨ་ག་རུ་ཌ། ཀརྨ་ག་རུ་ཌ། ཨི་དཾ་བ་ལིཾ་གྲིཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི། པཱུ་ཛ་ཧོཿརཀྵ་སི་པཾ་སྭཱཧཱ། ཧྲཱི༔ དམར་ནག་གྲུ་གསུམ་དཀྱིལ་འཁོར་ནས། །བཅོམ་ལྡན་པདྨ་ཧེ་རུ་ཀ །ཡུམ་ཆེན་པདྨ་གར་དབང་ལ། །སྲིན་པོ་ཕོ་མོས་བསྐོར་བ་ནི། །ཕྱོགས་བཞི་ནམ་མཁའི་ཀློང་ཡངས་ནས། །གཟའ་མཆོག་ཆེན་པོ་ར་ཧུ་ལ། །ངན་སྔགས་བདག་མོ་གདོང་མོ་བཞི། །ཤར་གྱི་ཟོར་སྲིན་སྟག་གི་གདོང་། །ལྷོ་ཡི་བཾ་སྲིན་དྲེད་མོའི་གདོང་། །ནུབ་ཀྱི་ཀོང་སྲིན་བ་ལང་གདོང་། །བྱང་གི་འབྲོག་སྲིན་ཆུ་སྲིན་གདོང་། །ངན་སྔགས་བདག་མོ་ཁྱེད་བཞི་ཡང་། །གཏོར་མ་ལེན་པའི་ལེན་ཚུལ་ནི། །ནམ་མཁའི་དཀྱིལ་ནས་འབྲུག་ལྡིར་བ། །བར་སྣང་ཁམས་ནས་གློག་འཁྱུག་པ། །སད་དང་ཐོག་དང་སེར་འབེབས་མ། །སྤྲིན་དང་རླུང་ཚུབ་ནང་ཤེད་ན། །འུར་འུར་ཐོག་ཐོག་འཇིགས་བྱེད་མ། །༴༴ར་ཧུ་ལ་བཛྲ་རཀྵ་མ་ར་ཙ་ཤ་དྷ་ཡ་ཨི་དཾ་བ་ལིཾ་གྲིཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི་པུ་ཛ་ཧོ་རཀྵ་སི་པཾ་སྭཱཧཱ། ཧྲཱི༔ དམར་ནག་གྲུ་གསུམ་དཀྱིལ་འཁོར་ནས། །བཅོམ་ལྡན་པདྨ་ཧེ་རུ་ཀ །ཡུམ་ཆེན་པདྨ་གར་དབང་ལ། མ་མོའི་ཚོགས་ཀྱིས་བསྐོར་བ་ནི། །མ་ཚོགས་རང་བྱུང་གཞལ་ཡས་ནས། །སྟོང་གསུམ་ཕུང་བྱེད་མ་མོ་ནི། །ནག་སེར་དམར་ལྗང་རལ་པ་ཅན། །ཕྱག་ན་སྦྲུལ་གྱི་ཞགས་པ་བསྣམས། །སྦྲུལ་དང་ཐོད་འཕྲེང་རྒྱན་དུ་བྱས། །རྨ་བྱའི་ཐུལ་ལ་སྐུ་ལ་གསོལ། །གཏོར་མ་ལེན་(༢༥ན)
པའི་ལེན་ཚུལ་ནི། ཁ་ནས་གཤུག་པའི་སྒྲ་འབོད་ཅིང་། །ལག་ན་ཐོད་པའི་རྔ་ཆེན་རྡུང་། །མ་ཚོགས་འབུམ་སྡེ་དམ་ལ་སྡུད། །༴༴མ་མ་རག་མོ་མཧཱ་ཀཱ་ལི་ཨི་དཾ་བ་ལིཾ་གྲིཧྞ་པཱུ་ཛ་ཧོ། །རཀྵ་སི་པཾ་སྭཱ་ཧཱ། །ཧྲཱི༔ དམར་ནག་གྲུ་གསུམ་དཀྱིལ་འཁོར་ནས། །བཅོམ་ལྡན་པདྨ་ཧེ་རུ་ཀ །ཡུམ་ཆེན་པདྨ་གར་དབང་མ། །དྲེགས་པའི་ཚོགས་ཀྱིས་བསྐོར་བ་ནི། །བདུད་བཙན་རྒྱལ་པོ་ལ་སོགས་ཏེ། །སྡེ་བརྒྱད་ལྷ་སྲིན་ཐམས་ཅད་ཀྱང་། །གཏོར་མ་ལེན་པའི་ལེན་ཚུལ་ནི། །སྟོང་ཁམས་ཐམས་ཅད་ཁུ་སྒྲས་འདེབས། །ཤ་ཁྲག་ཟ་ཞིང་དགྲ་ལ་ཆས། །མཚོན་ཆ་དགྲ་ལ་སྟོན་ཅིང་བརྔམས། །༴༴རཱ་ཛ་སྲོག་ལ་ཧྲི། ཨ་ཤུ་མེ་ཏྲི་སྲོག་ལ་ཛ། ཙ་པ་ལ་ཨག་ཤུ་ཛ། ཏྲི་ལི་ཛ། བཛྲ་ས་ཏུ་ཧྲི༔ དུན་དུན། ཤུ་ལ་གྲཱི་བ། ཨི་དཾ་བ་ལིཾ་གྲིཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི་པཱུ་ཛ་ཧོ། རཀྵ་སི་པཾ་སྭཱ་ཧཱ། གཏོར་མའི་ལམ་བསྟན་སྒོ་དབྱེ་བ། །བྷྱོ། ད་ནི་གཤེགས་སོ་ཤར་ར་ར། །ད་ནི་བཞུད་དོ་སིལ་ལི་ལི། །ད་ནི་གཤེགས་སོ་དབྱིངས་སུ་གཤེགས། །ད་ནི་དབྱིངས་སུ་མི་གཤེགས་སུ། །གནས་ངན་ཐ་མ་དུར་ཁྲོད་གནས། །ཟས་ངན་ཐ་མ་མི་གཙང་ཟས། །གོས་ངན་ཐ་མ་ཤུན་ཆེན་གོས། །རྒྱན་ངན་ཐ་མ་སྦྲུལ་ནག་རྒྱན། །གནས་ངན་ཐ་མ་མ་ལེགས་ཏེ། །འཁོར་བའི་མགོ་བཅད་གཞལ་ཡས་ཁང་། །ཟས་ངན་ཐ་མ་མ་ལགས་ཏེ། །དུག་ལྔ་འཇོམས་པ་བདུད་རྩིའི་ཟས། །གོས་ངན་ཐ་མ་མ་ལགས་ཏེ། །རྣམ་རྟོག་འཇོམས་པ་ཤུན་ཆེན་གོས། །རྒྱན་ངན་ཐ་མ་མ་ལགས་ཏེ། །ཞེ་སྡང་འཇོམས་པ་སྦྲུལ་གྱི་རྒྱན། །ད་ནི་གཤེགས་སོ་ཤར་ར་ར། །ད་ནི་བཞུད་དོ་སིལ་ལི་ལི། །དང་པོ་འབུབ་ཅིང་འབུབ་ཅིང་འགྲོ། །བར་དུ་མཆོད་ཞིང་མཆོད་ཞིང་འགྲོ། །ཐ་མ་འཐེང་ཞིང་འཐེང་ཞིང་འགྲོ། །དང་པོ་འབུབ་ཅིང་མི་འགྲོ་རུ། །གཏི་མུག་ཕུང་པོ་ལྷུན་རེ་སྟུག །གཏི་མུག་ཕུང་པོ་ལྷུན་མི་སྟུག །ཤ་ཡི་ཕུང་པོ་ལྷུན་རེ་སྟུག །བར་དུ་མཆོད་ཞིང་མི་འགྲོ་རུ། །འདོད་ཆགས་ཕུང་པོ་གཏིང་(༢༥བ)
རེ་ཟབ། །འདོད་ཆགས་ཕུང་པོ་གཏིང་མི་ཟབ། ཁྲག་གི་རྒྱ་མཚོ་གཏིང་རེ་ཟབ། །ཐ་མ་འཐེང་ཞིང་མི་འགྲོ་རུ། །ཞེ་སྡང་ཕུང་པོ་རྩེ་རེ་རྩུབ། །ཞེ་སྡང་ཕུང་པོ་རྩེ་མི་རྩུབ། །རུས་པའི་ཕུང་པོ་རྩེ་རེ་རྩུབ། །ད་ནི་གཤེགས་སོ་ཤར་ར་ར། །ད་ནི་བཞུད་དོ་སིལ་ལི་ལི། །སྒོ་མ་མ་ཡི་སྒོ་ཕྱེ་དང་། །འཕྲང་མ་མ་ཡི་འཕྲང་ཕྱེ་ཅིག །སྒོ་མ་མ་ཡིས་སྒོ་ཕྱེ་ན། །བཅས་སུ་གཟུགས་ཅན་དགྲ་འབུལ་ལོ། །གཡས་སུ་རེ་ཤིག་ཐལ་བ་རེ། །འཕྲང་མ་མ་ཡིས་འཕྲང་ཕྱེ་ན། །བཅས་སུ་གཟུགས་མེད་བགེགས་འབུལ་ལོ། །གཡོན་དུ་རེ་ཤིག་འབུབ་པ་རེ། །ད་ནི་གཤེགས་སོ་ཤར་ར་ར། །ད་ནི་བཞུད་དོ་སིལ་ལི་ལི། །གསེར་སྐྱེམས་གཟུ་དཔང་བྱ་བ་ནི། །ཧཱུཾ༔ བྱིན་རླབས་ཐུགས་རྗེའི་གཏེར་མཛོད་བླ་མ་དང་། །དངོས་གྲུབ་ཆར་འབེབས་ཡི་དམ་བཀའ་བརྒྱད་ལྷ། །དགྲ་བགེགས་སྒྲོལ་མཛད་བཀའ་སྡོད་སྲུང་མའི་ཚོགས། །གསེར་སྐྱེམས་འདི་བཞེས་གཟུ་དང་དཔང་མཛོད་ཅིག །དབང་ཆེན་དཀྱིལ་འཁོར་ཁྲག་འཐུང་ལྷ་དགུའི་ཚོགས། །གིང་ལྔ་གཟའ་གདོང་བེག་ཙེ་ལྕམ་སྲིང་སོགས། །དམ་པའི་ཆོས་སྐྱོང་གཏེར་གྱི་སྲུང་མའི་ཚོགས། །གསེར་སྐྱེམས་༴ གཞན་ཡང་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས། །ཡུལ་ལྷ་གཞི་བདག་ས་ཡི་ལྷ་མོ་དང་། །ལོ་ཟླ་ཞག་དུས་གཟའ་དང་ཚེས་ཀྱི་ལྷ། གསེར་༴ ཚུལ་ལྡན་དམ་ཚིག་སྡོམ་པའི་གཞི་རྟེན་བཟུང་། །ཐོས་དང་བསམ་པའི་ནོར་གྱིས་རྒྱུད་བལྟམས་ནས། །གསང་སྔགས་ཉེ་ལམ་སྒྲུབ་པའི་རྣལ་འབྱོར་ལ། །གནོད་པའི་དགྲ་བགེགས་བྱུང་ངོ་ར་མདའ་མཛོད། །རང་དོན་སྲིད་ཞིའི་བདེ་འབྲས་རྒྱབ་ཏུ་བསྐྱུར། །གཞན་ཕྱིར་སྐུ་གསུམ་གོ་འཕང་འཐོབ་པའི་ལམ། །སྙིང་ནས་ཚུལ་བཞིན་སྒྲུབ་པར་འདོད་པ་ལ། །གནོད་པའི་དགྲ་བགེགས་བྱུང་ངོ་ར་མདའ་མཛོད། །ལྟ་སྒོམ་རྩལ་ལྡན་(༢༦ན)
དམ་རྫས་མ་ལུས་བཤམས། །བསྙེན་སྒྲུབ་མཆོད་གཏོར་ཆུ་བོའི་རྒྱུན་བཞིན་འབད། །དམ་ཅན་ལུས་དང་གྲིབ་མ་ལྟར་བསྟེན་ན། །གནོད་པའི་དགྲ་བགེགས་བྱུང་ངོ་ར་མདའ་མཛོད། །ཚོགས་ཟློག་ཚུལ་གྱིས་ཟོར་འཕེན་པ། ཧྲཱི༔ རབ་ཏུ་བརྗིད་པའི་ལྕགས་སླང་ནག་པོའི་ནང་། །གཏོར་མ་ཚོགས་དང་ལྷག་མར་བཅས་པ་རྣམས། །ཐོག་མདར་བྱིན་བརླབས་དགྲ་བགེགས་སྟེང་དུ་འཕེན།། ནད་གདོན་བར་ཆད་ཆགས་ཆེ་ཉམ་ང་བཟློག །ཆད་མདོ་བྱ་བའི་རིམ་པ་ནི། ཧྲཱི༔ སྔོན་ཚེ་རྔམས་པ་འབར་བའི་གནས་མཆོག་ཏུ། །བཅོམ་ལྡན་པདྨ་ཁྲག་འཐུང་ཧེ་རུ་ཀས། ཁྱད་པར་བསྟན་པ་ཞེས་བྱའི་ཏིང་འཛིན་གྱིས། །དྲེགས་པ་དབང་དུ་བསྡུས་ནས་རྒྱུད་གསུངས་ཚེ། །བཀའ་སྡོད་སྲུང་མར་བཅས་པའི་ཚོགས་རྣམས་ཀྱིས། །སྒྲུབ་པ་པོ་ཡི་སྟོངས་གྲོགས་བྱེད་དོ་ཞེས། ཁས་བླངས་དམ་བཅས་ཇི་བཞིན་དེང་གི་དུས། །གཏོར་མ་འདི་ལོང་བཅོལ་བའི་འཕྲིན་ལས་མཛོད། །བར་དུ་སློབ་དཔོན་པདྨ་འབྱུང་གནས་དང་། །གཏེར་སྟོན་རྣམ་གསུམ་གྲུབ་ཐོབ་འདར་ཆར་གྱིས། ཁྲག་འཐུང་ལྷ་དགུའི་དཀྱིལ་འཁོར་ཞལ་ཕྱེ་ནས། །སྔོན་གྱི་དམ་ཚིག་གཉན་པོ་བསྒྲགས་པའི་ཚེ། །ད་ལྟ་བཀྲ་ཤིས་བྱིངས་ཆགས་གནས་མཆོག་འདིར། །རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་གྱིས། །བསྙེན་སྒྲུབ་ལས་སྦྱོར་མཆོད་གཏོར་བཀང་བ་སོགས། །རིག་འཛིན་བརྒྱུད་པའི་སྲོལ་བཞིན་བགྱིས་ལགས་ན། །༴༴ཕྱི་རོལ་བསྟན་མ་སྐྱོང་བ་ནི། ཧོ༔ ནག་མོ་བཞིན་མི་སྡུག་གི་བུ་མོ་བདུད་མོ་ཆེན་མོ་བཞི་དང་། དམར་མོ་ཁྲོ་གཉེར་ཅན་གྱི་བུ་མོ་གནོད་སྦྱིན་མོ་ཆེན་མོ་བཞི་དང་། དཀར་བཟང་བཞིན་ལེགས་ཀྱི་བུ་མོ་སྨན་བཙུན་ཆེན་མོ་བཞི་སྟེ། བོད་ཁམས་སྐྱོང་པའི་བསྟན་མ་བཅུ་(༢༦བ)
གཉིས་འཁོར་ཞིང་གི་རྡུལ་སྙེད་དང་བཅས་པ། དཔལ་ཆེན་པོའི་ཕམ་བབས་དང་སྒྲུབ་པ་པོའི་སྟོངས་གྲོགས་ལ་འདིར་གཤེགས་ཤིག །ཛཿཧཱུཾ་བཾ་ཧོ༔ ཨེ་ཨ་ར་ལི་ཧྲིཾ་ཧྲིཾ་ཛ། མུ་དྲ་ས་མ་ཡ་ཧཱུཾ༔ མུ་དྲ་ས་མ་ཡེ་ཕཊ༔ བྷྱོ། བཀའ་ཡི་ཚོགས་དང་བཅས་པ་ཉིད། ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ། །ཚུར་གཤེགས་ཚུར་གཤེགས་སྐྱོང་མ་རྣམས། །འདིར་གཤེགས་དམ་སྐོང་འཕྲིན་ལས་མཛོད། །བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ། །དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང་། །གསང་བའི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང་། །འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ། །བདུད་མོ་ཆེན་མོ་ཁྱེད་བཞི་ཡང་། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །བྲན་གཡོག་མང་པོའི་འཁོར་དང་བཅས། །ལྷབ་ལྷུབ་མང་པོའི་རྒྱན་དང་བཅས། །སིལ་སིལ་མང་པོའི་སྒྲ་དང་བཅས། །འདིར་གཤེགས་དམ་སྐོང་འཕྲིན་ལས་མཛོད། །གངས་དཀར་ཤ་མེད་རྡོ་རྗེ་གཡུ་བུན་མ། །གསེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་དང་། ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ། །རྨ་རི་རབ་འབྱམས་རྡོ་རྗེ་གྲགས་མོ་རྒྱལ། །གནོད་སྦྱིན་ཆེན་མོ་ཁྱེད་བཞི་ཡང་། །༴༴ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་། །བཙན་ལ་རོལ་པ་རྡོ་རྗེ་སྨན་གཅིག་མ། །སྨན་བཙུན་ཨུག་ཆོས་རྡོ་རྗེ་གཡར་མོ་སིལ། །གཡུ་ཡི་དྲིལ་བུ་རྡོ་རྗེ་གཟུགས་ལེགས་མ། །སྨན་བཙུན་ཆེན་མོ་ཁྱེད་བཞི་ཡང་། །༴༴སློབ་དཔོན་པདྨ་ཐོད་འཕྲེང་དང་། །བཤེས་གཉེན་ལང་དཀར་དཔལ་བརྩེགས་ཀྱིས། །རྒྱ་ཡུལ་དེ་ནི་བརྟན་བཟང་དུ། །ཞིང་ཆེན་འཁྲིགས་པའི་གདན་སྟེང་དུ། །རྣམ་ལྔ་ཞིང་གི་མཆོད་བཀྲམ་སྟེ། །ལག་ཏུ་རྡོ་རྗེ་གཏད་ནས་ནི། །རྣལ་འབྱོར་སྒྲུབ་པའི་དམ་ལ་བཏགས། །རྡོ་རྗེ་འཆང་གི་གྲལ་དུ་བཞག །ཐར་པ་འཐོབ་ཕྱིར་(༢༧ན)
མིང་ཡང་བཏགས། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། དམ་ཚིག་བཞིན་ལས་མ་འདའ་བར། །བོད་ཁམས་སྐྱོང་ཞིང་སྲུང་བ་དང་། །སྒྲུབ་པ་པོ་ཡི་སྟོངས་གྲོགས་མཛོད། །བཀའ་ཡི་གཏོར་མ་འདི་ལོང་ལ། །ཅི་ལས་གྱུར་པའི་ནད་རྣམས་དང་། །རིམས་ནད་ཐམས་ཅད་ཟློག་པ་དང་། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་ཀྱི་ཞལ་དུ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། གཏོར་གཞོང་སྟེང་དུ་བྲོ་བརྡུང་བ། ཨེ་རཾ། ཕཊ་རཾ། ཛཱ་ལ་རཾ། ཙི་ཛ་ཏྲི། པྲ་པེ་ཤ་ཡ་ཕཊ། ཨ་བེ་ཤ་ཡ་ཨཱ༔ ཧྲཱི༔ དམར་ནག་གྲུ་གསུམ་འཁྱིལ་བ་ཡི། །དབང་ཆེན་དཀྱིལ་འཁོར་ཆེན་པོ་ནས། །བཅོམ་ལྡན་པདྨ་ཧེ་རུ་ཀ །དབང་ཆེན་རྔམས་པའི་སྒྲ་སྒྲོག་ཅིང་། །དབང་གི་རྟ་སྐད་ཚེར་རེ་རེ། ཁྲོ་བོའི་འབྲུག་སྒྲ་འུར་རུ་རུ། །རོལ་པའི་རྟ་བྲོ་ཆེམ་སེ་ཆེམ། །གསང་བའི་གཤུག་གླུ་ཀྱུར་རུ་རུ། །བསྐལ་པའི་གློག་དམར་ལྗིབ་སེ་ལྗིབ། །རྡོ་རྗེའི་ཐོག་འབེབས་ལམ་སེ་ལམ། །ཧཱུཾ་གིས་ཁམས་གསུམ་དབང་དུ་སྡུད། །ཕཊ་ཀྱིས་དྲེགས་པའི་བདུད་དཔུང་སྲེག །རྔམས་ཆེན་སྐུ་ཡི་དཀྱིལ་འཁོར་ནས། །འབར་ཆེན་རུས་པའི་ཕུང་པོ་ལ། །གསོད་བྱེད་བྱམས་པའི་བྲོ་བརྡུངས་པས། །ཞེ་སྡང་མེ་ཡི་ཚོགས་ཆེན་བཅོམ། །ཁྲག་འཐུང་གསུང་གི་དཀྱིལ་འཁོར་ནས། །སྲེག་བྱེད་རཀྟའི་ཆུ་བོ་ལ། །རྡུང་བྱེད་དབང་པོས་བྲོ་བརྡུངས་པས། །འདོད་ཆགས་རྒྱ་མཚོའི་རྦ་ཀློང་བཅོམ། །དཔལ་ཆེན་ཐུགས་ཀྱི་དཀྱིལ་འཁོར་ནས། །མ་རིག་ཤ་ཡི་ཕུང་པོ་ལ། །ཀུན་མཁྱེན་གསལ་བའི་བྲོ་བརྡུངས་པས། །གཏི་མུག་མུན་པའི་ཚོགས་ཆེན་བཅོམ། །གཏུམ་ཆེན་ཡོན་ཏན་དཀྱིལ་འཁོར་ནས། །ངར་འཛིན་དྲེགས་པའི་ཕུང་པོ་ལ། །བདག་མེད་རྡོ་རྗེས་བྲོ་བརྡུངས་པས། །ང་རྒྱལ་བྲག་རིའི་ཚོགས་ཆེན་བཅོམ། །འཇིགས་བྱེད་འཕྲིན་ལས་(༢༧བ)
དཀྱིལ་འཁོར་ནས། །འགྲོ་རྒྱུད་སེར་ཆེན་འཁྱིལ་བ་ལ། །འདོད་ཆེན་སྙིང་རྗེའི་བྲོ་བརྡུངས་པས། །ཕྲག་དོག་འདོད་པའི་ཚོགས་ཆེན་བཅོམ། །མ་ཆགས་པདྨའི་དཀྱིལ་འཁོར་ནས། །རྣམ་རྟོག་བགེགས་ཀྱི་ཕུང་པོ་ལ། །གཉིས་མེད་རོལ་པའི་བྲོ་བརྡུངས་པས། །གཉིས་འཛིན་གདོན་གྱི་ཚོགས་ཆེན་བཅོམ། །ཉོན་མོངས་རྡུལ་དུ་རློག་པའི་བྲོ། །ཉོན་མོངས་སྟེང་དུ་ད་རྡུངས་ཤིག །རྣམ་རྟོག་ཕྱེ་རུ་འཐག་པའི་བྲོ། །རྟོག་པའི་མགོ་ལ་ད་རྡུངས་ཤིག །སྐྱེ་མེད་ཀློང་དུ་ཆེམ་སེ་ཆེམ། །འགག་མེད་ཀློང་དུ་ཁྲིག་སེ་ཁྲིག །དགྲ་བགེགས་ཐམས་ཅད་མ་ར་ཡ་ནན། དགྲ་བགེགས་ཐམས་ཅད་སྟམ་བྷ་ཡ་ནན། །དཀྱིལ་འཁོར་གསལ་གདབ་གཏང་རག་ནི། །བྷྲཱུཾ་བི་ཤ་བི་ཤུདྡྷོ་ནས་བཟུང་། །ཨཱོཾ་བཛྲ་གྷཎྜེའི་བར་བརྗོད། གཏང་རག་མཆོད་པ་འབུལ་བ་ནི། དབང་ཆེན་ལྷ་དགུ་གིང་ལྔ་གཟའ་གདོང་དང་། །ཆོས་སྐྱོང་བེག་ཙེ་ལྕམ་སྲིང་འཁོར་བཅས་ལ། །སྨན་རག་གཏོར་མ་མཆོད་ཡོན་ཉེར་སྤྱོད་དང་། །རོལ་མོ་འབུལ་གྱི་བརྩེ་བས་བཞེས་སུ་གསོལ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པདྨ་ཤྭ་ར་ས་པ་རི་ཝཱ་རའི་མཐར། སརྦ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཡང་གོང་གི་སྔགས་གཤམ་དུ་ཨརྒྷཾ་ནས་ཤཔྟའི་བར་བརྗོད། གིང་ལྔ་གཟའ་གདོང་དང་བེག་ཙེ་རྣམས་ཀྱི་རང་རང་གི་སྔགས་མཐར་སྨན་རག་གཏོར་གསུམ་དང་ཆུ་གཉིས་ཉེར་སྤྱོད་རོལ་མོ་རྣམས་གོང་བཞིན་བྱ། བསྟོད་ཅིང་འཕྲིན་ལས་འཆོལ་བ་ནི། ཧྲཱི༔ ཟག་མེད་བདེ་བའི་གར་སྒྱུར་རྟ་མཆོག་དཔལ། །སྟོང་ཉིད་སྙིང་རྗེའི་ཉམས་ལྡན་གར་དབང་མ། །སྣ་ཚོགས་སྤྲུལ་པའི་དཀྱིལ་འཁོར་ལྷ་ཡི་ཚོགས། །གིང་ལྔ་གཟའ་གདོང་བེག་ཙེ་རྣམས་ལ་བསྟོད། ཁྲག་འཐུང་ལྷ་དགུ་བཀའ་སྡོད་སྲུང་མ་ཡིས། །ཕན་བདེའི་རྩ་ལག་དྲི་མེད་རྒྱལ་བའི་བསྟན། །བཤད་དང་སྒྲུབ་པའི་སྒོ་ནས་རབ་རྒྱས་ཤིང་། །དེ་འཛིན་འདུས་པའི་སྡེ་རྣམས་འཕེལ་བར་མཛོད། །འཇིག་རྟེན་ཀུན་དུ་སད་(༢༨ན)
སེར་མུ་གེ་དང་། །ནད་རིམས་འཁྲུག་རྩོད་ལ་སོགས་རྒུད་པ་ཀུན། །ཞི་ཞིང་ཕན་དང་བདེ་བའི་དཔལ་ཆེན་པོར། །རྫོགས་ལྡན་བཞིན་དུ་ལོངས་སུ་སྤྱོད་པར་མཛོད། ཁྱད་པར་རྒྱལ་ཀུན་ཡབ་གཅིག་ཙོང་ཁ་པའི། །ལུང་རྟོགས་བསྟན་པའི་ཡིད་བཞིན་ནོར་བུ་མཆོག །སྲིད་ཞིའི་རྒྱལ་མཚན་རྩེ་མོར་ལེགས་བཀོད་དེ། །དོན་གཉིས་འདོད་དགུའི་ཆར་ཆེན་འབེབས་པར་མཛོད། །སུམ་རྩེན་ཡུལ་གྲུ་ཉང་སྟོད་གནས་སྙིང་དུ། །ཆོས་སྲིད་བཤད་སྒྲུབ་བསྟན་པ་རབ་འཕེལ་ཞིང་། །འཇིག་རྟེན་དབང་ཕྱུག་དྲི་མ་མེད་པའི་གདུང་། །གངྒཱའི་རྒྱུན་ལྟར་ཆད་པ་མེད་པར་མཛོད། །ཟབ་རྒྱས་ཐེག་པ་ཆེན་པོའི་དམ་པའི་ཆོས། །ཐོས་བསམ་སྒོམ་པའི་ཁྲིམས་ལྡན་འདུས་པའི་གླིང་། །ཉི་ཟླའི་འོད་ཀྱིས་འཇིག་རྟེན་གསལ་བྱེད་བར། །དབྱར་གྱི་ཆུ་གཏེར་ལྟ་བུར་འཕེལ་བར་མཛོད། །རྨད་བྱུང་སྙན་གྲགས་ཀྱིས་བོས་རིགས་བྲལ་གྱི། །མཁས་རྣམས་ལེགས་བཤད་ཉན་པར་རབ་འདུ་བའི། །མུས་སྲས་བཀའ་བརྒྱུད་རབ་འཛིན་བྱེས་གྲྭ་ཚང་། །བསྐལ་བརྒྱའི་བར་དུ་དར་ཞིང་རྒྱས་པར་མཛོད། །ཡང་དགོས་དབང་ཆེན་གཏོར་མས་ལེགས་སྒྲུབ་པའི། །དམ་ཚིག་གཅིག་པའི་རྡོ་རྗེའི་སྤུན་གྲོགས་རྣམས། །བར་ཆད་ཀུན་ཞི་མཐུན་རྐྱེན་མ་ལུས་ཚང་། །བསམས་པ་ལྷུན་གྱིས་གྲུབ་པའི་དགེ་ལེགས་མཛོད། །ནོངས་པ་བཟོད་པར་གསོལ་བ་ནི། པདྨ་ཧེ་རུ་ཀའི་ཡི་གེ་བརྒྱ་པ་བརྗོད། བླ་མ་དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ། །བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ། །པདྨ་དབང་ཆེན་དཀྱིལ་འཁོར་ལྷ་ཚོགས་ཀྱི། །ཐུགས་དང་འགལ་བའི་ལས་རྣམས་ཅི་བགྱིས་པ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །བཟོད་པར་གསོལ་ལོ་ཚངས་པ་སྩལ་དུ་གསོལ། །ཚངས་པ་འཕྲུལ་གྱི་དངོས་གྲུབ་སྩལ་དུ་གསོལ། །རྟག་དང་ཆད་པའི་མཐའ་གསལ་བ། །ཨཱོཾ་མ་ཧཱ་(༢༨བ)
ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨདྨ་ཀོ྅ཧཾ། ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཧ་ཡ་གྲཱི་བ་ཧྲཱིཿགབ། པད་མོ་དྷ་ར་ཧྲཱིཿགབ། པདྨ་དྷ་ར་ཧྲཱིཿགབ། ཙན་དྷ་རཀྟ་ཧྲཱི་གབ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ༔ སྣོད་བཅུད་གཞལ་ཡས་དེ་ཡང་འཁོར་ལ་ཐིམ། །འཁོར་རྣམས་གཙོ་བོ་ཡུམ་ཡང་ཡབ་ལ་ཐིམ། །དབང་ཆེན་སྐུ་ཡང་འཇའ་ཚོན་ལྟར་ཡལ་ནས། །ཀ་དག་གདོད་མའི་ཀློང་དུ་བཛྲ་མུ༔ སླར་ཡང་ཆུ་ལས་ཆུ་བུར་རྡོལ་བ་ལྟར། །རང་ཉིད་ཡང་གསང་ཁྲོས་པར་གསལ་བ་ཡི། །སྐུ་ལས་ཡེ་ཤེས་མེ་དཔུང་རབ་འབར་བ། །འཇིག་མེད་སྲུང་བའི་གོ་ཆ་བཙན་པོར་གྱུར། །ཧྲཱི༔ བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། དྲི་མེད་སྨོན་ལམ་འཚམས་སྦྱར་ནི། དགེ་བ་འདི་ཡིས་འགྲོ་ཀུན་སེམས་ཅན་རྣམས། །པདྨ་རྒྱལ་པོའི་གོ་འཕང་མཆོག་ཐོབ་ནས། །མ་རིག་ལྡོངས་པའི་སྐྱེ་ཚོགས་ཐམས་ཅད་ལ། །རོལ་པའི་རྟ་སྐད་ཕྱོགས་བཅུར་སྒྲོག་པར་ཤོག །དུས་ཀུན་དགེ་བའི་བཀྲ་ཤིས་ནི། རྨད་བྱུང་ཐུགས་རྗེས་ཆེན་པོའི་རླབས་ཀྱི་འཕྲེང་། །ནམ་ཡང་ཡོལ་བ་མེད་པའི་ཆུ་གཏེར་ལས། །བྱིན་རླབས་དགོས་འདོད་འབྱུང་བའི་ནོར་བུའི་གཏེར། །སྦྱིན་མཛད་རྩ་རྒྱུད་བླ་མའི་བཀྲ་ཤིས་ཤོག །སྐུ་གསུང་ཐུགས་ཡོན་འཕྲིན་ལས་ཟ་མ་ཏོག །དངོས་གྲུབ་འཆི་མེད་བདུད་རྩིས་ལེགས་བལྟམས་ནས། །མཆོག་ཐུན་དོན་ཀུན་འགྲུབ་པ་རྡོ་རྗེའི་སྲོག །སྒྲུབ་མཛད་རྟ་མགྲིན་ལྷ་ཚོགས་བཀྲ་ཤིས་ཤོག །བར་གཅོད་དགྲ་དང་བགེགས་ཀྱི་བྲག་གི་རི། །མཐུ་སྟོབས་རྡོ་རྗེའི་ཐོག་གིས་ཕྱེར་འཐག་པའི། །གིང་ལྔ་གཟའ་གདོང་བེག་ཙེ་ལྕམ་སྲིང་སོགས། །བསྟན་སྲུང་དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག །དེ་ལྟར་ཡང་གསང་ཁྲོས་པ་བཀའ་སྡོད་དང་བཅས་པའི་འཕྲིན་ལས་རང་གཞུང་གཙང་མ་གཞན་དང་མ་འདྲེས་པར་བཀོད་པ་ཡིན་གྱིས་མགོན་པོ་ཨ་གྷོ་ར་སོགས་ལུགས་སྲོལ་འདི་ལ་མེད་ཀྱང་བྱེས་གྲྭ་ཚང་དུ་གཏོང་སྲོལ་འདུག་པ་མ་ཆག་པ་ལེགས་པས་ཡིག་(༢༩ན)
རྙིང་གི་ནང་ལྟར་བྱས་ལ། འདིར་ནི་ཚོགས་དང་འབྲེལ་བའི་གཏོར་ཟློག་ཙམ་བཀོད་ཅིང་། རྒྱས་པར་འདོད་ན་རྟ་པོད་དུ་བཞུགས་པ་ལས་ཤེས་པར་བྱའོ། །སྨྲས་པ། ཐེག་ཀུན་སྙིང་པོ་མ་ཧཱ་ཡོ་ག་ལས། །བཀའ་གཏེར་ཟུང་འཇུག་ཡང་གསང་ཁྲོས་པ་ཞེས། །བྱིན་རླབས་ནུས་མཐུའི་སྙན་པ་དབྱར་རྔ་ལྟར། །སྒྲོག་ཀྱང་ཚུལ་ལྡན་ཤེས་པ་ཉིན་སྐར་ཙམ། །ལ་ལ་རྟ་མགྲིན་གཤིན་རྗེ་ཕུར་པ་སོགས། །སྔ་འགྱུར་ཆོས་ལ་གསར་མའི་རྒྱས་བཀབ་སྟེ། །ཤེལ་དཀར་ཚོན་གྱིས་བསྒྱུར་པའི་དམར་འོད་ཀྱིས། །བྱིས་པའི་སྐྱེ་བོ་འཁྲུལ་པའི་ལམ་དུ་འཁྲིད། །མཁས་རློམ་འགའ་ཞིག་གསར་མའི་ཕྱག་བཞི་བར། །གསང་ཆེན་རྙིང་མའི་ཆོ་ག་དཔེར་བཟུང་སྟེ། །བློས་བྱས་ཚིག་གི་རྒྱུད་མང་དང་པོའི་སྒྲས། །དབང་རྟུལ་མང་པོའི་གྲུ་རྫིངས་ཆུ་མཚོར་བཤིག །ཁོ་བོ་རང་བཟོར་སྤྱོད་པའི་ཤེས་རབ་དམན། ཁུངས་མེད་དཔེ་ཧྲུལ་སྡུད་ལ་བརྩོན་པ་ཆུང་། །འགལ་དུམ་འཕྲེང་བར་སྤེལ་བའི་སྙིང་ཁམས་ཞན། །དེ་ཕྱིར་བརྒྱུད་པའི་མན་ངག་རང་སོར་བཞག །དལ་བའི་རྟེན་ཐོབ་བཤེས་གཉེན་མགོན་གྱིས་ཟིན། །མདོ་སྔགས་ཐ་སྙད་ཆོས་ཚུལ་མང་དུ་ཐོས། །གསར་རྙིང་ལག་ལེན་མ་འདྲེས་ཁོང་དུ་ཆུད། །ཚུལ་དེས་ལེགས་པར་བཤད་པས་དཔྱོད་ལྡན་མགུ །རྒྱལ་བ་ཀུན་དངོས་པདྨ་འབྱུང་གནས་དང་། །གྲུབ་པའི་དབང་ཕྱུག་འདར་ཆར་བཞེད་སྲོལ་བཞིན། །ཡང་གསང་ཁྲོས་པའི་འཕྲིན་ལས་བཀོད་པའི་དགེས། །འགྲོ་ཀུན་སྐུ་གསུམ་གོ་འཕང་ཐོབ་གྱུར་ཅིག །ཅེས་པདྨ་ཡང་གསང་ཁྲོས་པ་ཁྲག་འཐུང་ལྷ་དགུའི་ལས་བྱང་གྱེར་སྒོམ་འཇིགས་མེད་རྡོ་རྗེ་སྒྲ་དབྱངས་ཞེས་བྱ་བ་འདི་ཡང་རྒྱ་སྔགས་འཆང་ཆེན་པོ་འཇམ་དཔལ་གསང་བའི་རིགས་ལས་འཇིག་རྟེན་དབང་ཕྱུག་ཕྱག་ན་པད་དཀར་གྱིས་རྗེས་སུ་བཟུང་བའི་གདུང་དྲི་མ་མེད་པ་ལས་བྱུང་བ་གནས་རྙིང་ཆོས་ཀྱི་རྗེ་སྐུ་འབྲིང་པོའི་གསུང་གིས་སྔ་གོང་ནས་བསྐུལ་བ་དང་། ཉེ་ལམ་ཆོས་སྡེ་ཆེན་པོ་ཐེག་ཆེན་(༢༩བ)
གླིང་གི་བྱེས་མཁས་ཉན་གྲྭ་ཚང་པའི་སློབ་དཔོན་བསོད་ནམས་རྒྱལ་མཚན་གཏོར་སྒྲུབ་པར་བཅས་པ་རྣམས་དང་གྲོང་སྨད་པ་འཕྲིན་ལས་རྒྱ་མཚོ་སོགས་ཀྱིས་བསྐུལ་བ་ལ་བརྟེན་ནས། མཁོན་སྟོན་རྡོ་རྗེ་འཆང་དཔལ་འབྱོར་ལྷུན་གྲུབ་སོགས་ལམ་འདིའི་སྒོ་ནས་གྲུབ་པ་བསྙེས་པའི་ཡོངས་འཛིན་དམ་པ་ཆོས་བཞིན་དུ་སྤྱོད་པ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས། ཟབ་མོའི་ཚུལ་འདི་ལ་བློ་གྲོས་ཀྱི་སྣང་བ་ཅུང་ཟད་རྒྱས་པའི་ཟ་ཧོར་གྱི་རིགས་ལས་ཨཱ་ཝ་དྷཱུ་ཏཱི་པའི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོ་མིང་གཞན་གང་ཤར་རང་གྲོལ་དུ་འབོད་པའི་ལྡོམ་བུ་པས་ཡང་གསང་ཁྲོས་པའི་རྒྱུད་ལོ་ཆེན་བཻ་རོ་ཙ་ནའི་འགྱུར་ཡེར་པ་སེ་བ་གདོང་ནས་གཏེར་སྟོན་རྣམ་གསུམ་གྱིས་སྤྱན་དྲངས་པའི་གཏེར་མ་གྲུབ་ཐོབ་འདར་ཆར་ལ་བཀའ་བབས་པ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པའི་ལས་བྱང་། མུས་སྲས་པ་དཔལ་ལྡན་སེང་གེས་མཛད་པའི་འཕྲིན་ལས་ཀྱི་སྒོམ་ཁོག་རིན་ཆེན་འཕྲེང་བ། བླ་ཆེན་ཆོས་དཔལ་བཟང་པོས་མཛད་པའི་སྒོམ་ཁོག །གཉགས་ཀྱི་བན་དྷེ་རྣམ་རྒྱལ་བཟང་པོས་མཛད་པའི་ལས་བྱང་། ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་ཆོས་སྐྱོང་སྐོར་གྱི་ཡི་གེ་རྣམས་ལ་གཞི་བྱས། ཡིག་རྙིང་སོ་སོའི་ཚིགས་བཅད་རྣམས་བྱིན་རླབས་ཀྱི་ཚན་ཁ་ཆེ་བའི་ཕྱིར་རང་སོར་བཞག །གསར་དུ་ཁ་སྐོང་དགོས་པ་རྣམས་དང་ཚིག་ལྷུག་ཕལ་ཆེ་བ་ཚིགས་བཅད་དུ་བསྡེབས་ནས་མྱོས་བྱེད་ཀྱི་ལོ་ཧོར་ཟླ་ལྔ་པའི་དཀར་ཕྱོགས་ཀྱི་དགའ་བ་གཉིས་པའི་ཚེས་ལ་དགའ་ལྡན་ཕོ་བྲང་དུ་སྦྱར་བའི་ཡི་གེ་བ་ནི་སྔགས་བན་ངག་དབང་འཕྲིན་ལས་སོ།། །།སརྦ་མངྒ་ལཾ། །