ཟབ་ལམ་ནཱ་རོ་ཆོས་དྲུག་བདུད་རྩི་ཉིང་ཁུའི་ཐུན་མིན་ཚངས་གནས་བཞིའི་འགྲེལ་པ་བླ་མའི་ཞལ་ལུང་སློབ་མའི་བདུད་རྩི།
ཟབ་ལམ་ནཱ་རོ་ཆོས་དྲུག་བདུད་རྩི་ཉིང་ཁུའི་ཐུན་མིན་ཚངས་གནས་བཞིའི་འགྲེལ་པ་བླ་མའི་ཞལ་ལུང་སློབ་མའི་བདུད་རྩི་ཞེས་བྱ་བ་བཞུགས་སོ། །
བཀའ་བརྒྱུད་བླ་མ་གྲུབ་ཐོབ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། བཤད་པར་བྱ་བའི་རྩ་བ། ༀ་སེམས་ཅན་ཐམས་ཅད་རྡོ་རྗེ་ཆགས་པས་རྗེས་སུ་ཆགས་པར་གྱུར་ཅིག །ༀ་སེམས་ཅན་ཐམས་ཅད་རྡོ་རྗེ་བསྡམ་པས་རྗེས་སུ་བསྡམ་པར་གྱུར་ཅིག །ༀ་སེམས་ཅན་ཐམས་ཅད་རྡོ་རྗེ་བདེ་བ་ཆེན་པོས་ཡང་དག་པར་མྱོས་པར་གྱུར་ཅིག །ༀ་སེམས་ཅན་ཐམས་ཅད་རྡོ་རྗེ་རྣལ་འབྱོར་སྦྱོར་བས་རྗེས་སུ་གྲོལ་བར་གྱུར་ཅིག །ཅེས་པ་འདི་ལ་གཉིས། སྤྱི་
དང་། བྱེ་བྲག་གོ །དང་པོ་ཚད་མེད་པ་བཞིའམ་ཚངས་པའི་གནས་བཞི་ཞེས་པ་ནི། མགོན་པོ་བྱམས་པས། སེམས་ཅན་ཁམས་ནི་ཚད་མེད་པས། །ཕན་འདོད་དེ་ནི་དེ་འདྲའོ། །ཞེས་དམིགས་ཡུལ་སེམས་ཅན་གྱི་ཁམས་ཚད་བཟུང་དུ་མེད་པས། དེ་དག་ཐམས་ཅད་ཚེ་རབས་དུ་མའི་ཕ་མར་ཤེས་པར་བྱས་ནས་བྱམས་པ་ལ་སོགས་པའི་ལམ་བསྒོམས་པས་བསོད་ནམས་ཀྱང་ཚད་མེད་པ་ཐོབ་པས་ན་དེ་སྐད་ཅེས་བྱའོ། །དེ་དག་གིས་ཚངས་པའི་གནས་བཞི་ཐོབ་པས་ན་ཚངས་གནས་བཞི་ཞེས་ཀྱང་བྱའོ། །
གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་དངོས་དང་། རྗེས་སུ་འབྲེལ་པ་གཉིས། དང་པོ་ལ་གོ་བདེ་བའི་ཕྱིར་ཕར་ཕྱིན་ལུགས་ལྟར་བཤད་པ་དང་། ཐུན་མིན་སྔགས་དོན་ལྟར་བཤད་པའོ། །དང་པོ་ལའང་བཞི་སྟེ། བྱམས་པ། སྙིང་རྗེ། དགའ་བ། བཏང་སྙོམས་སོ། དང་པོ་བྱམས་པ་བསྒོམ་ཚུལ་ནི། སློབ་དཔོན་ཙནྡྲས། འགྲོ་ལ་ཕན་པ་ཉེར་སྒྲུབ་པ། །བྱམས་པ་ཆེན་པོ་ཞེས་བྱར་བརྗོད། །ཅེས་གསུངས་པ་ལྟར། དམིགས་པ་ཕ་མར་གྱུར་པའི་སེམས་ཅན་ཐམས་ཅད་ལ་དམིགས་ནས་རྣམ་པ་བདེ་བ་དང་བདེ་བའི་རྒྱུ་དགེ་བ་ལ་སྤྱོད་པ་དང་ལྡན་པར་གྱུར་ན་ཅི་མ་རུང་སྙམ་དུ་འདུན་པ་དང་དེ་ལྟར་འགྱུར་བར་བྱ་སྙམ་དུ་སེམས་བསྐྱེད་པ་དང་། དེ་ལྟར་སྤྱོད་པར་གྱུར་ཅིག་སྙམ་དུ་སྨོན་ལམ་དང་འབྲེལ་པས་ཉམས་སུ་ལེན་པའོ། །གཉིས་པ་སྙིང་རྗེ་ཚད་མེད་ནི། ཡང་དེ་ཉིད་ལས། སྡུག་བསྔལ་ཅན་རྣམས་ཡོངས་སྐྱོབ་པ། །ཐུགས་རྗེ་ཆེན་པོ་ཞེས་པ་སྟེ། །དེ་བསྒོམ་པའི་ཚུལ་ནི། དམིགས་པ་སྡུག་བསྔལ་ཅན་གྱི་སེམས་ཅན་ལ་དམིགས་ནས། རྣམ་པ་སྡུག་
བསྔལ་དང་སྡུག་བསྔལ་གྱི་རྒྱུ་མི་དགེ་བར་སྤྱོད་པ་དང་བྲལ་བར་གྱུར་ན་སྙམ་པའི་འདུན་སེམས་སྨོན་ལམ་གསུམ་དང་འབྲེལ་པས་ཉམས་སུ་བླང་ངོ་། །གསུམ་པ་དགའ་བ་ཚད་མེད་ནི། དམིགས་ཡུལ་དེ་དག་སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ན་རེ་དགའ་སྙམ་པའི་འདུན་སེམས་སྨོན་པ་དང་འབྲེལ་པའོ། །བཞི་པ་བཏང་སྙོམས་ཚད་མེད་ནི། དམིགས་ཡུལ་དེ་དག་རང་ཕྱོགས་ལ་ཆགས་པ་དང་། གཞན་ཕྱོགས་ལ་ཞེ་སྡང་གི་འཆིང་བས་བཅིངས་པ་ཁོ་ན་ཡིན་པས། དེ་དག་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་གནས་པར་འགྱུར་བའི་འདུན་སེམས་སྨོན་པ་དང་བཅས་པས་སོ། །གཉིས་པ་འཆད་བྱ་ཐུན་མོང་མ་ཡིན་པ་སྔགས་དོན་དང་འབྲེལ་པ། ༀ་ནི་དོན་རྣམ་པ་བཅུ་ལ་འཇུག་སྟེ། རྒྱུད་རྡོ་རྗེ་རྩེ་མོ་ལས། ༀ་ནི་ཅི་ཞིག་ཡིན་པར་བསྐྱེད ། །མཆོག་དང་ནོར་སྟེར་དཔལ་དང་གཡང་། །བསྐལ་བཟང་རྣམ་པ་དང་ལྡན་ཞིང་། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྙིང་པོ་ཡིན། །ཞེས་གསུངས་པ་
ལྟར་འཇུག་ཡུལ་མང་ནའང་སྐབས་འདིར་མཆོག་གི་དངོས་གྲུབ་སྦྱིན་པར་བྱེད་པ་ཡིན་ཅིང་། ༀ་བཞི་འབྱུང་བ་འབྲས་བུ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ངོ་བོ་ཉིད་སྐུ་བཞི་མཚོན་པའོ། །དང་པོ་ནི། རྡོ་རྗེ་ཞེས་པ་སྟོང་པ་ཉིད་ཆགས་པ་ནི་ཡིད་དུ་འོང་བའི་བྱམས་པ་དང་སྙིང་རྗེ་ཆེན་པོ། རྗེས་སུ་ཆགས་པ་ནི་བདག་ཉིད་ཐ་མལ་གྱི་སྣང་ཞེན་མ་ཡིན་པར་ཐབས་བདེ་བ་ཆེན་པོ་ཧེ་རུ་ཀ་ཡབ་ཀྱི་ལྷས། ཆོས་དབྱིངས་སྟོང་པ་ཉིད་ཤེས་རབ་རང་འོད་ཀྱི་ཡུམ་རྡོ་རྗེ་ཕག་མོ་རྗེས་སུ་ཆགས་བཞིན་པ་སྣང་སྟོང་ཟུང་འཇུག་གི་སྐུ་དེ་ཐོབ་པར་གྱུར་ན་ཅི་མ་རུང་། ཐོབ་པར་གྱུར་ཅིག །ཐོབ་པ་ཅིག་བདག་གིས་བྱའོ་ཞེས་འདུན་པ་སེམས་བསྐྱེད། དམ་བཅའ་གསུམ་ལྡན་ནི་ཐམས་ཅད་ལ་འདྲའོ། །དེ་ཡང་སྤྲོས་པ་མེད་པའི་རང་བཞིན་ཉིད། །ལྷ་དང་སྔགས་ཀྱི་རྣམ་པར་གནས། །ཞེས་པ་ལྟར། སྟོང་པ་ཉིད་ཀྱི་སྙིང་རྗེ་དབྱེར་མེད་ངེས་པའི་དོན་གྱིས་ལྷ་ཡང་བརྗོད་པ། བདེ་སྟོང་དབྱེར་མེད། གསལ་སྟོང་ཟུང་འཇུག །གཉིས་སུ་མེད་པའི་ཡེ་ཤེས། ཅིར་ཡང་སྣང་། ཅིར་ཡང་
འཆར་བ་ལས། ལྷའི་ངོ་བོ་ལོགས་སུ་གྲུབ་པ་མེད་ཅིང་། སྣང་ཡང་རང་སེམས་སུ་སྣང་བ། རྟོགས་ཀྱང་རང་སེམས་སུ་རྟོགས་པ། ལུས་ངག་ཡིད་གསུམ་ལྷ་སྔགས་བདེ་བ་ཆེན་པོའི་རང་བཞིན། གནས་སྐབས་བཞི་སོགས་སྐུ་བཞིའི་ངོ་བོར་ལྷུན་གྱིས་གྲུབ་པར་གྱུར་ཅིག་པའོ། །གཉིས་པ་ནི། རྡོ་རྗེ་གོང་དང་འདྲ། བསྡམ་པ་ནི་སམྦྷ་ར་སྟེ། ཟག་པ་དང་ཉོན་མོངས་པ་ཐམས་ཅད་སྡོམ་པར་བྱེད་པ་སྟེ་ཐབས། སྙིང་རྗེ་ཆེན་པོ་དང་ལྡན་པ་སྟེ། གང་ཟག་སྐྱེ་བ་ཐོག་མ་མེད་པ་ནས་ཕྱི་རོལ་གྱི་དངོས་པོ་སྣ་ཚོགས་ལ་མངོན་པར་ཞེན་པས། ཡོད་པ་དང་མེད་པ། རྟག་པ་དང་ཆད་པ་ལ་སོགས་པའི་བག་ཆགས་མཚན་རྟོག་ཐམས་ཅད་སྡོམ་པར་བྱེད་པ་ཟག་མེད་ལྷན་སྐྱེས་ཀྱི་འཁོར་ལོས་སྡོམས་ཤིག་པའོ། །གསུམ་པ་ནི། རྡོ་རྗེ་ནི་གོང་དང་འདྲ་ལ། དགའ་བ་ཆེན་པོའམ་བདེ་བ་ཆེན་པོས་ཡང་དག་པར་མྱོས་ཞེས་པ་ནི། དཔལ་དུས་ཀྱི་འཁོར་ལོ་ལས། འཕོ་མེད་ལྷན་སྐྱེས་ལུས་ཀྱི་བདེ་བ་སྔགས་ཀྱི་ཐེག་པར་བསྟན། ཞེས་པ་ནི་རྡོ་རྗེའི་ལུས་
རྟེན་འདི་ཉིད་ལ་བདེ་ཆེན་ཧེ་རུ་ཀ་ཟུང་འཇུག་གི་སྐུ་ཐོབ་ནས་དགྱེས་པའི་གར་གྱིས་ཡང་དག་པར་མྱོས་པ་སྟེ། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུ་ཉིད་ཀྱིས་དུ་མའི་གར་མཛད་དོ། །ཞེས་པ་ལྟར་རིགས་ཀུན་ཁྱབ་པའི་བདག་ཉིད་དམ་པ་ཐོབ་པར་གྱུར་ཅིག་པའོ། །བཞི་པ་ནི། རྡོ་རྗེ་སྔ་མ་ལྟར་དང་། རྣལ་འབྱོར་སྦྱོར་བས་རྗེས་སུ་གྲོལ་བ་ཞེས་པ་དང་སྦྲེལ་བས་སྟོང་པ་ཉིད་ལ་རྣལ་འབྱོར་ཞེས་པ་སྟེ། རྡོ་རྗེའི་ཆོས་བདུན་ལྡན་ལ་དབང་འབྱོར་བས་འཁོར་འདས་དབྱེར་མེད་དུ་ཁྱབ་པའི་བཏང་སྙོམས་ཆེན་པོའི་གོ་འཕང་ལ་མཐར་ཕྱིན་དུ་སྦྱོར་བའོ། །རྡོ་རྗེའི་ཆོས་བདུན་ལྡན་ནི། །སྟོང་པ་ཉིད་ཀྱི་རྡོ་རྗེ་དེ་ལ་སྐྱེ་བས་བར་དུ་མི་ཆོད་པ། ༡ འདུས་བྱས་ཀྱི་དངོས་པོ་རྣམས་གཞན་དུ་འགྱུར་བ་ཡོད་ལ་སྟོང་པ་ཉིད་ལ་གཞན་དུ་འགྱུར་བ་མེད་པས་མི་ཤིགས་པ། ༢ འདུས་བྱས་རྣམས་སྡུག་བསྔལ་གྱིས་གདུང་ལ་ཆོས་སྐུ་སྟོང་པ་ཉིད་ལ་སྡུག་བསྔལ་མེད་པས་བདེན་པ། ༣ ཆོས་སྐུ་ལ་སྐྱེབ་མེད་པས་ཐ་མ་འགག་སྟེ་རྒྱུན་ཆད་མེད་པས་སྲ་བ།
༤ དུས་དང་སྐལ་པ་ཐམས་ཅད་དུ་གནོད་པར་མི་ནུས་པས་བརྟན་པ། ༥ བདག་གཞན་གཟུང་འཛིན་ཐམས་ཅད་འཇིགས་པར་བྱེད་པས་ན་ཐམས་ཅད་དུ་ཐོགས་པ་མེད་པ། ༦ ཆོས་སྐུ་སྟོང་པ་ཉིད་ལ་ཚུར་གང་གིས་ཀྱང་གནོད་པར་མི་ནུས་ཤིང་། ཕར་ཐམས་ཅད་འཇོམས་པར་བྱས་བས་ནི་ཐམས་ཅད་དུ་མ་ཕམ་པའོ། ༧ །རྟོགས་པའི་དབང་དུ་བྱས་ན། ཉོན་མོངས་པའི་སྒྲིབ་པས་མི་ཆོད་པ། ༡ ཤེས་བྱའི་སྒྲིབ་པས་མི་ཤིགས་པ། ༢ རྟོགས་པ་ལྟར་མི་བསླུ་བས་བདེན་པ། ༣ ཕྱིན་ཅི་ལོག་ཏུ་འགྱུར་བ་མེད་པས་སྲ་བ། ༤ འགལ་རྐྱེན་གྱིས་མི་འཕྲོག་པས་བརྟན་པ། ༥ སྒྲིབ་གཉིས་འཇོམས་པས་ཐམས་ཅད་དུ་ཐོགས་པ་མེད་པ། ༦ སྤང་བྱའི་གཡུལ་ལས་རྒྱལ་བས་ཕྱོགས་ཐམས་ཅད་དུ་མ་ཕམ་པ་སྟེ། ༧ དེ་ལྟ་བུའི་ཡེ་ཤེས་ཆོས་ཀྱི་སྐུའི་གོ་འཕང་དམ་པ་དེ་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག་པའོ། །གཉིས་པ་དེ་དང་རྗེས་སུ་འབྲེལ་བའི་དོན་དམ་སེམས་བསྐྱེད་ནི། ༀ་མཆོག་སྟེར་བ། བཛྲ་རྡོ་རྗེ། སཏྭ་སེམས་
དཔའ། ངེས་པའི་དོན་དུ་རྡོ་རྗེ་སྟོང་པ་ཉིད་དེ་ཤེས་རབ། སཏྭ་ནི་སྙིང་རྗེ་ཆེན་པོ་སྟེ་ཐབས། ཧཱུྃ་ཡིག་ནི་ཐུགས་རྡོ་རྗེའི་ས་བོན། དོན་ནི། དཔལ་རྡོ་རྗེ་སེམས་དཔའ་ཞེས་བོས་ནས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དེ་རྟོགས་པར་མཛོད་ཅེས་སྲོག་ཡིག་ས་བོན་ནས་བསྐུལ་བའོ། ཧཱུྃ་ཡིག་དེ་ཀྱཻ་རྡོར་བརྟག་གཉིས་ལས་གསུངས་པ་ལྟར། ཡི་གེ་ཁ་ཕྲལ་གྱི་དབང་དུ་བྱས་ནས་བཤད་ན། ཧའི་སྒྲ་ལས། ཧ་གྲ་ཀ །བཟུང་བ། གྲ་ཧ་ཙ། འཛིན་པ། ཞབས་སྐྱེད་དམ་ཞབས་ཀྱུ། ཨུ་ལ་ཤ་བྱིན་པས་ཤུ་ནྱ་ཏཱ་སྟོང་པ་ཉིད། ཀླད་ཀོར་གྱི་མ་ནི་མ་ནོ་ཏ་སྟེ་ཡིད། གཟུང་འཛིན་གཉིས་ཀྱིས་སྟོང་པའི་ཡིད་ཅེས་པ་སྙེ་ཆོས་དབྱིངས་ཡེ་ཤེས་སོ། །དེ་ལྟར་སྔགས་བརྗོད་པའི་རྐྱེན་གྱིས་རང་ཉིད་རྡོ་རྗེ་སེམས་དཔའི་སྐུར་སྐད་ཅིག་གིས་གསལ་བའི་ཐུགས་ཀར། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བ་མེ་ལོང་བཞག་པ་ལྟ་བུའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་ཀྱི་རང་བཞིན་ཅན་གྱིས་རྒྱས་གདབ་པར་མོས་
ལ། ངག་ཏུ། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ། །སངས་རྒྱས་ཀུན་གྱི་དམ་ཚིག་ཆེ། །ཨེ་ཝཾ་རང་བཞིན་འབའ་ཞིག་པ། །རྡོ་རྗེ་སྙིང་པོར་བདག་བསྐྱེད་དོ། །ཞེས་པ་ལུས་སྐུ། ངག་གསུང་། ཡིད་ཐུགས་ཀྱི་དཀྱིལ་འཁོར་དུ་གདོད་ནས་ལྷུན་གྱིས་གྲུབ་པ་ལ། སངས་རྒྱས་ཀུན་གྱི་དམ་ཚིག་སྟེ། ས་མ་ཡའི་སྒྲ་ལས་རྡོ་རྗེའི་ཡལ་གམ་ལས་མི་འདའ་བས་ན་དམ་ཚིག །མཚན་འཛིན་གྱི་རྟོག་པ་ཐམས་ཅད་སྡོམ་པའམ་བཅིང་བར་བྱེད་པས་ཆེན་པོ། དེ་ཡང་མདོར་བསྡུས་ན་ཨེ་ཝཾ་གྱི་རང་བཞིན་འབའ་ཞིག་སྟེ། ཨེ་ཝཾ་གྱི་རང་བཞིན་ཁོ་ནའོ། །ཞེས་པ་སྟེ། ཨེ་ཝཾ་ལ་སྟོང་ཆེན་ཡིག་ལྔ་དང་། ཐིག་སྟོང་ཡིག་དྲུག་སོགས་ཀྱིས་བཤད་ན་ཡི་གེ་མང་དུ་དོགས་པས་མ་བཀོད་ལ། སྤྱིར་བཏང་ཡོངས་གྲགས་ཀྱི་དབང་དུ་བཏང་ན་བསྐྱེད་རིམ་དང་རྫོགས་རིམ་གཉིས་ཁོ་ནར་གནས་སོ། །ཞེས་པ་སྟེ། རྒྱུད་རྡོ་རྗེ་འཆང་གི་ཆོས་བསྟན་པ། །རིམ་པ་གཉིས་ཀྱིས་ཡང་དག་བསྟན། །བསྐྱེད་པ་ཡི་ནི་རིམ་པ་དང་། །དེ་བཞིན་རྫོགས་པའི་རིམ་པའོ། །ཞེས་
པ་ལྟར་ན། དེ་གཉིས་ཟུང་དུ་འཇུག་པ་རྡོ་རྗེའི་སྙིང་པོ་ལས། བསྐྱེད་བྱ་སྐྱེད་བྱེད་དང་བྲལ་བའི་ངང་ངམ་བདག་ཉིད་དུ་གནས་པར་བྱའོ། །ཞེས་པ་སྟེར་སྒྲུབ་བརྒྱུད་སྙིང་པོའི་རིང་ལུགས་བླ་ན་མེད་པར་ཤིན་ཏུ་ཕྲ་བའི་རླུང་སེམས་དབྱེར་མེད་འཁོར་འདས་དབྱེར་མེད་ཁོ་ན་ལ་ངོས་འཛིན་ཅིང་དོན་དམ་སེམས་བསྐྱེད་ཞེས་པའི་དོན་ཡང་། དགྱེས་རྡོར་ལས། རྨོངས་ཕྱིར་འཁོར་བའི་སེམས་ཅན་ཉིད། །རྨོངས་མེད་འཁོར་བ་དག་པས་ན། །འཁོར་བ་མྱ་ངན་འདས་པར་འགྱུར། །བྱང་ཆུབ་སེམས་ནི་མྱ་ངན་འདས། །ཀུན་རྫོབ་དོན་དམ་ཚུལ་ཅན་ནོ། །ཞེས་གསུངས་པ་ལྟར། ད་ལྟ་ཐ་སྙད་པའི་ངོར་ཆོས་ཅན་འཁོར་བར་མཐོང་བའི་གཞི་དེ་ཉིད་བརྟགས་ཤིང་དཔྱད་པའི་བློ་རྨོངས་མོད་ཀྱི་ངོར་ཆོས་ཉིད་མྱང་འདས་སུ་གཟིགས་ལ། གཟིགས་པ་དེའི་དོན་ཆོས་ཉིད་མྱང་འདས་ལས་བཞག་པའི་ཆོས་ཅན་འཁོར་བ་ཞེས་བྱ་བ་གྲུབ་པ་མེད་ཅིང་། དེ་མ་གྲུབ་པའི་ཆོས་ཅན་འཁོར་བ་ལས་གཞན་པའི་ཆོས་ཉིད་མྱང་འདས་ཞེས་བྱ་བ་ཞིག་ཀྱང་ནམ་ཡང་གྲུབ་པ་མེད་
པ་ནི་བདེན་གཉིས་དབྱེར་མེད་དམ་ཟུང་འཇུག་གི་དོན་ཏོ། །དེ་ཉིད་ཇི་ལྟར་ཉམས་སུ་བླང་བའི་ཚུལ་ནི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། སངས་རྒྱས་རྣམས་ཀྱི་བྱང་ཆུབ་སེམས། །བདག་དང་ཕུང་པོ་རྣམ་རིག་གི །རྟོག་པ་རྣམས་ཀྱིས་མ་བསྒྲིབས་པའི། །རྟག་ཏུ་སྟོང་ཉིད་མཚན་ཉིད་བཞེད། །ཅེས་གསུངས་ཏེ། དེའང་ཕྱི་རོལ་པས་བརྟགས་པའི་བདག་དང་། ཉན་ཐོས་སྡེ་གཉིས་ཀྱིས་བརྟགས་པའི་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་དང་། སེམས་ཙམ་པས་བརྟགས་པའི་རྣམ་པར་རིག་པས་བདེན་པར་འདོད་པ་ལ་སོགས་མཐར་འཛིན་གྱི་རྟོག་པས་བརྟགས་པ་ཙམ་གྱིས་ཀྱང་མ་བསྒྲིབས་པར་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བ་གཉུག་མ་སེམས་ཀྱི་རང་བཞིན་ཡོད་མེད་ཡིན་མིན་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་གཏན་ལ་ཕབ་པའི་དོན་དམ་བྱང་ཆུབ་སེམས་བསྐྱེད་པ་སྟེ་ཡེ་ཤེས་ཀྱི་ཚོགས་བསགས་པའོ། །ཞེས་ཆོས་དྲུག་གི་ཚད་མེད་བཞི་དང་དོན་དམ་སེམས་བསྐྱེད་འདི་ལ་ཚིག་འགྲེལ་ཞིག་དགོས་
ཞེས། སྒྲུབ་བརྩོན་བླ་མ་བདེ་ཆེན་གྱི་གསུང་གིས་སྔ་མོ་ནས་ཡང་ཡང་བསྐུལ་བ་དང་། ཉེ་ཆར་དབུ་མཛད་མགོན་པོ་དང་། མཚར་སྒང་གི་དགེ་སློང་སྟོབས་རྒྱལ་གྱིས་བསྐུལ་ངོར། བླ་མའི་གསུང་རྒྱུན་རྩ་བར་བཟུང་། རང་གི་གོ་ཚོད་ཀྱི་ལུང་རིགས་དང་སྦྲེལ་ནས། འོག་མིན་ཀརྨའི་གདན་སར་མཁན་པོ་འདུལ་འཛིན་ཀརྨ་རཏྣས་རང་ལོ་བཞི་བཅུ་ཞེ་གཅིག་དུ་ལོན་པའི་སྤརྑ་ལིའི་དགུ་མིག་གིས་རྩུབ་སྐེག་ལས་གྲོལ་བའི་སྐབས་སུ་བྲིས་པ་ནོངས་པར་གྱུར་ན་རྩ་བ་གསུམ་གྱི་ལྷ་ལ་བཤགས་ཤིང་དཀར་པོ་དགེ་བའི་ཆ་མཆིས་ན་བསྟན་པ་རྒྱས་པའི་རྒྱུར་གྱུར་ཅིག །མངྒ་ལཾ་བི་ཛ་ཡནྟུ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།
དགེ་བའི་རྩ་བ་འདིས་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་རྩ་བདེ་བར་གྱུར་ཅིག །རླུང་འཇམ་པར་གྱུར་ཅིག །ཐིག་ལེ་བརྟན་པར་གྱུར་ཅིག །རྩ་ཐིག་རླུང་གསུམ་ལ་དབང་ཐོབ་ནས་ཟུང་འཇུག་ཕྱག་རྒྱ་ཆེན་པོ་ཁ་སྦྱོར་ཡན་ལག་བདུན་དང་ལྡན་པའི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག །བདེ་གཤེགས་ཀུན་འདུས་ལས། ལུས་ནི་སྣང་སྟོང་ལྷ་སྐུར་གྲོལ༔ ངག་ནི་གཞོམ་མེད་རང་སྒྲར་གསལ༔ སེམས་ནི་བདེ་ཆེན་ཆོས་སྐུར་འགྲོལ༔ བདེ་ཆེན་ཐུགས་རྗེའི་ལྷ་ཚོགས་ཀྱིས༔ སྐུ་གསུང་ཐུགས་སུ་ལྷུན་གྲུབ་ཤོག༔ ཅེས་པ་འདི་མཁན་རཏྣའི་ཕྱག་བྲིས་ལས་ཞལ་བཤུས་པ་དགེ། །།