བླ་མ་གསང་བ་འདུས་པའི་ཟབ་རྒྱ་བརྒྱད་ཀྱི་དང་པོ་བསྒོམ་པའི་གནད་ཟིན་བྲིས་སུ་བགྱིས་པ། པདྨ་ཕྲིན་ལས།
བླ་མ་གསང་བ་འདུས་པའི་ཟབ་རྒྱ་བརྒྱད་ཀྱི་དང་པོ་བསྒོམ་པའི་གནད་ཟིན་བྲིས་སུ་བགྱིས་པ་བཞུགས་སོ། །
གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱིཿ འདིར་བླ་མ་གསང་བ་འདུས་པའི་ཟབ་རྒྱ་བརྒྱད་ཀྱི་དང་པོ་ཉམས་སུ་ལེན་ཚུལ་ནི། རྟོག་མེད་ཀྱི་ངང་ནས་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས། སྐད་ཅིག་དྲན་རྫོགས་དེ་ཉིད་ལས༔ ཞེས་སོགས་ནས་བཟུང་ཚིགས་བཅད་རྣམས་ངག་ཏུ་བརྗོད་ལ་བསྐྱེད་རིམ་གསལ་བཏབ་ཅིང་། བསྒོམ་དོན་ནི། རང་ཉིད་བླ་མ་རྡོར་སེམས་དཀར་པོ་རྡོར་དྲིལ་འཛིན་པ་སྐྱིལ་ཀྲུང་ཅན་དུ་གསལ་བའི་ཐུགས་དཀྱིལ་དུ་པདྨ་འདབ་བརྒྱད་གནས་པའི་སྲོག་ཤིང་ལྟ་བུར་སྐུ་ལུས་ཀྱི་དྲང་ཐད་དུ་ཨ་ཝ་དྷཱུ་ཏི་ཆོས་བཞི་ལྡན། དེ་ལས་གྱེས་པའི་གཡས་སུ་ཡེ་ཤེས་ཀྱི་རྩ་མཐིང་ག །གཡོན་དུ་ཡོན་ཏན་གྱི་རྩ་སེར་པོ། རྒྱབ་ཏུ་རང་རྒྱུད་ཀྱི་རྩ་དམར་ནག །མདུན་དུ་ཆོས་ཉིད་ཀྱི་རྩ་དམར་པོ་རྣམས་གསལ་བའི་དབུས་ཀྱི་རྩ་དབུ་མའི་ནང་དུ་དྭངས་མ་ལྔ་གནས་པ་ལས། རྩའི་དྭངས་མ་དར་དཀར་གྱི་སྐུད་པ་ལྟ་བུ། ཁྲག་གི་དྭངས་མ་དམར་པོ་བྱིའུའི་སྒོ་ང་ཙམ། དབུགས་ཀྱི་དྭངས་མ་སྔོ་སྐྱ་སྲན་སྦོས་ཙམ། དྲོད་ཀྱི་དྭངས་མ་དམར་པོ་ཡུངས་འབྲུ་ཙམ། ཐིག་ལེའི་དྭངས་མ་དཀར་པོ་སྲན་ཆུང་ཙམ་སྟེ་ལྔ་གནས་པར་དམིགས། གཡས་ཀྱི་རྩ་ནང་དུ་སྒོ་ལྔའི་རྣམ་ཤེས་ཀྱི་ངོ་བོ་སྦྱང་གཞིར་གྱུར་པ་ལྷའི་ས་བོན་ཨ་དཀར་པོ། མིའི་ས་བོན་ནྲི་དམར་སྐྱ་གཉིས་སྦྲེལ་མར་གནས་པའི་སྟེང་སྦྱོང་བྱེད་རྣམ་སྣང་གི་ས་བོན་ཨོཾ་དཀར་པོ། གཡོན་གྱི་རྩ་ནང་དུ་ཀུན་གཞིའི་རྣམ་ཤེས་ཀྱི་ངོ་བོ་སྦྱང་
གཞིར་གྱུར་པ་བྱོལ་སོང་གི་ས་བོན་ཏྲི་དུད་ཁ་དང་། ལྷ་མ་ཡིན་གྱི་ས་བོན་སུ་སྔོ་སྐྱ་གཉིས་སྦྲེལ་མར་གནས་པའི་སྟེང་སྦྱོང་བྱེད་དོན་གྲུབ་ཀྱི་ས་བོན་ཨ་ཐུང་ལྗང་གུ། རྒྱབ་ཀྱི་རྩ་ནང་དུ་ཉོན་ཡིད་ཀྱི་རྣམ་ཤེས་ཀྱི་ངོ་བོ་སྦྱང་གཞིར་གྱུར་པ་དམྱལ་བའི་ས་བོན་དུ་ནག་པོ་དང་། ཡི་དྭགས་ཀྱི་ས་བོན་པྲེ་དམར་པོ་གཉིས་སྦྲེལ་མར་གནས་པའི་སྟེང་། སྦྱོང་བྱེད་མི་བསྐྱོད་པའི་ས་བོན་ཧཱུྃ་སྔོན་པོ། མདུན་གྱི་རྩ་ནང་དུ་ཡིད་ཀྱི་རྣམ་ཤེས་ཀྱི་ངོ་བོ་སྦྱང་གཞིར་རྩ་ཁོ་ན་ལས་ཡིག་འབྲུ་མེད་ཀྱང་སྦྱོང་བྱེད་རིན་འབྱུང་གི་ས་བོན་ཏྲཱཾ་སེར་པོ་རྣམས་གསལ་ལེགས་པར་བཏབ། དེའི་ནང་ནས་དབུ་མའི་དྭངས་མ་ལྔ་འདུས་ཀྱི་ཕུང་པོ་དེ་འོད་དུ་འབར། ཐིག་ལེའི་དྭངས་མ་དེ་ཞུ་བ་ལས་འོད་མི་འགྱུར་བ་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་མཉམ་གཞག་ཅན་རིན་པོ་ཆེའི་རྒྱན་ལྡན་གྱི་ཐུགས་ཀར་ཉི་ཟླའི་སྟེང་དུ་སྦྱོང་བྱེད་ཀྱི་ཡི་གེ་ཧྲཱིཿདམར་པོར་གནས་པ་དང་། རྩ་བཞིའི་ནང་གི་སྦྱོང་བྱེད་ཀྱི་ཡིག་འབྲུ་བཞི་ལས་ཀྱང་འོད་བྱུང་བས་སྦྱང་གཞིའི་ཡིག་འབྲུ་རྣམས་ལྷག་མེད་དུ་སྦྱངས་པས་རིགས་དྲུག་གི་སྐྱེ་སྒོ་བཅད་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་མོས། འོད་མི་འགྱུར་བའི་སྐུ་དང་སྦྱོང་བྱེད་འབྲུ་ལྔ་ལ་སེམས་གཏད་དེ། ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨ་ཨ་ཨ་བཛྲ་ཧྲཱིཿཧྲཱིཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཡ་ཨ་ཨ་ཨ། ཏདྱ་ཐཱ། སདྱཱ་ཡ་ཐེ་དན་ཨོཾ་ཨཱཿཧཱུྃ། ཞེས་ལན་མང་དུ་བཟླ་སྐབས་
འཇམ་རླུང་བུམ་པ་ཅན་བཟུང་སྟེ། ངག་བཟླས་མི་བྱ་བར་ཡིད་བཟླས་བྱ། ཡིག་འབྲུ་འདི་རྣམས་འགའ་ཞིག་ལཉྩའི་རྣམ་པར་བསྒོམ་པར་འདོད་ཀྱང་། བོད་ཡིག་དབུ་ཅན་གྱི་གཟུགས་སུ་བསྒོམ་པ་འཐད་པའི་རྒྱུ་མཚན། འགྲོ་བ་སོ་སོའི་ལུས་ལ་རྩ་ཁམས་རྣམ་པར་དག་པ་རང་རང་གི་ཡི་གེའི་གཟུགས་སུ་གནས་པར་བཤད་པ་ཡིན། རྩ་རྣམས་ཐད་ཀར་བརྒྱངས་པའི་ནང་དུ་ཡིག་འབྲུ་རྣམས་མགོ་ཕྱིར་བསྟན་དུ་བསྒོམ་དགོས། དེ་ལྟར་ཞག་བདུན་བསྒོམ་པས་བར་དོ་ཆོད་པའི་རྟགས་འདས་ཚེ་རྣམ་སྨིན་གྱི་ཕུང་པོ་ལ་འཇའ་ཚོན་སྣ་ལྔ་ཟུག་པར་གུ་རུ་པདྨས་གསུངས་པའི་ཟབ་གནད་ཡི་གེར་དགེ་སློང་བྱ་བྲལ་བ་པདྨ་ཕྲིན་ལས་ཀྱིས་བྲིས་སོ།། །།