བསམ་གཏན་བར་དོའི་ཁྲིད་ཡིག་རིག་པ་རང་གྲོལ།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི༔ རྫོགས་རིམ་བར་དོ་དྲུག་གི་ཁྲིད་ཡིག་ལས་སྤྱི་དོན་གསུམ་པ་བསམ་གཏན་བར་དོའི་ཁྲིད་ཡིག་རིག་པ་རང་གྲོལ་ཞེས་བྱ་བ་བཞུགས་སོ༔

སྤྱི་དོན་གསུམ་པ་བསམ་གཏན་བར་དོའི་ཁྲིད་ཡིག་རིག་པ་རང་གྲོལ་ཞེས་བྱ་བ་སྟོན་ཏེ༔ མི་གསལ་བ་གསལ་གདབ་པ་སྒེག་མོས་མེ་ལོང་ལ་བལྟ་བ་ལྟ་བུའི་གདམས་ངག༔ དེའང་གོང་དུ་རིག་པ་ངོ་སྤྲོད་ཅིང་འདི་ཁོ་ནའོ་ཞེས་བསྟན་པས་དེ་ལ་སེམས་གསལ་རིག་པ་ལ་ཙིར་ཟིན་དུ་སོང་བས༔ དེ་ཉིད་ཁོ་ན་འཛིན་པར་སོང་བས་གྲོལ་མི་བཏུབ་པའི་ཕྱིར༔ འདིར་ངོ་འཕྲོད་པ་དེ་འཛིན་མེད་བློ་འདས་སུ་སྐྱོང་ཞིང་༔ བོགས་འདོན་པའི་བསམ་གཏན་གྱི་ཁྲིད༔ རིག་པ་ཙིར་གྱིས་འཛིན་པ་གྲོལ་བར་བྱེད་པས༔ རིག་པ་རང་གྲོལ་གྱི་ཁྲིད་ཅེས་བྱའོ༔ དེའང་གོང་དུ་ངོ་སྤྲད་ཅིང་རང་ངོ་ཤེས་པ་ཙམ་གྱིས་མི་ཆོག་སྟེ༔ དཔེར་ན་རང་གི་རྟ་རྒོད་ལོ་མང་པོར་ཡན་པར་བཞག་པས༔ བདག་པོས་ངོ་མ་ཤེས་པ་སྟེ༔ རྫིའུས་ངོ་སྤྲད་ནས་ངོ་ཤེས་པ་ཙམ་གྱིས་མི་ཆོག་སྟེ༔ རྟ་རྒོད་དེ་ཐབས་ཀྱིས་བཟུང་ནས་བཏུལ་ཞིང་ཁོལ་དུ་བཏུབ་པ་གཅིག་དགོས་པ་ལྟར༔ སེམས་དམུ་རྒོད་འདི་ཡང་ངོ་འཕྲོད་པ་ཙམ་གྱིས་མི་ཆོག་སྟེ༔ ཀྱེ་མ་བདག་ལ་བསམ་གཏན་བར་དོ་འཆར་དུས་འདིར༔ རྣམ་གཡེང་འཁྲུལ་བའི་ཚོགས་རྣམས་སྤངས་བྱས་ནས༔ ཡེངས་མེད་འཛིན་མེད་མཐའ་བྲལ་ངང་ལ་འཇུག༔ ཅེས་པས༔ ལས་དང་པོ་བས་ཡེངས་མེད་ཀྱི་དྲན་པས་སྐྱོང་ཞིང་བསྒོམ་དགོས་ཏེ༔ རྟ་རྒོད་པོ་བཏུལ་བའི་དུས་སུ་ཡེངས་མེད་ཀྱི་བརྩོན་འགྲུས་ཀྱིས་འདུལ་དགོས་ཤིང་༔ ཡེངས་ན་རྟ་ཤོར་རང་བརྡབ་ནས་ཕུང་བ་ལྟར༔ འདིར་ཡང་ལས་དང་པོ་པས་ཡེངས་ན༔ རྟོག་པ་རང་ཁར་འཆོར་ནས༔ ངན་སོང་དུ་ལྟུང་ཞིང་ཕུང་བར་འགྱུར་བས༔ ཡེངས་པ་མེད་པའི་དྲན་པས་སྒོམ་འཚོལ་བར་བྱའོ༔ དེ་ལ་སྒོམ་པ་ཞེས་བྱ་བ་ནི༔ ཅི་ཡང་མི་སྒོམ་པའི་བླ་དྭགས་ཡིན་ལ༔ དོན་ལ་ནམ་མཁའ་སུམ་སྤྲུག་གི་བསམ་གཏན་ལ་མཉམ་པར་བཞག་པ་ནི༔ བལྟས་པས་གྲོལ་བ་ཚིག་གསུམ་པའི་རྒྱུད་ལས༔ ཀྱཻ་གསང་བའི་བདག་པོ༔ ཆོས་ཀྱི་སྐུ་ཉམས་སུ་བླང་ན༔ ནམ་མཁའ་གསུམ་སྤྲུག་གི་གདམས་ངག་གོ༔ ཕྱིའི་ནམ་མཁའ་བར་སྣང་སྟོང་པ་འདི་ཡིན་ནོ༔ ནང་གི་ནམ་མཁའ་མིག་དང་སྙིང་གཉིས་འབྲེལ་བའི་རྩ་སྦུག་སྟོང་པ་དེ་ཡིན་ནོ༔ གསང་བའི་ནམ་མཁའ་རང་གི་སྙིང་རིན་པོ་ཆེའི་གཞལ་ཡས་ཁང་ངོ་༔ རང་གི་རིག་པ་མིག་ལ་གཏད༔ མིག་བར་སྣང་ལ་གཏད༔ མིག་བར་སྣང་ལ་གཏད་ནས་བཞག་པས༔ ཡེ་ཤེས་ལྷུག་པར་སྐྱེའོ༔ རང་གི་མིག་ལ་ཤེས་པ་གཏད་པའི་དུས་སུ༔ རྣམ་རྟོག་གང་གིས་ཀྱང་མ་བསྒྲིབས་པར༔ རྟོག་མེད་ཀྱི་རིག་པ་རྐྱང་པ་འཆར་རོ༔ ཞེས་གསུངས་པས༔ བསྒོམ་གྱི་དངོས་གཞི་ནི༔ ལུས་རྣམ་སྣང་གི་ཆོས་བདུན་གྱི་ངང་ནས༔ ནམ་མཁའ་སུམ་སྤྲུག་གི་བསྒོམ་པ་ཞེས་བྱ་བ༔ ནང་སེམས་ཉིད་སྟོང་པ་འདི༔ བར་འགྱུ་བའི་ལམ་རྩ་སྦུབ་སྟོང་པ་ལ་གཏད་དེ༔ སྒོ་རྒྱང་ཞགས་ཆུའི་སྒྲོན་མ་ཞེས་བྱ་བ༔ རིག་པ་མིག་ལ་གཏད༔ མིག་ཕྱིའི་ནམ་མཁའ་སྟོང་པ་འདི་ལ་ཅེ་རེ་བལྟས་ལ༔ རིག་པ་ཡང་མདུན་གྱི་ནམ་མཁའ་ལ་དམིགས་པ་དང་བསྒོམ་རྒྱུ་ཅི་ཡང་མེད་པར༔ མ་ཡེངས་ཙམ་དུ་ཧྲིག་གེ༔ གསལ་ལེ༔ ཡེ་རེ༔ ཕྱམ་མེ་བཞག༔ དང་པོར་ཐུན་ཆུང་བ་ལ་བསླབ༔ གོམས་ནས་ཇེ་རིང་ཇེ་རིང་དུ་བསླབ་ཅིང་༔ འཕྲོ་འཇོག་པའི་ཚེ་ཧར་ལང་དུ་མི་བྱ་བར༔ བསྒོམ་ཉམས་དེ་མ་ཤོར་བར་དལ་བུས་ལངས་ལ་རིག་པའི་ངང་མ་ཤོར་བར་མ་ཡེངས་འཛིན་མེད་ཀྱི་ངང་ལ་འགྲོ༔ བཟའ་བཏུང་སྨྲ་བརྗོད༔ བྱ་བ་གང་བྱེད་ཀྱང་༔ ཡེངས་མེད་ཀྱི་དྲན་པ་སོ་མ་ཤོར་བར་བསྐྱང་ངོ་༔ མཉམ་བཞག་ལ་བྱུང་ནས་རྗེས་ཐོབ་ལ་མ་བྱུང་ན་ཆོས་སྤྱོད་དང་འགྲོ་འཆགས་ཉལ་འདུག་སྤྱོད་ལམ་གང་བྱེད་པ་དེ་དང་བསྲེས་པས༔ ཅི་བྱེད་བསྒོམ་དུ་འཆར་རོ༔ ལུང་ལས༔ སྒོམ་པའི་ཚེ་ན་ཅི་ཡང་མི་བསྒོམ་སྟེ༔ ཆོས་ཀྱི་དབྱིངས་ལ་བསྒོམ་རྒྱུ་ཅི་ཡང་མེད༔ ཅེས་པ་དང་༔ ཀུན་བྱེད་ལས༔ ཀྱེ་ཀྱེ་སྟོན་པ་ཀུན་བྱེད་ང་ཡི་ལུང་བསྟན་པ༔ མ་ལུས་སྐྱེ་མེད་རྣམ་དག་ཏིང་འཛིན་ཏེ༔ བསྒོམ་དང་མི་བསྒོམ་རྐྱེན་ལ་རག་མ་ལུས༔ བསྒོམ་བྱ་ཅི་ལྟར་སྣང་བའི་ཆོས་རྣམས་ཀུན༔ གང་དུ་ཅི་ལྟར་བཞག་པའི་ཚུལ་མེད་པར༔ མ་བཙལ་རང་སར་བཞག་པ་སྒོམ་པ་ཡིན༔ ཅེས་པ་དང་༔ ཀྱཻ་སེམས་དཔའ་རྡོ་རྗེ་དོན་ལ་གོམས་པར་གྱིས༔ དགོངས་དོན་གསང་བའི་རིག་པ་མ་ཤར་ན༔ ཚིག་དང་སྒྲ་ལ་འཛིན་ཅིང་གོམས་པ་དག༔ ཀུན་བྱེད་ང་ཡི་ལུང་དང་འཕྲད་མི་འགྱུར༔ ཞེས་པ་དང་༔ གང་ལ་སེམས་པར་མ་བྱེད་སྒོམ་མ་བྱེད༔ སྒོ་གསུམ་བཅོས་པར་མི་བྱེད་ལྷུག་པར་བཞག༔ གཟའ་དང་རྒྱུ་སྐར་ཚེས་གྲངས་དུས་ཚོད་མེད༔ ཡིད་ལ་མི་བྱེད་སྔགས་དང་ཕྱག་རྒྱ་བྲལ༔ ཅེས་གསུངས་སོ༔ དེ་ལྟར་མཉམ་པར་བཞག་པའི་བསྒོམ་པ་དེ༔ རྗེས་ཤེས་དུས་སུ་ཁྲིད་པ་གལ་ཆེ་སྟེ༔ མཉམ་བཞག་གི་ཉམས་དེ་རྗེས་ཤེས་ལ་ངང་མ་ཤོར་བར་སྐྱོང་ཞིང་༔ ཁྱད་པར་དུ་རྣམ་རྟོག་ཅི་སྐྱེས་ཤར་གྲོལ་དུ་ཁྲོལ་ཁྲོལ་རང་གྲོལ་དུ་ཤིག་ཤིག༔ འཛིན་མེད་དུ་ཕྱལ་ཕྱལ་བཏང་༔ རྣམ་རྟོག་གི་རང་གཤིས་ཀྱང་ཡེ་ནས་རང་གྲོལ་དུ་གནས་པ་ཡིན་ཏེ༔ རྟོག་པ་སྔ་མ་ཞེ་སྡང་དུ་སྐྱེས་པའི་ཚེ༔ ཕྱི་མར་སྙིང་རྗེ་སྐྱེས་ན༔ སྔ་མའི་ཞེ་སྡང་དེ་གང་དུའང་མ་སོང་༔ སུས་ཀྱང་བཀྲོལ་བ་མེད་པར་རང་གྲོལ་དུ་གྲོལ་ཏེ༔ ཞེ་སྡང་ཐེར་ཟུག་ཏུ་གནས་མ་མྱོང་༔ ཞེ་སྡང་སྐྱེས་པའང་རང་བྱུང་ཡེ་ཤེས་ཀྱི་རྩལ་ལས་ཤར་བ་ལས༔ འདི་ནས་སྐྱེས་བྱ་བ་མེད་པས༔ ཞེ་སྡང་གི་རང་བཞིན་སྐྱེ་མེད་ཡིན༔ བར་དུ་ཞེ་སྡང་འདི་ན་གནས་མེད་དེ༔ ཡོད་ན་བསྐལ་པ་ཐོག་མེད་ནས༔ ད་ཕན་ཆད་དུ་སྐྱེས་པའི་ཞེ་སྡང་ཐམས་ཅད་ཕྱོགས་གཅིག་ཏུ་གནས་ཤིང་བསག་ཏུ་ཡོད་ན༔ སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་ཡང་ཤོང་མི་སྲིད་དོ༔ ཞེ་སྡང་སྐྱེ་མེད་གནས་མེད་ཡིན་པས༔ དེ་ལྟར་སྐྱེས་ཀྱང་བདེན་པར་གྲུབ་མ་མྱོང་༔ དེས་ན་ཁར་སང་ཕན་ཆད་སྐྱེས་པའི་ཞེ་སྡང་དེ་དེ་རིང་གར་སོང་༔ སང་ཉིན་སྐྱེ་རྒྱུའི་ཞེ་སྡང་དེ་དེ་རིང་གང་ནས་འོང་ཞིང་ཡོད༔ དེ་རིང་སྐྱེས་པའི་ཞེ་སྡང་དེ་ད་ལྟར་གར་གནས༔ བྱམས་པ་སྐྱེ་བའི་དུས་སུ་ཞེ་སྡང་གར་སོང་༔ དེ་ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་རྩལ་ལས་ཤར་བས་སྤང་དུ་མེད༔ སྤང་ཡང་མི་སྤང་ངོ་༔ ཁོ་རང་གི་གཤིས་རང་གྲོལ་དུ་གནས་པས༔ གཉེན་པོ་གཞན་གྱིས་བཤིག་པའམ་བཀྲོལ་དུའང་མེད་དེ༔ ཞེ་སྡང་ནི་གཅེར་མཐོང་རང་གྲོལ་དུ་ཡེ་ནས་གནས་ཤིང་༔ འབད་མེད་དུ་རང་སར་གྲོལ་ཞིང་འདུག་པས༔ ད་གཟོད་གྲོལ་གཞི་བསྐྱར་དུ་མེད་ཅིང་༔ ཞེ་སྡང་རང་བྱུང་ཡེ་ཤེས་སུ་ངོ་འཕྲོད་པས༔ ཞེ་སྡང་རང་བསྒོམ་གྱི་དངོས་གཞིར་ལམ་དུ་ཁྱེར་བས༔ ཅིར་སྣང་བསྒོམ་དུ་འཆར་ནས༔ བསྒོམ་ལོགས་སུ་བཙལ་མི་དགོས་པར༔ ཞི་གནས་སེམས་འཛིན་གྱི་འཇུར་བུ་རང་སར་གྲོལ་ལོ༔ དེ་ལྟར་ཞེ་སྡང་སྐྱེ་མེད་རང་གྲོལ་དུ་ཐག་ཆོད་པ་ལྟར༔ ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པའི་རྣམ་པར་རྟོག་པའི་མཚན་མ་ཅི་སྐྱེས་པ་ཐམས་ཅད་སྐྱེ་མེད་རང་གྲོལ་དུ་ཤེས་པས༔ རྣམ་རྟོག་སྤང་ནས་མི་རྟོག་པ་བསྒོམ་དུ་མེད་དེ༔ འདམ་བུ་གཅིག་ཁོང་སྟོང་ན་འདམ་བུ་ཐམས་ཅད་ཁོང་སྟོང་༔ ཚལ་བུ་གཅིག་ཁོང་རུབ་ན་ཚལ་བུ་ཐམས་ཅད་ཁོང་རུབ༔ ཆུ་ཐིགས་གཅིག་རླན་པར་ཤེས་ན་ཆུ་ཐམས་ཅད་རླན་པར་ཤེས་པ་བཞིན༔ རྣམ་རྟོག་སྐད་ཅིག་མ་སྐྱེ་མེད་རང་གྲོལ་དུ་ཤེས་པས༔ རྟོག་པ་ཅི་སྙེད་པ་སྐྱེ་མེད་རང་གྲོལ་དུ་ཤེས་ཏེ༔ ཤེས་པ་སྐད་ཅིག་མའི་རྣམ་རྟོག་སྐྱེ་མེད་རང་གྲོལ་དུ་ཐག་ཆོད་པ་ལ་ཐག་གཅིག་ཐོག་ཏུ་བཅད་པ་ཞེས་བྱའོ༔ ཤེས་པ་སྐད་ཅིག་མ་དེ་སྤངས་ནས༔ དེ་མ་ཡིན་པ་གཞན་གཅིག་བཙལ་ནས་ངོ་སྤྲད་རྒྱུ་མེད་པས༔ ངོ་རང་ཐོག་ཏུ་སྤྲད་པ་ཞེས་བྱའོ༔ དེའི་གཤིས་རང་གྲོལ་དུ་སྟོན་པས༔ གདེང་གྲོལ་ཐོག་ཏུ་བཅའ་བ་ཞེས་བྱའོ༔ གདེང་གྲོལ་ཐོག་ཏུ་བཅའ་བ་ལ་གྲོལ་ལུགས་ཆེན་པོ་བཞི་སྟེ༔ རྟོག་པ་གང་སྐྱེས་ཀྱི་དེའི་གཤིས་ཡེ་གྲོལ༔ རང་གྲོལ༔ གཅེར་གྲོལ༔ ཡོངས་གྲོལ་དུ་གནས་ཏེ༔ འདོད་ཆགས་ཀྱི་རྟོག་པ་གཅིག་ལྷང་གིས་སྐྱེས་པའི་ཚེ༔ གཤིས་ཡེ་གྲོལ་དུ་གནས་པས༔ ད་གྲོལ་གཞི་ཞིག་བསྐྱར་དུ་མེད༔ ཁོང་རང་གིས་ཁོང་རང་སུས་ཀྱང་མ་བཀྲོལ་བར༔ རང་གིས་རང་གྲོལ་བས༔ དེ་ལ་གཉེན་པོ་གཞན་གྱིས་བཀྲོལ་དུ་མེད༔ རྟོག་པ་ཁོ་རང་གིས་ཁོ་རང་ལ་གཅེར་གྱིས་བལྟས་པས༔ རང་བཞིན་མེད་པས་མཐོང་རྒྱུ་མེད་དེ༔ གཅེར་གྲོལ་དུ་གྲོལ་བས་ཚུགས་མི་ཐུབ༔ རྟོག་པ་སྐྱེས་པ་རང་བྱུང་དུ་སྐྱེས་པའི་ཕྱིར༔ གྲོལ་བའང་ཡོངས་གྲོལ་དུ་གྲོལ་བས༔ ད་འབད་པ་བསྐྱེད་དེ་བཀྲོལ་མི་དགོས་པར༔ གཅིག་སྐྱེས་ཡེ་གྲོལ༔ གཉིས་སྐྱེས་རང་གྲོལ༔ གཅེར་གྲོལ༔ ཡོངས་གྲོལ་དུ་འདུག་པས༔ དེ་སྔ་ཕན་ཆད་གྲོལ་ཚུལ་གྱི་གནད་འདི་མི་ཐིག་པས༔ རྟོག་པ་རང་ཁ་མའི་འཛིན་པས༔ འཁོར་བར་འཁྱམས་ཤིང་གྲོལ་བའི་དུས་མ་བྱུང་བས༔ ད་ནི་གྲོལ་ལུགས་བཞིའི་མཚང་རིག༔ བླ་མས་ངོ་སྤྲོད༔ གྲོལ་བར་ངེས་ཤེས་སྐྱེས་པས༔ ད་ནི་སེམས་འཛིན་བརྟོད་ཕུར་གྱི་བསྒོམ་གྱིས་ཅི་བྱེད༔ ཤར་ཚད་རང་གྲོལ་ལ་ཐོང་༔ མ་བསྒོམ་པར་རྒྱ་ཡན་ལ་ཐོང་༔ ཕྱལ་བར་ཞོག༔ དེ་ལྟར་གྲོལ་ལུགས་བཞི་པོ་བླ་མའི་གདམས་ངག་ཟབ་ནས་བྱུང་བ་མིན༔ ཁྱེད་རང་རྣམས་ཕོ་སྒོ་བཟང་བས་རྙེད་པ་མིན༔ ཁ་རྗེ་ཆེ་བས་གློ་བུར་དུ་རྙེད་པ་མིན༔ ཡེ་ནས་སེམས་ཅན་ཐམས་ཅད་ཀྱི་གཤིས་གྲོལ་ལུགས་ཆེན་པོ་བཞིར་གནས་ཀྱང་༔ དེ་ལྟར་གྲོལ་བར་མ་ཤེས་ཏེ་འཛིན་པས་བཅིངས་ནས་འཁོར་བར་འཁྱམས་པར་འདུག་གོ༔ འཁོར་བར་འཁྱམས་ཀྱང་གྲོལ་ལུགས་ཆེན་པོ་བཞི་ལས་ནམ་ཡང་འདའ་མ་མྱོང་༔ འདའ་མི་སྲིད༔ འདའ་བར་མི་འགྱུར་ཀྱང་༔ གཤིས་གྲོལ་རུང་ལ་འཛིན་པས་འཁྲུལ་རུང་གིས་སྡུག་བསྔལ་མྱོང་བར་འདུག་མོད༔ དཔེར་ན་དམྱལ་བ་མནར་མེད་པའི་སྡུག་བསྔལ་མྱོང་བདོ་བའི་ཚེ་ཡང་༔ གཤིས་གྲོལ་ལུགས་ཆེན་པོ་བཞི་ལ་གནས་རུང་༔ ངོ་མ་ཤེས་པས་སྡུག་བསྔལ་བ་ཡིན་ནོ༔ སྡུག་བསྔལ་གྱི་རྟོག་པ་དེའི་གཤིས་གྲོལ་བར་ཤེས་ན༔ སྡུག་བསྔལ་ཡོད་མ་མྱོང་སྟེ༔ མ་རིག་པ་གསུམ་གྱིས་བསྒྲིབས་ནས་གྲོལ་ཚུལ་མ་ཤེས་པ་ཡིན་ནོ༔ དེ་ལྟར་གྲོལ་ལུགས་ཆེན་པོ་བཞིའི་ལུང་ནི༔ སྒྲ་ཐལ་འགྱུར་ཆེན་པོ་རྩ་བའི་རྒྱུད་ལས༔ རང་རིག་རྟོག་པ་ཀུན་བྲལ་བས༔ གྲོལ་ལུགས་ཆེན་པོ་བཞི་དང་བཅས༔ ཡེ་ནས་མ་བཅོས་པའི་གནད་ཡིན། གྲོལ་བའི་བསྐྱར་གཞི་མེད༔ རང་གིས་གྲོལ་བས་རྟོག་དཔྱོད་མ་བྱས་པའི་གནད་ཡིན། གཉེན་པོ་མེད༔ གཅེར་གྱི་གྲོལ་བས་ལར་རང་སར་བཞག་པའི་གནད་ཡིན། མཐོང་སར་ཡལ༔ ཡོངས་སུ་གྲོལ་བས་ལར་ངོ་སྤྲད་པ་གནད་ཡིན། འབད་རྩོལ་མེད༔ ཅེས་སོ༔ མུ་ཏིག་ཕྲེང་བ་ལས༔ ཡེ་གྲོལ་ཡིན་པས་གཏན་ནས་འཕགས༔ རང་གྲོལ་ཡིན་པས་ཡུལ་རྐྱེན་ཟད༔ གཅེར་གྲོལ་ཡིན་པས་སྣང་བ་དག༔ མཐའ་གྲོལ་ཡིན་པས་མུ་བཞི་དག༔ གཅིག་གྲོལ་ཡིན་པས་དུ་མ་སྟོང་༔ ཞེས་པས༔ དེ་ལྟར་སྣང་གྲག་ཐམས་ཅད་གྲོལ་ལུགས་བཞིར་གནས་པའི་ཕྱིར༔ གང་གིས་ཀྱང་མ་བཅིངས༔ གང་གིས་ཀྱང་མ་བཀྲོལ་ཏེ༔ ཐམས་ཅད་རང་ས་ནས་རང་ཤར་རང་གྲོལ༔ ཇི་ལྟར་སྣང་ཡང་སྐྱེ་འགགས་གནས་གསུམ་གྱི་མཐའ་དང་བྲལ་བའི་ཆོས་ཉིད་ཀྱི་རང་སྣང་ཡིན་པས༔ དེ་བླ་མས་ངོ་སྤྲད་པ་ཙམ་གྱིས་ཆོས་ཉིད་རང་སྣང་དུ་ཤེས་ནས་སྣང་ཤེས་ཆོས་ཉིད་ཏུ་རྟོགས་པས་ཅིར་སྣང་རང་སར་གྲོལ་བའི་སྣང་བ་དགག་བསྒྲུབ་དང་བྲལ་བ་ནི༔ ཐལ་འགྱུར་ལས༔ དེ་ལྟར་ཐམས་ཅད་ཆོས་ཉིད་ལས༔ བླང་བར་བྱ་བ་གང་མེད་ཅིང་༔ བཞག་པར་བྱ་བ་ཅུང་ཟད་མེད༔ གང་དུ་མེད་པའི་ཆོས་ཉིད་དེ༔ ཅིར་སྣང་རང་གི་ཆོས་ཉིད་ལས༔ བཅོས་པའི་ཆོས་ཉིད་ལོགས་ན་མེད༔ ཇི་ལྟར་བཅོས་ཀྱང་མི་རྟོག་སྐྱེ༔ དང་དུ་བླང་མེད་རང་སྣང་ངོ་༔ ཞེས་པ་དང་༔ ནོར་བུ་ཕྲ་བཀོད་ལས༔ རྟོག་བྱེད་ཀྱི་ཤེས་པ་ཡུལ་ལ་སྣང་བའི་ཚེ་ན་སྣང་བ་རང་སྣང་སྟེ་དེའི་ཚེ་ཤེས་པ་ཁ་ཡན་དུ་བཏང་བར་བྱའོ༔ ཞེས་པ་དང་༔ རིག་པ་རང་ཤར་ལས༔ བསྒོམ་དུ་མེད་པའི་དོན་ནི་གང་དུའང་མ་སྤང་ལ༔ འཛིན་ཆགས་མེད་ན་བླ་མེད་རྙེད་པ་ཡིན༔ སྤང་རྒྱུ་མེད་ཅིང་སྤང་བའི་ཆོས་དང་བྲལ༔ སྤང་བ་པོ་ཡང་མ་དམིགས་སྤང་བྱ་ག་ལ་ཡོད༔ ཅེས་པ་དང་༔ རིན་ཆེན་སྤུངས་པ་ལས༔ ཀྱེ་གསུང་གི་རྡོ་རྗེ༔ རང་གི་ཤེས་པ་སྟོང་པ་ཀུན་སྣང་གི་ཡེ་ཤེས་ལ་ལྟོས་དང་༔ གང་ལྟར་སྣང་བ་ཐམས་ཅད་རང་གི་གྲོགས་སུ་ཤར་བ་ངོ་མཚར༔ ཅི་ལྟར་སྣང་ཡང་རང་གི་གཞི་ལས་གཡོས་པ་མེད་པ་ཧ་ཧ༔ རིག་པ་སྟོང་པ་ཀུན་གྲོལ་གྱི་སྣང་བ་ལ་ལྟོས་དང་༔ རང་གི་གཉེན་པོ་རང་ཆེ་བ་ངོ་མཚར༔ ཉོན་མོངས་པ་རྣམས་རང་གིས་རང་གྲོལ་བ་ཧ་ཧ༔ རིག་པ་སྟོང་པ་ཡེ་ནས་གྲོལ་བ་ཀུན་དག་གི་ངོ་བོ་ལ་ལྟོས་དང་༔ འབད་རྩོལ་མེད་པར་འབྲས་བུ་རྙེད་པ་ངོ་མཚར༔ གཅིག་ཟིན་པས་འཁོར་འདས་ཐམས་ཅད་གཉིས་མེད་དུ་དག་པ་ཧ་ཧ༔ ཞེས་པ་དང་༔ ཡང་རང་ཤར་ལས༔ སྣང་བ་ལ་མི་ཞེན༔ མེད་པ་མི་བསྒྲུབ༔ ཡོད་པ་མི་སྤང་༔ སངས་རྒྱས་མི་བསྒྲུབ༔ བསྒོམ་པ་མི་བསྒོམ༔ ལྟ་བ་མི་ལྟ༔ འཁྲུལ་སྣང་མི་འགེག༔ དག་སྣང་མི་ཚོལ༔ ཅེས་གསུངས་སོ༔ ཡང་གོང་མ་ལས༔ ལྟ་བ་རང་བྱུང་གི་ཡེ་ཤེས་ལ་ལྟོས་དང་༔ དགེ་སྡིག་དང་ལྟ་བསྒོམ་ལས་འདས་པ་ངོ་མཚར༔ གཞི་མ་བསྐྱོད་པར་ལུས་ཀྱིས་བྱ་བ་ཅི་བྱས་ཀྱང་དགེ་སྡིག་ཕན་གནོད་དང་བྲལ་བ་ཧ་ཧ༔ དངོས་པོ་གཤིས་ཀྱི་འདུག་ཚུལ་ལ་ལྟོས་དང་༔ སྣང་བ་འདི་སྤུ་མ་བརྗེས་མདོག་མ་བསྒྱུར་བ་ངོ་མཚར༔ བདེ་སྡུག་ཅི་ལྟར་བྱས་ཀྱང་དོན་ལ་འགྱུར་བ་མེད་པ་ཧ་ཧ༔ སྟོང་པ་ཆེན་པོ་ཀུན་འབྱུང་གི་ཡེ་ཤེས་ལ་ལྟོས་དང་༔ དྲན་བསམ་གྱི་སྣང་བ་སྣ་ཚོགས་ཤར་བ་ངོ་མཚར༔ ཅི་ལྟར་བྱས་ཀྱང་འགག་མེད་ཀྱི་ཀློང་དུ་སྐྱེ་མེད་གྲོལ་བ་འདི་ཧ་ཧ༔ ཞེས་གསུངས༔ ཀུན་བྱེད་ལས༔ རྟོག་པ་རང་སར་གྲོལ་བའི་ལྟ་བ་ལས༔ མ་ཡེངས་རང་བཞིན་བཞག་པས་བྱ་རྩོལ་མེད༔ ཀུན་ཀྱང་རང་བྱུང་རང་སར་གྲོལ་བ་ཡིན༔ ཅེས་སོ༔ དེ་ལྟར་སྣང་ཤེས་ཀྱི་ཆོས་ཐམས་ཅད་སུས་ཀྱང་མ་བཅིངས༔ སུས་ཀྱང་མ་བཀྲོལ༔ ཡེ་ནས་བཅིངས་གྲོལ་དང་བྲལ་བའི་ངོ་བོ་ལ༔ དེ་ཅི་ལྟ་བར་རྟོགས་པའི་ཚེ༔ གང་ལའང་སྤང་བླང་མེད་དེ༔ ཅི་སྣང་ཆོས་ཉིད་ཀྱི་རང་སྣང་དུ་ཤེས་པས༔ བསྒོམ་བཟང་པོ་གཅིག་ལོགས་ན་བསྒོམ་རྒྱུ་མེད་ལ༔ རྣམ་རྟོག་ངན་པ་གཅིག་གུད་དུ་སྤང་དུ་མེད་དེ༔ ཅི་ལྟར་བྱས་ཀྱང་བཅིངས་གྲོལ་དང་བྲལ་ཏེ༔ ཕ་རོལ་དུ་ཕྱིན་པ་ལས༔ གཟུགས་མ་བཅིངས་མ་གྲོལ་བའོ༔ ཅེས་པ་ནས༔ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མ་བཅིངས་མ་གྲོལ་བའོ༔ ཞེས་གསུངས་སོ༔ དེ་ལྟར་རྟོགས་ཤིང་གྲོལ་བས༔ དཔེར་ན་རིན་པོ་ཆེ་གསེར་གླིང་དུ་ཕྱིན་པ་ལྟར༔ ཆོས་ཐམས་ཅད་སྟོང་པ་ཆེན་པོར་གྲོལ་ནས༔ བསྒོམ་པའི་དམིགས་འཛིན་རང་སར་གྲོལ་ཏེ༔ བར་དོ་མེད་པར་སངས་རྒྱས་པ་ཡིན་ནོ༔ སངས་རྒྱས་ལུགས་གསུམ་སྟེ༔ རབ་གྲོལ་ལུགས་ཆེན་པོ་བཞིའི་དོན་རྟོགས་པས༔ ཚེ་འདི་ཉིད་ལ་ཟག་པ་དང་བཅས་ཏེ༔ ཕུང་པོ་མི་སྣང་བར་སངས་རྒྱས༔ འབྲིང་འཕོ་བའི་གདམས་པས་འཆི་ཁར་སངས་རྒྱས་པའམ༔ ཆོས་ཉིད་ཀྱི་བར་དོར་བདེན་པའི་སྟོབས་མངོན་དུ་གྱུར་ནས་སངས་རྒྱས༔ ཐ་མ་སྲིད་པའི་བར་དོར་རིང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་དབུགས་དབྱུང་སྟེ་སངས་རྒྱས་པའམ༔ མངལ་སྒོ་བཟང་པོ་གཅིག་བདམ་ནས་སྐྱེ་བ་གཅིག་བླངས་ཏེ་ཆོས་འདི་དང་འཕྲད་ནས་སངས་རྒྱས་པར་འགྱུར་རོ༔ དེ་ལ་འདིར༔ རབ་ཚེ་འདིར་བསམ་གཏན་བར་དོར་ཏིང་ངེ་འཛིན་གྱི་ཞེན་པ་དང་བྲལ་ཏེ༔ གྲོལ་ལུགས་ཆེན་པོ་བཞིར་ངོ་སྤྲད་དོ༔ སངས་རྒྱས་པར་བྱེད་པའི་ཁྲིད༔ བསམ་གཏན་བར་དོའི་ཁྲིད་ཡིག༔ རིག་པ་རང་གྲོལ་ཞེས་བྱ་བ༔ ས་མ་ཡ༔