རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་མཆན་འགྲེལ།

རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་མཆན་འགྲེལ་བཞུགས་སོ། །
རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཎ་ནཱ་མ་དྷཱ་ར་ཎི།
བོད་སྐད་དུ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་ཡིས་བདུད་དང་ཉོན་མོངས་ཐམས་ཅད་རྣམ་པར་འཇོམས་པ་དེ་ཉིད་གཟུངས་སུ་བྱིན་གྱིས་བརླབ་པའམ་ཤར་བ་ཞེས་བྱ་བའི་གཟུངས་འདི་ཡང་རྡོ་རྗེ་ལྟར་མི་ཕྱེད་ལ་མི་མཐུན་རྒུད་པ་ཐམས་ཅད་འཇོམས་པའི་མཐུ་དང་ལྡན་པའི་ཕྱིར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གླེང་གཞི་ནི་གཟུངས་འདི་སྐད་ཕྱག་ན་རྡོ་རྗེ་སྡུད་པ་པོ་བདག་གིས་སངས་རྒྱས་ལས་ཐོས་པ་ཡི་དུས་གཅིག་ན། སྟོན་པ་བཅོམ་ལྡན་འདས་ཕྱི་རྡོ་རྗེའི་གདན་བྱང་ཆུབ་ཤིང་དྲུང་ན་བཞུགས་ཏེ་བདུད་བཏུལ་བའི་ཚེ་དང་། ནང་རྡོ་རྗེ་ཡེ་ཤེས་ཀྱི་གནས་ལ་ཞུགས་ཏེ་ཞེས་སམ། ཡང་ན་རི་རབ་ཀྱི་བྱང་ཤར་རྡོ་རྗེ་རི་རབ་ཟོམ་ན་བཞུགས་དུས་ཀྱང་འཆད་ལ། རྒྱལ་པོ་ལོག་པའི་སྙིང་པོ་མ་སྐྱེས་དགྲའི་རྐང་པར་ལྕགས་ཀྱི་སྡིག་པས་བཟུང་ཞིག་དེས་ཕ་བསད་མི་དགེ་བཅུ་བྱས་པས་མི་མིན་འཁྲུགས་ཏེ་ནད་སྣ་ཚོགས་བཏང་བས་སེམས་ཅན་སྡུག་བསྔལ་བ་གཟུངས་འདིས་སྐྱབས་ནས་བསྟན་པར་བཙུད་ཅེས་ཀྱང་གསུངས། གང་ལྟར་ཡང་སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེའི་ལུས་ཐམས་ཅད་ཚོགས་གཉིས་ལས་བྱུང་བའི་ཡེ་ཤེས་ཀྱི་སྐུ་མི་ཤིགས་པ་རྡོ་རྗེར་བྱིན་གྱིས་བརླབས་ནས་དེ་ཉིད་རྟོགས་པའི་ངོ་བོ་རྡོ་རྗེའི་ཏིང་ངེ་འཛིན་ནམ་འདིའི་དཀྱིལ་འཁོར་སོགས་སྤྲུལ་པར་བྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་རྒྱུ་གང་གིས་ན་ལག་ན་རྡོ་རྗེས་སངས་རྒྱས་ཀྱི་མཐུ་དང་། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་ཀྱིས་གང་བཤད་ན་གཟུངས་ཀྱི་ངོ་བོ་གཞི་ཐུགས་ཡེ་ཤེས་རྡོ་རྗེའི་མཚན་ཉིད་རྡོ་རྗེ་ཁྲོ་བོ་ལས་རྡོ་རྗེ་གཏུམ་པོ་སོགས་བཞི་བྱུང་བའམ། ཡང་ན་དཀྱིལ་འཁོར་གྱི་ལྷ་རྡོ་རྗེའི་ཁྲོ་བོ་རྣམས་ཀྱི་བྱིན་རླབས་དང་ཐུགས་རྗེ་སྔགས་སུ་ཤར་བ་ལའང་བཤད་དོ། །ཁྱད་པར་ནི་རྡོ་རྗེའི་སྙིང་པོ་འདི་རབ་ཏུ་སྨྲས་ཏེ་ཞེས་སམ། རྡོ་རྗེ་སྙིང་པོས་སྨྲས་ཞེས་རྡོ་རྗེ་སྙིང་པོ་ཕྱག་ན་རྡོ་རྗེ་ལ་འཆད་པའང་ཡོད་དོ། །དེའི་ཁྱད་པར་གྱི་ཡོན་ཏན་ནི་རྡོ་རྗེའི་ཆོས་བདུན་ཏེ། རྟོག་པས་མི་ཕྱེད་པའམ་བདུད་སོགས་ཀྱིས་མི་ཆོད་པ། རྩ་བར་གྱུར་པས་སམ་མཚན་མའི་རྟོག་པས་མི་ཤིགས་པ། ཕྱིན་ཅི་མ་ལོག་པར་ཡང་དག་པར་བདེན་པ། །འདུས་བྱས་མིན་པས་སྲ་བ། མི་རྟག་པ་མིན་པས་བརྟན་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཐམས་ཅད་དུ་ཐོགས་པ་མེད་པ། མི་འཇིགས་པ་བཞི་དང་ལྡན་པས་སམ་གང་ལས་ཀྱང་མཆོག་ཏུ་གྱུར་པས་ཐམས་ཅད་དུ་མ་ཕམ་པའོ། །དེ་ཡང་ཕྱི་རོལ་གྱི་རྡོ་རྗེ་དང་ཆོས་བདུན་པོ་དེས་མཚུངས་ཏེ། སྲ་བརྟན་སྙིང་ལྡན་ཁོང་སྟོང་མེད། །མི་ཕྱེད་མི་ཤིགས་མི་འཇིག་པས། །རྡོ་རྗེ་ཞེས་ནི་བརྗོད་པའོ། །ཞེས་སོ། །འདིས་རྡོ་རྗེ་བསྟན། རྣམ་པར་འཇོམས་པ་ནི་འདི་མན་ཆད་ཀྱིས་བསྟན་ཏེ། ཡེ་ཤེས་དེས་གཟུང་འཛིན་ཅན་གྱི་སེམས་ཅན་བདུད་སོགས་ཐམས་ཅད་སྐྲག་པར་བྱེད་པ་སྟེ་འཚེ་བའི་བསམ་པ་གཏོང་བའོ། །སེམས་ཅན་དེ་ཐམས་ཅད་ཀྱི་སྤོབས་པ་མ་ལུས་པ་འཇིལ་བར་བྱེད་པ། གཞན་གྱིས་དམོད་པའི་རིགས་སྔགས་ཐམས་ཅད་ནུས་མེད་དུ་གཅོད་པར་བྱེད་པ། རིགས་སྔགས་ཐམས་ཅད་ཀྱི་ནུས་པ་འཆིང་ཞིང་གནོན་པར་བྱེད་པ། ཡེ་ཤེས་མངོན་དུ་གྱུར་དུས་འཁོར་བའི་རྒྱུ་ལས་སམ་འཚེ་བའི་སྔགས་སོགས་ཐམས་ཅད་འཇོམས་པར་བྱེད་པ། དེར་མ་ཟད་སེམས་ཅན་གཞན་གྱིས་རང་ལ་བྱས་པའི་ལས་ཐམས་ཅད་འཇིག་པར་བྱེད་པ། མི་མིན་འབྱུང་པོའི་གདོན་ཐམས་ཅད་བརླག་པར་བྱེད་པ་སྟེ་འདི་ཡན་ཚར་གཅོད་པའི་ལས་སོ། །གདོན་གྱིས་ཟིན་པ་ཐམས་ཅད་ལས་ཐར་བར་བྱེད་པ། འབྱུང་པོ་ཡི་རིགས་ཐམས་ཅད་སྔགས་འདིའམ་ཡེ་ཤེས་རྡོ་རྗེས་དབང་དུ་བྱས་ནས་འགུགས་པར་བྱེད་པ། རང་གི་རིགས་སྔགས་ཀྱི་ལྷ་སོགས་ལའང་རང་གི་ལས་ཞི་སོགས་གང་འདོད་པ་ཐམས་ཅད་ཚུལ་བཞིན་དུ་བྱེད་དུ་འཇུག་པ། སྔར་མ་གྲུབ་པ་ཡི་སྔགས་རྣམས་འདིས་གྲུབ་པར་བྱེད་པ། སྔར་གྲུབ་པ་རྣམས་འབྲས་བུ་ཆུད་མི་ཟ་བར་བྱེད་པ། འདི་དང་གཏན་གྱི་དངོས་གྲུབ་གང་འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ། ཕྱི་ནང་གི་བགེགས་ལས་སེམས་ཅན་ཐམས་ཅད་སྲུང་བ། ནད་སོགས་ཞི་བ། ཚེ་དཔལ་སོགས་རྒྱས་པ། གནོད་པར་བྱེད་པའི་སེམས་ཅན་ཐམས་ཅད་རེངས་པར་བྱེད་པ་སོགས་དྲག་པོ་དང་། དྲན་པ་ཉམས་པས་རྨུགས་པའམ་རྨོངས་ཤིང་དབང་དུ་འདུ་བར་བྱེད་པ་སྟེ་འདི་ཡན་ཕན་འདོགས་ཀྱི་ལས་སོ། །ཡང་ན་རེངས་རྨུགས་གཉིས་དྲག་ཤུལ་གྱི་ལས་སུ་འདུའོ། །དེ་ལྟར་གསང་སྔགས་ཀྱི་མཐུ་ཆེན་པོ་འདི་སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེས་རབ་ཏུ་སྨྲས་སོ། །གསང་སྔགས་དེ་གང་ཞེ་ན། ན་མོ་ར ཏྣ་ཏྲ་ཡཱ་ཡ་དཀོན་མཆོག་གསུམ་ལ་ཕྱག་འཙལ་ལོ། །ན་མ ཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ་བསམ་པ་ཐམས་ཅད་རྫོགས་པར་བྱེད་པའི་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཐུགས་དྲག་པོ་དང་ལྡན་པའི་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། འདི་ལྟ་སྟེ། ༀ་ཏྲུ་ཊ་ཏྲུ་ཊ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་བྱུང་བའི་སྤྲུལ་པས་བདག་དང་གཞན་གྱི་ཉོན་མོངས་པ་ལ་སོགས་པ་རྣམས་མཐར་མཛོད་ཅིག་ཅེས་པདྨས་གསུངས། ཡང་བི་མའི་རྣམ་བཤད་ལྟར་ན་ཡེ་ཤེས་ལྷའི་ངོ་བོ་ཡིན་པས་ཉོན་མོངས་པ་ཐམས་ཅད་སོད་སོད་ཅེས་པའོ། །ཏྲོ་ཊ་ཡ་ཏྲོ་ཊ་ཡ་ཤིན་ཏུ་སོད་ཅིག་གམ་ཕྱག་ན་རྡོ་རྗེའི་བྱིན་རླབས་ཀྱིས་རབ་ཏུ་སོད་སོད། སྥུ་ཊ་སྥུ་ཊ་སྤོར་ཅིག་གམ་བདག་གི་བགེགས་ཐམས་ཅད་ཟུངས་ལ་ཡེ་ཤེས་ཀྱི་མེས་སྲེགས་སྲེགས། སྥོ་ཊ་ཡ་སྥོ་ཊ་ཡ་ཤིན་ཏུ་སྤོར་ཅིག་གམ་ཡེ་ཤེས་ཀྱི་ཐོ་བས་རྡུངས་ཤིག་རྡུངས་ཤིག །,རྞ་,རྞ་ཐར་བར་མཛོད་ཅིག་གམ་ཐུགས་རྗེའི་ལྕགས་ཀྱུས་ཟུངས་ལ་བསྐྱོད་ཅིག་བསྐྱོད་ཅིག །,རྞཱ་པ་ཡ་,རྞཱ་པ་ཡ་བསྲེག་ཏུ་མ་བཏུབ་པ་རྣམས་གཞན་དུ་ཤིན་ཏུ་འབྱེར་བར་མཛོད་ཅིག་གམ་ལེགས་པར་སྐྲོད་ལེགས་པར་སྐྲོད། སརྦ་ས་ཏྭཱ་ནི་སེམས་ཅན་ཐམས་ཅད་ལ་ཐུགས་རྗེས་གཟིགས་ཤིག །བོ་དྷ་ཡ་བོ་དྷ་ཡ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་བྱང་ཆུབ་ཏུ་སེམས་བསྐྱེད་ཅིག །སཾ་བྷོ་དྷ་ཡ་སཾ་བྷོ་དྷ་ཡ་ཤིན་ཏུ་གནས་པར་མཛོད་ཅིག་གམ་འགྲོ་བ་ཐམས་ཅད་ཁོང་དུ་ཆུད་པར་མཛོད་ཅིག །བྷྲ་མ་བྷྲཱ་མ་ཕྱུང་ཤིག་གམ་བྱང་ཆུབ་སེམས་དང་མི་ལྡན་པའི་བགེགས་ཐམས་ཅད་སོད་ཅིག །སཾ་བྷྲ་མ་ཡ་སཾ་བྷྲཱ་མ་ཡ་ཤིན་ཏུ་ཕྱུངས་ཤིག་གམ་ཕྱིན་ཅི་ལོག་གི་ཉོན་མོངས་པ་ཐམས་ཅད་ཐུགས་རྗེས་ལེགས་པར་སོད་ཅིག །སརྦ་བྷཱུ་ཏཱ་ནི་གདོན་དང་འབྱུང་པོ་ཐམས་ཅད་གཏུབས་ལ་ཐུགས་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཤིག །ཀུཊྚ་ཀུཊྚ་གནོད་པ་རྣམས་དུམ་བུར་མཛོད་ཅིག་གམ་གདོན་ཐམས་ཅད་རྡུངས་ཤིག །སཾ་ཀུཊྚ་ཡ་སཾ་ཀུཊྚ་ཡ་ཤིན་ཏུ་དུམ་བུར་མཛོད་ཅིག་གམ་འཇིག་རྟེན་ན་གནོད་པར་བྱེད་པ་ཐམས་ཅད་བྱམས་པའི་ཐུགས་རྗེས་རྡུངས་ཤིག །སརྦ་ཤཱ་ཏྲཱུན་དགྲ་བགེགས་ཐམས་ཅད་ཡང་དག་པའི་ཡེ་ཤེས་ཀྱིས་སྲེགས་ཤིག །གྷ་ཊ་གྷ་ཊ་ཐམས་ཅད་ཐུགས་རྗེས་སོད་ཅིག་གམ་བརྩེ་བ་མེད་པ་རྣམས་གཞན་དུ་བསྐྲད་པར་མཛོད་ཅིག །སཾ་གྷ་ཊ་ཡ་སཾ་གྷ་ཊ་ཡ་ལེགས་པར་སོད་ཅིག་གམ་ཤིན་ཏུ་ཕྱིན་པར་མཛོད་ཅིག །སརྦ་བིདྱཱཾ་བཛྲ་བཛྲ་ལས་ཐམས་ཅད་རིག་པ་ཅན་ཁྱོད་ཀྱི་རྡོ་རྗེར་མཆོད་ཅིག་གམ་རྡོ་རྗེ་འབར་བས་འགྲུབ་པར་གྱིས་ཤིག །སྥོ་ཊ་ཡ་བཛྲ་བཛྲ་ཡེ་ཤེས་ཀྱི་རྡོ་རྗེ་འབར་བས་ཉོན་མོངས་པ་ཐམས་ཅད་སོད་ཅིག་གམ་གཏོར་ཅིག །ཀ་ཊ་བཛྲ་བཛྲ་ཡེ་ཤེས་གྲུབ་པའི་རྡོ་རྗེ་འབར་བས་ཉོན་མོངས་པ་ཐམས་ཅད་ཆོད་ཅིག་གམ་བསད་པར་མཛོད་ཅིག །མ་ཊ་བཛྲ་བཛྲ་བྱང་ཆུབ་སེམས་ཀྱི་རྡོ་རྗེས་གདུག་པ་ཅན་ཐམས་ཅད་གཏུབས་ཤིག་གམ་དུམ་བུར་མཛོད་ཅིག །མ་ཐ་བཛྲ་བཛྲ་ཡེ་ཤེས་ཀྱི་རྡོ་རྗེས་བགེགས་ཐམས་ཅད་ཐུལ་ཅིག་གམ་ཕུག་ཅིག་པའོ། །ཨཊྚ་ཧཱ་ས་ནཱི་ལ་བཛྲ་ཁྱོད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་སྔོན་པོ་ཕྱག་ན་བསྣམས་པས་དབྱུངས་པ་དང་བཅད་པའི་ཕྲིན་ལས་མཛོད་ཅིག་གམ་རྡོ་རྗེ་རྣོན་པོ་མེ་འདྲ་བས་ཉོན་མོངས་པའི་བག་ཆགས་ཐམས་ཅད་ཆོད་ཅིག །སུ་བཛྲ་ཡ་སྭཱ་ཧཱ་ལས་ཐམས་ཅད་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ཀྱིས་ལེགས་པར་མཛོད་ཅིག་གམ་ཐུགས་ཡང་དག་པར་མཁྱེན་པའི་རྡོ་རྗེ་ཆོས་དབྱིངས་རྣམ་པར་དག་པ་ལ་ལེགས་པར་སྤྱོད་ཅིག །འདི་ཡན་ཆོད་རྡོ་རྗེ་སྙིང་པོར་བྱིན་གྱིས་བརླབས་པའི་གསང་སྔགས་སོ། །དེ་ལྟར་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་བསྐུལ་བ་བསྟན་ནས། ཡེ་ཤེས་བཞི་ལ་སྤྱིར་བསྐུལ་བ་བསྟན་པའི་ཕྱིར། ཧེ་ཕུལླུ། ནི་རུ་ཕུལླུ་མེ་ལོང་ལྟ་བའི་ཡེ་ཤེས་ལ་སོགས་པ་ལས་སྤྲུལ་པའི་ཁྲོ་བོ་རྣམས་ཀྱིས་སྡུག་བསྔལ་ཆེན་པོའི་རྒྱུ་རྣམས་གཅོད་ཅིག་པའམ་རྡོ་རྗེ་འབར་བས་ཁམས་གསུམ་པའི་ཉོན་མོངས་པ་རྣམས་ཐུགས་རྗེ་འབར་བས་ཆོད་ཅིག །གྲྀཧྞ་ཀུལླུ་གཞོམ་པར་མཛོད་ཅིག་གམ་སེམས་ཅན་ཐམས་ཅད་ཀྱི་གཤིན་རྗེའི་སྡུག་བསྔལ་ཐམས་ཅད་ཆོམས་ཤིག །མི་ལི་ཙུལླུ། ཀུ་རུ་ཀུལླུ་དག་པར་མཛོད་ཅིག་གམ་དཔལ་རྟ་མགྲིན་སྔོན་པོ་འབར་བས་སྡུག་བསྔལ་ཐམས་ཅད་སྦྱོང་ཤིག །བཛྲ་བི་ཛ་ཡ་ཡཱ་ཱསྭཱ་ཧཱ་རྣམ་པར་རྒྱལ་བའི་ཡེ་ཤེས་ཀྱི་རྡོ་རྗེས་ཞི་བར་མཛོད་ཅིག་གམ་ཁྲོ་བོ་བདུད་རྩི་འཁྱིལ་བས་ཉོན་མོངས་ཐམས་ཅད་བདུད་རྩིར་བྱིན་གྱིས་རློབས་ཤིག །ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ་ཡེ་ཤེས་ཀྱི་ཕུར་བུས་ཞི་བའི་ལས་མཛོད་ཅིག་གམ་ཁྲོ་བོ་སྟོབས་པོ་ཆེའི་དྲག་ཤུལ་གྱི་ལས་མཛོད་ཅིག །ཀ་ཊ་ཀ་ཊ་ཁྲོ་བོའི་རྒྱལ་པོས་བདུད་ཐམས་ཅད་སྤ་བཀོངས་ཤིག །མ་ཊ་མ་ཊ་འགྲོ་རྣམས་མྱ་ངན་ལས་འདས་པའི་བདེ་བ་ལ་སྦྱོར་ཅིག་གམ་ཁྲོ་བོ་ཧཱུཾ་ཀ་རས་ཉོན་མོངས་པ་ཐམས་ཅད་ལས་སྐྱོབས་ཤིག །ར་ཊ་ར་ཊ་སྡུག་བསྔལ་རྣམས་མེད་པར་མཛོད་ཅིག་གམ་ཁྲོ་མོ་པདྨ་འཁྱིལ་བས་ཉོན་མོངས་པ་ཐམས་ཅད་ཞི་བར་མཛོད་ཅིག །མོ་ཊ་ན་པྲ་མོ་ཊ་ནཱ་ཡ་སྭཱ་ཧཱ་མི་མཐུན་པའི་ཕྱོགས་རྣམས་ལས་བསྒྲལ་བར་མཛོད་ཅིག་གམ་ཡེ་ཤེས་ཀྱི་རྡོ་རྗེ་འབར་བས་གཤིན་རྗེ་གཏོགས་ཤིག །ཙ་ར་ནིཤྩ་ར་དཔལ་ཕུན་སུམ་ཚོགས་པ་ལ་སྦྱོར་ཤིག་གམ་ཁྲོ་རྒྱལ་ནཱི་ལ་དཎྜས་བདག་དང་སེམས་ཅན་རྣམས་ལ་ཚེ་དང་དབང་སྩོལ་ཅིག །ཧ་ར་ཧ་ར་ཉོན་མོངས་པ་སོགས་ཕྲོགས་ཤིག་གམ་ཡེ་ཤེས་ཀྱི་གཤོག་པས་འཁོར་བའི་སྡུག་བསྔལ་ལས་སྐྱོབས་ཤིག །ས་ར་ས་ར་སྙིང་པོའམ་ཕུལ་དུ་བྱུང་བའི་བློ་སྐྱེད་ཅིག །མཱ་ར་ཡ་མདོར་ན་ཡེ་ཤེས་བཞིའི་རང་བཞིན་གྱིས་བར་དུ་གཅོད་པ་རྣམས་ཞི་བར་མཛོད་ཅིག་གམ་ཉོན་མོངས་པ་རྣམས་སོད་ལ་རྡུལ་དུ་རློག་ཅིག །དེ་ལྟར་ཐུགས་ཀྱི་རང་བཞིན་ཡེ་ཤེས་ལ་བསྐུལ་བ་བསྟན་ནས། ཁྲོ་བོ་རྣམས་སྐུའི་རང་བཞིན་ལ་བསྐུལ་བ་བསྟན་པའི་ཕྱིར། བཛྲ་བི་དཱ་ར་ཎ་ཡ་སྭཱ་ཧཱ། རྡོ་རྗེ་རྣམ་པར་འཇོམས་པའི་སྐུའི་རང་བཞིན་གྱི་བག་ཆགས་ངན་པའི་དྲི་མ་རྣསམ་ཞི་ཞིང་མེད་པར་མཛོད་ཅིག་གམ་ལས་མཛོད་ཅིག །ཙྪིནྡ་ཙྪིནྡ་རྟ་མགྲིན་གྱིས་ཉོན་མོངས་པ་ཐམས་ཅད་ཚར་ཆོད་ཅིག །བྷིནྡ་བྷིནྡ་ཕྱེ་མར་རློགས་ཤིག་པའམ་སྡུག་བསྔལ་ཐམས་ཅད་ཞི་བར་གྱིས་ཤིག །མ་ཧཱ་ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ། ཁྱེད་ཀྱི་སྐུའི་ཕུར་བུ་ཆེན་པོས་ཉོན་མོངས་སོགས་ཞི་བར་མཛོད་ཅིག་གམ་ཁྲོ་བོ་སྟོབས་པོ་ཆེས་ཉོན་མོངས་པ་ཐམས་ཅད་ཞི་བར་མཛོད་ཅིག །བྷནྡ་བྷནྡ་མ་རུང་པ་རྣམས་ཆིངས་ཤིག་གམ་ཁྲོ་བོ་ཊཀྐི་རཱ་ཛས་གདུག་པ་ཅན་གྱི་བདུད་རྣམས་ཟུངས་ལ་ཆོམས་ཤིག །ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ་ཁྲོས་ཤིང་འཁྲུགས་པའི་ཕུར་བུས་ལས་ངན་པ་རྣམས་མེད་པར་མཛོད་ཅིག་གམ་ཁྲོ་བོ་བདུད་རྩི་འཁྱིལ་བས་གདུག་པ་རྣམས་ཞི་བར་མཛོད་ཅིག་ཅེས་གཙོ་སྔགས་སོ། །ཁྲོ་བོ་བཞིའི་སྙིང་པོའི་སྒོ་ནས་བསྐུལ་བ་བསྟན་པའི་ཕྱིར། ཙུ་རུ་ཙུ་རུ་ཁྲོ་བོ་ཨ་མོ་གྷ་པཱ་ཤས་ཕྲིན་ལས་མཛོད་ཅིག །ཙཎྜ་ཁྲོ་བོའི་རྒྱལ་པོ་ཚུར་སྤྱོན་དམ་ཚིག་ལ་དགོངས་ཤིག །ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ་ཁྲོ་བོ་ཆེན་པོ་རྡོ་རྗེ་གཏུམ་པོའི་ཕུར་བུས་བགེགས་རྣམས་ཞི་བར་མཛོད་ཅིག་གམ་ཁྲོ་བོ་བདུད་རྩི་འཁྱིལ་བའི་ཐུགས་ཚད་མེད་པའི་གསུང་སྒྲས་ཐམས་ཅད་བྱང་ཆུབ་སེམས་སུ་ཞི་བར་མཛོད་ཅིག །ཏྲ་ས་ཡ་ཏྲ་ས་ཡ་ཁྲོ་བོ་མ་ཧཱ་བ་ལས་བགེགས་སྐྲོད་ཅིག །བཛྲ་ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ་ཁྲོ་ཆེན་ཀཱི་ལི་ཀཱི་ལ་ཡ་ཡི་ཕུར་བུས་བགེགས་རྣམས་སྐྲག་པར་མཛོད་ཅིག །ཧ་ར་ཧ་ར་བཛྲ་དྷཱ་རཱ་ཡ་སྭཱ་ཧཱ་ཁྲོ་ཆེན་རྡོ་རྗེ་འཆང་སྟེ་རྡོ་རྗེ་བེ་ཅོན་གྱི་ཕུར་བུས་བགེགས་རྣམས་འདར་བར་མཛོད་ཅིག་གམ་རྡོ་རྗེ་འབར་བའི་སྒོ་བ་བཞིས་བགེགས་ཐམས་ཅད་སྲེགས་ཤིག །པྲ་ཧ་ར་པྲ་ཧ་ར་ཁྲོ་ཆེན་བདུད་རྩི་འཁྱིལ་བས་མཚན་མའི་རྟོག་པ་ཐམས་ཅད་ཞི་བར་མཛོད་ཅིག །བཛྲ་པྲ་བྷཉྫ་ནཱ་ཡ་སྭཱ་ཧཱ་ཁྲོ་ཆེན་རྡོ་རྗེ་ཐོ་བའི་ཕུར་བུས་བགེགས་རྣམས་མེད་པར་མཛོད་ཅིག་གམ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འབར་བས་ཉོན་མོངས་བག་ཆགས་ཐམས་ཅད་ཞི་བར་མཛོད་ཅིག །དེ་ལྟར་སྙིང་པོའི་སྒོ་ནས་བསྐུལ་བ་བསྟན་ནས། དེ་དག་གསུང་གི་སྒོ་ནས་བསྐུལ་བ་བསྟན་པའི་ཕྱིར། མ་ཏིསྠི་ར་བཛྲ་བློ་གྲོས་ཕུལ་དུ་བྱུང་བ་རྣམས་ཀྱི་སེམས་ཀྱི་རྡོ་རྗེ་ལྟར་བརྟན་ཞིང་མི་གཡོ་བར་མཛོད་ཅིག་གམ་བློ་བརྟན་པའི་རྡོ་རྗེ་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་ལྡན་པར་གྱིས་ཤིག །ཤུ་ཏིསྠི་ར་བཛྲ་ཤིན་ཏུ་བརྟན་པའི་རྡོ་རྗེས་ལེགས་པའི་ཡོན་ཏན་དང་ལྡན་པར་གྱུར་ཅིག་གམ་ལེགས་པར་བརྟན་པར་མཛོད་ཅིག །པྲ་ཏི་སྠི་ར་བཛྲ་སོ་སོར་བརྟན་པའི་རྡོ་རྗེས་བདག་གི་ལུས་བརྟན་པར་མཛོད་ཅིག་གམ་རབ་ཏུ་བརྟན་པར་མཛོད་ཅིག །མ་ཧཱ་བཛྲ་ཆེན་པོ་རྡོ་རྗེས་བདུད་ལས་རྒྱལ་བར་མཛོད་ཅིག་གམ་ཆེན་པོ་རྣམས་ཀྱི་ཚུལ་དུ་བརྟན་པར་མཛོད་ཅིག །ཨ་པྲ་ཏི་ཧ་ཏ་བཛྲ་རབ་ཏུ་གཡོ་བ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་ལེགས་པར་གསོལ་ཅིག །ཨ་མོ་གྷ་བཛྲ་དོན་ཡོད་པའི་རྡོ་རྗེས་གཞན་ཐམས་ཅད་འཇོམས་པའམ་ཡེ་ཤེས་ཆེན་པོའི་ཕྲིན་ལས་རྣམས་དོན་ཡོད་པར་མཛོད་ཅིག །ཨེ་ཧྱེ་ཧི་བཛྲ་ཡེ་ཤེས་ཀྱི་རྡོ་རྗེ་དང་ལྡན་པ་གདུལ་བྱའི་རྒྱུད་ལ་གཤེགས་ཤིག་གམ་བདེན་པའི་རྡོ་རྗེས་བདག་འཁོར་བ་ལས་དྲོངས་ཤིག །ཤྲཱི་གྷྲཱཾ་བཛྲ་དྷཱ་རཱ་ཡ་སྭཱ་ཧཱ་དཔའ་བར་འགྲོ་བའི་རྡོ་རྗེས་རིངས་པར་བདག་གི་ལས་འགྲུབ་པར་མཛོད་ཅིག་གམ་མྱུར་དུ་ཞི་བའི་ལས་མཛོད་ཅིག །དྷ་ར་དྷ་ར་ནི་སྒོ་བཞིའི་སྲུང་བ་བསྟན་ཏེ་བྱང་ཆུབ་སེམས་ཀྱི་རང་བཞིན་ཐམས་ཅད་ཁྱེར་ལ་གཟུངས་སུ་གྱིས་སམ་འབྱུང་པོ་རྣམས་ཟུངས་ཤིག །དྷི་རི་དྷི་རི་དབྱིངས་ཀྱི་རང་བཞིན་ཆོས་ཉིད་དང་ལྡན་པར་གྱིས་སམ་འབྱུང་པོ་བཟུང་ཟིན་པ་རྣམས་ཐོག་ཤིག །དྷུ་རུ་དྷུ་རུ་ལུས་ཐམས་ཅད་ཐུགས་རྗེས་ཟུངས་ལ་ཐོགས་ཤིག་གོ་བཏགས་པ་རྣམས་མི་འཆོར་བར་མཛོད་ཅིག །སརྦ་བཛྲ་ཀུ་ལ་མཱ་བརྟ་ཡ་སྭཱ་ཧཱ་རྡོ་རྗེ་འཁོར་ལོ་དང་བཅས་པས་བདག་ལ་བྱིན་གྱིས་རློབས་ཤིག་གམ་རྡོ་རྗེའི་རིགས་ཐམས་ཅད་ཀྱིས་ཞི་བ་དང་ལྡན་པར་བྱིན་གྱིས་རླབས་མཛོད་ཅིག །ཨ་མུ་ཀ་མཱ་ར་ཡ་ཕཊ་བདག་དུས་མ་ཡིན་པའི་འཇིགས་པ་ལས་བཟློག་ལ་བདུད་ཐམས་ཅད་ཆོམས་ཤིག་གམ་བར་དུ་གཅོད་པ་རྣམས་བཟློག་པ་གསོད་པའི་ལས་མཛོད་ཅིག །ན་མསྶ་མནྟ་བཛྲ་ཎཱཾ་ཀུན་ཏུ་བཟང་པོའི་ཡེ་ཤེས་རྡོ་རྗེའི་རང་བཞིན་གྱིས་དབང་བསྐུར་ཅིག་གམ་རྡོ་རྗེའི་རང་བཞིན་གྱིས་བདག་ཀུན་ནས་ཕྱག་འཚལ་པའི་གནས་སུ་མཛོད་ཅིག །སརྦ་བཛྲ་ཀུ་ལཾ་མཱ་བརྟཱ་ཡ་སྟོབས་པོ་ཆེས་དབང་བསྒྱུར་ཅིག་གམ་སྟོབས་ཆེན་པོ་དང་ལྡན་པ་རྣམས་ཀྱིས་བསྟོད་ཅིང་དགྱེས་པའི་གནས་སུ་མཛོད་ཅིག །མ་ཧཱ་བཱ་ལེ་སྟོབས་པོ་ཆེས་མགྱོགས་པ་རླུང་དང་འདྲ་བར་དབང་བསྐུར་ཅིག །ཀ་ཊ་པ་ལེ་ཏ་ཏ་ལེ་ཡེ་ཤེས་ཀྱི་མཆེ་བས་ཉོན་མོངས་པའི་བདུད་ཐུལ་ཅིག །ཨ་ཙ་ལེ་ཁམས་གསུམ་རྣམ་རྒྱལ་གྱི་སྤྲུལ་པས་དབང་བསྐུར་ལ་སྐྱོབས་ཤིག་གམ་བགེགས་རྣམས་ཐོབ་ལ་མི་གཡོ་བར་མཛོད་ཅིག །མཎྜ་ལ་མ་ཡེ་དཀྱིལ་འཁོར་གྱི་ཕྱིའི་སྲུངས་མ་རྣམས་ཀྱིས་སྤྲུལ་པའི་ངོ་བོ་ཉིད་ཀྱི་ཆེ་བ་སྣ་ཚོགས་སུ་སྣང་བའོ། །ཨ་ཏི་བཛྲ་རྡོ་རྗེེ་བཟང་པོས་ཐམས་ཅད་ལ་སྐྱོབས་ཤིག་གམ་ཡེ་ཤེས་མཆོག་དང་ལྡན་པ་རྣམས་ཀྱིས་དཀྱིལ་འཁོར་སྐྱོར་བ་རྣམས་བདག་ལ་འགོ་བར་མཛོད། མ་ཧཱ་བ་ལེ་བེ་ག་ར་ཎ་ར་ཎ་སྟོབས་པོ་ཆེས་མགྱོགས་པ་རླུང་དང་འདྲ་བས་གནོད་པ་ཐམས་ཅད་ཞི་བའམ་མེད་པར་མཛོད་ཅིག །ཨཱ་ཛི་ཏེ་ཛྭ་ལ་ཛྭ་ལ་ཡང་དག་པའི་ཤེས་རབ་ཀྱིས་བདུད་དང་ལོག་འདྲེན་རྣམས་སྲེགས་ཤིག་གམ་ཡེ་ཤེས་ཆེན་པོའི་མེ་འབར་བར་མཛོད་ཅིག །ཏི་ཊི་ཏི་ཊི་པིང་ག་ལེ་སོ་སོར་འབར་བས་སྡུག་བསྔལ་ལས་སྐྱོབས་ཤིག་གམ་རབ་ཏུ་འབར་བར་བསྡུས་པས་གནོད་པ་རྣམས་ལས་སྲུངས་ཤིག །ད་ཧ་ད་ཧ་བདག་གི་ཉོན་མོངས་པ་རྣམས་སྲེགས་ཤིག །ཏེ་ཛོ་བ་ཏི་ཡང་དག་པའི་ཤེས་རབ་ཀྱིས་གཏི་མུག་པ་རྣམས་སོལ་ཅིག་གམ་གཟི་བརྗིད་དང་ལྡན་པའི་མེས་སྲེག་པར་མཛོད་ཅིག །ཏི་ལི་ཏི་ལི་སྡུག་བསྔལ་ཐམས་ཅད་མེད་པར་གྱིས་ཤིག་གམ་བཅད་པར་མཛོད་ཅིག །བྷནྡྷ་བྷནྡྷ་བགེགས་དང་འབྱུང་པོ་ཐམས་ཅད་ཆིངས་ཤིག་གམ་སྲེགས་ཤིག །མ་ཧཱ་བ་ལེ་སྟོབས་པོ་ཆེས་ལས་མཛོད་ཅིག །བཛྲ་ཨུངྐུ་ཤ་ཛྭ་ལཱ་ཡ་སྭཱ་ཧཱ། རྡོ་རྗེ་འཁོར་ལོ་མེ་དང་འདྲ་བས་མཚན་མ་ཐམས་ཅད་ཞི་བར་མཛོད་ཅིག་གམ་རྡོ་རྗེའི་ལུས་འབར་བ་དང་ལྡན་པའི་སྟོབས་ཆེན་པོས་བགེགས་རྣམས་ཞི་ཞིང་མེད་པར་མཛོད་ཅིག །དེ་ཡན་ཆད་ཁྲོ་བོ་བཅུའི་རང་གི་ལས་བཤད་པའོ། །ད་ནི་ཡེ་ཤེས་ཀྱི་ཁྲོ་བོ་ལག་ན་རྡོ་རྗེའི་རང་བཞིན་སྟོན་ཏེ། ན་མོ་རཏྣ་ཏྲ་ཡཱ་ཡ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མཥྩཎྜ་བཛྲ་པཱ་ཎ་ཡེ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ་སྔགས་ཀྱི་མགོན་པོ་སྟེ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེའི་ཡེ་ཤེས་ཀྱི་ངོ་བོར་བཞུགས་པའོ། །ཏདྱ་ཐཱ་འདི་ལྟ་སྟེ། ༀ་ནི་རབ་བསྔགས་ཏེ་བཀྲ་ཤིས་པའི་དོན་ནོ། །ཧ་ར་ཧ་ར་བཛྲ་ཡེ་ཤེས་ཀྱི་ལག་ན་རྡོ་རྗེ་དབུས་སུ་བཞུགས་པ་སྟེ་གཙོ་བོའི་སྔགས་སོ། །ཡང་ན་གདུག་པ་ཅན་རྣམས་ཀྱི་སྲོག་ཡེ་ཤེས་ཀྱི་རྡོ་རྗེས་ཕྲོགས་ཤིག་པའོ། །མ་ཐ་མ་ཐ་བཛྲ་ཧཱུཾ་ཀ་ར་གཤིན་རྗེ་གཤེད་དུ་བསྟན་པ་སྟེ་ཡེ་ཤེས་ཀྱི་རྡོ་རྗེས་དེ་དག་ལ་བརྡེག་པར་མཛོད་ཅིག །དྷུ་ན་དྷཱུ་ན་བཛྲ་མཚན་མ་ཐམས་ཅད་འཇོམས་པས་ཁམས་གསུམ་རྣམ་རྒྱལ་གྱི་སྙིང་པོའོ། །ད་ཧ་ད་ཧ་བཛྲ་རྟ་མགྲིན་གྱི་སྙིང་པོ་སྟེ་ཡེ་ཤེས་རྡོ་རྗེས་སྲེགས་ཤིག་པའོ། །པ་ཙ་པ་ཙ་བཛྲ་བདུད་རྩི་འཁྱིལ་བའི་སྙིང་པོ་སྟེ་ཡེ་ཤེས་རྡོ་རྗེས་ཆོམ་ཤིག་པའོ། །དྷ་ར་དྷ་ར་བཛྲ་སྟོབས་པོ་ཆེའི་སྙིང་པོ་སྟེ་གནོད་པ་ཅན་འབྲོས་པ་རྣམས་ཟུངས་ཤིག་པའོ། །དྷ་ར་ཡ་དྷ་ར་ཡ་བཛྲ་གཞན་གྱིས་མི་ཐུབ་པའི་སྙིང་པོ་སྟེ་ཡེ་ཤེས་ཅན་ཁྱེད་ཀྱིས་འཁོར་རྣམས་འཛིན་དུ་ཆུག་ཅིག་པའོ། །དཱ་རུ་ཎ་དཱ་རུ་ཎ་བཛྲ་མི་གཡོ་མགོན་པོའི་སྙིང་པོ་སྟེ་དྲག་ཏུ་ཟུངས་ཤིག་པའོ། །ཙྪིནྡ་ཙྪིནྡ་བཛྲ་དབྱུག་པ་སྔོན་པོའི་སྙིང་པོ་སྟེ་བཟུང་ཟིན་པ་རྣམས་རྡོ་རྗེས་ཆོད་ཅིག་པའོ། །བྷིནྡྷ་བྷིནྡྷ་བཛྲ་ཧཱུྃ་ཕཊ་པདྨ་འཁྱིལ་བའི་སྙིང་པོ་སྟེ་ཡེ་ཤེས་ཀྱི་རང་བཞིན་གྱི་ཐུགས་ཀྱིས་ཁོས་ཤིག་པའོ། །དེ་ཡན་ཆད་ཁྲོ་བོའི་རང་བཞིན་བཤད་པ་སྟེ་ཁྲོ་བོ་དང་སྦྱར་ཚུལ་འདི་ལ་འགྲེལ་པ་རྣམས་སུ་འདྲ་མིན་མང་དུ་མཆིས་ཀྱང་འདིར་བཤད་པ་ནི་སློབ་དཔོན་བི་མ་ལའི་དགོངས་པའོ། །ན་མ་ཤྩཎྜ་བཛྲ་ཀྲོ་དྷཱ་ཡ་དངོས་གྲུབ་ཀྱི་མཆོག་འགྲུབ་པའི་ཕྱིར་ཁྲོ་བོ་རྡོ་རྗེ་གཏུམ་པོ་ལ་ཕྱག་འཚལ་ལོ། །ད་ནི་སྒོ་མ་བཞིའི་དོན་སྟོན་ཏེ། ཧུ་ལུ་ཧུ་ལུ་ཤར་གྱི་སྒོ་བས་བགེགས་དང་འབྱུང་པོ་ཐམས་ཅད་ཚུར་དྲངས་ཤིག་གམ་དྲག་ཏུ་ཁུག་ཅིག །ཏི ཥྛ་ཏིཥྛ་ལྷོའི་སྒོ་བས་ཆིངས་ཤིག་གམ་བདག་གི་མདུན་དུ་གནས་པར་མཛོད་ཅིག །བྷནྡྷ་བྷནྡྷ་ནུབ་ཀྱི་སྒོ་བས་བགེགས་དང་ལོག་འདྲེན་ཐམས་ཅན་ཆོམས་ཤིག་གམ་ཆིངས་ཤིག །ཧ་ན་ཧ་ན་བྱང་གི་སྒོ་བས་གཏོགས་ཤིག་གམ་བཅིང་བ་རྣམས་ལ་རྡེགས་ཤིག་པའོ། །ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་པ་ནི་བདུད་རྩི་འཁྱིལ་བའི་སྔགས་ཏེ། ལས་དེ་དག་ཐམས་ཅད་ཀྱང་མཐར་ཕྱིན་ཅིང་ཕྱིར་མི་ལྡོག་པའི་ས་ལ་བཞག་ནས་འཆི་བ་མེད་པའི་གནས་ལ་སྦྱོར་བར་མཛོད་ཅིག་ཅེས་གང་གི་སྔགས་ཐམས་ཅད་ཀྱི་ལྷག་ཆད་ཁ་སྐོང་བའོ། །དེ་ལྟར་ཁྲོ་བོ་རྣམས་ཀྱི་དོན་བཤད་ནས། ད་ནི་གཟུངས་ཀྱི་ཕན་ཡོན་བསྟན་པ་ནི། སྔོན་བསགས་པའི་རྒྱུ་སྡིག་པ་མི་དགེ་བ་མཚམས་མེད་པ་ལ་སོགས་ཐམས་ཅད་བྱང་བར་བྱས་ནས། འབྲས་བུ་སྡུག་བསྔལ་བ་ཐམས་ཅད་མེད་པར་བྱེད་དོ། །རྡོ་རྗེ་ལྷུན་པོ་རི་རབ་ཟོམ་ལ་སོགས་པར་ཕྱག་ན་རྡོ་རྗེའི་རྒྱུད་བརྒྱ་རྩ་བརྒྱད་སོགས་མདོ་སྡེ་དང་རྒྱུད་དོ་ཅོག་མཐའ་དག་གི་རྩ་བ་ནི་འདི་ཡིན་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་སངས་རྒྱས་ཀྱི་ཡོན་ཏན་གྱི་བར་གྱི་དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན་པར་གྱུར་རོ། །དེ་ཡང་སེམས་ཅན་གྱི་སྡུག་བསྔལ་གྱི་བྱེ་བྲག་ཡིད་དབང་གཙོ་བོར་གྱུར་པའི་དབང་པོ་རྣམས་ཉམས་པ་དང་། སྔོན་གྱི་ལས་ཀྱིས་ཚེ་ཟད་པ་དང་འཕྲལ་གྱི་རྐྱེན་ལས་ཚེ་ཉམས་པ་དང་། ལས་ཀྱི་དབང་གིས་འབྱོར་པ་དང་མི་ལྡན་པ་སོགས་ཕུན་སུམ་ཚོགས་པ་མིན་པ་སྟེ་རྒུད་པའི་ཕྱོགས་གང་གི་རྒྱུད་ལ་ཆགས་པ་སྟེ་ཡོད་པ་དང་། འདས་མ་འདས་ཀྱི་ལྷ་རྣམས་ཀྱིས་རྒྱབ་ཀྱིས་ཕྱོགས་པ་སྟེ་གྲོགས་མི་བྱེད་པ་དང་། ལྷ་གཡེལ་བའི་རྟགས་སུ་རང་གི་གཉེན་སོགས་སྔར་མཛའ་སྡུག་གི་སྐྱེ་བོ་ཡང་རང་ལ་སྡང་བ་དང་། བྲམ་ཟེའམ་རང་གི་འཁོར་གྱི་བྲན་དང་བཟའ་མི་ལ་སོགས་གདོན་སོགས་གཞན་གྱིས་གཙེས་པ་འམ་ཡང་ན་བྲན་སོགས་དམན་པ་གཞན་གྱིས་བརྙས་པ་དང་། གང་ཕན་ཚུན་སེམས་མཐུན་པ་མ་ཡིན་པ་དང་། ནོར་དང་ལོངས་སྤྱོད་རྒུད་ནས་འགྲིབ་པས་ནི་གནོད་པ་དང་། སེམས་མི་བདེ་བའི་མྱ་ངན་དང་ལུས་ངལ་བ་དང་ཤ་ཟ་སོགས་ཀྱིས་གནོད་པ་དང་། རྒྱལ་པོའི་ཆད་པ་དང་མེ་ཆུ་གཅན་གཟན་སོགས་ཀྱིས་འཇིགས་ཤིང་སྐྲགས་པ་དང་ནི་བདེ་བས་ཕོངས་པ་དང་། རཱ་ཧུ་སོགས་གཟའ་དང་སྨིན་དྲུགས་སོགས་རྒྱུ་སྐར་ངན་པ་དང་དྲང་སྲོང་གི་དམོད་པ་སོགས་བྱད་སྟེམས་དང་། མཐུ་ཆེ་བ་སྲིན་པོ་སོགས་མི་བཟད་པའི་གདོན་གྱིས་ཉེན་པ་དང་། སེམས་མྱ་ངན་དང་ལུས་ངལ་དུབ་ལས་བྱུང་བ་ཡིས། དབང་པོ་ཉམས་པ་ནས་མྱ་ངན་ངལ་བའི་བར་གྱི་རྟགས་སུ་གྱུར་པའི་རྨི་ལམ་སྡིག་པ་སྟེ་ངན་པ་སྡུག་བསྔལ་གྱི་རྟགས་དཔེར་ན་དེ་བཞིན་གཤེགས་པ་བྱང་ཆུབ་སྙིང་པོར་གཤེགས་ཀར་བདུད་ལ་མྱ་ངན་གྱི་སྔ་ལྟས་རྨི་ལམ་སོ་གཉིས་བྱུང་བར་རྒྱ་རོལ་ལས་གསུངས་པ་ལྟ་བུ་མཐོང་ན་ཡང་། གང་ཟག་དེས་ནི་དེ་བཟློག་པའི་ཐབས་སུ་དཀྱིལ་འཁོར་གྱི་ཆོ་ག་རྫོགས་པར་བྱས་ནས་སློབ་དཔོན་གྱིས་བདུད་རྩིའི་བུམ་པས་སློབ་མའི་སྤྱི་བོར་དབང་བསྐུར་ཞིང་ཁྲུས་ཀྱིས་ལུས་ཕྱི་ནང་རབ་ཏུ་བཀྲུས་པའི་གཙང་མ་ཡིས། བྱང་ཆུབ་ཀྱི་སེམས་བསྐྱེད་ནས་མདོ་སྡེ་དམ་པ་འདི་ཉིད་མཉན་པ་དང་བཀླག་པར་གྱིས་ཤིག །ནང་གི་ཁྲུས་ནི་གང་དག་ཆོས་ལ་སེམས་པས་ཡིད་དགེ་བ་འཚེ་བ་མེད་པའི་སེམས་གཡོ་སྒྱུ་སོགས་སྤངས་པས་དང་བའམ་དད་པ་དང་ལྡན་ཞིང་། སྲོག་ཆགས་ཀྱི་རྒྱུ་ལས་མ་བྱུང་བའི་རས་སོགས་གཙང་མའི་གོས་དང་དྲི་ཞིམ་པོའི་མེ་ཏོག་སོགས་ཀྱིས་ལུས་རབ་ཏུ་བརྒྱན་ཏེ་ཞེས་སྔོན་ལ་སྟ་གོན་དུ་གནས་པས། དངོས་གཞི་ཟབ་མོ་རྟོགས་དཀའ་བ་སངས་རྒྱས་ཁོ་ནའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ། མདོ་སྡེ་འདི་ནི་ཉན་ཅིང་ཀློག་པར་བྱེད་ན། མདོ་སྡེ་ཟབ་མོ་འདི་ཡི་བདེན་པའི་གཟི་བརྗིད་ཀྱིས། སྲོག་ཆགས་དག་ནི་ཐམས་ཅད་ཀྱི་རྒྱུད་ཀྱི་ཉོན་མོངས་པ་དང་། སྡུག་བསྔལ་གྱི་བྱེ་བྲག་དབང་པོ་ཉམས་པ་སོགས་མི་བཟད་པ་ཡི་ནད་འབྲུམ་བུ་ཕོལ་མིག་མཛེ་ལ་སོགས་པ་རྣམས་ཀྱང་བྱང་ཞིང་། དེ་དག་ཐམས་ཅད་ཡོངས་སུ་ཞི་བར་བལྟའོ། །དེའི་འོག་ཏུ་བདེ་བ་ཐོབ་པའི་རྟགས་སྟོན་ཏེ། མཐོང་བའི་ཆོས་འདི་ལའང་ཚེ་རིང་བ་དང་བསོད་ནམས་དག་ཀྱང་འཕེལ་བར་འགྱུར་ཞིང་། ཚེ་རབས་གཞན་གྱི་སྡིག་པ་ཀུན་ལས་རྣམ་པར་ཐར་བར་འགྱུར་རོ། །ད་ནི་བུམ་པའི་ཆོ་ག་བསྟན་ཏེ། རིན་པོ་ཆེ་དབང་གི་རྒྱལ་བོའམ་མུ་ཏིག་མིག་མེད་སོགས་ནོར་བུ་དང་ཡུངས་ཀར་དང་རྩྭ་དུརྦ་དང་། གསེར་སོགས་རིན་ཆེན་སྣ་ལྔ་གས་སོགས་ཀྱི་སྐྱོན་ནམ་རྨ་མེད་པ་དང་ཙནྡན་གོཪྴི་ཥ་སོགས་དྲི་ཞིམ་པོ་ཅན་བཅས་དང་། ཤེལ་རིགས་དང་རྡོ་རྗེ་ཕ་ལམ་དང་བྱིན་གྱིས་བརླབས་པའི་མེ་ཏོག་སྔོན་པོ་དང་བཅས་པ་རྣམས་ཏེ། འདི་ལ་སློབ་དཔོན་བི་མ་ལས་ནི་ཡུངས་ཀར་སོགས་འབྲུ་ལྔ་གསེར་སོགས་རིན་པོ་ཆེ་ལྔ་ཙནྡན་སོགས་དྲི་ལྔ་ཤེལ་སོགས་སྙིང་པོ་ལྔ་རྣམས་སུ་བཞེད་དོ། །བུམ་པའི་རྒྱུ་ནི་ཛམ་བུའི་ཆུ་ཡི་གསེར་རམ་ཡང་ན་ནི། དངུལ་གྱི་བུམ་པའམ་ཟངས་དག་ཀྱང་རུང་སྟེ་གྲངས་ཀྱང་ལྔའམ་གཅིག་གང་རུང་གསར་པ་དག །གཙང་མའི་གོས་རས་ཁ་ཚར་ཅན་གྱིས་དཀྲིས་ཤིང་ལྔ་ཚན་ལྔ་དག་དྲི་ཞིམ་པོའི་ཆུས་ཡོངས་སུ་དགང་ཞིང་དཱུརྦའི་ཁ་རྒྱན་དང་བཅས་མེ་ཏོག་གམ་འབྲུའམ་ཚོན་སྣ་ལྔའི་གདན་ལ་བཞུགས་སུ་གསོལ་ཏེ། སྔགས་ཀྱི་གྲངས་ནི་ལན་གྲངས་ཉི་ཤུ་རྩ་གཅིག་གམ། ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད་དུ། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་བཟླས་ནས་ནི། རྒྱལ་པོ་ཞེས་ཨིནྡྲ་བྷུ་ཏི་ལ་བོས་ནས་གཟུངས་བཟླས་ཏེ་རྟག་ཏུ་ཁྲུས་གྱིས་ཤིག །ཅེས་རྒྱལ་པོ་ནི་ཉེ་བར་མཚོན་པ་ཙམ་སྟེ། ཐོག་མར་བསྙེན་པ་ནས་བརྩམས་དཀྱིལ་འཁོར་དུ་འཇུག་པའི་བར་དུ་གཟུངས་འདི་ཉིད་ཅི་ནུས་པར་བཀླགས་ཤིང་བཟླས་ནས་གཟོད་ཁྲུས་ཀྱི་ཆོ་ག་བྱའོ་ཞེས་པའི་དོན་ཏོ། །རྒྱུད་ཀྱི་མཚན་ནི། སྟོང་ཉིད་ཡེ་ཤེས་ཀྱི་རྡོ་རྗེ་མི་མཐུན་པའི་ཕྱོགས་ཀུན་རྣམ་པར་འཇོམས་པ་དེ་ཉིད་སྔགས་སུ་ཤར་བ་ལའང་མཚན་དེ་ཉིད་ཐོབ་པས་ཞེས་བྱ་བའི་གཟུངས་ཏེ་སྒྲུབ་པོ་རྣམས་ཀྱིས་མི་བརྗེད་པར་དྲན་པས་ན་དེ་སྐད་བྱ་སྟེ་དེ་ལྟ་བུའི་གཞུང་མཆན་གྱིས་ལེགས་པར་གསལ་བར་བྱས་པ་རྫོགས་སོ། །གཟུངས་འདི་ཅུང་ཟད་འདྲ་མིན་རེ་ཟུང་འདུག་ཀྱང་། མཁན་ཆེན་དང་སློབ་དཔོན་པདྨ་བི་མ་ལ་སངས་རྒྱས་གསང་བ་སོགས་ཀྱི་རྒྱ་འགྲེལ་བཅུ་དང་བསྟུན་ནས་བདག་མི་ཕམ་པས་དག་པར་བགྱིས་པས་ཕྱིན་ཆད་ཡིད་རྟོན་གྱི་གནས་སོ། །རྣམ་འཇོམས་ལས་ཚོགས་ཡེ་ཤེས་རྡོ་རྗེས་མཛད་པ་ནས་ཉེར་མཁོ་ཅི་རིགས་བྲིས་པ་ནི། ཚེས་ཉེར་གསུམ་ལ་རྣམ་འཇོམས་སྔགས་བརྗོད་དཀྱིལ་འཁོར་མདུན་མཆོད་པ་བྱས་ན་རྨི་ལམ་དུ་དགེ་མི་དགེ་སྟོན། མར་ལ་ལན་བརྒྱ་རྩ་བརྒྱད་བཟླས་ཏེ་བྱིན་ན་སྦྲུམ་མ་བུ་སྐྱེ་ཁ་ལ་བདེ་བར་བཙའ་ཐུབ། བདུག་པ་སྣ་ཚོགས་ལ་ཉེར་གཅིག་བཟླས་པས་བདུག་ན་བྱིས་པ་གདོན་ལས་གྲོལ། སྦྱིན་སྲེག་གི་ཐལ་བ་ལ་ཉེར་གཅིག་བཟླས་ཏེ་གཏོར་ན་རྐུན་མ་སྲུང་། གོས་ཀྱི་མཐར་མདུད་པ་བདུན་ལ་སྔགས་ལན་བདུན་བརྗོད་པས་བདག་སྲུང་། སྤྱི་བོའི་སྐྲ་མདུད་པར་སྔགས་བདུན་བརྗོད་པས་གཞན་སྲུང་། ཡུངས་ཀར་ལ་བདུན་བསྔགས་ཏེ་གཏོར་ན་སྟག་གི་འཇིགས་པ་སྲུང་། ཕུར་བུར་བརྒྱ་རྩ་བརྒྱད་བཟླས་ཏེ་ཞིང་དཀྱིལ་བཏབ་ན་ཞིང་སྲུང་། ཤིང་སོར་བཅུ་གཉིས་པ་ལ་མེ་བཏང་ནས་འབྲས་དང་འོ་ཐུག་ཞོ་དང་སྦྲང་རྩི་མར་གྱིས་བསྲེག་བླུགས་ཞག་གསུམ་དུ་སྟོང་བརྒྱ་རྩ་བརྒྱད་བྱས་ན་བདག་ཞི་བ་བྱེད་པར་འགྱུར། དེ་ལྟར་ཞག་བདུན་བྱས་ན་གྲོང་ཁྱེར་དུ་ཡང་ཞི་བར་བྱེད། མངར་གསུམ་སྦྱིན་སྲེག་ཞག་གསུམ་བྱས་ན་ཆར་འབེབ། དཱུརྦའི་ཉག་མ་ཞོ་དང་སྦྲང་རྩི་མར་ལ་བསྙུགས་ཏེ་སྦྱིན་སྲེག་སྟོང་ཕྲག་རྩ་བརྒྱད་ཞག་བཅུར་བྱས་ན་དུས་མིན་འཆི་བ་ཞི། དཱུརྦའི་སྦྱིན་སྲེག་ལན་གསུམ་བྱས་ན་ཚེ་ལོ་སྟོང་ཕྲག་ལྔ་ཐུབ། སློང་མོའི་ཟས་ཟ་ཞིང་འབུམ་གཅིག་བཟླས་ལ་ཟླ་བ་གཟས་ཟིན་པའི་ཚེ་བ་ནག་མོའི་འོ་མར་ལན་རྩ་བརྒྱད་བཟླས་ནས་འཐུང་ངམ་བྱུག་ན་བཅུད་ལེན་དུ་འགྱུར། ལོ་ལེགས་ཤིང་བུ་ཚ་འཕེལ་བར་འདོད་པས་ཞོའི་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་པས་འགྲུབ། རྨ་བྱའི་མཇུག་མར་སྟོང་བརྒྱ་རྩ་བརྒྱད་བཟླས་ཏེ་བྱ་བས་ན་དུག་ཀུན་ཞི། སྐུད་པར་མདུད་པ་བདུན་བྱས་ལ་ལན་བརྒྱ་རྩ་བརྒྱད་བསྔགས་པ་མགུལ་དུ་བཏགས་ན་རིམ་སྲུང་། ལམ་དུ་ཞུགས་ཚེ་རྡོ་རྗེ་ཅན་ལ་དམིགས་ཏེ་ལན་གསུམ་བརྗོད་ན་ཆོམ་རྐུན་མི་འབྱུང་། གྲུ་ལ་བརྒལ་ཚེ་ཆུ་ལ་ལན་བདུན་བརྗོད་ནས་ཆུ་ནང་གཏོར་ན་བདེ་བར་བརྒལ། ཡུངས་ཀར་ལ་སྟོང་བརྒྱ་རྩ་བརྒྱད་བཟླས་ཏེ། ཕ་རོལ་གྱི་དམག་མི་ཡོད་ཕྱོགས་དང་། དམག་གི་མགོ་ལ་གཏོར་ན་རང་དམག་ལས་རྒྱལ། མདའ་སྔོན་པོར་སྟོང་བརྒྱ་རྩ་བརྒྱད་བཟླས་ལ་ཕ་རོལ་དམག་གི་སར་འཕང་ན་ཕ་རོལ་གྱི་མཚོན་ཆའི་ནུས་པ་ཉམས། ཡིད་ལ་བཟླས་བརྗོོད་བརྒྱ་རྩ་བརྒྱད་བྱས་ན་ཆོམ་རྐུན་རྣམས་ནུས་མེད་དུ་འགྱུར། ལྕགས་ཕུར་ལ་ལན་སྟོང་བཟླས་ནས་དུར་ཁྲོད་དུ་བཙུགས་ན་མི་མ་ཡིན་ཐམས་ཅད་ཀྱིས་གནོད་པ་བྲལ་ཞིང་ཁ་འཆིང་། དེ་ཉིད་ཕྱུངས་ན་མཐོང་བར་ངེས་སོ། །མཚམས་བཅད་པར་ཡུངས་ཀར་རམ། དུར་ཐལ་ལམ། ཆུས་བྱའོ། །ནད་པར་གདོན་དབབ་པར་གུ་གུལ་ལ་ཉེར་གཅིག་བཟླས་ཏེ་བདུག །ཆར་བབ་དཀའ་ན་མངར་གསུམ་དང་ཁྲག་སྦྱར་བའི་སྦྱིན་སྲེག་སྟོང་བརྒྱ་རྩ་བརྒྱད་བྱ་ཆར་བཅད་ན་མངར་གསུམ་དཀར་དང་སྦྱར་བའི་སྲེག་བླུག་བྱའོ། །སེར་པ་བཅད་འདོད་ན་ཡུངས་ཀར་དང་ཏིལ་ནག་ལ་བཟླ། སྤྲིན་བསྡུ་བར་འདོད་ན་སྲིན་བལ་གྱི་མདུད་པ་ལ་བཟླས་སོ་ཞེས་བཤད་དོ། །མཆན་འདི་ལྕགས་སྤྲེལ་ལོར་ཐམས་ཅད་མཁྱེན་པ་མི་ཕམ་རྒྱ་མཚོའི་ཕྱག་བྲིས་ལས་ཞེ་ཆེན་རི་ཁྲོད་དུ་ཞལ་བཤུས་ཤིང་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པའི་རྡོ་རྗེ་སྒྲོན་མ་དང་། བི་མ་མི་ཏྲའི་རྣམ་བཤད་གཉིས་དང་བསྟུན་ཏེ་ཞུས་ཤིང་གཏན་ལ་ཕབ་པའོ།། །།འདིས་ཀྱང་རྒྱལ་བསྟན་ཀུནྡའི་ཚལ། །སྲིད་མཐའི་བར་དུ་ཆེར་རྒྱས་ཤིང་། །རྒྱལ་བ་ཀུན་གྱི་ཐུགས་རྡོ་རྗེ། །མཁའ་ཁྱབ་འགྲོ་འདིས་ཐོབ་འགྱུར་ཅིག། །།མངྒ་ལཾ།། །།