ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། བླ་མ་བརྒྱུད་པའི་དོན་བསྐང་འབྲེལ་ཚད་རང་གྲོལ།


LT32_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། བླ་མ་བརྒྱུད་པའི་དོན་བསྐང་འབྲེལ་ཚད་རང་གྲོལ་ཞེས་བྱ་བ་བཞུགས་སོ། །


LT32_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ། །དོན་ནས་མ་བཅོས་འོད་གསལ་གཉུག་མའི་གདངས། །གང་ཤར་རིས་མེད་དག་པའི་འཁོར་ལོ་ཅན། །དཀྱིལ་འཁོར་ཀུན་གྱི་སྲོག་ཏུ་རྟག་བཞུགས་པ། །རྡོ་རྗེ་སློབ་དཔོན་གྲུབ་ཐོབ་རྒྱ་མཚོའི་ཚོགས། །གསང་གསུམ་རྣམ་འཕྲུལ་ཤེས་དང་ཤེས་བྱར་ཁྱབ། །མཛད་པའི་ཕྲིན་ལས་གང་འདུལ་མ་ངེས་སྟོན། །འཁོར་འདས་མ་ལུས་ཡེ་ཤེས་ཆོ་འཕྲུལ་ཏེ། །སྐྱེ་འགག་གནས་དང་འགྲོ་འོང་མི་མངའ་ཡང་། །མཁའ་དབྱིངས་གང་བར་སྐུ་འཕྲུལ་གར་མཛད་པ། །དད་པའི་མཁའ་ལ་དབང་པོའི་གཞུ་བཞིན་ཏུ། །ཟུང་འཇུག་ཡེ་ཤེས་རོལ་པ་ཅི་ཡང་འཆར། །བྱིན་རླབས་གཟི་བརྗིད་འཁོར་འདས་ཁྱབ་པར་གཡོ། །འོད་གསལ་སྙིང་པོ་ལྔ་ལྡན་ངོ་བོར་བཞུགས། །གཅེར་མཐོང་རིག་པར་འདུ་འབྲལ་མེད་པ་ལ། །ཆོས་ཉིད་མངོན་ཏུ་མཐོང་བའི་ཕྱག་གིས་འདུད། །ཉམས་སྣང་གོང་འཕེལ་རྡོ་རྗེའི་མཆོད་སྤྲིན་འབུལ། །རིག་པ་ཚད་ཕེབ་བྲལ་ཐོབ་མེད་པར་བཤགས། །ཆོས་ཟད་འཕེལ་འགྲིབ་བྲལ་བར་རྗེས་ཡི་རངས། །གྲོལ་བ་བཞི་ཡིས་སྲིད་ཞི་དབྱིངས་སྒྲོལ་ཏེ། །སྐྱེ་འཇུག་དབང་ཐོབ་འཕོ་ཆེན་སྐུར་བཞུགས་གསོལ། །སྣང་སྲིད་གཞིར་རྫོགས་ཀུན་བཟང་གསང་བའི་ལམ། །ལྷུན་གྲུབ་སྦུབས་སུ་འཁོར་བ་དོང་སྤྲུགས་ཤོག །ཧཱུྃ། འོད་གསལ་རྡོ་རྗེ་སྙིང་པོའི་ཀློང་


LT32_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཡངས་སུ། །མཁའ་ཁྱབ་དང་པོའི་སངས་རྒྱས་འོད་མི་འགྱུར། །ཆོས་སྐུ་ཀུན་ཏུ་བཟང་པོའི་ཐུགས་དམ་བསྐང་། །རིག་པ་བཞི་ཐོག་གྲོལ་བའི་དངོས་གྲུབ་སྩོལ། །ཚངས་པ་རྔ་སྒྲ་བཀོད་པ་མཐའ་ཡས་སུ། །རང་སྣང་སྐུ་དང་ཞིང་ཁམས་སྤྲོ་བསྡུའི་གཞི། །ལོངས་སྐུ་རྒྱལ་བ་རིགས་ལྔའི་ཐུགས་དམ་བསྐང་། །སྣང་བཞི་ཟད་སར་འཁྱོལ་བའི་དངོས་གྲུབ་སྩོལ། །རྡུལ་སྙེད་ཚངས་པ་ཆེན་པོའི་ཞིང་ཁམས་ན། །ནམ་མཁའི་ངོ་བོ་སྣ་ཚོགས་གཟུགས་བརྙན་འཆང་། །སྤྲུལ་སྐུ་རྡོ་རྗེ་སེམས་དཔའི་ཐུགས་དམ་བསྐང་། །ངན་སོང་དོང་ནས་སྤྲུགས་པའི་དངོས་གྲུབ་སྩོལ། །གསེར་གླིང་ཧེ་ཆེན་བརྡལ་བའི་དུར་ཁྲོད་དུ། །ཤེས་རབ་མཐའ་ཡས་རྒྱལ་བ་ཀུན་གྱི་སྲས། །རིག་འཛིན་དགའ་རབ་རྡོ་རྗེའི་ཐུགས་དམ་བསྐང་། །ཆོས་ཉིད་བྱ་རྩོལ་བྲལ་བའི་དངོས་གྲུབ་སྩོལ། །བསིལ་ཚལ་རྩུབ་འགྱུར་རབ་ཏུ་འབར་བ་ན། །ཟུང་འཇུག་ཡེ་ཤེས་རྡོ་རྗེའི་ཅོད་པན་ཅན། །མཁས་པ་ཤྲཱི་སི༚་ཧའི་ཐུགས་དམ་བསྐང་། །མངོན་སུམ་རང་ཐོག་དབབ་པའི་དངོས་གྲུབ་སྩོལ། །བདེ་ཆེན་པདྨ་འོད་ཕུང་འཁྱིལ་བའི་ཀློང་། །རྒྱལ་བ་ཀུན་དངོས་འཆི་མེད་རྡོ་རྗེའི་སྐུ། །པདྨ་ཐོད་ཕྲེང་རྩལ་གྱི་ཐུགས་དམ་བསྐང་། །སྐྱེ་འཆིའི་མཚན་མ་ཟད་པའི་དངོས་གྲུབ་སྩོལ། །གཞོ་སྟོད་ཏེ་སྒྲོ་མཁའ་འགྲོའི་


LT32_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཁང་ན། །ལྷན་སྐྱེས་ཟག་མེད་བདེ་བའི་ལང་ཚོ་ཅན། །རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་ཐུགས་དམ་བསྐང་། །བདེ་སྟོང་འཕོ་འགྱུར་མེད་པའི་དངོས་གྲུབ་སྩོལ། །ལུང་བསྟན་རི་བོ་ཤཱནྟིའི་སྒྲུབ་གནས་སུ། །གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་ཀྱི་རྗེ། །གཏེར་ཆེན་ཀརྨ་གླིང་བའི་ཐུགས་དམ་བསྐང་། །ཐོབ་གསུམ་གཟེར་ཆེན་ཐེབ་པའི་དངོས་གྲུབ་སྩོལ། །ཆོས་སྐུའི་དགོངས་པ་བྱ་རྩོལ་བྲལ་བ་ན། །རྩོལ་མེད་ཡེ་ཤེས་ལྷུན་འབྱམས་ས་གྲུབ་པ། །ཐུགས་སྲས་ཉི་ཟླ་ཆོས་རྗེའི་ཐུགས་དམ་བསྐང་། །གདིང་བཞིའི་དྲོད་ཚད་རྙེད་པའི་དངོས་གྲུབ་སྩོལ། །མཁྱེན་བརྩེའི་སྣང་བ་འབུམ་ཕྲག་བརྡལ་བ་ན། །བཤད་སྒྲུབ་རྒྱུན་ཆད་མེད་པའི་འཁོར་ལོ་ཅན། །བཀའ་བབ་ཉི་ཟླ་འོད་ཟེར་ཐུགས་དམ་བསྐང་། །ཡེ་ཤེས་རྩ་ཁ་བྱེ་བའི་དངོས་གྲུབ་སྩོལ། །རླབས་ཆེན་འགྲོ་བ་འདུལ་བའི་ཞིང་ཁམས་སུ། །ཐོས་གྲོལ་གདམས་པས་ས་ཆེན་ཁྱབ་མཛད་པ། །ཆོས་བདག་ནམ་མཁའ་རྒྱ་མཚོའི་ཐུགས་དམ་བསྐང་། །སྨིན་གྲོལ་མཐའ་རུ་ཕྱིན་པའི་དངོས་གྲུབ་སྩོལ། །བརྟན་གཡོ་ཞུ་བདེས་ཁྱབ་པའི་ཕོ་བྲང་ན། །ལུས་གནས་ཡི་གེ་ལོངས་སྤྱོད་རྫོགས་སྐུར་སྨིན། །སོ་པ་མགོན་པོ་རྡོ་རྗེའི་ཐུགས་དམ་བསྐང་། །གཉིས་སྣང་དབྱིངས་སུ་ནུབ་བའི་དངོས་གྲུབ་སྩོལ། །ལུས་ཁམས་ལྷན་སྐྱེས་


LT32_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་བརླན་པ་ན། །འཁོར་ལོའི་དྭངས་སྲོག་རྡོ་རྗེ་སེམས་དཔར་གྲུབ། །དགོངས་འདུས་ཨ་བོ་ཆོས་རྗེའི་ཐུགས་དམ་བསྐང་། །ལུས་གནས་བདུད་རྩི་འབྱང་བའི་དངོས་གྲུབ་སྩོལ། །དབྱིབས་སྔགས་ཏིང་ངེ་འཛིན་གྱི་འདུ་འཕྲོའི་ཀློང་། །རིག་པ་ཕྱག་རྒྱའི་འོད་ཟེར་ཤིན་ཏུ་གསལ། །མཚུངས་མེད་བློ་གྲོས་རྒྱ་མཚོའི་ཐུགས་དམ་བསྐང་། །སྣང་སྟོང་ལྷ་སྐུ་རང་ཤར་དངོས་གྲུབ་སྩོལ། །བརྟུལ་ཞུགས་འཁོར་ལོ་ཕྱོགས་མེད་བསྐོར་བ་ན། །གཟུང་འཛིན་འཁྲུལ་རྟོགས་གཏད་མེད་དབྱིངས་སུ་གཅོད། །རྟོགས་ལྡན་དོན་གྲུབ་བཀྲ་ཤིས། ཐུགས་དམ་བསྐང་། །གྲགས་སྟོང་རང་སྒྲར་ཤེས་པའི་དངོས་གྲུབ་སྩོལ། །སོ་སོར་རྟོགས་པའི་རླབས་ཕྲེང་འབར་བ་ན། །གདན་གསུམ་འཁོར་འདས་དབྱེར་མེད་གྲུབ་མཐའ་བ། །རྗེ་བཙུན་ལེགས་བཤད་སྒྲ་དབྱངས་ཐུགས་དམ་བསྐང་། །རིག་སྟོང་རྗེན་པར་བུད་པའི་དངོས་གྲུབ་སྩོལ། །བྱང་ཆུབ་སེམས་ཀྱི་རང་བཞིན་སད་པ་ན། །མི་ཕྱེད་རྡོ་རྗེ་བཞི་ཡི་དམ་ཚིག་ཅན། །གར་དབང་བློ་གྲོས་རྣམ་རྒྱལ་ཐུགས་དམ་བསྐང་། །ཉམས་ཆགས་འཛིན་པ་ཟད་པའི་དངོས་གྲུབ་སྩོལ། །གསང་བ་དགྱེས་པ་བཟང་མོའི་བྷ་ག་ན། །ཟག་མེད་བདེ་བའི་རྡོ་རྗེའི་དུ་འབྲལ་མེད། །སྔགས་འཆང་སངས་རྒྱས་རིན་ཆེན་ཐུགས་དམ་བསྐང་། །བདེ་སྟོང་འཕོ་འགྱུར་མེད་པའི་དངོས་གྲུབ་


LT32_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

སྩོལ། །སྣང་སྲིད་ཆོས་སྐུར་དག་པའི་ཕོ་བྲང་དུ། །ཡིད་ཆོས་བྱ་རྩོལ་ཡེ་ཤེས་སློང་དུ་འབྱམས། །ཀརྨ་ཀུན་དགའ་རྣམ་རྒྱལ་ཐུགས་དམ་བསྐང་། །ཡེ་གྲོལ་གཞི་མེད་རྟོགས་པའི་དངོས་གྲུབ་སྩོལ། །ལུང་དང་རྟོགས་པའི་གཟི་བྱིན་རྒྱས་པ་ན། །གཞོམ་མེད་ཆོས་སྒྲ་ཟབ་མོའི་སྣང་བ་ཅན། །འདྲེན་མཆོག་བློ་གྲོས་ཉི་མའི་ཐུགས་དམ་བསྐང་། །རང་གྲོལ་གཉེན་པོ་ཞིག་པའི་དངོས་གྲུབ་སྩོལ། །མི་གཡོ་སུམ་ལྡན་ཁྱབ་བདལ་གཉུག་མའི་ཀློང་། །རྩ་རླུང་ཐིག་ལེ་འོད་གསལ་ངང་དུ་དག །ཆེ་ཚང་བསོད་ནམས་འགྱུར་མེད་ཐུགས་དམ་བསྐང་། །གཅེར་གྲོལ་མཐོང་སར་ཡལ་བའི་དངོས་གྲུབ་སྩོལ། །བདེ་གསལ་མི་རྟོགས་ཉམས་ཀྱི་སྤྲིན་རུམ་ན། །རིག་སྟོང་ཟླ་བ་གཞོན་ནུའི་འཛུམ་ཟེར་ཅན། །གྲུབ་ཆེན་དཀོན་མཆོག་བསྟན་འཛིན་ཐུགས་དམ་བསྐང་། །ཡོངས་གྲོལ་འབད་རྩོལ་མེད་པའི་དངོས་གྲུབ་སྩོལ། །དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཀློང་། །སྣང་སེམས་ཆོས་ཀུན་གདོད་མའི་ཟད་སར་བསྐྱལ། །སྒྲུབ་བརྒྱུད་བསྟན་པ་རྣམ་རྒྱལ་ཐུགས་དམ་བསྐང་། །གཟུང་འཛིན་འབྲེལ་ཐག་ཆད་པའི་དངོས་གྲུབ་སྩོལ། །ཟབ་གསང་ཆོས་སྒོ་རིས་མེད་འབྱེད་པ་ན། །བདེན་གཉིས་ལམ་གྱིས་གདུལ་བྱ་གྲངས་མེད་འདྲེན། །འཇམ་མགོན་གསུང་རབ་རྒྱ་མཚོའི་ཐུགས་


LT32_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བསྐང་། །ངེས་འབྱུང་སྙིང་ནས་བརྩོལ་བའི་དངོས་གྲུབ་སྩོལ། །གནས་གསུམ་ཌཱ་ཀིའི་འདུ་བ་འཁྲིགས་པའི་དབུས། །ཧཱུྃ་ཆེན་ཀ་རའི་སྒྱུ་འཕྲུལ་ཐུགས་གཏེར་བདག །རིག་འཛིན་རོལ་པའི་རྡོ་རྗེའི་ཐུགས་དམ་བསྐང་། །སྣང་རྐྱེན་གྲོགས་སུ་འཆར་བའི་དངོས་གྲུབ་སྩོལ། །ཚོགས་དྲུག་རང་སར་གྲོལ་བའི་དབེན་གནས་སུ། །གཞིར་རྫོགས་ཐག་ཆོད་དགོངས་པ་འཕོ་འགྱུར་མེད། །གར་དབང་ཆོས་སྐྱོང་རྣམ་རྒྱལ་ཐུགས་དམ་བསྐང་། །མི་རྟག་སྙིང་ལ་གཟེར་བའི་དངོས་གྲུབ་སྩོལ། །མཁྱེན་གཉིས་ཡེ་ཤེས་མཁའ་ཁྱབ་འབར་བ་ན། །འཇམ་པའི་རྡོ་རྗེ་བཤེས་གཉེན་ཚུལ་འཛིན་པ། །ཀརྨ་བསྟན་པའི་ཉིན་བྱེད་ཐུགས་དམ་བསྐང་། །ཉམས་རྟོགས་གཏེར་ཁ་བརྡོལ་བའི་དངོས་གྲུབ་སྩོལ། །ཤེས་རབ་རང་བྱུང་སྒྲོན་མེ་འབར་བའི་ཀློང་། །དོན་དམ་ཡེ་ཤེས་ཐིག་ལེའི་རྩལ་རྫོགས་པ། །གྲུབ་མཆོག་དགེ་ལེགས་རབ་རྒྱས་ཐུགས་དམ་བསྐང་། །ཆོས་བརྒྱད་འཆིང་བ་ཚོད་པའི་དངོས་གྲུབ་སྩོལ། །བྱིན་རླབས་མྱུ་གུ་རྒྱས་པའི་དགའ་ཚལ་ན། །སྣང་རིག་རྟོག་གསུམ་མཉམ་པ་ཉིད་དུ་བརྡལ། །གར་དབང་ཆོས་སྐྱོང་འགྱུར་མེད་ཐུགས་དམ་བསྐང་། །དམིགས་མེད་སྙིང་རྗེ་རྒྱས་པའི་དངོས་གྲུབ་སྩོལ། །རང་བཞིན་འོད་གསལ་འཁོར་ཡུག་ཞིང་ཁམས་ན། །པདྨའི་རྒྱལ་ཚབ་སྙིགས་དུས་འགྲོ་བ་འདུལ། །


LT32_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ཉིན་བྱེད་དབང་པོའི་ཐུགས་དམ་བསྐང་། །གདོས་བཅས་འོད་དུ་གྲོལ་བའི་དངོས་གྲུབ་སྩོལ། །རང་རིག་འབྲལ་མེད་ཀ་དག་ཀློང་ཡངས་སུ། །གདོད་མའི་མགོན་པོ་སངས་རྒྱས་ཀུན་གྱི་དངོས། །དྲན་ཆོག་རྩ་བའི་བླ་མའི་ཐུགས་དམ་བསྐང་། །རྟོགས་གྲོལ་དུས་མཉམ་ཆེན་པོའི་དངོས་གྲུབ་སྩོལ། །ཧཱུྃ། བླ་མ་རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས། །ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི། །འདོད་ཡོན་ལོངས་སྤྱོད་རྫས་ཀྱིས་ཐུགས་དམ་བསྐང་། །འཁོར་འདས་དབྱེར་མེད་ལྟ་བས་ཐུགས༴ །སྣང་སྲིད་གཞིར་བཞེངས་སྒོམ་པས་ཐུགས༴ །རང་གྲོལ་ཅོག་བཞག་སྤྱོད་པས༴ བསྲུང་མེད་དམ་ཚིག་རྣམ་བཞིས༴ །ཆོས་ཟད་བློ་འདས་འབྲས་བུའི་ཐུགས་དམ་བསྐང་། །བསྐང་དུ་མེད་དེ་སྐྱེ་མེད་ངང་དུ་བསྐང་། །མཆོད་དུ་མེད་དེ་གཉིས་མེད་རོལ་པར་མཆོད། །སྦྱོར་དུ་མེད་དེ་ཟུང་འཇུག་ཆེན་པོར་སྦྱོར། །སྒྲོལ་དུ་མེད་དེ་མཉམ་ཉིད་དབྱིངས་སུ་སྒྲོལ། །ཡེ་སྦྱོར་ཡེ་སྒྲོལ་ཆེན་པོའི་ཐུགས་དམ་བསྐང་། །བདག་སོགས་འཁོར་བའི་སེམས་ཅན་མ་ལུས་པ། །སྐྱེ་གནས་བར་དོར་གཉུག་མའི་གཏན་སྲིད་ཟིན། །རྨི་ལམ་བར་དོར་རང་སྣང་གཏན་ལ་ཕེབ། །བསམ་གཏན་བར་དོར་སྣང་བཞིའི་རྩལ་ཆེན་རྫོགས། །འཆི་ཁ་བར་དོར་འཁྲུལ་སྣང་གཞི་ཐོག་གྲོལ། །ཆོས་ཉིད་བར་དོར་འོད་གསལ་མ་བུ་འདྲེས། །


LT32_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པ་བར་དོར་དག་པའི་ཞིང་དུ་བགྲོད། །བྱ་རྩོལ་གཉིས་མེད་ཀུན་བཟང་དགོངས་པའི་ཀློང་། །མ་བཙལ་ལྷུན་གྲུབ་སྲིད་གསུམ་དྭངས་རྫོགས་པ། །ཀ་དག་ཀུན་ཏུ་བཟང་པོའི་གྲོལ་གཞི་རུ། །འཁོར་བ་རུ་ལྡོག་སྣང་སྲིད་དབྱིངས་སྒྲོལ་ཏེ། །ཀུན་ཟླུམ་ཐིག་ལེ་ཆེན་པོར་བྱང་ཆུབ་ཤོག །ཅེས་འདི་སྒྲུབ་བརྩོན་བསྟན་པའི་ ཐུགས་བཞེད་ལྟར། །ཡོན་ཏན་རྒྱ་མཚོས་རྣམ་རྒྱལ་དགོན་དུ་བྲིས། །ནོངས་པ་གང་མཆིས་རྩ་གསུམ་སྤྱན་སྔར་བཤགས། །དགེ་བས་འཁོར་བ་ངན་སོང་དོང་སྤྲུགས་ཤོག། །།སརྦ་མངྒ་ལཾ།། །།