རྗེ་རང་བྱུང་རྡོ་རྗེས་མཛད་པའི་གདོན་ཚོགས་དགུ་མ་དང་ས་བདག་དྲུག་སྦྱོར། མི་བསྐྱོད་རྡོ་རྗེས་མཛད་པའི་གདན་ཐོག་གཅིག་མ་གཅོད་ཚིགས་བཅད་མ་དང་གཉིས་གབ་སྤྲད་ནས་ལུས་སྦྱིན་དང་བསྟབ་པ་བྱ་ཚུལ་བལྟས་ཆོག་འདོན་འགྲིགས་སུ་བཀོད་པ།
༼ཏ༽ རྗེ་རང་བྱུང་རྡོ་རྗེས་མཛད་པའི་གདོན་ཚོགས་དགུ་མ་དང་ས་བདག་དྲུག་སྦྱོར། མི་བསྐྱོད་རྡོ་རྗེས་མཛད་པའི་གདན་ཐོག་གཅིག་མ་གཅོད་ཚིགས་བཅད་མ་དང་གཉིས་གབ་སྤྲད་ནས་ལུས་སྦྱིན་དང་བསྟབ་པ་བྱ་ཚུལ་བལྟས་ཆོག་འདོན་འགྲིགས་སུ་བཀོད་པ་བཞུགས་སོ། །
ན་མོ་པྲཛྙཱ་པཱ་ར་མི་ཏཱ་ཡེ། རང་དོན་དུ་མལ་ས་ལ་འདུག་གམ། གཞན་ཐག་རིང་ནས་ནད་པ་སོགས་ཡིན་ན་རང་ལ་མགོ་བསྟན་ཏེ་ཉལ་བཅུག །ཉེ་ན་རང་གི་མདུན་དུ་གཞོགས་གཡས་ས་ལ་ཕབས་ཏེ་ཉལ་བཅུག །སྲུང་འཁོར་དང་སྲུང་མདུད་སོགས་མཚོན་ཆ་རྣམས་བཀྲོལ་ལ་གཞན་དུ་བཞག །མར་མེ་དང་མེ་འོད་མེད་པར་བྱས་ལ་འདོན་སྒོམ་སྤྲུགས་ཏེ། སྐད་ཅིག་གིས་ནམ་མཁའི་དབྱིངས་ཐམས་ཅད་དཀོན་མཆོག་གསུམ་སྤྲིན་ལྟར་འཁྲིགས་པ་ལ་སྐྱབས་སུ་འགྲོ། སེམས་ཅན་ཐམས་ཅད་ཚད་མེད་བཞི་རྒྱུད་ལ་སྐྱེས་ནས་སངས་རྒྱས་མྱུར་དུ་ཐོབ་པ་ཞིག་བདག་གིས་ཅི་ནས་ཀྱང་བྱ་ཞེ་ཐག་པ་ནས་བསམས་ལ། ན་མོ་གུ་རུ། དེང་ནས་བཟུང་སྟེ་བླ་མ་དཀོན་མཆོག་གསུམ། །ངེས་པར་སྙིང་ནས་སྐྱབས་
གསོལ་སེམས་ཅན་རྣམས། །ཚད་མེད་བཞི་པོ་རྒྱུད་ལ་སྐྱེ་བ་ནས། །བདག་གི་རྫོགས་བྱང་ཉིད་ལ་འགོད་པར་བྱ། །ལན་གསུམ༈ ཕཊ་ཕཊ་ཕཊ། མདུན་གྱི་ནམ་མཁར་ཤཱཀྱ་ཐུབ་པ། དེ་འོག་མ་གཅིག་དེ་ལ་བླ་མ་ཡི་དམ་མཁའ་འགྲོ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས་བསྐོར་བར་བསྒོམ་ཞིང་། །ཕྱི་ནང་ཆོས་རྣམས་སྟོང་པའི་རང་བཞིན་ལས། །མདུན་གྱི་ནམ་མཁར་སེང་ཁྲིར་དེ་བཞིན་གཤེགས། །ཤཱཀྱའི་དབང་པོ་སྲས་དང་བཅས་པ་དང་། །དེ་འོག་མ་གཅིག་ལབ་སྒྲོན་སྐུ་མདོག་དཀར། །ཞལ་གཅིག་སྤྱན་གསུམ་ནམ་མཁའི་མཐོངས་ལ་གཟིགས། །སྐུ་ལ་དར་དཀར་ན་
བཟའ་ཁྱབ་པར་གསོལ། །ཕྱག་གཡས་སེང་ལྡེང་ཌཱ་རུ་སྟོང་གསུམ་སྒྲོགས། །ཕྱག་གཡོན་དངུལ་དཀར་དྲིལ་བུ་དཀུ་ལ་བརྟེན། །དབུ་སྐྲ་སིལ་མས་སྐུ་རྒྱབ་ནོན་པར་གཡོགས། །སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་མཁའ་ལ་གར། །གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་དབུས་ན་རོལ། །ལྷ་ཚོགས་དེ་དག་གནས་གསུམ་འབྲུ་གསུམ་ལས། །འོད་འཕྲོས་རང་བཞིན་གནས་ནས་བཅོམ་ལྡན་འདས། །བཀའ་བརྒྱུད་ཡི་དམ་ཆོས་སྐྱོང་བཅས་པ་རྣམས། །ཛཿཧཱུྃ་བྃ་ཧོཿས་གཉིས་སུ་མེད་པར་གྱུར། །དེ་ལྟར་གསལ་བའི་དྲུང་དུ་གཟུགས་ཐམས་ཅད་གཟུགས་རྡོ་རྗེ་མ་མེ་ལོང་ཐོགས་པ། སྒྲ་ཐམས་ཅད་སྒྲ་རྡོ་རྗེ་མ་པི་ཝང་ཐོགས་པ་ལ་སོགས་པ་མཆོད་པའི་ལྷ་མོ་ནམ་མཁའ་གང་བར་སྤྲུལ་ནས་ལྷ་ཚོགས་དེ་དག་ཐམས་ཅད་ལ་མཆོད་པར་བསྒོམས་ལ། གཟུགས་སྒྲ་དྲི་རོ་རེག་བྱ་རྣམ་དག་པའི། །ཟག་མེད་བདེ་ཆེན་མཆོད་སྤྲིན་རྒྱ་མཚོར་འབུལ། །ཚིག་གཉིས་པོ་ལན་གསུམ། ཕཊ་ཕཊ་ཕཊ། ཕཊ་ཕཊ། རང་གི་ཚེ་བསོད་བླ་སྲོག་གི་ངོ་བོ་ཐིག་ལེ་དཀར་དམར་མདངས་ལྡན་མཐེ་བོང་ཙམ་རྩ་དབུ་མའི་ལམ་ནས་སྤྱི་བོར་རྒྱངས་སེ་ཐོན་ནས། རང་སེམས་རྡོ་རྗེ་ཕག་མོའི་སྐུར་གྱུར། གྲི་གུག་ཚད་ཙམ་གྱིས་པགས་པ་ས་གཞི་སོགས་ལུས་མཎྜལ་དུ་གྱུར་པ་ལྷ་ཚོགས་རྣམས་ཕུལ་བར་བསྒོམ་ཞིང་། ཕཊ། རང་རིག་རང་
ལུས་ནས་ཐོན་ཡེ་ཤེས་ཀྱི། །མཁའ་འགྲོ་མར་གྱུར་རང་ལུས་པགས་པ་ནི། །དབང་ཆེན་ས་གཞི་མགོ་བོ་རི་རབ་དང་། །ཡན་ལག་གླིང་བཞི་མིག་གཉིས་ཉི་ཟླ་དང་། །ཤ་ཁྲག་རུས་པ་ལྷ་རྫས་ཟད་མི་ཤེས། །དཀྱིལ་འཁོར་མུ་མཐའ་མེད་པར་བཀོད་པ་འདི། །བཅོམ་ལྡན་ཐུབ་པ་ཆེན་པོའི་སྤྱན་སྔར་འབུལ། །ཨ་མ་ལབ་ཀྱི་སྒྲོན་མའི་སྤྱན་སྔར་འབུལ། །འགྲོ་བའི་མགོན་པོ་དམ་པས་ཐུགས་རྗེས་ཟུངས། །ལན་གསུམ་མམ་གཅིག་ཀྱང་རུང་། དམིགས་པ་མ་ཟིན་བར་དུ་ཕྲཊ་བརྗོད། ཕཊ་ཕཊ་ཕཊ། བདག་དང་ནད་པ་གདོན་དང་བཅས་པས་ནམ་མཁའི་ལྷ་ཚོགས་ལ་དད་གུས་ཀྱིས་ཕྱག་འཚལ། མཆོད་པ་འབུལ། སྡིག་པ་ཐམས་ཅད་བཤགས། ཁྱེད་རྣམས་ཀྱི་དགེ་རྩ་རྒྱ་ཆེན་པོ་འདི་མཛད་པ་ལ་ཡི་རང་། སེམས་ཅན་ལ་ཆོས་གསུང་པར་ཞུ་བ་འབུལ། སྐུ་མྱ་ངན་ལས་མི་འདའ་བར་སེམས་ཅན་གྱི་དོན་དུ་བཞུགས་པར་གསོལ་བ་འདེབས། དེ་ལྟ་བུའི་དགེ་བ་དེས་སེམས་ཅན་ཐམས་ཅད་གྲུབ་ཐོབ་ཀརྨ་པཀཱིའི་གོ་འཕང་འགྲུབ་པར་གྱུར་ཅིག་བསམ་ཞིང་། ལུས་ངག་ཡིད་ཀྱིས་ཕྱག་འཚལ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་གསོལ་དགེ་བ་འདིས། །གྲུབ་ཆེན་ཀརྨ་པཀྱི་འགྲུབ་གྱུར་ཅིག །ལན་གསུམ་སོགས་
དམིགས་པ་མ་ཟིན་བར་དུ་ཕྲཊ་བརྗོད། ཕཊ་ཕཊ་ཕཊ། དེ་ནས་ནམ་མཁའི་ལྷ་ཚོགས་དང་བརྒྱུད་པའི་བླ་མ་ལ་གསོལ་བ་བཏབ་པས་སྐུ་ལུས་ལས་བདུད་རྩིའི་རྒྱུན་བབས་ནས། མ་གཅིག་གི་སྤྱི་བོའི་ཚངས་བུག་ནས་ཞུགས། མ་གཅིག་གི་སྐུ་ལུས་བདུད་རྩིས་གང་ནས་ཞབས་གཡོན་པའི་མཐེ་བོང་ནས་ངང་རྒྱང་རྒྱང་བྱུང་ནས་རང་དང་ནད་པའི་སྤྱི་བོའི་ཚངས་བུག་ནས་ཞུགས། ལུས་ཐམས་ཅད་གང་། སྡིག་པ་དང་སྒྲིབ་པ་ཐམས་ཅད་ནག་ནུ་རུ་རུ་སོལ་ཁུ་ལྟར་རྐང་མཐིལ་དང་འོག་སྒོ་ནས་ཐོན། ས་རིམ་པ་དགུའི་འོག་ཏུ་སོང་བས་འཆི་བདག་ལས་ཀྱི་གཤིན་རྗེ་ཁ་གདངས་པའི་ནང་དུ་སོང་། དྲི་ཁུ་དེས་གཤིན་རྗེ་ངོམ་ཞིང་ཚིམ་པར་བསྒོམ་ཞིང་། གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་ན། །ཡུམ་ཆེན་ཤེར་ཕྱིན་བཅོམ་ལྡན་ཤཱཀྱ་ཐུབ། །འཇམ་དཔལ་སྨྲ་སེང་ཨཱརྱ་དེ་ཝ་དང་། །དམ་པ་རྒྱ་གར་ཨ་མ་ལབ་ཀྱི་སྒྲོན། །ཁམ་བུ་ཡ་ལེ་གྲུབ་ཆེན་ཡེ་ཤེས་འབར། །གནམ་མཚོ་བ་དང་རང་བྱུང་གཡུང་སྟོན་ཞབས། །རོལ་པའི་རྡོ་རྗེ་དར་རྒྱས་མཁའ་སྤྱོད་དབང་། །དེ་བཞིན་གཤེགས་པ་རིན་ཆེན་བཟང་པོ་དང་། །མཐོང་བ་དོན་ལྡན་ཀུན་མཁྱེན་འཇམ་དཔལ་བཟང་། །སངས་རྒྱས་མཉན་པ་འཇིགས་མེད་མི་བསྐྱོད་བཟང་། །མཚུངས་མེད་རྒྱལ་བ་དཀོན་མཆོག་ཡན་ལག་དང་། །དབང་ཕྱུག་རྡོ་རྗེ་ཆོས་ཀྱི་དབང་ཕྱུག་ཞབས། །
ཀུན་དགའ་རྣམ་རྒྱལ་ཀརྨ་ཆགས་མེད་སོགས། །གྲུབ་ཐོབ་གཅོད་ཡུལ་བརྒྱུད་པ་བྱིན་རླབས་ཅན། །བྱིན་རླབས་ཅན་གྱི་བླ་མ་མ་གཅིག་ལ། །གསོལ་འདེབས་ཡུམ་ཆེན་མོ་ཡིས་བྱིན་གྱིས་རློབས། །ཐམས་ཅད་དམ་ཚིག་རྗེས་མ་དེ་ལ་ལན་གསུམ། ཕཊ་ཕཊ་ཕཊ། གོང་གི་དམིགས་པ་མ་ཟིན་བར་དུ་ཕཊ་བརྗོད་རིང་ལ་འཇམ་པའོ། །དེ་ནས་ནམ་མཁའི་ལྷ་ཚོགས་ཐམས་ཅད་འོད་དུ་ཞུ་ནས་རང་རྡོ་རྗེ་རྣལ་འབྱོར་མར་གསལ་བ་དང་། ནད་པ་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དབང་དང་བྱིན་རླབས་ཐམས་ཅད་ཐོབ་པར་བསམ་ཞིང་། ཐུབ་དབང་མ་གཅིག་འཁོར་བཅས་རྣལ་འབྱོར་མ། །ཆུ་ལ་ཆུ་བཞག་ཐིམ་པས་རང་གི་རིག །སྤྲོས་བྲལ་མ་བཅོས་ངང་དེར་རྗེན་པར་བུད། །ཅེས་པས་རང་རྡོ་རྗེ་རྣལ་འབྱོར་མ་ཡང་ནམ་མཁའ་ལ་འཇའ་ཡལ་བར་ལྟར་ཡལ། ནོད་པ་ཡང་སྟོང་པར་ཡལ་ནས་སྟོང་ཉིད་ཀྱི་ངང་ལ་ཅི་གནས་སུ་མཉམ་པར་བཞག་གོ །ཉམས་རྟོགས་མི་གསལ་བ་དང་རྣམ་རྟོག་འཕྲོ་ན། ཕཊ་ཕཊ་བརྗོད་ལ་ངར་བསྐྱེད། བེམ་རིག་ཕྲལ་ལ་རང་ཕག་མོས་གྲི་གུག་ཚད་པས་པགས་པ་བཤུས་པས་སྟོང་གསུམ་ཁྱབ། ཤ་ཁྲག་གིས་འཇིག་རྟེན་གང་བ་ལྷ་འདྲེ་ཐམས་ཅད་ཀྱིས་ཟོས་འཐུང་ངོམ་ཞིང་ཚིམ་པར་བསྒོམ་ཞིང་། ཕཊ། རང་རིག་རྡོ་རྗེ་རྣལ་འབྱོར་མ་རུ་ཤར། །རང་ལུས་གཡང་གཞི་སྟོང་གསུམ་ཚད་དུ་གྲུབ། །ཤ་ཡི་རི་
བོ་ཁྲག་གི་རྒྱ་མཚོ་དང་། །རུས་པའི་གྲམ་ཁྲོད་ཨོ་དང་ཨཱཿཧཱུྃ་གིས། །ཟག་མེད་བདུད་རྩིའི་ངོ་བོར་ལྷུན་གྱིས་གྲུབ། །དམིགས་པ་མ་ཟིན་བར་དུ་ཕྲཊ་མང་དུ་བརྗོད། དེ་ནས་རྐང་དུང་ལག་གཡོན་མཐིལ་དུ་ལན་གསུམ་བརྡབས་པས། འབྱུང་པོ་ཕྲ་མོ་རྣམས་མ་སྐྱག །མ་སྔངས། མ་བྲོས་ཟེར་བར་བསྒོམ། རྐང་དུང་ལན་གསུམ་བུས་པས། སྲིད་རྩེ་ནས་མནར་མེད་ཡན་གྱི་ལྷ་འདྲེ་ཐམས་ཅད་ཉོན་ཅིག། ཐམས་ཅད་འདིར་འདུས་ཤིག །མྱུར་དུ་འདུས་ཤིག་ཟེར་བའི་སྒྲ་སྐད་དུ་གྱུར་པར་བསམས་ལ་སྐད་ཆེ་ལ་རིང་བར་འབོད་པའི་ཚུལ་བྱ། འོ་འོ། སྲིད་རྩེ་ནས་མནར་མེད་ཡན་ཆད་ཀྱི། །སྣང་སྲིད་ཀྱི་ལྷ་འདྲེ་གནས་གདོན་དང་། །ལུས་གདོན་དང་འབྱུང་པོ་ལོག་འདྲེན་ཀུན། །སྐད་ཅིག་འདིར་རིངས་པར་འདུས་མཛོད་དང་། །བདག་འབྱུང་འདུས་ཀྱི་ཕུང་པོ་ནམ་ཡང་འཇིག །ཐོག་མེད་ནས་སྐྱེ་ཤིའི་ལུས་པོ་རྣམས། །དོན་མེད་དུ་འཁོར་བའི་གནས་སུ་ཟད། །ད་རེས་ཀྱི་ལུས་འདི་ཅིས་ཀྱང་གཏོང་། །སྔོན་ལས་ཀྱི་འབྲས་བུ་གནོད་བྱེད་ཀྱི། །གདོན་ཁྱེད་རྣམས་བདག་གི་ལུས་པོ་འདི། །དེ་རིང་ཁམ་བུ་བརྒྱ་དང་སྟོང་དུ་ཟོ། །རོ་སྟོད་འདི་སྟེང་གི་ལྷ་བརྒྱད་ཀྱིས་ཁྱེར། །རོ་སྨད་འདི་འོག་གི་ཀླུ་བརྒྱད་ཀྱིས་ཁྱེར། །དོན་
སྙིང་འདི་ལྷ་སྲིན་སྡེ་བརྒྱད་ཀྱིས་ཁྱེར། །དབང་པོ་ལྔ་སྣང་སྲིད་ལྷ་འདྲེས་ཁྱེར། །རི་རྩེ་དང་ཐང་ཆེན་གྱི་དཀྱིལ་དུ་ཁྱེར། །ལམ་མདོ་དང་ཆུ་བོའི་གཞུང་དུ་ཁྱེར། །མཚོ་གཏིང་དང་བསྐལ་མེའི་ནང་དུ་བསྲེག །ད་ཤ་རུས་དོན་སྙིང་ནང་ཁྲོལ་དང་། །པགས་ཀླད་པ་ཚིལ་བུ་ཞག་རྐང་དང་། །ཤ་དུམ་དང་ཁྲག་ཐིགས་ས་ཉག་གཅིག །དེ་མ་ལུས་པ་མྱུར་དུ་ཁྱེར་བར་གྱིས། །དམིགས་པ་མ་གསལ་བར་ཕྲཊ་ཕཊ་ཕཊ་ཅེས་དྲག་ཏུ་བརྗོད་ལ། འདི་ཡི་མཚམས་སུ་དམར་འགྱེད་ཀྱི་དམིགས་པ་གཞན་གང་ཤེས་ཡིད་ཀྱིས་བསྒོམ། ཕཊ་སྒྲ་བསྒྲག །གཞན་མེད་ཀྱང་གཞུང་འདི་ལན་མང་བསྒོམས་པས་འཐུས་སོ། །དེ་ནས་དབང་ཆུང་མ་ཐོབ་པ་རྣམས་ལ། དེའི་ལྷག་རོ་ཐམས་ཅད་བྱིན་པས་ངོམ་ཞིང་ཚིམ་པར་བསྒོམ་ཞིང་། དེ་ལྟར་ལུས་སྦྱིན་པའི་དགེ་བའི་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་ཕྱིར་བསྔོ་བར་བསམ་ཞིང་། ཕཊ། སྔ་མ་མ་ཐོབ་ཕྱི་མ་ལ་མ་དབང་། །ཉམ་ཆུང་ཅེར་ལྟ་ཀློག་ཉན་དུང་ངེ་སྒྲུགས། །དེ་ཀུན་ཀྱང་ཟོ་ཞིག་ཚིམ་པ་རུ་ཁྱེར། །དགེ་བ་འདི་སེམས་ཅན་གྱི་དོན་དུ་བསྔོ། །ཞེས་དམིགས་པ་མ་གསལ་བར་དུ། ཕཊ་ཕཊ་ཕཊ་བརྗོད། དེ་ནས་ལུས་ཚོགས་འཁོར་དུ་འབུལ་བ་ནི། རྣམ་ཤེས་སྤར་བས་རང་སེམས་རྡོ་རྗེ་ཕག་མོར་གྱུར་པའི་གྲི་གུག་ཚད་ཙམ་གྱིས། བེམ་པོའི་
ཐོད་པ་བྲེག་པའི་ནང་དུ་བེམ་པོ་བཅུག །ལུས་སིལ་བུར་གཏུབ། འོག་ཏུ་ཐོད་སྐྱེད་གསུམ་གྱི་བར་ནས་མེ་འབར་བས་ཤ་ཁྲག་ཞུ་ཞིང་ཁོལ་བས། ཡེ་ཤེས་ཀྱི་བདུད་རྩི་ཨ་ཧོ་བྱང་སེམས་དཀར་དམར་གྱི་ངོ་བོར་རོ་བརྒྱ་དང་ལྡན་པའི་རྒྱ་མཚོར་གྱུར་པ་ལ། རང་གི་ཐུགས་ཀ་ནས་མཁའ་འགྲོ་མ་ཕྱག་ན་བྷནྡྷའི་སྐྱོ་གས་བཟུང་བ་གྲངས་མེད་པ་འཕྲོས་པས། ནམ་མཁའ་བར་སྣང་ཁྱབ་པའི་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་དང་། འཇིག་རྟེན་སྐྱོང་བ་འགྲོ་བ་རིགས་དྲུག་གནོད་བྱེད་ལན་ཆགས་ལ་སོགས་མགྲོན་ཐམས་ཅད་མཆོད་པས་མཉེས་ཤིང་ཚིམ་པར་བསྒོམ་ཞིང་། ཕཊཿ རང་རིག་ཡེ་ཤེས་ཀྱི་མཁའ་འགྲོ་མ་རུ་ཤར། །རང་ཉིད་ཀྱི་ཐོད་པའི་ནང་རོལ་དུ། །རང་ལུས་འདི་དུམ་བུ་སིལ་བུར་གཏུབས། །ཨ་ཐུང་དང་ཧཾ་ཡིག་གི་བདུད་རྩིར་བསྒྱུར། །དོན་བརྒྱུད་ལྡན་གྱི་སངས་རྒྱས་རྡོ་རྗེ་འཆང། །བཀའ་བརྒྱུད་ཀྱི་བཀའ་བབས་མ་འཆུག་པའི། །རྗེ་ཀརྨ་པཀྵིའི་ཞལ་དུ་འབུལ། །དཔལ་འཁོར་ལོ་བདེ་མཆོག་དང་རྣལ་འབྱོར་མ། །རྒྱུད་སྡེ་བཞི་ཡི་ལྷ་ཚོགས་ཀྱི་ཞལ་དུ་འབུལ། །དཔལ་བེར་ནག་ཅན་དང་ཕྱག་བཞི་དྲུག །ཆོས་སྐྱོང་བའི་སྲུང་མའི་ཞལ་དུ་འབུལ། །ཉན་ཐོས་དང་རང་རྒྱལ་བྱང་སེམས་ཚོགས། །རྗེ་སྐྱབས་གནས་དཀོན་མཆོག་རྣམས་ཀྱི་ཞལ་དུ་འབུལ། །དགེ་བ་དེས་དམྱལ་
བ་ཡི་དྭགས་དང་། །དུད་འགྲོ་དང་ལྷ་ཀླུ་མི་སོགས་ཀྱི། །བདག་ལུས་འདིས་ཟད་མེད་ཀྱི་དགོས་དགུར་ཤོག །སྒོས་བགེགས་རིགས་སུ་གྱུར་པ་སྟོང་བརྒྱད་ཅུ། །བྱིས་པ་ཡི་གདོན་ཆེན་བཅོ་ལྔ་དང་། །མ་མོ་དང་ནད་རིམས་ཡམས་ཀྱི་བདག །གྲི་བོ་དང་ཐེའུ་རང་ཕོ་མོའི་གདོན། །ལན་ཆགས་དང་ལས་འབྲེལ་གང་ཡོད་ལ། །དགོས་འདོད་ཀྱི་མཁོ་དགུར་གྱུར་ནས་ཀྱང་། །ཟག་མེད་ཀྱི་ལོངས་སྤྱོད་ཐོབ་པར་ཤོག །དམིགས་པ་མ་ཟིན་བར་དུ་ཕཊ་ཕཊ་ཕཊ། ཅེས་གྲངས་ཀ་མེད་པས་ཕཊ་བརྒྱ་མ་ཟེར་རོ། །དེ་ནས་བྱང་ཆུབ་སེམས་ཀྱི་འཇམ་གཅོད་གཏོང་ལེན་གྱི་དམིགས་པ་དངོས་ནི། དེ་ལྟར་ལུས་ཚོགས་འཁོར་དུ་ཕུལ་བས་སེམས་ཅན་ཐམས་ཅད་ལ་མ་དང་བུའི་གདུང་སེམས་བྱམས་སྙིང་རྗེ་དབང་མེད་དུ་སྐྱེས་པར་བསྒོམ། གནོད་བྱེད་གདོན་བགེགས་ལ་སྡུག་བསྔལ་དང་སྡིག་སྒྲིབ་ཅི་ཡོད་པ་ཐམས་ཅད་སིབ་སིབ་བསྡུས་ནས་རང་ལ་བསྟིམས་པས་སྡུག་བསྔལ་ཐམས་ཅད་དང་བྲལ། རང་གི་དགེ་རྩ་དང་བདེ་སྐྱིད་ཐམས་ཅད་གནོད་བྱེད་ཀྱི་གཙོར་བྱས་སེམས་ཅན་ཐམས་ཅད་ལ་ཐིམ་པས་བདེ་སྐྱིད་ཚད་མེད་པ་དང་ལྡན་པར་བསྒོམ་ཞིང་། དེ་ཐོབ་ནས་མ་རྒན་སྨོན་པ་རྣམས། །འཁྲུལ་སྣང་གི་གདོན་ཚུལ་མི་སྟོན་པར། །བུ་ཡིན་ལ་ཡིན་བཞིན་གྱི་བྱམས་པ་དང་། །བཟོད་བླག་མེད་ཀྱི་
སྙིང་རྗེ་སྐྱེས་གྱུར་ནས། །རྒྱུད་བྱང་ཆུབ་སེམས་སུ་འགྱུར་བར་ཤོག །གནོད་བྱ་དང་གནོད་བྱེད་གཏོང་པོ་དང་། །ལེན་པོ་རུ་གྱུར་པའི་སེམས་ཅན་ཀུན། །ཕན་ཚུན་དུ་མ་བུའི་སེམས་ལྡན་ཞིང་། །སྡིག་སྒྲིབ་དང་ཉེས་པ་བསལ་རེས་ཀྱིས། །འགྲོ་སྲིད་པ་ལ་མི་གནས་ཐབས་སུ་ཤོག །ལར་གནོད་བྱེད་ལ་ཉེས་ཚོགས་ཅི་བྱུང་ཀུན། །ང་གནོད་བྱ་ཡི་སྟེང་དུ་འབབ་པར་ཤོག །ང་གནོད་བྱ་ལ་བདེ་བ་ཅི་ཡོད་པ། །ཁྱོད་གནོད་བྱེད་ཀྱི་སྟེང་དུ་འགྲོ་བར་ཤོག །དེ་བྱང་ཆུབ་མཆོག་གི་རྒྱུར་གྱུར་ཅིག །ཕཊ་ཕཊ་ཕཊ་ཕཊ། ཅེས་དམིགས་པ་མ་ཟིན་བར་དུ་བརྗོད། དེ་ནས་དཀར་འགྱེད་དཀོན་མཆོག་འབངས་ཀྱིས་ཚིག་ལྷུགས་སུ་གསུངས་པ་ངག་ཏུ་འདོན་བདེ་བའི་ཕྱིར་ཚིགས་བཅད་བྱ་བ་ནི། ཕཊ། རང་རིག་རང་ལུས་ནས་ཐོན་ཌཱཀི་དཀར། རང་ལུས་བདུད་རྩི་རོ་མཆོག་བརྒྱ་དང་ལྡན། །དཀར་ཟླུམ་རི་རབ་ཙམ་དུ་གྱུར་པ་འདི། །བླ་མ་ཡི་དམ་དཀོན་མཆོག་སྲི་ཞུའི་མགྲོན། །ཆོས་སྐྱོང་སྲུང་མ་མགོན་པོ་ཡོན་ཏན་མགྲོན། །ལྷ་སྲིན་སྡེ་བརྒྱད་ལན་ཆགས་བུ་ལོན་མགྲོན། །འགྲོ་བ་རིགས་དྲུག་བྱམས་དང་སྙིང་རྗེའི་མགྲོན། །དེ་དག་སོ་སོར་མཆོད་པས་མཉེས་གྱུར་ཅིག །སྦྱིན་པས་ཚིམ་
ཞིང་སྡུག་བསྔལ་ཞི་གྱུར་ཅིག །དཀོར་སྒྲིབ་ལན་ཆགས་ཐམས་ཅད་བྱང་གྱུར་ཅིག །ཀུན་ཀྱང་རྣམ་མཁྱེན་སངས་རྒྱས་ཐོབ་པར་ཤོག །ཕཊ་ཕཊ་ཕཊ། འཇམ་ལ་རིང་བ་དམིགས་པ་མ་ཟིན་བར་དུ་བརྗོད། དེ་བཞིན་དུ་སྒྲིབ་སྦྱོང་དམིགས་པ་ནག་འགྱེད་ནི། གཞུང་དུ་དམིགས་པ་གསུངས་པ་ཚིགས་སུ་བཅད་པ་ནི། ཕཊ། རང་བྱུང་བྷན་སྟོང་གསུམ་མཉམ་པའི་ནང་། །རང་ངམ་ནད་པ་གནས་པའི་བར་སྣང་ན། །མ་གཅིག་ལབ་སྒྲོན་བཞེངས་སྟབས་བཞུགས་པ་ཡི། །སྐུ་ལས་ཡེ་ཤེས་བདུད་རྩིའི་རྒྱུན་བབས་པས། །སྤྱི་བོ་ནས་ཞུགས་ནད་གདོན་སྡིག་སྒྲིབ་དག །ཁྲུས་ཁུས་བྷནྡ་ལྟེམ་གྱིས་གང་བ་དེ། །བདུད་རྩིར་མི་བསྒྱུར་བ་རྩུབ་ལུགས་ཡིན། །ཨོཾ་ཨཱཿཧཱུྃ་གིས་ཡེ་ཤེས་བདུད་རྩིར་གྱུར། །གནོད་ཅིང་འཚེ་བའི་ལྷ་འདྲེ་ཐམས་ཅད་ཀྱིས། །འཐུངས་བས་དགའ་མགུ་ངོམས་ཤིང་ཚིམ་པར་གྱུར་། །ཕཊ་ཕཊ་ཕཊ། དམིགས་པ་ལན་མང་དུ་བྱའོ། །འདི་ཡན་རྒྱུན་དུ་བྱས་ན་ཚོགས་རྫོགས་ལ། ཆག་མེད་མ་ཐོན་ཀྱང་ནམ་དགའ་རུང་སྟེ། དུས་ནི་ཉི་ནུབ་ནས་བཟུང་མཚན་མོ་ལེགས། རྟགས་ཐོན་བྱེད་ན་ཐུན་དྲུག་གམ་བཞིར་བྱའོ། །དེ་ལ་རང་ངམ་གཞན་ལ་ནད་གདོན་དྲག་པོ་ཡོད་ན་ས་བདག་དྲུག་སྦྱོར་དང་གདོན་ཚོགས་དགུ་མ་བྱེད་པ་ལ། དང་པོ་དབང་སྡུད་ནི། །
ཕཊ། རང་ཉིད་སྐད་ཅིག་གིས་དུར་ཁྲོད་ཀྱི་བདག་མོ་ཁྲོས་མ་ནག་མོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་རྣམ་པར་གཙིགས་པ། སྤྱན་གཡས་ཉི་མའི་དཀྱིལ་འཁོར་དམར་ཀྱི་ལི་ལི་འཁོར་བ། གཡོན་ཟླ་བའི་དཀྱིལ་འཁོར་ངང་སྒ་ར་ར་འཁོར་བ། དབུས་ཉི་ཟླ་སྤེལ་མའི་དཀྱིལ་འཁོར་དམར་ནག་ཀྲུག་ཀྲུག་ཏུ་འཁྲུག་པ། སྤྱི་གཙུག་ན་ཕག་ཞལ་ནག་པོས་ཕག་སྐད་འབྲུག་ལྟར་ངུར་བ། གར་གྱི་ཉམས་དགུ་དང་དུར་ཁྲོད་ཀྱི་ཆས་བརྒྱད་དང་ལྡན་ཞིང་། ཕྱག་གཡས་མི་ལྤགས་ཀྱི་གཡང་གཞི་རྡེབ་པ། །གཡོན་མི་རྐང་གི་གླིང་བུ་ཙེར་ཙེར་འབུད་པས་སྣང་སྲིད་ཀྱི་ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་དབང་དུ་སྡུད་ཅིང་ཟིལ་གྱིས་གནོན་པ། ལྟེ་བ་མན་ཆད་འདོད་ཁམས། སྙིང་ག་མན་ཆད་གཟུགས་ཁམས། སྤྱི་བོ་མན་ཆད་གཟུགས་མེད་ཀྱི་ཁམས་སུ་ཡོད་པ། །ཁམས་གསུམ་ལས་རྣམ་པར་རྒྱལ་བའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུའི་ཚོགས་དཔག་ཏུ་མེད་པ་འཕྲོས་པས། གནོད་ཅིང་འཚེ་བར་བྱེད་པའི་བཀའ་སྣང་ཞིང་སྲིད་པའི་ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་སྐད་ཅིག་རང་དབང་མེད་པར་འདིར་ཤོག་འདིར་།
འདུས། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། རྐང་དུང་དྲག་འབུད་གསུམ་བྱས་ལ། མདུན་གྱི་ནད་པ་དང་རང་གི་རྣམ་ཤེས་སྤར། ནམ་མཁའ་དང་དབྱེར་མེད་དུ་བསྲེས་ལ། བེམ་པོ་ཆེ་ཞིང་ཚོ་བ་རི་རབ་ཙམ་དུ་བསྒོམ་པའི་ཕྱོགས་དྲུག་ཏུ་ས་བདག་དྲུག་སྦྱོར་བསྒོམ་པ་ནི་འདི་ལྟར་རོ། །གཡས་སུ་རྒྱལ་པོའི་ངོ་བོ་བེནྡ་སྲོག་ཞུ་ཅན་ལ་རྒྱལ་པོའི་དམག་ཚོགས་ཀྱིས་བསྐོར་བ། གཡོན་དུ་འདྲེ་མོ་གཡུ་ཡི་རལ་པ་གསེར་གྱི་སྨིན་མ་དུང་གི་མཆེ་བ་ཅན་ལ་འདྲེ་མོའི་དམག་ཚོགས་ཀྱིས་བསྐོར་བ། མདུན་དུ་ས་བདག་གི་རྒྱལ་པོ་སྦལ་པ་ལག་པ་དགུ་པ་ལ་ས་བདག་གི་དམག་ཚོགས་ཀྱིས་བསྐོར་བ། རྒྱབ་དུ་དགེ་བསྙེན་ཆེན་པོ་ཉ་ལྕགས་ཀྱི་ཟེ་བ་ཅན་ལ་ཉའི་དམག་ཚོགས་ཀྱིས་བསྐོར་བ། འོག་ཏུ་ཀླུ་བདུད་སྦྲུལ་ནག་མགོ་དགུ་པ་ལ་ཀླུ་རིགས་བྱེ་བ་དུང་ཕྱུར་གྱིས་བསྐོར་བ། སྟེང་དུ་གཟའ་བདུད་ཀྱི་རྒྱལ་པོ་རཱ་ཧུ་ལ་ལ་གཟའ་དམག་བྱེ་བ་དུང་ཕྱུར་གྱིས་བསྐོར་བ། དེ་རྣམས་ཀྱི་ཕྱི་རོལ་དུ་སྣང་སྲིད་ཀྱི་ལྷ་འདྲེ་བཀའ་ལྷ་མ་སྲིན་སྡེ་བརྒྱད་ཀྱི་ཚོགས་ཐམས་ཅད་ཀྱིས་བསྐོར་བར་གྱུར། ཕཊ་ཕཊ་ཕཊ། རྐང་དུང་ལན་གསུམ་འབུད། ན་མོ། གཉན་ས་འདིར་གནས་ཀྱི་ལྷ་འདྲེ་དང་། །སྐལ་ལྡན་བདག་ལ་ཆོ་འཕྲུལ་སྟོན་བྱེད་པའི། །སྣང་ཞིང་
སྲིད་པའི་ལྷ་འདྲེ་མ་ལུས་ཀུན། །ནམ་མཁའི་སྤྲིན་ཚོགས་བཞིན་དུ་འདུས་ལ་ཤོག །བར་སྣང་ཆར་པ་བཞིན་དུ་ཕོབ་ལ་ཤོག་།ས་གཞི་རླུང་དམར་བཞིན་དུ་འཚུབས་ལ་ཤོག ། ཁྱེད་འཚོགས་པ་རྣམས་ལ་ལུས་འདི་མཆོད་པ་འབུལ། །ལུས་ཕྱི་ཤ་གཟུགས་དྲུག་གི་མཆོད་པ་འབུལ། །བཀའ་ཕ་རོལ་ཕྱིན་དྲུག་ཐོབ་པར་ཤོག །ནང་ཆ་བུ་དགུའི་མཆོད་པ་འབུལ། །ཆོས་ཐེག་པ་རིམ་དགུ་ཐོབ་པར་ཤོག །དོན་སྙིང་ལྔ་ཡི་མཆོད་པ་འབུལ། །སྐུ་ལྔ་ཡེ་ཤེས་ཐོབ་པར་ཤོག །ཁྱོད་འདིར་ཚོགས་རྣམས་ལ་ལུས་འདི་མཆོད་པ་འབུལ། །ཁྱོད་རིངས་པ་རྣམས་ཀྱིས་རློན་པ་ཟོ། །མི་རིང་པ་རྣམས་ཀྱིས་ཚོས་ལ་ཟོ། །སྔ་མ་རྣམས་ཀྱིས་ཇུར་མིད་གྱིས། །རྗེས་མ་རྣམས་ཀྱིས་ཧབ་ཐོབ་གྱིས། །སེང་གེ་ཤ་ལ་རོལ་པ་བཞིན། །ཕུདེ་ལྷག་མ་མེད་པར་མཆོད་པ་བཞེས། །དམག་ཆེན་གནང་ཆེན་ཆོད་པ་བཞིན། །ཕུད་ལྷག་མ་མེད་པར་མཆོད་པ་བཞེས། །བྱིས་ནག་ཆུ་ལ་རུབ་པ་བཞིན། །ཕུད་ལྷག་མ་མེད་པར་མཆོད་པ་བཞེས། །བྱ་རྒོད་ཐེད་ལ་རུབ་པ་བཞིན། །ཕུད་ལྷག་མ་མེད་པར་མཆོད་པ་བཞེས། །ཕཊ་ཕཊ་ཕཊ། རང་ཁྲོས་མའི་མཛུག་གུ་གཡས་ལྔ་ངོ་བོ་ཁྲོས་མ་ལ་
རྣམ་པ་ལྕགས་ཀྱི་སྤྱང་ཀི་སྔོན་མོ་ལྔ། གཡོན་ལྔ་ཟངས་ཀྱི་འཕར་བ་དམར་པོ་ལྔར་བསྒོམ། དེ་བཅས་ཕུང་པོ་བཅད་ནས་ཤ་ཁྲག་དམར་ཆལ་ཆལ་གཏོར་བས། ལྷ་འདྲེ་རྣམས་ཀྱིས་ཁ་གདངས་པའི་ནང་དུ་སོང་སྟེ། ཧབ་སྒྲ་ལྕབ་སྒྲ་ཏི་རི་རི་ཟོས་པར་བསྒོམས་ལ། དམིགས་པ་མ་གསལ་བར་དུ་ལག་པ་གཉིས་ཀྱིས་ཕུང་པོ་ལ་སྦྱར་ཚུལ་དང་། པད་ཀོར་དང་བཅས་ཏེ་ཕྱིར་གཏོར་ཚུལ་བྱ་ཞིང་། ཕཊ་ཕཊ་ཕཊ། ཅེས་དྲག་ལ་ཐུང་བར་བརྗོད།། ཧཱུྃ༔ བན་ཆེན་བརྒྱ་དང་བོན་ཆེན་སྟོང་། །ཤན་པ་སྤུ་གྲི་ཐོགས་པ་འབུམ། །ལས་བྱེད་བསམ་གྱིས་མི་ཁྱབ་པའི། །མི་འདིའམ་བདག་ལ་གནོད་བྱེད་ཀྱི་བྱད་མ་དང་། །སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་དང་། །སྒོས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཁྱོད་དགའ་མགུ་ཡི་རང་ཚིམས་པ་དང་། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ་ཕཊ་ཕཊ། ཅེས་བྱད་ཁ་སྟོན་པའི་བན་བོན་གང་ཡིན་ཐམས་ཅད་དང་། ཤན་པ་ཞེས་པ་ནི། དེས་རྦད་བའི་བན་སྐྱོང་བོན་སྐྱོང་ལས་མཁན་ཐམས་ཅད་ཀྱི་ཁར་ཕུང་པོ་ཤ་ཁྲག་གཏོར་བས་དགའ་མགུ་ཚིམས་ནས་གནོད་སེམས་ཞི་བར་བསྒོམས་ལ། ཕཊ་ཕཊ་ཕཊ། ཅེས་སྦྱར་སྒོམ་དང་གཏོར་ཚུལ་བྱ། བྱད་ཁ་ཆེ་ན་འདི་ལ་ཚར་ཅི་མང་དུ་བྱ་བ་གལ་ཆེ། རྒྱལ་པོ་བེ་དཀར་བེ་ནག་དང་། །ཁྱི་སྐྱ་ཁྱི་
དམར་བྱ་རྒན་དང་། །སྲིད་པ་ཡི་ནི་འདྲེ་དགུ་དང་། །གཙུག་ལག་ཁང་གི་གདོན་བཅུ་སོགས། །མི་བདག་ལ་གནོད་བྱེད་ཀྱི་རྒྱལ་འགོང་དང་། སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་དང་། །སྒོས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཁྱོད་དགའ་མགུ་ཡི་རང་ཚིམས་པ་དང་། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ། ཅེས་བནེ་སྲོག་ཞུ་ཅན་ལ་བནྡེ་མང་པོ་རྒྱལ་འགོང་ཐམས་ཅད་ཀྱི་ངོ་བོར་གསལ་བའི་ཁར་ཤ་ཁྲག་གཏོར་བས་ངོམ་ཞིང་ཚིམ་པར་བསྒོམ་པ་འདི་སྨྱོ་འབོག་སྲོག་རླུང་ཅན་རྒྱལ་པོའི་གནོད་པ་ལ་ཅི་མང་ཝིག་གོ །དཔལ་ལྡན་ལྷ་མོ་ནག་མོ་དང་། །བརྟན་མ་བཅུ་གཉིས་ལ་སོགས་པའི། །མ་མོ་མཁའ་འགྲོ་ཤུགས་འགྲོ་དང་། །དམ་སྲི་ལྟེ་ཕུར་ནག་མོ་སོགས། །མི་བདག་ལ་གནོད་བྱེད་ཀྱི་འདྲེ་མོ་རྣམས། །སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་དང་། །སྒོས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཁྱོད་དགའ་མགུ་ཡི་རང་ཚིམས་པ། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ། འདི་ཐིག་ལེ་འཛག་པའི་ནད་དང་། སྨྱོན་པ་གླུ་ལེན་པ་དང་། ལྷ་བབ་མ་ཐུབ་པ་སོགས་སྨྱོན་པའི་རིགས་དང་ནད་ངན་རྒྱུག་གཟེར་སོགས་མོ་གདོན་ལ་འདི་ཁོ་ན་
མང་དུ་ཝིག་གོ །གཟའ་བདུད་ནག་པོ་མགོ་དགུ་དང་། །ཉི་མ་ལ་སོགས་གཟའ་བརྒྱད་དང་། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་། །བཀའ་སྡོད་གདོང་མོ་མ་སོགས། །མི་བདག་ལ་གནོད་བྱེད་ཀྱི་གཟའ་བདུད་དང་། །སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་དང་། །སྒོས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཁྱོད་དགའ་མགུ་ཡི་རང་ཚིམས་པ་དང་། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ། ཅེས་པ་གཟའ་ནད་ཅན་ལ་ལན་མང་དུ་ཝིག་གོ །ཀླུ་བདུད་དང་། །རྒྱལ་རིགས་རྗེའུ་རིགས་བྲམ་ཟེ་དང་། །དམངས་རིགས་གདོལ་བ་ལ་སོགས་པའི། །དགའ་བོ་འཇོག་པོ་དུང་སྐྱོང་དང་། །ཉེ་དགའ་ལ་སོགས་ཀླུ་རིགས་དང་། །མི་བདག་ལ་གནོད་བྱེད་ཀྱི་ཀླུ་དམག་དང་། །སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་དང་། །སྒོས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཁྱོད་དགའ་མགུ་ཡི་རང་ཚིམས་པ་དང་། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ། ཀླུ་དང་ས་བདག་གི་ནད་ལ་འདི་ཁོ་ན་ཝིག །དེ་ཡང་ཀླུ་ནག་ཕྱོགས་ལ་ཤ་ཁྲག་དེ་རང་དང་། དཀར་ཕྱོགས་ལ་
བདུད་རྩིའི་ངོ་བོར་དམིགས་པ་བྱའོ། །བདུད་རྗེ་ནག་པོ་བཀྲག་མེད་དང་། །བདུད་པོ་རེ་ཏེ་མགོ་ཉག་དང་། །ཁྭ་ཏ་འདྲེ་ཡུག་འཁོར་དང་བཅས། །ཁམ་པ་མི་ཟན་ལ་སོགས་པ། །བདུད་དམག་བྱེ་བ་དུང་ཕྱུར་སོགས། །མི་བདག་ལ་གནོད་བྱེད་ཀྱི་བདུད་དམག་དང་། །སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་དང་། །སྒོས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཁྱོད་དགའ་མགུ་ཡི་རང་ཚིམས་པ་དང་། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ། ཅེས་ལྕི་ཞིང་འཐིབ་པའི་ནད་ཐམས་ཅད་ལ། མི་རིང་ནག་པོ་ཐང་ཤིང་ཙམ་མི་ནག་རྟ་ནག་དམག་ཚོགས་ཀྱི་ཁར་ཤ་ཁྲག་གཏོར་བས་ཚིམ་པར་དམིགས་ལ་མང་དུ་བྱའོ། །བཙན་རྗེ་ཤུ་བ་སྲོག་ལེན་དང་། །བཙན་རྒོད་ཧུར་བ་སྡེ་བཞི་དང་། །མགྱོགས་པ་མི་བརྒྱད་ཁ་ཤོ་དང་། །ཁ་བཞི་གདོང་བརྒྱད་ལ་སོགས་པའི། །མི་བདག་ལ་གནོད་བྱེད་ཀྱི་བཙན་དམག་དང་། །སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་དང་། །སྒོས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཁྱོད་དགའ་མགུ་ཡི་རང་ཚིམས་པ་དང་། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ། ཅེས་མི་དམར་རྟ་
དམར་དམག་ཚོགས་དང་མི་རིང་དམར་པོ་ཟངས་ཀྱི་སྦུ་གུ་ཅན་ལ་སྦྱིན། ཟངས་ཀྱི་སྦུ་གུས་གློ་བའི་ནད་ཐམས་ཅད་འཇིབ་པར་བསྒོམ། བཙན་གྱི་གནོད་པ་གློ་ནད་ཅན་ལ་འདི་མང་བཅུག །དམ་སྲི་མེ་སྟག་དམག་པོ་དང་། །སྒབ་འདྲེ་ཡུལ་འདྲེ་འཁྱམས་པོ་དང་། །ཆུང་སྲི་གནོད་བྱེད་རྨུགས་འདྲེ་སོགས། །མི་བདག་ལ་གནོད་བྱེད་ཀྱི་དམ་སྲི་དང་། །སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་དང་། །སྒོས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཁྱོད་དགའ་མགུ་ཡི་རང་ཚིམས་པ་དང་། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ། ཟ་འདྲེས་ཚེ་འདས་ཀྱི་གཟུགས་བཟུང་བ། དམ་སྲི་བཙུན་གཟུགས་མགོ་སེ། ཆུང་སྲི་བྱིས་སྦྲའི་གཟུགས་གཅེར་བུ་རྣམས་ལ་བྱིན། ཤ་ཁྲག་ནང་དུ་སྐེད་ཚིགས་ནུབ་པར་བསྒོམས་ལ། གཤེད་ཁ་དང་ཤི་ཁ་བྱེ་བ་བྱིས་སྦྱའི་ཆུང་སྲི་ལ་འདི་མང་དུ་བཅུག །རྡོ་རྗེ་ལེགས་པ་མན་ཆད་དང་། །ཐེའུ་རང་ཕྲ་མོ་ཡན་ཆད་དང་། །མང་སྣ་ཨུ་ཝེར་འཁོར་དང་བཅས་། །ཐེལ་མོ་སྣ་རྡུམ་ལ་སོགས་པ། །མི་བདག་ལ་གནོད་བྱེད་ཀྱི་ཐེའུ་རང་དང། །སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་དང་། །སྒོས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་ལ། །ལུས་ཤ་ཁྲག་མཆོད་པ་འདི་བསྔོས་པས། །ཁྱོད་
དགའ་མགུ་ཡི་རང་ཚིམས་པ་དང་། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ་ཕཊ་ཕཊ། བུ་ཚ་བུ་མོ་ར་སླག་ཅན་ཤ་སྔོ་བ་མང་པོ་ལ་བྱིན་ཏེ། ཕོ་ལྷོག་དང་གླང་ཐབ་དང་ཐིག་ལེ་འཕྲོག་པའི་ནད་པ་ལ་མང་དུ་བྱའོ། ༈ །དེ་ལྟ་བུའི་ལུས་སྦྱིན་ཞག་གསུམ་ཚར་ནས། མཐར་རྗེས་གཅོད་མཐའ་གཏད་དམིགས་པ་འདི་བྱེད། ཤ་ཁྲག་གིས་འགྲངས་པས་ལྷ་འདྲེ་གཅིག་གིས་གཅིག་ལ་ཞེ་སྡང་སྐྱེས་ནས། ཆེ་བས་ཆུང་བ་ཐམས་ཅད་ཟོས། གཙོ་བོ་དྲུག་པོ་གཅིག་གིས་གཅིག་ཇུར་མིད་དུ་མིད། གཡོན་གྱི་འདྲེ་མོ་གཡས་ཀྱི་རྒྱལ་པོས་ཟོས། གཡས་ཀྱི་རྒྱལ་པོ་སྟེང་གི་རཱ་ཧུ་ལས་ཟོས། རཱ་ཧུ་ལ་རྒྱབ་ཀྱི་དགེ་བསྙེན་ཉ་ནག་གདོང་གིས་ཟོས། ཉ་ནག་གདོང་མདུན་གྱི་ས་བདག་སྤྲུལ་པ་ཆེན་པོས་ཟོས། ས་བདག་འོག་གི་ཀླུ་བདུད་ཀྱིས་ཟོས། ཀླུ་བདུད་ནམ་མཁའ་ལ་འཇའ་ཡལ་བ་ལྟར་དམིགས་མེད་སྟོང་ཉིད་ཐུན་གཅིག་བསྒོམ། སྙིང་རྗེ་ཆེན་པོའི་ཐུན་གཅིག་བསྒོམ། འདི་གཉན་ཅིང་ཉེས་པ་ཆེ་བས་མཐའ་གཅོད་ལན་རེ་ཙམ་ལས་མི་རུང་ངོ་། ༈ །རྒྱུན་དུ་རུང་བའི་བསྟབས་པ་ནི། ནད་པའི་ཕུང་པོ་ཤ་ཁྲག་གིས་འཇིག་རྟེན་གང་བ་ལ། ནད་འདྲེ་གཅོང་སྲི་ལུས་གདོན་ཐམས་ཅད་ཐིམ་པར་དམིགས་ལ། རང་ཁྲོས་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་མཁའ་འགྲོ་མ་དཀར་སེར་དམར་ལྗང་གྲི་གུག་ཐོད་ཁྲག་ཅན་ཁྲོ་མོའི་ཆ་བྱད་ཅན་ཕལ་ཆེར་ཁྲོས་མ་ནག་མོའི་སྐུ་དཔག་ཏུ་མེད་པ་དང་། ལྷ་འདྲེ་མང་པོ་འཁོར་དང་བཅས་པས་ཤ་ཁྲག་ནད་གདོན་དང་
དབྱེར་མེད་པར་ཧབ་སྒྲ་དི་རི་རི་ཟོས་ནས་ལྷག་མ་མེད་པར་བསྒོམ་ཞིང་། མ་གིང་ཆེན་གིང་ཆུང་ལྕམ་དྲལ་བཅས། །ཧབ་སྒྲ་ཕཊ་སྒྲ་ཏི་རི་རི། །དྲག་པོའི་སྐན་སྒྲ་ཆེམས་སེ་ཆེམ། །ཤ་ཟན་ཅབ་སྒྲ་དི་རི་རི། །ཁྲག་འཐུང་ཧུབ་སྒྲ་ཧོ་རོ་རོ། །རུས་མུར་སོ་སྒྲ་ཁྲ་ལ་ལ། །རྐང་བརྡུང་ལྷ་བ་ལྗིབས་སེ་ལྗིབ། །དགྱེས་པའི་གད་མོ་ཤ་ར་ར། །མགུ་བའི་གླུ་ལེན་ཀྱུ་རུ་རུ། །མ་འདིར་གཤེགས་ཤ་ཁྲག་ལུས་མཆོད་འདི། །སྣང་སྲིད་ལྷ་འདྲེས་བཞེས་སུ་གསོལ། །སྣང་སྲིད་ལྷ་འདྲེས་བཞེས་ནས་ཀྱང་། །འདོད་ཡོན་ལྔ་ཡིས་ཚིམས་པ་དང་། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ་ཕཊ་ཕཊ། ཅེས་པ་འདི་ནི་ནད་པ་གདོན་ཆེན་ལ་ནན་ཏན་དུ་བསྒོམ་པ་ཤིན་ཏུ་ཟབ་བོ། །དེ་ལྟར་ཟང་ཟིང་གི་གཙོ་བོ་ལ་ལུས་སྦྱིན་ནས། ད་ཆོས་ཀྱི་སྦྱིན་པ་ནི། རང་ཉིད་ཁྲོས་མ་གནས་འགྱུར་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་རི་རབ་ཙམ་དུ་གྱུར་པའི་མདུན་དུ་ལྷ་འདྲེ་འབྱུང་པོ་གནོད་བྱེད་ཐམས་ཅད་ཀྱིས་དད་གུས་ཐལ་མོ་སྦྱར་ནས་ཆོས་ཉན་པར་བསྒོམས་ལ། ན་མོ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལས་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་
བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་ན། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་ན། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཐམས་ཅད་བསྲུང་བའི་དགེ་སློང་དག །སྡུག་བསྔལ་ཀུན་ལས་རྣམ་པར་གྲོལ། །ཕཊ་ཕཊ་ཕཊ། ད་བྱང་ཆུབ་ཀྱི་ལམ་བསྟན་པ་ནི། ན་མོ། ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །བར་ཆད་མེད་པའི་ལམ་བགྲོད་ནས། །མ་ཡུམ་ཆེན་གྱི་གོ་འཕང་ཐོབ་པར་ཤོག །ཕཊ་ཕཊ་ཕཊ། བདག་གི་སྐུ་ལས་འོད་ཟེར་དཀར་པོ་འཕྲོས་པས། གནོད་བྱེད་ལྷ་འདྲེ་ཐམས་ཅད་ལ་ཕོག་པས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་ནས། ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གྱུར་ཏེ་ཡིག་དྲུག་འུར་དི་རི་རི་འདོན་ཞིང་རང་ལ་བསྐོར་བ་བྱེད་པར་བསྒོམས་ལ། དམིགས་པ་མ་ཟིན་བར་དུ་ཕཊ་བརྗོད་དོ། །ཕོག་ཐུག་ཤོར་བ་ལ་འདི་ནན་ཏན་དུ་བསྒོམ་པར་བྱའོ།། ༈ །།དེ་ནས་བསྲེ་བ་བྱ་བ་ནི། གོང་དུ་བེམ་རིག་ཕྲལ་དུས་བདག་ལུས་དང་ནད་པའི་ལུས་བསྲེས་ནས་བདག་གི་རྣམ་ཤེས་དང་། ནད་པའི་རྣམ་ཤེས་གཉིས་དབྱེར་མེད་དུ་བསྟིམ་ནས་སྤར་བ་དང་། ལུས་སྦྱིན་སོགས་ཐམས་ཅད་གོང་ལྟར་བྱས་ན་ནད་པ་ལ་ཕན་ཆེ་སྟེ། རང་
པ་མཐོ་ན་དེ་ལྟར་ལེགས་ཀྱི། རྟོགས་པ་འབྲིང་ཙམ་ཡིན་ན་ལུས་སོ་སོར་བཞག་ལ། རྣམ་ཤེས་སོ་སོར་སྤར་ལ་རྣམ་ཤེས་གཉིས་གཅིག་ཏུ་བསྲེ། ལུས་སོ་སོར་མཆོད་སྦྱིན་བྱས་པར་དམིགས་སོ། །རྟོགས་པ་དམན་ན་ལུས་སོ་སོ་ལ་རྣམ་ཤེས་སོ་སོར་ཕྲལ་རང་གི་རྣམ་ཤེས་མཁའ་འགྲོ་མར་བསྒྱུར། ནད་པའི་རྣམ་ཤེས་ནམ་མཁར་བསྟིམ། ལུས་སྦྱིན་ཚིག་གཅིག་གིས་ལུས་སོ་སོར་མཆོད་སྦྱིན་ཆ་གཉིས་བྱེད་པ་ལེགས་སོ། །དེ་མ་བྱས་ན་རང་ལ་གྲིབ་དང་འགོ་བའི་ནད་འབྱུང་བར་སྣང་། དམིགས་པ་གསལ་ན་བདག་ལུས་ལྔ་བརྒྱ་ལ། ནད་པའི་ལུས་ལྔ་བརྒྱ་ལ། ལུས་སྦྱིན་ཚར་སྟོང་དུས་གཅིག་འགྲོ་བར་བསྒོམ་པ་མ་གཅིག་གིས་གསུངས། ལུས་སྦྱིན་གོང་རྣམས་ཚར་རྗེས། ནམ་མཁའི་དབྱིངས་སུ་ཕ་དམ་པ་སངས་རྒྱས་མ་གཅིག་དང་། གྲུབ་ཆེན་ཀརྨ་པཀི་གསུམ་གསལ་བར་བསྒོམས་ལ། རང་དང་ནད་པའི་ལུས་དང་སེམས་ནད་དང་གདོན་ཐམས་ཅད་དབྱེར་མེད་ཨ་ཡིག་དཀར་པོ་ཅིག་བསྒོམ། དེ་ནམ་མཁའི་ཕ་དམ་པ་ལ་བསྟིམ། དམ་པ་མ་གཅིག་ལ་བསྟིམ། མ་གཅིག་ཀརྨ་པཀི་ལ་བསྟིམ། དེ་ནམ་མཁའ་ལ་བསྟིམ། ནམ་མཁས་གར་ཁྱབ་རིག་པས་ཁྱབ་། རིག་པས་གར་ཁྱབ་ཆོས་སྐུས་ཁྱབ་པར་བསྒོམས་ལ། ཕཊ། འཇིག་རྟེན་ན་ནད་གདོན་གྱིས་ནོན་པ་དང་། སྔོན་ལས་ངན་གྱི་འབྲས་བུར་སྤྱོད་པ་རྣམས། །ཡར་ལྟོས་དང་དམ་པ་རྒྱ་གར་བཞུགས། །བློ་གཏོད་དང་མ་གཅིག་ལབ་སྒྲོན་བཞུགས། །ཡིད་
ཆེས་ན་ཀརྨ་པཀི་བཞུགས། །ད་ཐེ་ཚོམ་མེད་པར་ཐག་ཆོད་ལ། །ཁྱོད་རང་ལུས་དང་རང་སེམས་དབྱེར་མེད་དེ། །ཆོས་སྐྱེ་མེད་ཨ་ཡིག་དཀར་པོར་གྱུར། །དེ་དམ་པ་ནག་པོའི་ཐུགས་ཀར་འཕོས། །བདུད་རྩིའི་འོད་ཟེར་དུ་ཡ་ལ་ལ། །ཡེ་ཤེས་ལབ་མའི་ཐུགས་ཀར་འཕོས། །གཟི་བརྗིད་འོད་དུ་སྤུངས་སེ་སྤུང་། །འགྲོ་ལ་སྡུག་བསྔལ་ཤར་དུས་སུ། །དམ་པ་ནག་པོས་བདེ་བར་བསྒྱུར། །ཨ་མ་ལབ་མས་དབྱིངས་སུ་སྦྱངས། །ཞེས་རང་ངམ། ནད་པ་དམ་པ་མ་གཅིག་པཀི་གསུམ་དང་དབྱེར་མེད་འདྲེས་པས་ཐུགས་རྗེ་དང་བྱིན་རླབས་ཀྱིས་ན་ཚ་བདེ་སྟོང་དུ་བསྒྱུར། རྣམ་རྟོག་ཆོས་སྐུར་བསྒྱུར་བར་བསྒོམ། ཡུམ་ཆེན་མོས་ཐུགས་ཀྱིས་མ་བཟོད་ནས། །དོན་སྐྱེ་མེད་ནག་པོའི་སྙིང་རྗེ་འཕྲོས། །དུས་དེ་རིང་ནས་འགྲོ་དྲུག་གི་སྡུག་བསྔལ་མ་བསལ། །གདུགས་དོ་ནུབ་ནས་སྡུག་བསྔལ་གྱི་ཆུ་བོ་ཆད། །ན་ཚ་དང་ཟུག་གཟེར་དབྱིངས་སུ་ཡལ། །སྐྲག་སྣང་དང་བསྔངས་འཇིགས་ཀྱི་གཞི་རྩ་བྲལ། །ཞེན་མེད་ཀྱི་སྣང་བ་བུན་ནེ་བུན། །ཞེས་རང་སེམས་ཉིད་ཀྱི་ངོ་བོ་ལ་བལྟ་བྱ་དང་ལྟ་བྱེད་ཀྱི་འཛིན་པ་དང་བྲལ་བར་བལྟས་པས་ནད་དང་གདོན་དང་སྡུག་བསྔལ་སྐྲག་སྣང་སྔངས་འཇིགས་གང་ཡང་མ་གྲུབ་སྟེ་ནམ་མཁའ་ལྟ་བུ། ལྷ་དང་འདྲེ་དང་བདེ་བ་དང་
སྡུག་བསྔལ་སྟོང་ཉིད་དུ་རོ་སྙོམས། དེའི་ངེས་ཤེས་ཀྱི་རྟོགས་པ་གདེང་ནས་མ་སྐྱེས་བར་དུ་ཚིགས་བཅད་བརྗོད་ཅིང་ཕཊ་བརྗོད། དེ་ལྟར་སྣང་སྲིད་སྟོང་ཉིད་བདེ་བ་ཆེན་པོ་དེ་མ་རྟོགས་པའི་སེམས་ཅན་ཐམས་ཅད་ལ་ཤུགས་འབྱུང་དུ་སྙིང་རྗེ་དྲག་པོ་གཅིག་བསྐྱེད་པས་སྙིང་རྗེ་དེས་རྐྱེན་བྱས་ཏེ་སྐད་ཅིག་ལ། ནམ་མཁའ་བར་སྣང་ཐམས་ཅད་ཕ་རྒྱུད་གཅོད་ཡུལ་བརྒྱུད་པའི་བླ་མའི་ངོ་བོ་ལ་རྣམ་པ་དམ་པ་རྒྱ་གར་ཁོ་ནས་ཐེམ་འགགས་སུ་གང་བ། ས་གཞི་ཐམས་ཅད་མ་རྒྱུད་མཁའ་འགྲོའི་ངོ་བོ་ལ་མ་གཅིག་གིས་ཐེམ་འགགས་སུ་གང་བ། དེ་ཐམས་ཅད་སྐུ་གར་སྟབས་ཤིག་ཤིག །ཕྱག་ཌ་དྲིལ་འཁྲོལ་འཁྲོལ། གསུང་ཕཊ་སྒྲ་དི་རི་རི། སྣང་སྲིད་ཐམས་ཅད་ཡོམ་ཡོམ་ཤིག་ཤིག་བྱས་པས་སྣོད་ཀྱི་འཇིག་རྟེན་ཐམས་ཅད་དང་ལྷ་འདྲེས་གཙོར་བྱས་པའི་སེམས་ཅན་ཐམས་ཅད་འོད་དུ་ཞུ་ནས་ལྷ་ཚོགས་ལ་ཐིམ། དེ་ཐམས་ཅད་ཕ་གཅིག་དམ་པ་ལ་ཐིམ། དེ་མ་གཅིག་ལབ་སྒྲོན་ལ་ཐིམ། དེ་བདག་དང་ནད་པར་ཐིམ་པས། དེ་ཡང་འཇའ་ཡལ་བ་ལྟར་སྟོང་དུ་གྱུར་པར་བསྒོམས་ལ་ཉམས་ལེན་ངོ་བོ་སྐྱོང་སྟེ། གཅོད་ཡུལ་གྱི་གྲུབ་ཐོབ་བརྒྱུད་པ་རྣམས། །སྟེང་ནམ་མཁའི་ཁམས་སུ་མ་ཤོང་ཞིང་། །འོག་དོང་མོའི་ས་ལ་མ་ཚུད་པར། ཤེས་བྱ་ཐམས་ཅད་གཅོད་དུ་ཞུ། །གཅོད་ཀྱང་གནོད་བྱེད་ཀྱི་ངང་དུ་ཐིམ། །གནོད་བྱེད་སྟོང་པའི་རོལ་པ་ལས། །གནོད་རྒྱུ་མེད་ན་གནོད་བྱ་སྟོང་། །ཕུང་པོ་ལ་བརྟེན་པའི་
འཇིགས་པ་ཀུན། །དུས་དེ་རིང་ནས་ཡོད་སྙམ་མི་བགྱིད་དོ། །བཀའ་བརྒྱུད་བླ་མའི་རྫུ་འཕྲུལ་གྱིས། །འགྲོ་ཀུན་གྱི་སྡུག་བསྔལ་ཐམས་ཅད་པ། །གཞི་མེད་དུ་གྲོལ་བའི་རྟོགས་ཐོབ་ནས། །སེམས་ཅན་ཀུན་གཏན་ཐར་གྱི་རྒྱུར་གྱུར་ཅིག །ཕཊ། ཅེས་པ་བསྲེ་བའི་ཚིག་འདི་ཚར་ལྔ་བཅུ་ཐུན་རེ་ལ་བྱ་གསུངས་ཀྱང་གསུམ་བདུན་གང་ལྕོགས་དང་དམིགས་པ་ཚར་ལྔ་བཅུ་ཙམ་བྱ་བ་གཅེས་སོ། །འབུམ་ལས། གང་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་ནི་སངས་རྒྱས་རྗེས་སུ་དྲན་པའོ། །ཆོས་རྗེས་སུ་དྲན་པའོ། །དགེ་འདུན་རྗེས་སུ་དྲན་པའོ། །ཞེས་དང་། ནམ་མཁའ་རྣམ་པར་ཁྱབ་པའི་ཏིང་ངེ་འཛིན་དང་། ནམ་མཁའ་རྒྱས་པར་འགེངས་པའི་ཏིང་ངེ་འཛིན་ཡོད་དོ། །ཞེས་དང་། མ་གཅིག་གི་རྡོ་རྗེའི་ཚིག་རྐང་ལས། བདག་དང་ནད་པ་གདོན་དང་གསུམ། །གཉིས་མེད་གཅིག་ཏུ་བསྲེ་བ་གཅེས། །ཞེས་གསུངས་པའི་དོན་ཡིན་པས། དེའི་ངང་ལ་བཞག་པ་ལས་ཟབ་པ་མེད་མོད་ཀྱང་ཐ་མལ་པའི་རྣམ་རྟོག་དགག་པའི་ཕྱིར་རྣམ་ཤེས་བསྟིམ་ཞིང་བྱིན་བརླབ་བྱ་བ་ནི། ཕཊ། ནམ་མཁའ་ནས་བླ་ཚེ་སྲོག་དབུགས་ཀྱི་ངོ་བོ་ཐིག་ལེ་དཀར་པོ་ཅིག་མར་བྱུང་། །ཚངས་བུག་ནས་ཞུགས། སྙིང་དབུས་སུ་ཐིམ་པར་གྱུར། ཕཊ་ཕཊ་ཕཊ། དེ་ནས་ཕྲེང་བ་སྤྱི་བོར་བཞག་ལ་བླ་མ་བརྒྱུད་པ་དང་མ་གཅིག་སྤྱི་བོར་ཐིམ་པར་བསྒོམ་ཞིང་། ཆོས་སྐུ་ཡུམ་ཆེན་མོ་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་མ། རྒྱལ་བ་ཤཱཀྱ་ཐུབ་པ། འཇམ་དཔལ་སྨྲ་བའི་སེང་གེ །རྗེ་བཙུན་འཕགས་མ་སྒྲོལ་མ། མཁའ་འགྲོ་སུ་ཁ་སིདྡྷི། བྲམ་ཟེ་ཨཱརྱ་དེ་ཝ། ཕ་གཅིག་དམ་པ་སངས་རྒྱས། སྐྱོ་སྟོན་བསོད་ནམས་བླ་མ། མ་གཅིག་ལབ་ཀྱི་སྒྲོལ་མ། ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ། ལོངས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ། །སྤྲུལ་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ། སྐུ་སྤྲུལ་བདེ་ཆེན་དཀར་མོ། གསུང་སྤྲུལ་དམར་མོ་སྒྲ་སྒྲོགས། ཐུགས་སྤྲུལ་ཁྲོས་མ་ནག་མོ། ཡོན་ཏན་གྱི་སྤྲུལ་པ་སེར་མོ་དོན་གྲུབ། ཕྲིན་ལས་ཀྱི་སྤྲུལ་པ་སྣ་ཚོགས་མཐར་ཕྱིན། ཕ་རྒྱུད་ཐབས་ཀྱི་བརྒྱུད་པ། མ་རྒྱུད་ཤེས་རབ་ཀྱི་བརྒྱུད་པ། སྲས་རྒྱུད་ཉམས་ལེན་གྱི་བརྒྱུད་པའི་བླ་མ་དམ་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །ཐུགས་རྗེ་དང་ནུས་པ་སྐྱེད་ཅིག །རྒྱུ་ལས་ངན་དང་སྡིག་སྒྲིབ་རྐྱེན་གདོན་བགེགས་དང་འབྱུང་པོ། འབྲས་བུ་ན་ཚ་དང་སྡུག་བསྔལ་ཐམས་ཅད། ཐབས་ཟབ་མོ་འདི་ལ་བརྟེན་ནས་ད་ལྟ་ཉིད་དུ་ཞི་བར་བྱིན་གྱིས་རློབས་ཤིག །རྒྱུ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ། དུག་གསུམ་རང་སར་ཞི་བར་བྱིན་གྱིས་རློབས་ཤིག །ནད་རླུང་དང་
མཁྲིས་པ་བད་ཀན་གསུམ། ནད་གསུམ་རང་སར་ཞི་བར་བྱིན་གྱིས་རློབས་ཤིག །གདོན་ཕོ་གདོན་མོ་གདོན་ཀླུ་གདོན་གསུམ། གདོན་གསུམ་རང་སར་ཞི་བར་བྱིན་གྱིས་རློབས་ཤིག །ཕུང་པོ་གཟན་དུ་སྐྱུར་བར་བྱིན་གྱིས་རློབས་ཤིག །གཟན་སྒྱུར་ལམ་དུ་འགྲོ་བར་བྱིན་གྱིས་རློབས་ཤིག །ཉག་གཅིག་རྩད་ནས་ཆོད་པར་བྱིན་གྱིས་རློབས་ཤིག །ལུས་ཤ་ཁྲག་གི་མཆོད་སྦྱིན་གནད་དུ་འགྲོ་བར་བྱིན་གྱིས་རློབས་ཤིག །དངོས་མེད་ལྷ་འདྲེའི་འགྲོ་དོན་ནུས་པར་བྱིན་གྱིས་རློབས་ཤིག །མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས་ཤིག །འཆི་མེད་ཚེ་ཡི་རིག་འཛིན་ཐོབ་པར་བྱིན་གྱིས་རློབས་ཤིག །ནད་མེད་བདེ་བའི་ལང་ཚོ་ཐོབ་པར་བྱིན་གྱིས་རློབས་ཤིག །ཕཊ་ཕཊ་ཕཊ། དེ་ནས་བསྔོ་བ་ནི། །ལུས་ཤ་ཁྲག་གི་མཆོད་སྦྱིན་འདི་ཁར་རག་པ་ཙམ། དྲི་ཚོར་བ་ཙམ་གྱིས། ན་བ་ཕན། ཤི་བ་སོས། རྒས་པ་དར། ཕོ་ཐམས་ཅད་སྤྱན་རས་གཟིགས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག །མོ་ཐམས་ཅད་རྗེ་བཙུན་སྒྲོལ་མའི་གོ་འཕང་ཐོབ་པར་གྱུར་ཅིག །དམ་ཆོས་བདུད་ཀྱི་གཅོད་ཡུལ་འདི། །མཁའ་ལ་ཁྲི་གདུགས་ཤར་བ་བཞིན། །ཕྱོགས་རྣམས་
ཀུན་ཏུ་ཁྱབ་གྱུར་ཅིག །ཕཊ་ཕཊ་ཕཊ། དེ་ནས་ནད་པ་བསླངས་ལ་སྲུང་འཁོར་ཕུད་པ་སོགས་གྱོན་བཅུག་ལ་གཏོང་། དེ་འདྲ་ཞག་གསུམ་ལྔ་བདུན་སོགས་ཚར་རྗེས་གཅོད་དབང་བསྐུར་ཐོན་ན་ལེགས་ཤིང་ཕྱག་ལེན་ལ་ཡོད། མ་ཐོན་ཀྱང་རུང་ངོ་། །དཀར་འགྱེད་ནག་འགྱེད་ཚིག་ལྷུག་པ་རྣམས་ཚིགས་བཅད་དུ་ཕབ་པ་ཙམ་མ་གཏོགས་ཐམས་ཅད་རྗེ་རང་བྱུང་བ་དང་མི་བསྐྱོད་རྡོ་རྗེའི་གསུང་བསླད་མེད་ཡིན་པས་བྱིན་རླབས་ཆེ། །འདོན་འགྲིགས་འདི་ཡང་རྗེ་དྲུང་ཀུན་དགའ་རྣམ་རྒྱལ་གྱི་དབོན་པོ་གཅོད་པ་ཀུན་དགའ་དབང་ཕྱུག་གི་ཕྱག་ལེན་རྒྱུན་ལྟར་ཡིན་ཞིང་། དམིགས་པ་དང་བྱིན་རླབས་སོགས་ཀྱང་རང་གི་ཉམས་མྱོང་དང་གཅོད་གཞུང་ཆེན་མོ་རྣམས་ཀྱི་དགོངས་པ་དང་བསྟུན་ཏེ་རི་ཁྲོད་པ་རྣམས་ལ་ཕན་ཕྱིར་སློབ་བུ་ཤཱཀྱའི་དགེ་ཚུལ་བྱམས་པའི་ཐུགས་དམ་བྱ་ཕྱིར་དགེ་སློང་རྣལ་འབྱོར་སྤྱོད་པ་རཱ་ག་ཨ་སྱས་སྒྲ་རྒྱལ་འབྲུག་གི་ལོ་ཐ་སྐར་ཟླ་བའི་ཡར་ཚེས་ལ་བྲིས་པ་འགྲོ་དོན་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག། །། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།