གཡུ་ནང་གི་རི་ལ་སྡོད་པའི་སྒོམ་མོ་ཞིག་ལ་གདམས་པ།
ཨོཾ་སྭཱ་སྟི། བླ་མ་རྣམས་ལ་ཕྱག་འཚལ་ལོ། །སེམས་གུས་ལྡན་གྱི་སློབ་མ་ཁྱེད་རྣམས་ལ། །སྙིང་པདྨ་འདབ་བརྒྱད་ཁ་ཕྱེ་ནས། །དོན་འཁྲུལ་མེད་ཀྱི་གདམས་པ་གསལ་པོར་དགོད། །ལར་མི་ལུས་ཐོབ་པའི་གནས་སྐབས་འདིར། །ཆོས་རྩེ་གཅིག་ཉམས་སུ་མ་བླངས་ན། །ཕྱི་ལང་ལིང་ཆོས་ཀྱིས་མི་ཕན་པས། །བློ་ནང་དུ་ཁུག་ལ་ནན་ཏན་མཛོད། །ཆོས་ཡོད་ལོ་ངག་གི་སྟོང་ཟོབ འདིས། །མ་སེམས་ཅན་ཐམས་ཅད་བསླུས་པར་འགྲོ། །ལུས་ངག་ཡིད་ཆོས་དང་མཐུན་མ་མཐུན། །སྙིང་ཐག་པས་རྟོག་དཔྱོད་ཡང་ཡང་འཚལ། །མཆོག་བླ་མ་ཡིན་རིང་བསྟེན་པ་ཡང༌། །ལས་བསགས་པ་རབ་ལ་བདུད་རྩི་ཡིན། །མི་ཕལ་ཆེར་གདམས་ངག་ཆོས་དྲེད་ཁྱེར། །སེམས་ལོག་ལྟས་དཀྲུགས་ནས་དམྱལ་བར་འགྲོ། ཁྱེད་ཀུན་ཡང་བླ་མས་ཅི་གསུང་སྒྲུབས། །དེ་བྱས་ན་འདུན་མ་རྩེ་མོར་འགྲོ། །ཕལ་གཞན་གྱི་ངོ་དགའི་དབང་སོང་ན། །ཚེ་འདི་ཕྱི་གཉིས་མེད་སྡུག་ལ་སྐྱེལ། །སེམས་ཉམས་ལེན་ནམ་མཁའ་ལྟར་ཡངས་ལ། །ཕྱི་བླང་དོར་སྤྱོད་པ་ཞིབ་པ་འདི། །ལར་ལྟ་སྤྱོད་འཛོམས་པ་དམ་པའི་མཆོག །རྒྱལ་བ་སྲས་བཅས་དགྱེས་པའི་ལམ་བཟང་ཡིན། །ལུས་ཆོས་ཆས་སུ་ཞུགས་པའི་རྩིང་སྤྱོད་ནི། །ཉམས་མཐོ་ཡང་གང་ལའང་མི་ཕན་པས། །ལས་ཐོ་ཆོར་མ་སོང་གནད་དུ་ཆེ། །ཆོས་བརྒྱུད་བཅས་ཀྱི་ཞབས་འདྲེན་མ་བྱས་ཙམ། །བློ་ཆགས་སྡང་ཟུར་མགོ་རགས་པ་ལ། མིང་ཆོས་པར་བཏགས་ཀྱང་ག་ལ་ཕན། །ཕུང་བདག་འཛིན་གྱི་མདུད་པ་ཤིགས་ཀྱིས་བཤིག །དབྱིངས་རྩོལ་བྲལ་གྱི་ངང་དུ་ལྷོད་ཀྱིས་གློད། །འཕྲལ་ཟས་གོས་དོན་
གཉེར་ལས་མེད་པ་ཡི། །སྐྲ་བྲེགས་ཙམ་གྱི་ཆོས་པའི་གཟུགས་བརྙན་ཏེ། །ནང་རང་སེམས་ལ་ལྟས་ན་ཡི་མུག་ལྡང༌། །ཕྱི་སྐྱེ་བོའི་མི་ཁ་དིར་རེ་བ། །ལར་དུད་འགྲོ་དང་ཁྱད་པར་མི་གདའ་བས། །ཟས་ཞིམ་འདོད་ཀྱི་སྲེད་པ་སྤོང་བ་དང༌། །གོས་ལེགས་འདོད་ཀྱི་ཆོས་བརྒྱད་མ་ཆེ་བར། །སྤྲང་དམན་ཆ་བཟུང་ན་ལེགས་པ་ཡིན། །རང་ཚེ་གཅིག་ཆོས་བཞིན་སྤྱོད་པ་ན། ཁ་ཞན་ཞན་འདྲ་ཡང་ལེགས་པའི་རབ། །ནོར་ཅུང་ཟད་བསོགས་ཀྱང་ཆོས་དང་འགལ། །དེ་ལྷ་འདྲེ་མི་གསུམ་ལ་མངོན་ལོ་འཕྱར། །དུས་ནམ་ཞིག་འཆི་བ་སླེབ་དུས་སུ། ནོར་མང་ཡང་རོ་ནོར་རོ་གོས་ཤིག །ཟས་མང་ཡང་རོ་ཟས་ཁམ་གང་ཡིན། །རྫས་ལོངས་སྤྱོད་གཞན་གྱིས་སུས་ཐོབ་བྱེད། །ཚེ་ཕྱི་མ་ཕན་ཆེད་ཀྱི་གདེང་མེད་ན། འཕྲལ་བཟང་བཟང་འདྲ་ཡང་དེ་ཁའི་རྒྱུ། །གནས་བསམ་གཏན་ཁང་བུར་ཚུགས་པ་དང༌། །ཡིད་ཆོས་ལ་དགའ་བདེ་རྙེད་པ་དང༌། །འཕྲལ་ཆོས་མཐུན་གྱི་འཚོ་བས་མི་བྲེལ་བར། །ཕ་བླ་མས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པའང་ཏཱ་ར་ནཱ་ཐས་གཡུ་ནང་གི་རི་ལ་སྡོད་པའི་སྒོམ་མོ་ཞིག་ལ་གདམས་པའོ། མངྒལཾ།