འཕོ་བ་དྲན་པ་རང་གྲོལ་ཞེས་བྱ་བ་འཆི་ཁ་བར་དོའི་གདམས་པ།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི༔ རྫོགས་རིམ་བར་དོ་དྲུག་གི་ཁྲིད་ཡིག་ལས་སྤྱི་དོན་བཞི་པ་འཕོ་བ་དྲན་པ་རང་གྲོལ་ཞེས་བྱ་བ་འཆི་ཁ་བར་དོའི་གདམས་པའོ༔

སྤྱི་དོན་བཞི་པ་འཆི་ཁ་བར་དོའི་ཁྲིད་ཡིག་ལས༔ རྒྱལ་པོའི་བཀའ་ཐེམ་བསྐུར་བ་ལྟ་བུའི་གདམས་ངག༔ འཕོ་བ་དྲན་པ་རང་གྲོལ་བསྟན་པ་ནི༔ དེ་ཡང་གོང་གི་ཁྲེགས་ཆོད་ཀྱི་སྐོར་དང་༔ སྒྱུ་ལུས་རྨི་ལམ་འོད་གསལ་རྣམས་མ་འབྱོངས་ཤིང་༔ གྲོལ་ལུགས་བཞིའི་དོན་མ་རྟོགས་པ་དང་༔ ཁྱད་པར་དུ་དེ་རྣམས་ཐོབ་ཀྱང་བསྒོམ་ལོང་མེད་པའི་གང་ཟག་སྡེ་དཔོན༔ ཁྱིམ་པ༔ རྣམ་གཡེངས་ཅན་རྣམས༔ གདམས་པ་ཟབ་མོ་ཐོབ་ཀྱང་ཉམས་སུ་མ་ལོན་པར༔ གདམས་ངག་ཡིག་ཐོག་ཏུ་ལུས༔ ཆོས་གོ་ཐོག་ཏུ་ལུས༔ རང་སེམས་ཐ་མལ་དུ་འཆི་བ་རྣམས་ལ༔ འཆི་ཁར་སངས་རྒྱས་པའི་གདམས་ངག༔ བསྒོམ་མི་དགོས་པར་བཙན་ཐབས་སུ་སངས་རྒྱས་པའི་ཐབས༔ འཕོ་བ་དྲན་པ་རང་གྲོལ་འདི་གལ་ཆེ་སྟེ༔ དེ་ཡང་སྐྱེས་པ་གཅིག་ཡིན་ཕན་ཆད་ངེས་པར་འཆི༔ འཆི་བའི་སྟེང་དུ་ཡང་ནམ་འཆི་ཆ་མེད༔ དེ་བས་ཀྱང་མྱུར་དུ་འཆི་བས༔ དུས་རྟག་ཏུ་འཆི་བ་བརྟག་པར་བྱ་སྟེ༔ རིང་བའི་འཆི་ལྟས༔ ཉེ་བའི་འཆི་ལྟས༔ མ་ངེས་པའི་འཆི་ལྟས༔ ངེས་པའི་འཆི་ལྟས་རྣམས༔ འཆི་ལྟས་མཚན་མ་རང་གྲོལ་ལྟར་བརྟག་པར་བྱའོ༔ དེའང་འཆི་ལྟས་དང་མཐུན་པའི་འཆི་བསླུ་ལ་ནན་ཏན་བྱ་ཞིང་༔ འཆི་ལྟས་མ་ཚང་བའམ་ཚང་ཡང་འཆི་བསླུ་མ་བྱས་པར་འཕོས་ན་ནི༔ ལྷ་བསད་པའི་ཉེས་པ་འབྱུང་བ་དང་༔ རང་གིས་རང་ལྕེབ་པའི་ཉེས་པ་ཕོག་པས༔ མཚམས་མེད་ལས་ཀྱང་ཆེ་བའི་ཉེས་པ་འབྱུང་བའི་ཕྱིར༔ ཅི་ནས་ཀྱང་འཆི་བསླུ་སྤྱི་དང་བྱེ་བྲག་གང་འོས་འཆི་བསླུ་འཇིགས་པ་རང་གྲོལ་ལྟར་ལན་གསུམ་མམ་ཅི་རིགས་པར་བྱ༔ འཆི་བསླུ་ལན་གསུམ་བྱས་ཀྱང་འཆི་ལྟས་མི་འགྱུར་ན༔ ངེས་པར་འཆི་བས༔ ཤི་ནས་འཕོ་བའི་མཚམས་སྦྱོར་བརྩམ་པར་བྱ་སྟེ༔ དུས་ལ་བབ་པའི་འཕོ་བ་ནི༔ མཚམས་མེད་པ་ལྔ་བྱས་པའི་གང་ཟག་གཅིག་ཡིན་ཀྱང་༔ མཐོ་རིས་སམ་ཐར་པ་ཐོབ་པར་གསུངས་པས༔ ཕན་ཡོན་ཤིན་ཏུ་ཆེའོ༔ འཕོ་བ་ལའང་གཉིས་ཏེ༔ སྦྱང་བ་དང་༔ ལས་ལ་སྦྱར་བ་གཉིས་སོ༔ དང་པོ་སྦྱང་བ་ནི༔ དཔེར་ན་སྐྱེས་པས་ཕྱི་དགྲ་འོང་གིས་དོགས་ནས༔ དགྲ་མེད་པའི་གོང་ནས༔ གོ་མཚོན་དང་༔ མདའ་དང་སྒྱུ་རྩལ་སྦྱང་སྟེ༔ དགྲ་ནམ་བྱུང་བ་དང་རྡེག་མ་རག་བྱེད་པ་ལྟར༔ འདིར་ཡང་འཆི་ལྟས་མ་བྱུང་བའི་གོང་ནས་སྦྱངས་ཏེ༔ ནམ་འཆི་མི་ཤེས་པས༔ ད་ལྟ་ནས་བྱང་བར་བྱས་ཏེ༔ ནམ་འཆི་བར་ངེས་པ་དང་༔ ལས་ལ་སྦྱར་མ་རག་པར་བྱང་བར་བྱ་བ་ཤིན་ཏུ་གཅེས་སོ༔ དེ་ལ་དང་པོ་འཕོ་བ་སྦྱང་བ་ནི༔ ཁྲིད་ཀྱི་དུས་སམ༔ འཕོ་བའི་སྒོས་ཁྲིད་བྱེད་ཀྱང་རུང་སྟེ༔ ཁྲིད་ཀྱི་སྔོན་འགྲོ་ལྟར༔ དལ་འབྱོར་རྙེད་པར་དཀའ་བ༔ འཁོར་བའི་སྡུག་བསྔལ་ལ་བསམས་པས༔ འཁོར་བ་ལ་ཡིད་སྐྱོ་ཞིང་༔ ངེས་པར་འབྱུང་བར་འདོད་པའི་བསམ་པ་བསྐྱེད༔ དེའི་སྟེང་དུའང་༔ རྙེད་པར་དཀའ་བ་རྙེད་ཀྱང་༔ རིང་དུ་མི་གནས་པའི་འཆི་བ་ཞེ་ཐག་པ་ནས་དྲན་པར་བྱ༔ དེ་ནས་བདེ་བའི་གདན་ལ་སེམས་དཔའི་སྐྱིལ་ཀྲུང་གིས་འདུག་ལ༔ འཁོར་བའི་སྒོ་དགག་པ་ནི༔ ལུས་དྲང་པོར་བསྲངས༔ ལག་གཉིས་ས་གནོན་གྱི་ཕྱག་རྒྱས༔ པུས་མོ་གཉིས་ཀ་བཀབ་ལ༔ དཔུང་པ་བརྒྱང་༔ དེ་ནས་རང་གི་སྙིང་ཁར་ཡི་གེ་ཧཱུྃ་མཐིང་ཁ་འོད་དུ་འབར་བ་གཅིག་ལས་ཧཱུྃ་གཅིག་ཆད༔ བཤང་ལམ་དུ་སོང་༔ དམྱལ་བའི་སྒོ་ཁྲིག་གིས་བཀག༔ ཡང་ཧཱུྃ་གཅིག་ཆད་སྲིད་པའི་སྒོར་སོང་༔ ཡི་དྭགས་ཀྱི་སྒོ་དགག༔ དེ་བཞིན་དུ་ཧཱུྃ་གཅིག་གིས་ཆུ་ལམ་དུད་འགྲོའི་སྒོ་བཀག༔ ཧཱུྃ་གཅིག་ལྟེ་བ༔ དེ་ནས་ཁ༔ དེ་ནས་སྣ་བུག་གཉིས༔ དེ་ནས་མིག་གཉིས༔ དེ་ནས་རྣ་བའི་བུག་པ་གཉིས༔ ཧཱུྃ་འོད་དང་ལྡན་པ་རེ་རེས་ཁྲིག་གིས་བཀག་པར་བསམ༔ སྤྱི་བོ་ཚངས་པའི་བུ་ག་ནི༔ ཧཾ་དཀར་པོ་མགོ་ཐུར་དུ་བསྟན་པས་བཀག་པར་བསམ༔ ལུས་ཀྱི་དབུས་སུ་རྩ་དབུ་མ་ལུག་རྒྱུད་ཀྱི་རྒྱུུ་མ་ཕུས་བཏབ་པ་ལྟར་མར་སྣེ་ལྟེ་འོག་ཏུ་ཟུག་པ༔ ཡར་སྣེ་ཚངས་བུག་ཏུ་ཟུག་པ༔ དཀར་ལ་སེར་བའི་མདངས་དང་ལྡན་པ༔ ལུས་ཀྱི་དབུས་སུ་དྲང་ཁྲོང་ངེ་ཡོད་པའི་མར་སྣེ་ལྟེ་འོག་རྩ་གསུམ་འདུས་མདོར༔ རིག་པའི་ངོ་བོ་ཐིག་ལེ་དཀར་ལ་འཚེར་བ༔ གསལ་ལ་དྭངས་པ༔ དབུགས་ཀྱིམ་ཀྱིམ༔ འཕར་ལྷབ་ལྷབ༔ ཡར་ལ་ཁད་ཁད་ཡོད་པར་བསམ༔ སྤྱི་བོའི་སྟེང་གི་ནམ་མཁར༔ བླ་མ་རྡོ་རྗེ་འཆང་གི་ཆ་ལུགས་འཛུམ་མུ་ལེ་བཞུགས་པར་བསམ་ལ༔ ལུས་ཤེད་སྟོད་དུ་སྤུངས་ལ་བསྒྲིམ༔ བཤང་ལམ་དྲག་ཏུ་བསྡམས༔ མིག་གྱེན་ལ་ལྡོག༔ ལྕེ་རྐན་ལ་སྦྱར༔ ལག་པའི་མཐེ་བོང་གཉིས་ཀྱིས་སྲིན་ལག་གི་རྩ་བ་མནན་པའི་ཚུར་དྲག་ཏུ་བཅང་ཞིང་༔ ལྟེ་འོག་ནས་ཡར་དྲག་ཏུ་འཐེན་ཞིང་༔ ངག་གི་གནད་དུ༔ ཧིག་ཀ༔ ཧིག་ཀ༔ ཞེས་ཁོང་ཤེད་དང་བཅས་པས་ཡར་དྲངས་པས༔ འོག་རླུང་གི་ཤུགས་ཀྱིས་ཐིག་ལེ་དེ་རང་དབང་མེད་པར་དབུ་མའི་ནང་ནས་ཡར་ངང་ཧྲི་ལི་ལི་དྲངས་པས༔ ཧིག་ཀ་བདུན་གྱིས་ལྟེ་བར་དྲངས༔ དེ་ནས་ཧིག་ཀ་བདུན་གྱིས་སྙིང་ཁར༔ དེ་ནས་བདུན་གྱིས་མགྲིན་པར༔ དེ་ནས་བདུན་གྱིས་སྨིན་མཚམས་སུ༔ དེ་ནས་ཧིག་ཀ་ཞེས་ཚངས་བུག་གི་ཧཾ་དེ་ལ་ཏུག་ཐུག་པ་དང་༔ ཡང་ཐིག་ལེ་མར་བབས་ཏེ་ལྟེ་འོག་ཏུ་ངང་འཁྱིལ་ལེ་གནས་པར་བསམ༔ དེའི་བར་དུ་ཅུང་ཟད་ངལ་བསོ༔ དེ་ལྟ་བུ་ལ་ལན་འགའ་ཙམ་གྱིས་འཕོ་བ་ཐེབས་པའི་རྟགས་སུ༔ ཚངས་བུག་ཏུ་དྲོད་ཚ་ཆིལ་གྱིས་འོང་བ་དང་༔ གཡའ་བ་དང་༔ ཟ་བ་དང་༔ སྦྲིད་པ་དང་༔ སྐྲང་བ་དང་༔ སྤྱི་གཙུག་ཉོལ་མོར་སོང་བ་དང་༔ བེམ་པ་དང་༔ ཚངས་བུག་ཏུ་ཆུ་སེར་ཐོན་པ་དང་༔ ཁྲག་ཐོན་པ་ལ་སོགས་པ་འབྱུང་༔ དེའི་ཚེ་བླ་མས་ཚངས་བུག་ལེགས་པར་བཙལ་ལ་རྨ་བྱའི་མདོངས་སམ་འཇག་མ་བཙུགས་པས་ལྟེམ་མེ་ནུབ་པར་འགྱུར་རོ༔ དེས་ནི་འཕོ་བ་འབྱོང་བ་ཡིན་ཏེ༔ དེ་ཙམ་ལ་ཚོད་མ་བཟུང་ན༔ ཚེ་སྲོག་གི་བསྐུལ་མར་འགྲོ་བས༔ དམིགས་པ་དང་འཁྲུལ་འཁོར་འཕྲོ་བཅད༔ སྤྱི་བོར་མར་རམ་འབྲུ་མར་གྱིས་བསྐུ་མཉེ་བྱའོ༔ དེ་ལྟར་རྟགས་མ་བྱུང་ན་རྩོལ་བ་དྲག་པོས་ཡར་འདྲེན་གྲངས་མང་དུ་བྱས་པས་རྟགས་འབྱུང་ངོ་༔ སྤྱི་བོར་སྐྲངས་ཀྱང་ཚངས་བུག་མ་རྙེད་ན༔ མགོ་ན་བ་ལ་སོགས་པ་འབྱུང་བས༔ ཚངས་བུག་གི་ཧཾ་ཕྱེས་ནས༔ ཐིག་ལེ་ཚངས་བུག་ནས་ཡར་རྒྱངས་སེ་ཐོན་ནས༔ བླ་མའི་ཞབས་ལ་ཏུག་པ་རེ་བྱས་ནས༔ ཡང་ཚངས་བུག་ཏུ་མར་བྱུང་སྟེ་ལྟེ་འོག་ཏུ་གནས་པར་བསམ༔ དེ་ལྟ་བུ་ལ་ལན་འགའ་ཙམ་གྱིས་ཚངས་བུག་བྱེ་སྟེ༔ ཁྲག་གམ་ཆུ་སེར་ངེས་པར་ཐོན་ནས་འཇག་མ་ཚུགས་པར་འགྱུར་རོ༔ དེ་ནས་ཚངས་བུག་ཧཾ་གིས་མ་བཀག་ན༔ ཚེ་སྲོག་གི་བསྐུལ་མར་འགྲོ་བས་བཀག་པ་གལ་ཆེའོ༔ དེ་ཕྱིན་ཆད་ནས་ཧིག་ཀ་དང་འཁྲུལ་འཁོར་མི་བྱ་བར༔ དབུ་མའི་ནང་དུ་ཐིག་ལེ་འགྲིམ་འགྲུལ་བྱང་བར་བྱ་ཞིང་༔ ཚངས་བུག་ཧཾ་གིས་བཀག་པ་གལ་ཆེའོ༔ དེས་ནི་འཕོ་བ་བྱང་བར་འགྱུར་རོ༔ ཧིག་ཀ་ནི་ཚེ་བསྟུང་བའི་སྔགས་ཡིན་པས༔ འཕོ་བ་མ་ཐེམས་ཀྱི་བར་འདྲེན་པ་ལས་ཐེབས་ནས་ཧིག་ཀ་འདྲེན་པར་མི་བྱའོ༔ གལ་ཏེ་རྩོལ་བ་དྲག་པོས་འཕོ་ཐལ་ན༔ རྟགས་སུ་ཤེས་པ་དྲན་མེད་དུ་འགྲོ་ལ་ཁད་པ་དང་༔ རྣམ་ཤེས་སྟོད་དུ་བརྫངས་པ༔ མགོ་ཡུ་འཁོར་བ་ལ་སོགས་པ་བྱུང་ན༔ རྐང་མཐིལ་གཉིས་སུ་ཁུ་ཚུར་རྡེག༔ སྤྱི་བོར་བསྐུ་མཉེ་བྱ༔ དམིགས་པ་རྐང་མཐིལ་གཉིས་སུ་གསེར་གྱི་མཆོད་རྟེན་ཤིན་ཏུ་ལྕི་བ་ལ་དམིགས་པ་དྲག་ཏུ་གཏད་ཅིང་༔ འབེབས་མང་དུ་བྱས་པས་ཞི་བར་འགྱུར་རོ༔ གནད་ཕལ་ཆེར་ལག་ལེན་ལ་བལྟའོ༔ དེ་ཡན་ཆད་སྦྱངས་བའི་འཕོ་བ་ཞེས་བྱ་བ༔ ནད་མེད་ཅིང་འཆི་ལྟས་མ་བྱུང་གི་གོང་ནས་ལེགས་པར་སྦྱང་བར་བྱའོ༔ ས་མ་ཡ༔ གཉིས་པ་ལས་ལ་སྦྱོར་བའི་འཕོ་བ་ནི༔ འཆི་ལྟས་ཚང་ཞིང་འཆི་བསླུ་ལན་གསུམ་བྱས་ཀྱང་མ་སོས་ན༔ ད་ནི་རྣམ་ཤེས་འཕོ་བར་བྱ་སྟེ༔ འདི་ལ་བཞི༔ ཆོས་སྐུའི་འཕོ་བ་དང་༔ ལོངས་སྐུའི་འཕོ་བ་དང་༔ སྤྲུལ་སྐུའི་འཕོ་བ་དང་༔ ཐ་མལ་པའི་འཕོ་བ་དང་བཞིའོ༔ དེ་རྣམས་གང་ལའང་༔ ཀྱཻ་མ་བདག་ལ་འཆི་ཁ་བར་དོ་འཆར་དུས་འདིར༔ ཀུན་ལ་ཆགས་སེམས་ཞེན་འཛིན་སྤངས་བྱས་ནས༔ གདམས་ངག་གསལ་བའི་ངང་ལ་མ་ཡེངས་འཇུག༔ རང་རིག་སྐྱེ་མེད་ནམ་མཁའི་དབྱིངས་སུ་འཕོ༔ ཞེས་གསུངས་པས༔ དེ་ལ་འཆི་ཁ་བར་དོ་ཡིན་པའི་རྟགས་སུ༔ ཤི་ནད་ཀྱིས་ཐེབ༔ འཆི་ལྟས་ཚང་བའི་དུས་སུ༔ འཆི་ཁ་བར་དོ་ལ་མི་གསལ་བ་གསལ་གདབ་པ༔ སྒེག་མོས་མེ་ལོང་ལ་བལྟ་བ་ལྟ་བུའི་གདམས་ངག་ལ་གཉིས་ཏེ༔ གཞན་གྱིས་གསལ་གདབ་པ་དང་༔ རང་གི་གསལ་གདབ་པའོ༔ དང་པོ་ནི༔ འཆི་ལྟས་ཚང་བ་རང་གིས་རིག་གམ༔ མ་རིག་ཀྱང་སྨན་པ་དང་༔ ནད་གཡོག་གི་རྣམ་འགྱུར་གྱིས་ཀྱང་ཤེས་ལ༔ རང་གིས་ཀྱང་དྲན་པ་གསལ་ན༔ ཉེ་བའི་འཆི་ལྟས་རྣམས་བརྟགས་ལ༔ འཆི་བར་འདུག་ན༔ ཉེ་འཁོར་དུ་རྩ་བའི་བླ་མ་བཞུགས་ན་སྤྱན་འདྲེན་དུ་བཏང་ལ༔ རང་ལ་དངོས་པོ་ཅི་ཡོད་པ་ཐམས་ཅད་བླ་མ་ལ་ཕུལ་ལ༔ ཆགས་པ་སྐད་ཅིག་ཀྱང་མེད་པར་བྱ༔ ཅུང་ཟད་གཅིག་ལ་ཆགས་ཀྱང་ངན་སོང་དུ་བསྐྱུར་བས༔ དགེ་སློང་འབར་བ་གསུམ་གྱི་གཏམ་རྒྱུད་ལྟ་བུའོ༔ དངོས་སུ་ཕུལ་དབང་མ་ཐོབ་ཀྱང་༔ ཡིད་ཀྱིས་ཕུལ་བས་བློས་ཐོངས་བར་བྱའོ༔ ཁྱད་པར་དུའང་ཆགས་སྡང་སྐྱེ་བའི་དངོས་པོ་གཅིག་ཀྱང་ཐོ་ཕྱིར་མི་བཞག་གོ༔ དེ་ནི་ཀུན་ལ་ཆགས་སེམས་ཞེན་འཛིན་སྤངས་བྱས་ནས༔ ཞེས་པའི་དོན་ནོ༔ དེའི་དུས་སུ་ཅི་ཡོད་སྤང་དག་བྱ་སྟེ༔ ཉི་ཟླ་ཁ་སྦྱོར་ལས༔ རང་གི་བླ་མ་དགེ་འདུན་དང་༔ ཚོགས་བསགས་ཞིང་ནི་ཁྱད་པར་ལ༔ ཡོན་དང་སྟོན་མོས་མཉེས་བྱས་ལ༔ ཞེས་སོ༔ དེ་ནས་བླ་མ་བྱོན་ནས༔ སྔར་གྱི་དམ་ཚིག་ཉམས་ཆགས་ཡོད་ན་བཤགས༔ ཉེས་ལྟུང་ཅི་ཡོད་ཕྱིར་བཅོས་བྱ༔ སྡོམ་ལྡན་ཡིན་ན་སྡོམ་པ་གསོ༔ སྡོམ་ལྡན་མིན་ན་སྐྱབས་འགྲོ་ནས་གཞི་བླངས་ལ་སྡོམ་པ་འབོག༔ དེ་ནས་སྔར་ནས་འཕོ་བ་བྱང་བ་གཅིག་ཡིན་ན༔ ལུས་གནད་བཅོས་ལ༔ སྔར་གྱི་འཕོ་བའི་དམིགས་པ་དེ་ཀ་བླ་མས་ལན་མང་དུ་གསལ་གདབ་པས༔ ཐེབས་པའི་རྟགས་སུ༔ དབུགས་སོང་མ་ཐག་ཏུ་སྤྱི་བོ་སྐྲངས་པའམ༔ ཁྲག་གམ་ཆུ་སེར་ལ་སོགས་པ་ཐེབས་པའི་རྟགས་ངེས་པར་འབྱུང་ངོ་༔ རྟགས་བྱུང་ན་བར་དོའི་གསལ་འདེབས་མི་དགོས་ལ༔ མ་བྱུང་ན༔ བླ་མས་རྣ་བར་མཆུ་གཏད་པའམ༔ སྙུག་མའམ༔ ཤོག་གུའི་སྦུ་གུ་རྣ་བ་ལ་གཏད་དེ༔ དེའི་ནང་ནས་ཕར་ལ་ཆོས་ཉིད་འོད་གསལ་གྱི་བར་དོ་ནས་བཟུང་ནས༔ རིམ་པ་བཞིན་བར་དོའི་ཚིག་རྣམས་དལ་བུས་ཐོས་གྲོལ་ལྟར་དུ་གསལ་གདབ་པས༔ མི་ཐེབས་མི་སྲིད་དེ༔ དཔེར་ན་མི་བརྟན་པོ་གཅིག་ལ་རྒྱལ་པོ་ཆེན་པོ་གཅིག་གི་བཀའ་ཕྲིན་བསྐུར་ན་བརྗེད་མི་སྲིད་དེ༔ བརྗེད་ན་རྒྱལ་པོའི་ཆད་པ་འོང་བས༔ འཇིགས་ནས་ངེས་པར་བརྡའ་འཕྲོད་པ་བྱེད་པ་ལྟར༔ འདིར་ཡང་ངན་སོང་གི་གཡང་ལ་འཇིགས་ནས༔ ངེས་པར་གདམས་པ་རྣམས་ཡིད་ལ་ཟིན་ཏེ༔ ཆོས་ཉིད་ཀྱི་བར་དོར་ངེས་པ་རྙེད་པར་འགྱུར་རོ༔ གལ་ཏེ་བླ་མ་མི་བཞུགས་ན༔ ཆོས་བརྒྱུད་གཅིག་པའི་བཤེས་གཉེན་དམ་པའམ༔ རང་གི་རྡོ་རྗེ་སྤུན་སྲིང་དམ་ཚིག་གི་སེལ་མེད་པ༔ ལྟ་སྤྱོད་མཐུན་པ་གཅིག་གིས་གསལ་གདབ་བོ༔ ཉི་ཟླ་ཁ་སྦྱོར་ལས༔ དེ་ཚེ་བླ་མའི་མན་ངག་རྣམས༔ རང་གི་རྒྱུད་ལ་འདྲིས་པར་བྱ༔ དོན་འདི་རྣམས་ཀྱིས་གསལ་ཡང་གདབ༔ བླ་མ་མེད་ན་རྡོ་རྗེ་སྤུན༔ ཤེས་པས་གསལ་ཡང་གདབ་པར་བྱ༔ ཞེས་པའོ༔ དེ་ནི་གཞན་གྱིས་གསལ་གདབ་པའོ༔ གཉིས་པ་རང་གིས་གསལ་གདབ་པ་ནི༔ བླ་མ་མཆེད་གྲོགས་མ་འཛོམས་པའམ་རི་ཁྲོད་ན་གཅིག་པུར་འཆི་བ་ལྟ་བུའམ༔ ཉམས་མྱོང་བཟང་ཞིང་གཞན་གྱིས་གསལ་འདེབས་མི་དགོས་པ་ལྟ་བུ་ལ་ནི༔ རང་གིས་རང་ལ་སྔར་གྱི་ཉམས་ལེན་རྣམས་གསལ་གདབ་པར་བྱ་སྟེ༔ དེ་ཡང་འོད་གསལ་ཟིན་པོ་ཡོད་པ་དང་༔ སྟོང་པ་ཉིད་ཀྱི་ལྟ་བ་ལ་བྱང་བ་དང་༔ རིག་ཐོག་ཏུ་རྡོ་རུས་འཕྲོད་པའི་གང་ཟག་ཡིན་ན༔ ཆོས་སྐུའི་འཕོ་བ་མཆོག་ཡིན་པས༔ གོང་མ་ལྟར་ཆགས་སྡང་སྐྱེ་བའི་དངོས་པོ་གཅིག་ཀྱང་མེད་པར་བྱ༔ ལུས་ཀྱིས་ཐུབ་ན་ཆོས་བདུན་ནམ༔ ཙོག་པུར་ལངས༔ མ་ཐུབ་ན་གཡས་པ་ས་ལ་ཕབ་མགོ་བྱང་དུ་བསྟན་ཏེ༔ ད་ནི་བདག་འཆི་བར་འདུག་པས༔ སྤྱིར་ཁམས་གསུམ་འཁོར་བ༔ ཁྱད་པར་སྙིགས་མའི་དུས་འདིར༔ བདག་གདམས་པ་ཟབ་མོ་འདི་ལྟ་བུ་དང་འགྲོགས་ནས་འཕོ་བ་ནི་རེ་བྲོད༔ ད་རེས་འཆི་བ་འོད་གསལ་ཆོས་ཀྱི་སྐུ་ངོ་ཤེས་པར་བྱས་ལ༔ གང་ལ་གང་འདུལ་གྱི་སྤྲུལ་པ་དཔག་ཏུ་མེད་པ་བཀྱེ་ནས༔ འཁོར་བ་མ་སྟོང་གི་བར་དུ་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་དགོས་སྙམ་པའི་སེམས་བསྐྱེད་ཏུང་ཏུང་བ་ལན་འགའ་བྱ༔ དེ་ནས་བདག་གིས་བླ་མ་བརྟེན་ཅིང་གདམས་པ་ཟབ་མོ་ཞུས་པའི་དོན་དེ་ད་ལྟར་དགོས་པ་ཡིན་ནོ་སྙམ་དུ་མ་ཡེངས་པར་བྱ་སྟེ༔ གདམས་ངག་གསལ་བའི་ངང་ལ་མ་ཡེངས་འཇུག༔ ཅེས་པའི་དོན་ཡིན་ནོ༔ དེ་ནས་སེམས་མ་བཅོས་པར་འཕོ་བྱ་འཕོ་བྱེད་ཀྱི་རྟེན་དང་ཕྲལ་ཏེ༔  རང་གི་རིག་པ་བཟོ་མེད་དུ་ཡེ་རེ༔ ཡེངས་མེད་དུ་ཧྲིག་གེ༔ གསལ་སྟོང་དུ་རྗེན་ནེ་ཅེ་རེ་བ་ལ་ཡུན་རིང་དུ་བཞག་གོ༔ དེའི་ངང་ལ་དབུགས་སོང་ན༔ གཞིའི་འོད་གསལ་དང་༔ ད་ལྟར་བསྒོམས་པའི་ལམ་གྱི་འོད་གསལ་གཉིས༔ ཆུ་སྣ་དང་རྒྱ་མཚོ་བྲེང་འཕྲད་པ་ལྟ་བུ༔ འོད་གསལ་མ་བུ་འཕྲད་དེ༔ ཡར་གྱི་ཟང་ཐལ་ཆོས་སྐུ་སྐྱེ་བ་མེད་པ་ཐོབ་སྟེ༔ སྐད་ཅིག་ལ་གྲོལ་བར་འགྱུར་རོ༔ ཉམས་རྟོགས་བཟང་བ་རྣམས་ནི༔ འདི་ཁོ་ན་ལ་ཡང་ནས་ཡང་དུ་བསྐྱར་བས༔ རྣམ་དག་ཆོས་སྐུའི་འཕོ་བ་ཞེས་བྱ་སྟེ༔ འཕོ་བ་ཀུན་གྱི་མཆོག་ཡིན་ནོ༔ དེའང་ངོ་མ་འཕྲོད་པ་དང་༔ ཉམས་རྟོགས་མེད་པ་རྣམས་ལ་ནི༔ ཆོས་སྐུའི་འཕོ་བ་བཏབ་རུང་༔ དམུས་ལོང་ལ་རྫས་བསྟན་པའམ༔ ཁྱི་ལ་སྐར་མ་བསྟན་པ་དང་འདྲ་བས༔ གང་ཟག་གི་བློ་ཚོད་དང་སྦྱར་བའི་འཕོ་བ་དང་གསལ་གདབ་པ་གལ་ཆེའོ༔ དེ་ལྟར་ཆོས་སྐུའི་འཕོ་བ་ཐེབས་ན༔ ཕྱིའི་རྟགས་སུ་ནམ་མཁའ་གཡའ་དག་པ་དང་༔ ནང་གི་རྟགས་སུ་ཕུང་པོ་ལ་ཡུན་རིང་དུ་བཀྲག་མི་ཡལ་ཞིང་མདངས་གསལ་བ་དང་༔ གསང་བའི་རྟགས་སུ་ཨཱ༔ དམར་པོ་དང་ཧཱུྃ་མཐིང་ག་ལ་སོགས་པ་འབྱོན་པར་འགྱུར་རོ༔ ཆོས་སྐུའི་འཕོ་བ་ས་མ་ཡ༔ གཉིས་པ་ལོངས་སྐུའི་འཕོ་བ་ནི༔ བསྐྱེད་རིམ་ལ་གཙོ་བོར་བྱེད་པ་དང་༔ ཁྱད་པར་སྟོང་པ་ཉིད་ལ་ངེས་ཤེས་ཆུང་ན༔ ལོངས་སྐུའི་འཕོ་བ་བརྩམ་པར་བྱ་སྟེ༔ ལུས་གནད་གོང་ལྟར་ཙོག་པུར་ཐུབ་ན་ལངས་ལ༔ གོང་གི་སྦྱོང་བའི་དུས་ཀྱི་འཕོ་བའི་དམིགས་པ་གསལ་གདབ༔ ཁྱད་པར་སྤྱི་བོའི་གཙུག་ཏུ་པདྨ་ཉི་མ་ཟླ་བའི་གདན་གྱི་སྟེང་དུ༔ བླ་མ་ལོངས་སྤྱོད་རྫོགས་པའི་ཆ་ལུགས༔ རྡོ་རྗེ་འཆང་ཆེན་ནམ༔ རྡོ་རྗེ་སེམས་དཔའམ༔ སྤྱན་རས་གཟིགས་ལ་སོགས་པ༔ ཁྱད་པར་རང་གི་ཡི་དམ་བསྐྱེད་རིམ་གང་ལ་མོས་པ་དེ་ཉིད་རྣམ་པ་གསལ་བར་བསྒོམ༔ ཁོང་པའི་ནང་དུ་རྩ་དབུ་མ་དྭངས་སང་ངེ་བའི་མར་སྣེ་ལྟེ་འོག་ཏུ་རང་གི་རིག་པའི་ངོ་བོ༔ ཐིག་ལེ་དཀར་པོའམ༔ ཨ་དཀར་པོའམ༔ ཧཱུཾ་མཐིང་གའམ༔ ཧྲཱིཿདམར་པོ་ལ་སོགས་པ་རང་གི་ཡི་དམ་དེ་ཉིད་ཀྱི་ས་བོན་གསལ་བར་བསྒོམ༔ ཧཱུཾ་གིས་བུག་པ་དགག་པ་རྣམས་བློས་གསལ་ན་རབ༔ མ་གསལ་ན་བུག་པ་རྣམས་ཡིད་ལ་མི་བྱེད་པར༔ དབུ་མའི་ནང་དུ་ཤེས་པ་རྩེ་གཅིག་གཏད་དེ༔ ལུས་ཤེད་སྟོད་དུ་སྤུངས་འོག་སྒོ་དྲག་ཏུ་བཙུམ༔ མིག་གྱེན་ལ་བསྒྲིལ༔ ལྕེ་རྐན་ལ་སྦྱར༔ འོག་རླུང་སྟེང་དུ་འཐེན་ལ༔ དབུ་མའི་ནང་དུ་ཤེས་པ་གཏད་དེ༔ ཧིག་ཀ་ཧིག་ཀ་ཞེས་པ་དང་སྦྲགས་ཏེ༔ རིམ་བཞིན་གྱེན་ལ་དྲངས་ཏེ༔ ཚངས་བུག་ཏུ་སླེབས་པ་དང་༔ ཚངས་པའི་བུ་ག་ཧཾ་གིས་བཀག་པ་དེ་ཁ་བྱེ་སྟེ༔ དཀར་སང་ངེ་ཡོད་པའི་ནང་ནས་ཡར་མདའ་འཕངས་པ་བཞིན་སོང་ནས༔ ཡི་དམ་གྱི་ཐུགས་ཀར་སིང་གིས་བསྟིམ༔ རིག་པ་ཡི་དམ་གྱི་ཐུགས་ཀར་ཡེ་རེ་གཏད་དེ༔ མར་མི་ཕབ་པར་ཡར་ཡང་འདྲེན་ཞིང་བསྟིམ༔ དེ་ནས་ཡི་དམ་གྱི་ལྷ་ཡང་དམིགས་མེད་ཀྱི་ངང་ལ་བཞག་གོ༔ དེའི་ངང་ལ་དབུགས་སོང་ན༔ ཡི་དམ་གྱི་ལྷ་དང་དབྱེར་མེད་པར་རིག་པ་འཛིན་པའི་གོ་འཕང་ཐོབ་སྟེ༔ ལོངས་སྤྱོད་རྫོགས་པའི་སྐུ་རུ་སངས་རྒྱས་པར་འགྱུར་རོ༔ དེ་ལྟར་ལོངས་སྐུའི་འཕོ་བ་ཐེབས་ན༔ ཕྱིའི་རྟགས་སུ་ནམ་མཁའ་འཇའ་དང་འོད་ཀྱིས་གང་བ་དང་༔ ནང་གི་རྟགས་སུ་སྤྱི་བོའི་ཚངས་བུག་ཏུ་ཁྲག་གམ་ཆུ་སེར་ཐོན་པ་དང་༔ ཟིལ་པ་ཕྲོམ་པའམ་སྐྲངས་པ་ལ་སོགས་པ་འབྱུང་༔ གསང་བའི་རྟགས་སུ་གདུང་རིགས་རྣམ་པ་ལྔའམ་གང་རུང་རེ་འབྱོན་པ་དང་༔ ལྷའི་སྐུ་གཟུགས་དང་༔ ཕྱག་མཚན་ལ་སོགས་འབྱོན་པར་འགྱུར་རོ༔ ལོངས་སྐུའི་འཕོ་བ་ས་མ་ཡ༔ གསུམ་པ་སྤྲུལ་སྐུའི་འཕོ་བ་ནི༔ ལུས་གནད་གཡས་ས་ལ་ཕབ་པས༔ རླུང་སྣ་བུག་གཡོན་ནས་རྒྱུ་བར་འགྱུར་རོ༔ དེའི་དུས་སུ་རང་གི་མདུན་དུ་སྤྲུལ་པའི་སྐུུ་ཐུབ་པ་ཆེན་པོའམ༔ སྨན་པའི་རྒྱལ་པོའམ༔ བྱམས་པའམ༔ ཡང་ན་ཨོ་རྒྱན་པདྨའི་སྐུའམ༔ བླ་མ་དགེ་བའི་བཤེས་གཉེན་གྱི་སྐུ་རིས་སུ་བྲིས་པའམ༔ འབུར་དུ་དོད་པ་གཅིག་བཞུགས་སུ་གསོལ༔ དེ་ལ་མཆོད་པ་རྒྱས་པར་བཤམས༔ སྐུ་དངོས་སུ་མེད་ན་ཡིད་ཀྱིས་གསལ་བོར་དམིགས་ལ༔ ཡིད་ཀྱིས་སྤྲུལ་པའི་མཆོད་པ་འབུལ༔ བདག་ད་ལྟ་འཆི་བ་འདི་ལ་བརྟེན་ནས༔ སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྤྲུལ་པའི་སྐུ་སྐྱེ་ནས༔ འགྲོ་དོན་རྒྱ་ཆེན་པོ་འབྱུང་བར་ཤོག་ཅིག༔ སྤྲུལ་པའི་སྐུ་དེ་ཉིད་ཀྱང་མཚན་དང་དཔེ་བྱད་ལྡན་པ༔ སྐུ་ཚེ་དང་ཕྲིན་ལས་ལ་བར་ཆད་མི་འབྱུང་ཞིང་༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི་རིག་འཛིན་ཆེན་པོར་སྐྱེ་བར་གྱུར་ཅིག༔ ཅེས་རང་གཞན་ཐམས་ཅད་ཀྱི་དོན་དུ་སྨོན་ལམ་ཀྱང་བཏབ༔ ཡིད་ཀྱིས་ཀྱང་དེ་ལྟ་བུའི་འདུན་པ་དུང་ངེ་བ་བྱས་ལ༔ རྩ་དབུ་མ་དྭངས་སང་ངེ་ཡོད་པའི་ནང་ནས༔ རིག་པའི་ངོ་བོ་དེ་ཐིག་ལེ་དཀར་ལ་དམར་བ༔ སྣུམ་ལ་འདྲིལ་བ༔ ཡར་ལ་ཁད་པ་གཅིག་ལྟེ་འོག་ཆོས་འབྱུང་གྲུ་གསུམ་དུ་ཡོད་པར་བསམ༔ འོག་སྒོ་འུབ་ཀྱིས་བཙུམ་ལ་འཐེན་པས༔ འོག་རླུང་གིས་ཐིག་ལེ་དེ་ཡར་ལ་རང་དབང་མེད་པར་ཕུལ་བ་དང་༔ ཧིག་ཀ་ཧིག་ཀ་ཞེས་ཅི་ནུས་པས་ཡར་ལ་དྲངས་པས༔ སྣ་བུག་གཡོན་གྱི་སྒོར་སླེབ་པ་དང་༔ རིག་པ་རླུང་དང་སྒྲགས་ཏེ༔ སྐད་ཅིག་གིས་མདུན་གྱི་སྤྲུལ་པའི་སྐུའི་ཐུགས་ཀ་ན་མདའ་འཕང་བ་བཞིན་དུ་བསྟིམས་ལ༔ རླུང་རིག་ཚུར་མི་བསྡུ་བར་གཞག༔ རྣམ་ཤེས་མ་སོང་གི་བར་དུ་ཡང་ཡང་བསྐྱར་བས་ཐེབས་པར་ངེས་སོ༔ དེའི་ངང་ལ་རྣམ་ཤེས་སོང་ན༔ ཕྱི་མ་སེམས་ཅན་གྱི་དོན་བྱེད་པའི་སྤྲུལ་པའི་སྐུ་གཅིག་ཏུ་སྐྱེ་བར་ངེས་སོ༔ དེ་ལྟར་སྤྲུལ་སྐུའི་འཕོ་བ་ཐེབས་ན༔ ཕྱིའི་རྟགས་སུ་ནམ་མཁའ་ལ་སྤྲིན་འཇའ་དཔག་བསམ་གྱི་ལྗོན་ཤིང་ལྟ་བུ་དང་༔ དར་དཀར་བརྒྱངས་པ་ལྟ་བུ་དང་༔ མེ་ཏོག་གི་ཆར་པ་ལ་སོགས་པ་འབྱུང་ངོ་༔ ནང་གི་རྟགས་སུ་སྣ་བུག་གཡོན་དུ་ཁྲག་གམ་ཆུ་སེར་རམ་བྱང་སེམས་ཐོན་པའམ༔ ཟིལ་པ་ཕྲོམ་པ་ལ་སོགས་པ་འབྱུང་ངོ་༔ གསང་བའི་རྟགས་སུ་རིང་བསྲེལ་ཕྲ་མོ་མང་པོ་དང་༔ དབུའི་ཐོད་པ་མ་ཞིག་པ་ཧྲིལ་པོ་དང་༔ ལྷའི་ཕྱག་མཚན་ལ་སོགས་པ་འབྱུང་ངོ་༔ སྤྲུལ་སྐུའི་འཕོ་བ་ས་མ་ཡ༔ དེ་རྣམས་ནི་རིམ་གྱིས་འཆི་བའི་དབང་དུ་བྱས་པ་ཡིན་ལ༔ ཅིག་ཆར་དུ་འཆི་བ་ལ་ནི༔ དེ་ལྟའི་སྒོམ་ལོང་མེད་དེ༔ སྐད་ཅིག་མའི་འཕོ་བ་འདི་གལ་ཆེའོ༔ དེའང་འཆི་བའི་རྐྱེན་གང་གིས་བྱེད་མི་ཤེས་པས༔ ད་ལྟ་ནས་རེས་སྦྱང་བའི་འཕོ་བ་ལ་བསླབ༔ རེས་སྐད་ཅིག་མའི་འཕོ་བ་ལ་བསླབ་བོ༔ དེ་ཡང་འདི་ལྟར་བྱ་སྟེ༔ བདག་གལ་ཏེ་གློ་བུར་དུ་འཆི་བར་འགྱུར་ན༔ འདུན་པ་སྤྱི་བོ་ལ་གཏད་དགོས་སྙམ་པའི་དྲན་འདུན་ཡེར་ཡེར་བྱ༔ འདུན་པ་འདི་གནད་ཆེ་བ་ཡིན་ནོ༔ དཔེར་ན་ཉི་ཤུ་གཉིས་ཀྱི་ཟླ་བ་ཤར་བ་དང་ལངས་ནས་འགྲོ་དགོས་སྙམ་པའི་འདུན་པ་དེའི་ནུབ་མོ་ནས་དུང་ངེ་ཡོད་ན༔ ནམ་ཕྱེད་ནས་ཟླ་བ་ཤར་བ་དང་གཉིད་སད་པ་ལྟ་བུའོ༔ དེའང་ད་ལྟར་བྲེད་སྔངས་དྲག་པོ་ནམ་བྱུང་བྱུང་དུ༔ འདུན་པ་སྤྱི་བོར་རྒྱང་རྒྱང་གཏད་པ་ལ་བསླབ་བོ༔ དེ་ནས་ཅིག་ཆར་དུ་འཆི་བ་ཞེས་བྱ་བ༔ བྲག་གཡང་མཐོན་པོ་ལ་ཕྱོད་ཀྱིས་ལྷུང་བའི་ཚེ༔ བདག་འཆིའོ་སྙམ་པ་གཅིག་འོང་བས༔ དེ་མ་ཐག་ཏུ༔ སྤྱི་བོར་བླ་མ་དུང་གིས་དྲན་པའམ༔ ཡི་དམ་དུང་གིས་དྲན་ན་རབ་ཡིན༔ དེ་དྲན་ལོང་མ་བྱུང་ན༔ འདུན་པ་སྤྱི་བོར་རྒྱང་གིས་གཏད་པ་གནད་ཡིན་ནོ༔ དེའི་ཚེ་འདུན་པ་གཏད་རྒྱུ་འོང་བའི་རྒྱུ་མཚན་ནི༔ ད་ལྟར་ཡང་རང་རེ་ཚོ་བྲེད་སྔངས་དྲག་པོ་བྱུང་བ་དང་༔ ཁ་ནས་ཕ་བླ་མ༔ ཞེས་རྒྱང་གིས་བཏོན་རྒྱུ་འོང་ནས་འདུག་པའི་ཕྱིར༔ དེའི་དུས་ཀྱང་བླ་མ་དྲན་པའམ༔ རིག་པ་སྤྱི་བོར་གཏད་རྒྱུ་ངེས་པར་འོང་བས༔ གནད་འདི་ཤིན་ཏུ་ཟབ་བོ༔ དེ་བཞིན་དུ༔ མེ་ཆེན་པོའི་ནང་དུ་ཧྲིལ་ཐུམ་པའམ༔ ཆུ་ཆེན་པོའི་ནང་དུ་ཡུད་ཀྱིས་ཁྱེར་བའམ༔ མགོ་ལ་ཐོག་ཕོག་པའམ༔ སྙིང་ལ་མདའ་ཕོག་པ་ལྟ་བུའམ༔ དེ་མ་ཐག་ཏུ་སྤྱི་བོར་བླ་མ་དུང་གིས་དྲན་པའམ༔ རིག་པ་སྤྱི་བོར་ཏུང་གིས་གཏད་པ་ནི༔ སྐད་ཅིག་མའི་འཕོ་བའང་ཟེར༔ བཙན་ཐབས་ཀྱི་འཕོ་བ་ཞེས་ཀྱང་བྱ་སྟེ༔ ཤིན་ཏུ་ཟབ་པས་ལེགས་པར་བློ་ལ་བྱང་བར་བྱའོ༔ དེའང་ཐ་མལ་པ་བྲེད་སྔངས་དྲག་པོ་བྱུང་བའི་དུས་སུ༔ ཕ་བླ་མ་ཞེས་པའམ་ཨོ་རྒྱན་ཅེས་སངས་རྒྱས་ཀྱི་མཚན་ནས་བོས་པ་ལའང་ཡོན་ཏན་དུ་མ་ཡོད་པར་གསུངས་ན༔ འདུན་པ་སྤྱི་བོར་བླ་མ་ལ་གཏད་པ་ནི༔ ཡོན་ཏན་བསམ་གྱིས་མི་ཁྱབ་བོ༔ དེ་ཡང་རྣམ་ཤེས་འཕོ་བའི་ལམ་ལ་ཁྱད་པར་ཆེ་སྟེ༔ དེ་ལ་རབ་འབྲིང་ཐ་མ་གསུམ་སྟེ་དགུའོ༔ སྤྱི་བོར་ཚངས་པའི་བུ་ག་ནི་དག་པ་མཁའ་སྤྱོད་དུ་འགྲོ་བའི་ལམ་ཡིན་པས༔ དེར་རིག་པ་ཐོན་ན་ཐར་པ་ཐོབ་པར་འགྱུར་རོ༔ ལམ་མཆོག་ཏུ་གྱུར་པ་ཡིན་པས༔ དེར་འདུན་པ་གཏད་པ་ལ་བྱང་བ་གལ་ཆེའོ༔ མིག་ནས་རྣམ་ཤེས་འཕོས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོར་སྐྱེ༔ སྣ་བུག་གཡོན་ནས་མི་ལུས་གཙང་མ་སྟཻ༔ སྒོ་རབ་གསུམ་མོ༔ སྣ་བུག་གཡས་ནས་གནོད་སྦྱིན༔ རྣ་བ་གཉིས་ཀ་ནས་གཟུགས་ཁམས་ཀྱི་ལྷ༔ ལྟེ་བ་ནས་འདོད་པའི་ལྷར་སྐྱེས༔ སྒོ་འབྲིང་གསུམ་མོ༔ ཆུ་ལམ་ནས་དུད་འགྲོ༔ སྲིད་པའི་སྒོ་ཞེས་བྱ་བ་ཁ་དང་ཐིག་ལེ་དཀར་དམར་རྒྱུ་བའི་ལམ་ནས་ཡི་དྭགས༔ བཤང་ལམ་ནས་དམྱལ་བར་སྐྱེ་སྟེ༔ སྒོ་ཐ་མ་གསུམ་མོ་དེ་ལྟར་རྣམ་ཤེས་འཕོ་བའི་སྒོ་ལ་ཁྱད་པར་ཤིན་ཏུ་ཆེ་བས༔ ཤི་ཁར་རིག་པ་སྤྱི་བོར་གཏད་པ་ལ་ཡོན་ཏན་དཔག་ཏུ་མེད་དོ༔ བཙན་ཐབས་སུ་འཕོ་བ་ས་མ་ཡ༔ ༈ བཞི་པ་ཐ་མལ་པའི་འཕོ་བ་ནི༔ སྟོང་ཉིད་ཀྱི་དོན་མ་རྟོགས་པ་དང་༔ བསྐྱེད་རྫོགས་ཀྱི་དོན་མི་ཤེས་པ་རྣམས་ལ་ནི༔ མགོ་བྱང་དུ་བསྟན༔ གཡས་ས་ལ་ཕབ༔ བླ་མའམ་མཆེད་གྲོགས་ཀྱིས༔ རིག་པ་གསལ་བ་དང་༔ ཁམས་ཀྱིས་ལྕོག་པར་འདུག་ན༔ སྐྱབས་འགྲོ་སེམས་བསྐྱེད་དང་༔ སྡིག་པ་བཤགས་སུ་བཅུག༔ དེ་ནས་དགེ་བསྙེན་གྱི་སྡོམ་པ་ཕོག༔ ལོང་བྱུང་ན་གསང་སྔགས་ཀྱི་དབང་བསྐུར་བྱ༔ དེ་ཁོ་ནས་ཀྱང་དམ་ཚིག་དང་སྡོམ་པ་མ་ཉམས་པ༔ སོ་མ་ལ་ལས་འཕྲོ་བཟང་པོ་ལ་ཤི་བས༔ ངན་སོང་ལས་ཐར་ཏེ་ཡོན་ཏན་དཔག་ཏུ་མེད་དོ༔ དེ་ཙམ་ཡང་མི་ནུས་པའི་མི་ལ༔ དལ་བུས་མིང་ནས་འབོད་ལ༔ ཁྱེད་རང་གི་སྤྱི་བོར་ཇོ་བོ་ཐུགས་རྗེ་ཆེན་པོ་བཞུགས་ནས་ཡོད་དོ༔ མོས་གུས་ཀྱིས་ཤིག༔ ཅེས་བརྗོད་ལ་སྤྱི་བོར་རེག་རེག་བྱ༔ ཚངས་བུག་གི་སྐྲ་ལ་རན་ཙམ་རེ་འཐེན་ནོ༔ དེས་རྣམ་ཤེས་ཚངས་བུག་ནས་ཐོན་ནོ༔ དེ་ཙམ་ཡང་མི་ནུས་པའི་དུད་འགྲོ་དང་ཁྱད་མེད་པ་རྣམས་ལ༔ མགོ་ཕྱོགས་ནས་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ལ་ཕྱག་འཚལ་ལོ༔ ཞེས་མང་དུ་བརྗོད་པས༔ ངན་སོང་ལས་ངེས་པར་གྲོལ་ནས་མཐོ་རིས་སུ་སྐྱེ་སྟེ༔ སངས་རྒྱས་འདི་ནི་སྔོན་སྨོན་ལམ་བཏབ་པའི་ཚེ༔ བདག་གི་མིང་ཐོས་པ་ཐམས་ཅད་ངན་སོང་ལས་ཐར་པར་གྱུར་ཅིག༔ ཅེས་སྨོན་ལམ་བཏབ་པའི་ཕྱིར་རོ༔ གཞན་ཡང་སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྻ་འོད་ཀྱི་རྒྱལ་པོའི་མཚན་ནས་བརྗོད་ན་ཡང་༔ མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སྐྱོབ༔ ཅེས་གསུངས་སོ༔ དེ་བཞིན་དུ་སངས་རྒྱས་ཀྱི་མཚན་ཤེས་ཚད་བསྒྲགས༔ ཡི་གེ་དྲུག་པ་ལ་སོགས་པའི་སྙིང་པོ་བྱིན་རླབས་ཅན་གང་ཤེས་འདོན༔ ཁྱད་པར་དུ་བཏགས་གྲོལ་ཡོད་ན་བཀླག༔ ཐོས་གྲོལ་འདོན༔ སྨོན་ལམ་ཤེས་ཚད་བཏབ་བོ༔ དེས་ལས་འཕྲོ་བཟང་པོ་བཞག་ནུས་པས་ཡོན་ཏན་ཤིན་ཏུ་ཆེའོ༔ ཐ་མའང་གཡས་པ་ས་ལ་ཕབ༔ མགོ་བྱང་དུ་གཏད་ནས་ཤི་བ་ཁོ་ནས་ཀྱང་ངན་སོང་དུ་མི་འགྲོ་བར་གསུངས་སོ༔ དེས་ན་ཆོས་བྱས་པའི་ཡོན་ཏན་ཐམས་ཅད་ཤི་ཁར་སླེབ་པ་ཅིག་དགོས་པས༔ ཤི་བ་ལ་མཁས་པ་གཅིག་གལ་ཆེའོ༔ འཆི་ཁ་བར་དོའི་ཁྲིད་ཡིག༔ འཕོ་བ་དྲན་པ་རང་གྲོལ་ཞེས་བྱ་བ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔