།རྫོགས་པ་ཆེན་པོ་འཇམ་དཔལ་ཐུགས་ཏིག་ལས་ཆོས་ཐམས་ཅད་དགོངས་པ་ཆོས་ཉིད་ལས་མི་གཡོ་བ་ལ་ལ་བཟླ་བའི་ལེའུ་སྟེ་བཅུ་པའོ།། །།

༈ བཏང་བཞག་འགྲོ་འོང་མེད་པའི་ཆོས་ཉིད་གཤིས། །བཙལ་བའི་མི་རྙེད་རང་བཞིན་བཞག་པས་འགྲུབ། །ཐུན་མོང་ཐེག་པའི་གཟུགས་སྒྲ་དྲི་རོ་རེག །ལྷ་སྐུ་ཕྱག་མཚན་ཕྱི་ཡི་སྣང་བའི་ཡུལ། །རྩ་རླུང་ཐིག་ལེ་འཁོར་ལོ་གཏུམ་མོ་དང༌། །ཡི་གེ་འོད་ཀྱི་གོང་བུར་སྣང་དང་བཅས། །སྣང་མེད་མི་རྟོག་ངང་ལ་ཧད་རེར་བཞག །འདི་དག་གཏད་སོ་ཅན་གྱི་སྒོམ་པ་སྟེ། །གཟུང་འཛིན་འགོག་པར་འདོད་ཀྱང་གཟུང་འཛིན་དུ། །སོང་བས་ཟབ་མོའི་དོན་ལ་འཇུག་ཐབས་ཙམ། །མེ་ལ་ཚ་བ་ཆུ་ལ་གཤེར་བ་ལྟར། །རང་བབས་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ། །ཡོན་ཏན་ངང་གིས་སྐྱེ་བས་དུས་རྣམ་ཀུན། །མི་འབྲལ་སྐུ་གསུམ་རིག་པའི་རང་ཞལ་མཇལ། །གནས་ཆ་དང་ནི་རིག་པ་རང་གནས་བབས། །གསལ་ལ་མི་རྟོག་ཙམ་དུ་འདྲ་ན་ཡང༌། །སེམས་ཀྱི་གནས་སའི་ཆ་ལ་ཞེན་ཆ་དང༌། །རིག་པ་ཟང་ཐལ་བྱུང་བར་མཚམས་པ་མེད། །སེམས་ཀྱི་དྲན་བསམ་ཡུལ་ཐོག་འཆར་བ་དང༌། །རིག་པ་དྭངས་གསལ་སྣང་ཆ་མ་འགགས་པ། །སྣང་ཡུལ་ཤེས་པ་འདྲ་ཡང་རིག་པ་ནི། །ཡུལ་ཕྱིར་མི་འབྲང་ཟང་ཐལ་རྩ་བ་ཆོད། །སེམས་ནི་ཡུལ་ཐོག་ཕར་འཕྲོ་རྟོག་པ་སྐྱེ། །མདོར་ན་དམིགས་གཏད་ཅན་ཀུན་གཟུང་འཛིན་བློ། །རང་བབས་རིག་པ་ཆོས་ཉིད་འཁོར་ལོ་ཡིན། །སྔ་མས་སྲིད་པ་ཕྱི་མས་ཐར་བ་འོ། །རིག་སྟོང་རྗེན་པར་རྟོགས་པས་ནོར་དོན་མེད། །དབང་པོའི་མངོན་སུམ་རྟོགས་པས་རྟོག་དཔྱོད་བྲལ། །རིག་པ་ཟང་ཐལ་དག་པས་ཚིག་ལས་འདས། །ཅིར་སྣང་སྐུ་གསུམ་ལམ་སྣང་གདེང་འཆའ་བྲལ། །ཟང་ཐལ་ལྟ་སྒོམ་སྤྱོད་འབྲས་སྒྲིབ་བྱེད་མཐོང༌། །སེམས་གནས་ངལ་གསོའི་ཞི་གནས་ལྷག་མཐོང་ལ། །རེ་ལྟོས་མི་འཆའ་དུ་མ་ཁྱད་པར་འཕགས། །དགག་བསྒྲུབ་སེམས་བཟུང་བྱ་བ་ཀུན་བཏགས་ནས། །རིག་སྟོང་ཟང་ཐལ་རྗེན་པར་བུད་པ་ལ། །ངོ་བོ་མ་གཡོས་ཚུར་ལ་མི་ལེན་ཞིང༌། །ཕར་ལ་མི་སྤྲོ་སྒོམ་པས་མ་བཅིངས་པར། །ཟང་ཐལ་རང་བབས་བཞག་ཐབས་རྣམ་བཞི་དང༌། །ཏིང་འཛིན་གསུམ་གྱི་རིག་པ་སྲད་དུ་འཛུད། །རླུང་གིས་མ་བསྐྱོད་རྒྱ་མཚོར་གཟའ་སྐར་རྣམས། །ཆུ་ལས་མ་གཡོས་མ་གོས་སྣང་བ་ལྟར། །རིག་པ་ཟང་ཐལ་སྣང་ཡུལ་མ་འགགས་པར། །གང་ཤར་འཛིན་པས་མ་བསླད་དྭངས་སང་ངང༌། །མི་སྤྲོ་མི་བསྡུ་རེ་དོགས་མེད་པ་རུ། །རྒྱ་མཚོ་ཅོག་བཞག་དགོངས་པའི་ཉམས་སུ་བླངས། །ཁ་ཅིག་ཅོག་བཞག་ཐོད་རྒལ་ལྷུན་གྲུབ་ཐབས། །ཡིན་ཞེས་སྨྲ་བ་ཉིད་ནི་ཕྱོགས་རིས་བློ། །ཐོད་རྒལ་ལམ་ལ་ཟང་ཐལ་རིག་པ་འདི། །རྗེན་ལ་མ་བུད་སྲིད་འཁྲུལ་ཤེར་བྱར་གསུངས། །རིག་གདངས་ལུ་གུ་རྒྱུད་ལ་འཇོག་པ་ཡང༌། །ཟང་ཐལ་རྗེན་པའི་སྟེང་དུ་འཇོག་པ་གནད། །རིག་པ་དྭངས་པ་རྒྱ་མཚོ་ལྟ་བུའི་ངང༌། །གནས་དུས་རིག་པ་རྗེན་པར་ངོས་བཟུང་ནས། །དེ་ལས་མ་གཡོས་ཕྱི་ནང་བར་མཚམས་མེད། །ཆོས་ཉིད་གཅིག་ཏུ་འཆར་བ་སྔ་ཕྱི་ཟབ། །སྣང་བ་ཅིག་ཆོད་གསང་བ་སྣང་བ་ལ། །ཞེན་པས་མ་བཅིང་རང་སྣང་རྒྱ་ཡན་ནོ། །སྤང་བླང་མི་བྱེད་དབྱེ་གསལ་མེད་པའི་ངང༌། །ཡུལ་སྣང་མ་འགགས་རིག་ཅིང་རྟོག་མེད་དུ། །མི་བཞག་མི་བཀག་རང་གསལ་རང་ཤར་དུ། །ཟང་ཐལ་གོས་པ་མེད་པར་རིག་པར་གནས། །སྣང་ཤེས་གཉིས་མེད་རོ་གཅིག་ཉམས་བླངས་ཏེ། །སྣང་བ་གང་ཤར་རིག་པ་ཟང་ཀ་མར། །ངོས་བཟུང་དུས་གསུམ་འབྲེལ་ཐག་ཆད་པ་ཡི། །དགོངས་པ་རང་ཤར་འོད་གསལ་ལྷུན་གྲུབ་དང༌། །འདས་པ་མི་རྟོག་མ་འོངས་མི་བསམ་ཞིང༌། །ད་ལྟ་མི་དཔྱོད་ཟང་མ་རྗེན་པའི་ངང༌། །མི་གཡོ་མི་སྤྲོ་མི་བཟུང་ངང་ལ་བཞག །འདས་དང་མ་འདས་ད་ལྟའི་སེམས་དང་ནི། །དུག་གསུམ་དུས་གསུམ་སངས་རྒྱས་གང་ལ་ཡང༌། །ཞེན་འཛིན་བློ་ཡི་གཏད་སོ་མི་བྱེད་པར། །ལྷན་མཉམ་ཡངས་པ་ཆེན་པོར་བབས་ཀྱིས་ཞོག །ཡེ་ནས་འཕོ་འགྱུར་མེད་པ་ཆོས་ཉིད་དང༌། །སྣང་སེམས་གཉིས་མེད་རང་བབས་ཏིང་འཛིན་དང༌། །རྐྱེན་སྣང་འགྱུ་བའི་མི་གཡོ་རི་བོ་བཞིན། །མཆོག་གསང་ཀུན་བཟང་ཐུགས་ཀྱི་དགོངས་པར་ཞོག །ལུས་ནི་སྐྱིལ་ཀྲུང་མིག་ནི་བར་སྣང་གཏད། །ཤེས་པ་སྤྲོ་བསྡུ་མེད་པ་ས་ལེར་བཞག །རིག་པ་ཟང་ཀའི་ངོ་བོ་མི་གཡོ་བར། །སྣང་སེམས་རྒྱས་ཐེབས་ཡེ་ནས་སྤྱི་བླུགས་སོ། །རང་གནས་ཏིང་འཛིན་ལྟ་སྒོམ་སྤྱོད་འབྲས་ལས། །འདས་ཀྱང་དེ་ཡི་མིང་གིས་མཚོན་པ་ནི། །རང་བབས་ཆོས་ཉིད་དམིགས་བསལ་བྲལ་བ་ཡི། །བལྟར་མེད་རིག་པ་སྤྱི་བླུགས་ཚུལ་དུ་བལྟ། །བཏང་བཞག་འགྲོ་འོང་བྲལ་བའི་ངང་བསྒོམ་གྱིས། །བསྒོམ་མེད་ཡེངས་མེད་སྤྱི་བླུགས་བསྒོམ་པ་འོ། །ཀློང་གསལ་བྱ་བྱེད་ཀུན་ལས་འདས་པ་ཡི། །སྤྱོད་མེད་སྤྱོད་པ་སྤྱི་བླུགས་སྤྱོད་པ་ཡིན། །ཡེ་ནས་ཆོས་སྐུ་ལྷུན་གྲུབ་སྒྲུབ་མེད་དང༌། །དེ་དོན་ལྷུན་གྱིས་བཞག་པ་སྤྱི་བླུགས་འབྲས། །དེ་ལྟར་ལྟ་སྒོམ་སྤྱོད་འབྲས་བཞི་ཡི་དོན། །སྣང་བར་མི་སྤྲོ་ཤར་བ་རང་གིས་བརྒྱན། །རང་ཡལ་རྗེས་མེད་སྤྱོད་པ་ཟང་ཐལ་ལ། །ནང་འགྱུ་སེམས་ལ་མི་རྟོག་མ་འགགས་རྩལ། །རང་ངོ་རང་དྭངས་རང་གསལ་རྒྱ་མཚོའི་ཀློང༌། །གཉིས་མེད་མཉམ་པའི་ངང་ལ་མི་བསྒོམ་པར། །རང་བབས་བསམ་གཏན་ཚོགས་དྲུག་ལྷུག་པ་ལ། །འཛིན་རྩོལ་གཉེན་པོས་མ་བསླད་རང་གནས་ཀྱི། །ཅོག་བཞག་ཏིང་ངེ་འཛིན་ལ་བསླབ་པར་བྱ། །ཡུལ་དུ་མི་རྟོག་སེམས་སུ་མི་འཛིན་ཅིང༌། །རེ་དོགས་འབྱུང་འཇུག་ཡུལ་སེམས་མཉམ་པའི་ངང༌། །རང་རིགས་བསམ་གཏན་ཡུལ་ཐོག་འཆར་བ་གཉིས། །ཅེར་གྱིས་ངེས་བཟུང་གཏན་ལ་འབེབས་པ་འོ། །ཐམས་ཅད་གཞི་ཀློང་བྱང་ཆུབ་སེམས་ཀྱི་ངང༌། །ཐུགས་རྗེ་འཆར་ཚུལ་མ་འགགས་རོལ་བའི་རྩལ། །སྣ་ཚོགས་སྣང་བའི་ཆོས་ཀུན་བཟང་ངན་དང༌། །བླང་དོར་བྲལ་བ་ཆོས་ཉིད་ངང་དུ་འདུས། །ཐམས་ཅད་ཡེ་ནས་མཉམ་ཉིད་རང་གི་རིག །ཤར་དང་མི་ཤར་གནས་དང་མི་གནས་དང༌། །གྲོལ་དང་མ་གྲོལ་ཡེ་ནས་མི་དམིགས་སོ། །ཤར་གནས་གྲོལ་གསུམ་རང་གི་རིག་ཐོག་ལས། །གཞན་མེད་ཟང་ཀའི་རང་ས་ངོ་ཤེས་ཟིན། །ཤར་གནས་གྲོལ་གསུམ་རང་བྱུང་རིག་པར་བསྡམ། །ཆོས་རྣམས་རང་བཞིན་མེད་པར་ཡེ་ནས་བསྟོད། །སྐྱེ་འགགས་གནས་གསུམ་རྩ་བ་ཡེ་གྲོལ་དུ། །རང་བྱུང་རིག་པའི་ངང་དུ་འགགས་བསྡམ་པ། །ཤེས་པ་ཐུག་འཕྲད་སྣང་བ་ཐུག་འཕྲད་དུ། །ཤར་དུས་ཟང་ཀར་གཞི་མེད་རྩ་བྲལ་དུ། །མི་འགགས་མི་འཛིན་མི་དཔྱོད་རྗེན་པ་རུ། །ངོས་བཟུང་ངང་ལ་མ་ཡེངས་སྐྱོང་བ་འོ། །རྒྱུན་ཆད་མེད་པའི་རིག་རྩལ་མ་འགགས་པ། །ཤར་གནས་གྲོལ་གསུམ་ངང་ལས་མི་འདའ་བའི། །ཤར་གྲོལ་དུས་མཉམ་རྒྱུ་འབྲས་མ་ཟད་པར། །གཅེར་མཐོང་གྲོལ་བ་ཆེན་པོར་འགགས་བསྡམ་པ། །གང་ཤར་དེ་ལ་ཅེར་གྱིས་བཞག་པ་ཡི། །རྗེས་མེད་རང་ཡལ་རིག་པ་ངོས་བཟུང་ནས། །གནས་ཆ་ཞི་གནས་ཟང་ཐལ་རིག་པ་རུ། །ཁྱད་པར་འབྱེད་པ་གོལ་ས་མེད་པ་འོ། །གང་དུ་མ་གྲུབ་རིག་པ་ཀུན་ཏུ་བཟང༌། །སྟོང་གསལ་ཟང་ཐལ་རང་ངོ་ཟིན་པ་ལ། །མཐའ་གྲོལ་བསམ་བརྗོད་བྲལ་བར་འགགས་བསྡམ་པ། །མི་རྟོག་མི་བསམ་སྐྱེ་མེད་ངོས་བཟུང་ངོ༌། །བཟང་ངན་བླང་དོར་མེད་པར་མཉམ་པ་ཉིད། །གཞི་མེད་མཁའ་ལྟར་རྟོགས་པའི་བྱང་ཆུབ་སེམས། །རེ་དོགས་མཚན་མ་བྲལ་ལ་ཨ་རེ་སྐྱིད། །གེགས་དང་གོལ་ས་མེད་པས་ཉམས་རེ་དགའ། །ཐིག་ལེ་ཉག་གཅིག་ཆོས་སྐུ་བློ་བདེའི་ངང༌། །མ་བཅོས་རྣལ་བཞག་ཆོས་ཉིད་ཆེན་པོ་ལ། །གཅིག་གྲོལ་ཟང་ཀ་རྗེན་པར་འགགས་བསྡམ་པར། །རིག་པ་ཉག་གཅིག་ངོས་བཟུང་རྒྱ་ལས་གྲོལ། །རྨི་ལམ་འགྲོ་འདུག་སྣང་བ་ཐམས་ཅད་ཀུན། །གཉིད་ཀྱི་ངང་ལ་འགྲོ་འདུག་མེད་པ་ལྟར། །སྣང་སྲིད་འཁོར་འདས་ཆོས་རྣམས་ཐམས་ཅད་ཀུན། །རང་མལ་ཆོས་སྐུའི་ངང་ལས་མ་གཡོས་སོ། །སྨྲ་བརྗོད་ཐམས་ཅད་བརྗོད་མེད་རིག་པའི་ངང༌། །དྲན་རིག་བྱང་སེམས་གཞི་མེད་རྩ་བ་ལ། །སྐུ་གསུམ་ཞིང་ཁམས་རང་རིག་གཅིག་པུར་འདུས། །དྲན་བསམ་མེད་པའི་སེམས་ཉིད་ཆོས་ཀྱི་དབྱིངས། །འབྱུང་འཇུག་རེ་དོགས་བྲལ་བ་ཕྱམ་བདལ་ནས། །མཁའ་མཉམ་བསམ་བརྗོད་བྲལ་བར་འཆིངས་སུ་བཅང༌། །རིག་པའི་རང་བཞིན་འོད་གསལ་ཉི་ཟླ་ལྟར། །རང་གསལ་རྗེན་བུ་རྣམ་རྟོག་འཕྲོ་འདུ་མེད། །ས་ལེར་བཞག་པའི་གསལ་སྟོང་རིག་པར་འཆར། །འཆར་ཚུལ་མ་འགགས་འགྱུ་འཕྲོས་ཅི་ཤར་ཡང༌། །བཟང་ངན་མེད་པ་ཟང་ཐལ་རིག་པ་རུ། །ངོས་བཟུང་གང་ཤར་འཆར་དུ་འཇུག་པ་དེ། །ཤར་གྲོལ་རེ་མེད་རྗེན་པར་བཅིང་བ་འོ། །རྩལ་དང་རོལ་བ་འཆར་ཚུལ་མ་འགགས་པར། །མ་བཟུང་མ་བཏགས་འཆར་གཞི་ཟང་ཀ་མ། །ངོས་བཟུང་མ་ཡེངས་ངང་དུ་འཕྲང་བསལ་དེ། །ཟང་ཀ་ཐིག་ལེ་གཅིག་ཏུ་མ་གཡོས་པ། །ཟང་ཀའི་རང་ངོ་ཤེས་དང་མི་ཤེས་པས། །སྲིད་པའི་བསམ་གཏན་རང་རིག་བསམ་གཏན་འགྲུབ། །ངོ་བོ་མ་གཡོས་གཏད་སོའི་བསྒོམ་མེད་པ། །ངོ་བོ་བློ་འདས་འཕྲང་བསལ་དྲན་བསམ་དང༌། །ཡུལ་ཕྱིར་འཕྲོ་འདུ་ལས་འདས་འགགས་སུ་བཅིང༌། །ལྟ་སྒོམ་སྤྱོད་འབྲས་སྤྲོས་བྲལ་ཉག་གཅིག་ལ། །གང་ལྟར་བཏགས་ཀྱང་ཡོད་པའི་འཕྲང་བསལ་ཀྱང༌། །འཁོར་འདས་སྤང་ཐོབ་མེད་པ་ཉག་གཅིག་གོ །རང་གནས་ཟང་ཐལ་རྗེན་པའི་ས་བཟུང་ནས། །རྒྱ་གྲོལ་ཡངས་པ་ཆེན་པོར་དཔངས་བསྟོད་ནས། །ཐམས་ཅད་ཟང་ཐལ་ངང་དུ་ཐག་ཆོད་དེ། །དགོངས་པ་རང་གནས་ཏིང་འཛིན་ཅོག་བཞག་གོ །ངོ་བོ་བཟུང་མེད་རོལ་བ་ཅི་ཤར་ཡང༌། །མ་བཟུང་སྣང་བའི་རིག་པར་མ་གོས་ཏེ། །སྐྱེ་བའི་ཡུལ་མེད་འཛིན་པའི་ཆོས་མེད་ལ། །ལྷུན་མཉམ་ཀུན་བཟང་དགོངས་པའི་མཆོག་ཏུ་ཕྱིན། །ཉོན་མོངས་སྟོང་སྟེ་འཁྲུལ་མཁན་འཇུག་མཁན་མེད། །འཛིན་པའི་རྒྱ་གྲོལ་གཟུང་འཛིན་མཁར་ཡང་འགྱེལ། །གཟུང་འཛིན་ཡུལ་མེད་སངས་རྒྱས་ཉག་གཅིག་གོ །འཛིན་པའི་སེམས་འཁྲུལ་བྲལ་བ་སངས་རྒྱས་ཐུགས། །སེམས་སྣང་ལས་ཉོན་རྣམ་སྨིན་དཔག་མེད་ཀྱང༌། །སེམས་ཀྱི་རྫུན་རིས་རྫུན་ཕུག་ད་རྡིབ་བོ། །སེམས་དང་ཡེ་ཤེས་ཁྱད་པར་ཤིན་ཏུ་གལ། །རང་མལ་གནས་པའི་ཟང་ཐལ་རྗེན་པ་ནི། །རིག་པའི་ཆ་ཡིན་རྟོག་པ་མི་འཕྲོ་བ། །ཞི་གནས་ཆ་དེ་ཤིན་ཏུ་ཁྱད་པར་བྱེད། །རིག་པ་མེ་ལོང་རྩལ་ནི་དྭངས་གསལ་འདྲ། །རོལ་བ་གཟུགས་བརྙན་ལྟ་བུར་ཤར་བའི་དུས། །ཟང་ཐལ་རང་ངོ་ཟིན་པ་ཆོས་ཀྱི་སྐུ། །ཟང་ཀ་མ་རྟོགས་རྟོག་མེད་ལུང་མ་བསྟན། །ཀུན་གཞི་བསམ་གཏན་སྒྲུབ་པ་རྣམ་ཤེས་ཆ། །ཚོགས་དྲུག་ཡུལ་ལ་ཕར་འཕྲོ་སྲིད་ལས་བསགས། །སྤྲོས་བྲལ་ལས་དང་བག་ཆགས་ན་མ་ཡིན། །ཀུན་གཞི་སྲིད་པ་འཁོར་བའི་གཞི་རྟེན་ནོ། །སེམས་ཀྱི་ངོ་བོ་འཁྲུལ་བར་རྟོག་པ་འོ། །རིག་པ་ཟང་ཐལ་ངང་ལས་མ་གཡོས་པ། །སེམས་ལ་དག་དང་མ་དག་རྣམ་པ་གཉིས། །ཡེ་ཤེས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ། །མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་དང་ནི། །ཡུལ་ལ་ཇི་ལྟ་ཇི་སྙེད་རྣམ་གཉིས་སོ། །ཟང་ཐལ་ཆོས་སྐུའི་ངོ་བོ་རྒྱུ་འབྲས་ལས། །འདས་ཀྱང་རྒྱུ་འབྲས་གཏན་མེད་མི་འདོད་དོ། །སྲིད་པའི་རྒྱུ་འབྲས་རྨི་ལམ་འདྲ་བ་ཉིད། །དོན་མེད་བྱིས་པའི་བྱ་བ་ཇི་བཞིན་དུ། །རྟོགས་ནས་གཉུག་མའི་རང་བབས་མི་འདའ་བར། །ཉམས་སུ་ལེན་པ་འདུན་པའི་ཡང་རྩེ་ལགས། །རྫོགས་པ་ཆེན་པོ་འཇམ་དཔལ་ཐུགས་ཏིག་ལས་ཆོས་ཐམས་ཅད་དགོངས་པ་ཆོས་ཉིད་ལས་མི་གཡོ་བ་ལ་ལ་བཟླ་བའི་ལེའུ་སྟེ་བཅུ་པའོ།། །།