ཐམས་ཅད་རིག་པའི་ཆོ་ག་འཁོར་བ་ཀུན་གྲོལ་གྱི་ཟུར་འདེབས།― TNT13_Page_0365 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཐམས་ཅད་རིག་པའི་ཆོ་ག་འཁོར་བ་ཀུན་གྲོལ་གྱི་ཟུར་འདེབས་བཞུགས་སོ། ། ― TNT13_Page_0366 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཨོཾ་སྭཱ་སྟི། ཐམས་ཅད་རིག་པའི་དཀྱིལ་འཁོར་གྱི་ཆོ་ག་འཁོར་བ་ཀུན་གྲོལ་གྱི་ཟུར་འདེབས་ཅུང་ཟད་བརྗོད་པར་བྱའོ། །དེ་ལ་བསྙེན་པའི་ཆོ་ག་དང༌། དཀྱིལ་འཁོར་གྱི་ཆོ་ག །གཉིས་ལས། དང་པོ་བསྙེན་པའི་ཆོ་ག་ནི། ཨོཾ་སྭ་བྷཱ་ཝ་སོགས་ནང་ཁྲུས་ནས། སྡིགས་པར་མཛད་པའོ། །ཞེས་པའི་བར་ཡོངས་རྫོགས་སམ། བསྡུ་ན་ལྕེ་ལག་བྱིན་གྱིས་བརླབ་པ་མེད་ཀྱང་ཆོག་པས། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་ཧཱུཾ་ལས། རང་ཉིད་རྡོ་རྗེ་ཁྲོ་བོ་མེ་ལྟར་འབར་བ། ནས། སྡིགས་པར་མཛད་པའོ། །ཨོཾ་བཛྲ་སཏྭ་ཀྲོ་དྷ་ནས་ཧཱུཾ་ཕཊ། ལན་དགུ ཨོཾ་བཛྲ་ཙཀྲ་ཧཱུཾ། ནས། དཀྱིལ་འཁོར་གྱི་འཁོར་ལོ་རང་གི་སྙིང་གར་ཐིམ། ཤུ་ནྱཱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེངདུ། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་ཅིང༌། གཡོན་ ― TNT13_Page_0367 ―
[མ་དཔེ་གཟིགས་ན་འདིར་གནོན།]
དྲིལ་བུ་དཀུར་བསྟེན་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང༌། རབ་ཏུ་དགེས་པའི་སྤྱན་གདངས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །འདི་དཀྱིལ་འཁོར་བཅུ་གཉིས་པོ་ཐམས་ཅད་ཀྱི་ཐུན་མོང་གི་དབང་དུ་བྱས་པ་ཡིན་ལ། ཀུན་རིག་ཁོ་ན་ལྟར་ན་ཨོཾ་དང་འཁོར་ལོ་ལ་རྣམ་པར་སྣང་མཛད་དུ་བསྐྱེད་པ་ཉིད་བཟང་བས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཛཿཧཱུཾ་ནས་དྲི་ཤྱ་ཧོཿཨརྒྷཾ་ནས། ཤཔྟའི་བར་གྱི་མཆོད། ཨོཾ་བཛྲ་ཨཾ་གུ་ཤ་སོགས་ཀྱིས་དགུག་གཞུག་བཅིངས་མཉེས་བྱ། རྡོར་སེམས་སམ་རྣམ་སྣང་ཉིད་ཀྱིས་ཕྱག་རྒྱ་བཞིའི་རྒྱས་བཏབ་བྱ། དེ་རྗེས་ཨོཾ་བྷྲི་ཏ་སོགས་གནས་གསུམ་བྱིན་གྱིས་བརླབ་པ་དང༌། རིགས་ལྔའི་ཕྱག་རྒྱས་དབང་བསྐུར་བ་རྣམས་དང་པོ་སྦྱོར་བ་བཞིན་དུ་བྱ། དེ་རྗེས་བཟླས་པ་ཅི་འགྲུབ་བྱ་སྟེ། རྣམ་སྣང་དུ་བསྒོམ་ན། ཨོཾ་སརྦ་བིད་སོགས་གཙོ་བོའི་སྔགས་འབུམ་ཕྲག་བཞི་འམ། བཅུ་དྲུག་དང༌། རྡོར་སེམས་སུ་བསྒོམ་ན། ཨོཾ་བཛྲ་ས་ཏྭཱ་ཧཱུཾ། འབུམ་ཕྲག་དྲུག་གོ །གཉིས་ཀའང་རྩ་བའི་རིག་པ་བཞི་འབུམ་ལ་སོགས་པ་བཟླ་བ་ཡིན་ཞིང༌། ཐུན་ ― TNT13_Page_0368 ―
[མ་དཔེ་གཟིགས་ན་འདིར་གནོན།]
འཇོག་ཁར་ཨརྒྷཾ་སོགས་ཀྱིས་མཆོད། མཚན་བརྒྱའམ། མཉམ་ཉིད་མི་གཡོ་མས་བསྟོད། ཐུན་མཚམས་ཀྱི་འཕྲལ་སྤྱོད་ཇི་ལྟར་བྱེད་པ་དང་བསྟུན་ཏེ་ཕྱག་རྒྱ་བགྲོལ་བའམ་མི་བགྲོལ་བ་སྐབས་སུ་གང་བབ་བྱ། མ་བཀྲོལ་ན་ཐུན་སྔ་མ་རྣམས་ལ་ཐུན་འཇུག་ཏུ་བསྙེན་པའི་ལྷ་རང་གནས་སུ་བཞུགས། ཐུགས་ཀ་ནས་ལྷ་གཉིས་པ་སྤྲོས་ནས། ཐུན་མཚམས་ཀྱི་བྱ་བ་མཛད། ཐུན་ཕྱི་མ་རྣམས་ཀྱི་མགོ་ལ་དེ་ཐུགས་ཀར་བཞུགས་ནས། མཆོད་བསྟོད་སྔོན་དུ་འགྲོ་བའི་བཟླས་པར་བྱ། གལ་ཏེ་ཕྱག་རྒྱ་བཀྲོལ་ན། ཐུན་རེ་རེ་བཞིན་མགོ་ནས་སྐྱོར། ཐུན་ཐ་མ་ལ་ནི་ངེས་པར་ཕྱག་རྒྱ་བཀྲོལ་ཏེ། གཤེགས་སུ་གསོལ་ནས་སྨོན་ལམ་བཏབ། མེ་ལྟར་འབར་བའི་སྔགས་ལན་དགུས་བསྲུང་བ་བྱས་ནས། གཉིད་ཀྱི་རྣལ་འབྱོར་ལ་འཇུག་པར་བྱ་ཞིང༌། གང་ལྟར་ཡང་ཐུན་མཚམས་སུ་གསུང་རབ་བཀླག་པ་དང༌། ཚྭ་ཚྭ་གདབ་པ་དང༌། ཁ་ཟས་ཀྱི་རྣལ་འབྱོར་དང༌། གཏོར་མ་གཏོང་བ་ལ་སོགས་པ་བྱའོ། །ཚུལ་དེས་རྩ་རིག་འབུམ་ཕྲག་བཞི་འམ། རྡོར་སེམས་སམ་རྣམ་སྣང་གི་སྙིང་པོ་ཁོ་ན་བྱེད་ཚེ་འབུམ་ཕྲག་བཅུ་དྲུག་བཟླ་བའང་ཡོད་དོ། །སྙིང་པོ་རྐྱང་པས་ཀྱང་གོ་ཆོད་ཙམ་ཡིན་མོད་ཀྱི། དེ་དག་ཀྱང་རྩ་རིག་བཟང་ལ། ལག་ལེན་ལ་གཉིས་ཀར་བཟླ་བའང་མཛད་ཅིང༌། ངེས་པར་ཡང་གལ་ཆེའོ། །དེ་ཙམ་གྱིས་དབང་བསྐུར་བ་སོགས་དཀྱིལ་འཁོར་གྱི་ལས་བྱེད་པ་ལ་དབང་བར་འགྱུར་ཞིང༌། དངོས་གྲུབ་ཀྱི་དོན་དུ་ནི་དེ་ཙམ་གྱིས་མི་ཆོག་སྟེ་མཚན་མའི་བསྙེན་པའོ། །བསྒོམ་བྱ་ལྷའི་དབང་དུ་བྱས་ན། རྡོར་སེམས་ནི་རྒྱུད་འདི་ལས་གསུངས་པའི་དཀྱིལ་འཁོར་བཅུ་གཉིས་པོ་ཐམས་ཅད་ཀྱི་སྤྱི་ཁྱབ་ཡིན་ཞིང༌། རྣམ་སྣང་ཤཱཀ་ཐུབ་སོགས་དཀྱིལ་འཁོར་སོ་སོའི་གཙོ་བོ་ནི། དཀྱིལ་འཁོར་གཞན་ཐ་དད་ལ་མི་འཇུག་པས་སྒོས་ཀྱིའང་ཡིན་ལ། རང་རངགི་དཀྱིལ་འཁོར་དེར་གཏོགས་པའི་ལྷ་ཐམས་ཅད་འཇུག་ ― TNT13_Page_0369 ―
[མ་དཔེ་གཟིགས་ན་འདིར་གནོན།]
པས་སྤྱི་རུ་ཡང་གཏོགས་སོ། །འཁོར་གྱི་ལྷ་མེ་ཏོག་གང་ལ་ཕོག་པའི་ལྷའི་བསྙེན་པ་ནི་སྒོས་ཀྱི་བསྙེན་པ་ཁོ་ན་ཡིན་པར་ཤེས་པར་བྱའོ། །སྔགས་ཀྱང་རྩ་རིག་ཀུན་འགྲོ་དང༌། གཙོ་བོ་བཅུ་གཉིས་དང༌། རྡོར་སེམས་མ་གཏོགས་མེ་ཏོག་ཕོག་པའི་ལྷའི་དེ་སྒོས་ཀྱི་དང༌། དཀྱིལ་འཁོར་སོ་སོའི་གཙོ་བོ་ནི་གཉིས་ཀའི་ཆ་ལ་བརྟེན་པ་ཡིན་ནོ། །དེའི་ཕྱིར་རབ་ཏུ་རྡོར་སེམས་ཀྱི་བསྙེན་པ་སྔོན་དུ་སོང་ནས་རྩ་རིག་དང༌། དཀྱིལ་འཁོར་བཅུ་གཉིས་པོའི་གཙོ་བོ་མཐའ་དག་གི་བསྙེན་པ་ལེགས་པར་བྱས་ནས། དེའི་འོག་ཏུ་རང་འདོད་པའི་ལྷ་དེ་བཟུང་བར་བྱའོ། །འབྲིང་དུ་ན། རྡོར་སེམས་དང་ཀུན་རིག་ཉིད་དོ། །གཉིས་ཀ་མ་གྲུབ་ན་རྩ་བའི་བསྙེན་པ་ལ་ཀུན་རིག་གི་དཀྱིལ་འཁོར་གྱི་སྐབས་སུ། རྡོར་སེམས་དང་རྣམ་སྣང་གང་བྱས་ཀྱང་འདྲ་མོད་ཀྱི། དཀྱིལ་འཁོར་གཞན་རྣམས་ལ་འཇུག་ཆེ་བའི་དབང་དུ་བྱས་ན། ལྷ་རྡོར་སེམས་དང་སྔགས་རྩ་རིག་ཁོ་ན་བསྔགས་མོད་ཀྱི། རྡོར་སེམས་སུ་བསྐྱེད་ཕྱིན་ནི་རྡོར་སེམས་ཉིད་ཀྱི་སྔགས་འབུམ་ཕྲག་དྲུག་ཏུ་བཟླ་བ་ངེས་པར་དགོས་པས། དེ་ཡང་རྩ་རིག་གི་ཐོག་མར་བཟླས་ན་ལེགས་སོ། །ཡང་རྣམ་སྣང་དུ་བསྐྱེད་ན། རྣམ་སྣང་སྒོས་ཀྱི་བསྟོད་པ་རེ་ཡང་བྱས་ན་ལེགས་ཏེ། དེས་གཞན་ལའང་མཚོན་ནོ། །རྒྱུད་སྡེ་འདི་ཉིད་ལ་གཙོ་བོར་བྱེད་ན། སྤྱི་བསྙེན་སྒོས་བསྙེན་ཚང་མ་བསྐྱལ་ན་ལེགས་ལ། འདི་ལ་གཙོ་བོར་མི་བྱེད་པ་དག་གིས་ནི། རྩ་བའི་དཀྱིལ་འཁོར་གྱི་བསྙེན་པས། དཀྱིལ་འཁོར་གཞན་བཅུ་གཉིས་ཀྱིའང་དཀྱིལ་འཁོར་ཀྱི་བྱ་བ་ལ་འཇུག་ཏུ་རུང་བར་ཤེས་པར་བྱའོ། །ཅི་སྟེ་བདག་བསྐྱེད་རྒྱས་པ་བསྒོམས་ཏེ་བསྙེན་པའི་གྲངས་ཚད་སྐྱེལ་དུ་མི་རུང་བ་ཞིག་གམ། ཁྱོད་བསྙེན་པ་རྒྱས་པའི་ཐ་སྙད་མི་འདོད་པ་ཅི་ཞེ་ན། སྤྱིར་མི་རུང་བ་དང་ཏ་མ་ཡིན་ ― TNT13_Page_0370 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཞིང༌། བསྙེན་པའི་དོད་ཐུབ་པའང་ཡིན་སྲིད་ལ། དེར་མ་ཟད་གང་ཟག་གི་ཁྱད་པར་འགའ་ཞིག་ལ། བསྙེན་པ་དངོས་ལྷ་རྐྱང་རེ་བསྒོམས་པ་ལས་བཟང་བར་འགྱུར་བའང་སྲིད་མོད་ཀྱི། དེ་འདྲ་དེ་སྒྲུབ་པ་རྗེ་མཐུན་པ་ཙམ་ཡིན་པས་བསྙེན་པ་གཞན་སྔོན་དུ་མ་སོང་ན་སྒྲུབ་པའི་འདྲ་ལྕོག་ཅེས་བྱ་ལ། བསྙེན་པ་དང་བསྙེན་པ་རྗེས་མཐུན་པ་གཉིས་ཀར་མ་ཡིན་པས། ལུགས་འདི་ལ་བསྙེན་པར་མི་བསྡུ་སྟེ། རྒྱུད་སྡེ་གོང་མའི་བསྙེན་པ་ལ་དཀྱིལ་འཁོར་རྒྱས་པ་ཡོད་པའི་རིགས་འགྲཻ་འདིར་མི་བྱའོ། །གཉིས་པ་དཀྱིལ་འཁོར་གྱི་ཆོ་ག་ལ་སྦྱོར་བ། དངོས་གཞི། རྗེས་གསུམ་སྟེ། དང་པོ་ལ་ས་ཆོག་དང་སྟ་གོན་ནོ། །དང་པོ་ནི་སྔོན་འགྲོ་གཏོར་མའི་སྐབས་སུ་བཤད་པ་ལྟར་གཏོར་མ་བཏང༌། དེ་ནས་ཁྱད་པར་བཀའ་བསྒོ་དྲག་ཏུ་བྱས་ཏེ་བགེགས་རྣམས་བསྐྲད། དྲག་སྔགས་བརྗོད་ཅིང་རོལ་མོ་དང་བཅས་ས་གཞི་ལ་ཡུངས་ཀར་གྱིས་བྲབས། ས་གཞི་ལག་པས་མནན་ཏེ། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུཾ་ཕཊ། མང་དུ་བཟླས། ས་ཕྱོགས་ནམ་མཁའི་རང་བཞིན་སྟོང་པ་ཉིད་དུ་གྱུར། ཨོཾ་བྷུ་ཁཾ་མང་དུ་བརྗོད། ས་གཞི་རྡོ་རྗེའི་རང་བཞིན་དུ་གྱུར། ཧཱུཾ་ལཾ་ཧཱུཾ། མང་དུ་བཟླས། དེ་ནས་མཆོད་པ་བྱིན་རླབས་དང༌། ལྕེ་ལག་བྱིན་རླབས་ནས། །མཚན་བརྒྱ་ཡན་ཆད་བཟླས་པ་དངབཅས་པའི་བར་བྱ། ཧཱུཾ་ཞེས་ས་གཞི་གཡས་བསྐོར་དུ་ལན་གསུམ་བཅགས། ཨོཾ་བཛྲ་སཏྭ་ཀྲོ་དྷའི་སྔགས་ལན་གསུམ་གྱི་བསྲུང་བ་བྱའོ། །གཉིས་པ་སྟ་གོན་ལ། སའི་ལྷ་མོའི་སྟ་གོན་སྤྱི་དང་མཐུན། ཨོཾ་ཚུར་བྱོན་སོགས་བླ་མེད་ཀྱི་ཁྱད་ཆོས་ཡིན་པས་བརྗོད་མི་དགོས་སོ། །སྐྱོབས་པ་སངས་རྒྱས་སོགས་ཀྱི་གསོལ་བ་འདེབས། ལྷ་ལྷག་གནས་ནི། ཐིག་ཆེན་བརྒྱད་དང་སྐྱ་ཐིག་ཇི་ལྟར་འོས་ཙམ་བཏབ་ནས། ལྷ་ ― TNT13_Page_0371 ―
[མ་དཔེ་གཟིགས་ན་འདིར་གནོན།]
གནས་རྣམས་སུ་དྲི་བཟང་ཐིག་ལེ་བྱ། མཆོད་པ་བཤམས། མཆོད་པ་བྱིན་རླབས་བྱ། ས་གཞི། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རླུང་གི་དཀྱིལ་འཁོར་ནས། ཟླ་བའི་གདན་རེ་རེའོ། མ་ལུས་སེམས་ཅན་ཀུན་གྱི་ནས། ཀ་མ་ལ་ཡེ་སྟྭཾ་གྱི་བར། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་སོ་སོའི་གདན་ལ་འཁོད་པ་ནི། དབུས་སུ་བཅོམ་ལྡན་འདས་ཐམས་ཅད་རིག་པ་ནས། འབར་ཞིང་འཕྲོ་བའོ། །སྙིང་པོའི་དཀྱིལ་འཁོར་གྱི་ཕྱོགས་བཞིར་ཞེས་པ་ནས། ཐམས་ཅད་སྐད་ཅིག་གིས་གྲུབ་པར་གྱུར། གྱི་གཞན་འདྲ་བ་ལས་ས་བོན་རྣམས་དོར། རབ་འབྱམས་རྒྱ་མཚོ་མ་དང། བསྟོད་རིང་གིས་བསྟོད། རྣམ་པར་སྣང་མཛད་བཅོམ་ལྡན་འདས། །རིགས་སྔགས་རྒྱལ་ལ་ཕྱག་འཚལ་བསྟོད། སོགས་ཀྱིས་སྙན་གསན་ཕབ། ཨོཾ་ཁྱོད་ཀྱི་སོགས་གཤེགས་སུ་གསོལ་བའམ། ཨོཾ་བཛྲ་ཨུདྷི་ཥྛས་ནམ་མཁར་བཏེགས་པ་གང་རུང་བྱ། གཏོར་མ་ཆ་གསུམ་གཏོང༌། བུམ་པ་སྟ་གོན་ནི། དཀྱིལ་ཆོག་ལས་བཤད་པའི་བུམ་སྒྲུབ་བྱེད་པ་སྟེ། འདིར་བྱས་ཟིན་པས་དངོས་གཞི་ཉི་མ་དང་པོ་ལ་བུམ་སྒྲུབ་མི་དགོས་སོ། །སློབ་མ་སྟ་གོན་ནི། སྔགས་ཀྱི་དངོས་གྲུབ་དོན་གཉེར་གང་སོགས་ཀྱིས་བསམ་པ་བརྟན་པོ་བསྐྱེད། དགའ་ཆེན་ཁྱོད་བདག་སོགས་ཀྱིས་གསོལ་བ་བཏབ། བུ་ཚུར་ཐེག་པ་ཆེན་པོ་ཡི་སོགས་སྔགས་ཀྱིས་ཆེ་བ་བརྗོད། རྟོག་པ་ཐམས་ཅད་ལེགས་པར་བསྡུད་ནས་ནི། །ཤིན་ཏུ་བསམ་པ་བཟང་དང་ལྡན་པའི་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་དཔའ་སོགས། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབས། ཅེས་ཉན་པར་གདམས། ― TNT13_Page_0372 ―
[མ་དཔེ་གཟིགས་ན་འདིར་གནོན།]
དབངམེད་བདག་གིས་མི་དགེ་བགྱིས་པ་དང༌། ཞེས་སོགས་རྒྱུན་བཤགས་བྱ། ཨོཾ་བྷྲི་ཏ་བྷྲི་ཏ་སོགས་གནས་གསུམ་བྱིན་རླབས་བྱ། བཛྲ་སཏྭ། བཛྲ་རཏྣ། བཛྲ་དྷརྨ། བཛྲ་ཀརྨ། ཞེས་གནས་བཞིར་དྲི་བཟང་གི་ཐིག་ལེ་བྱ། སྤྲོ་ན་གནས་ཉི་ཤུ་རྩ་གཉིས་བྱིན་རླབས་ཀྱང་བྱ། དྲི་ཆབ་ལ་སོགས་པ་མཆོད་པ་བཞིས་མཆོད་ཀྱང་ལེགས། རྡོ་རྗེ་བཞད་པའི་སྔགས་ཀྱིས་སོ་ཤིང་དང༌། རྣོན་པོས་ཀུ་ཤ་དང༌། ཨོཾ་བཛྲ་སཏྭ་ཧཱུཾ་ངམ། སྤྱི་མཐུན་གྱིས་ཁྱོར་ཆུ་དང༌། འཇིག་རྟེན་དུ་ནི་ཀུན་མཁྱེན་དག སོགས་ཀྱིས་ཟབ་མོའི་ཆོས་བཤད་དང༌། ཨོཾ་བཛྲ་རཀྵ་ཧཾ། ཞེས་པས་དཔུང་སྐུད་བྱིན། ཨོཾ་བཛྲ་སཏྭ་ཨུཥྞི་ཥ་ཧཱུཾ་ཕཊ། ཅེས་པས་རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱ་སློབ་མའི་སྤྱི་བོར་བཞག་སྟེ་བསྲུང་བ་བྱས་ལ། ཀྱེ་བཞིན་བཟང་རྣམས་ལོངས་ལ་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་བྱོས་ཤིག །ནང་པར་དཀྱིལ་འཁོར་ཆེན་པོ་མཐོར་བར་འགྱུར་རོ། །ཞེས་བརྗོད་དོ། ཁ་ཅིག་དཀྱིལ་འཁོར་དུ་འཇུག་པའི་སྔོན་འགྲོ་ལ་སློབ་མ་སྟ་གོན་དུ་འདོད་པ་ནི། བླུན་པ་ལས་ཀྱང་ཆེས་བླུན་པའི་རྟགས་བསྟན་པ་ཡིན་ལ། གལ་ཏེ་དེ་དེ་འདྲ་ཡིན་ན། བདག་འཇུག་ལ་སློབ་མ་སྟ་གོན་ངེས་པར་བྱེད་དགོས་པར་ཐལ་བ་དང༌། ཆོ་ག་ཉིན་གཅིག་མ་ལ་ས་ཆོག་དང་སྟ་གོན་གྱི་རིམ་པ་གཞན་གང་ཡང་མི་དགོས་ཤིང༌། སློབ་མ་སྟ་གོན་ཁོ་ན་དགོས་པའི་ཁྱད་པར་ཡོད་པར་ཐལ་བ་དང༌། ཚད་ལྡན་ནས་བཤད་པའི་སློབ་མ་སྟ་གོན་གྱི་ཆོ་ག་གང་ཡང་དེ་ན་མེད་ཅིང༌། དེ་ན་ཡོད་པ་རྣམས་ཅིག་ཤོས་ན་མེད་པས་དེ་འདྲ་སློབ་མ་སྟ་གོན་མིན་པ་སོགས་སྐྱོན་དུ་མ་འཇུག་གོ །གཉིས་པ་དངོས་གཞི་ལ་དཀྱིལ་འཁོར་ཞག་གི་ཆོ་ག་དང༌། སྒྲུབ་ཅིང་མཆོད་པ་དང༌། འཇུག་ཅིང་དབང་བསྐུར་བའོ། །དང་པོ་ནི། ཐིག་ཚོན་བསངས་སྦྱངས། སྟོང་པའི་ངང་ལས་ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨ་ ― TNT13_Page_0373 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལས་བྱུང་བའི་དམ་ཚིག་གི་ཐིག་ཚོན་རྣམས་ས་བོན་ལྔ་པོ་དེ་དག་གིས་མཚན་པར་གྱུར། རང་གི་མིག་གཉིས་སུ་མ་དང་ཌཱ་ལས་ཉི་ཟླ་ཧཱུཾ་གིས་མཚན་པ། ཨོཾ་དཱིཔྟ་དྲྀ་ཥྟཾ་ཨཾ་གུ་ཤ་ཛཿའབར་བའི་ལྟ་བས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཐིག་ཚོན་བཀུག་སྟེ་དམ་ཚིག་པ་ལ་ཐིམ། ཨོཾ་ཨ་ནོ་ནྱ་སོགས་བཟླ་ཞིང་ཐིག་སྐུད་བསྒྲིལ། ཨོཾ་བཛྲ་ས་མཱ་ཡ་སུ་དྲཾ་མཱ་ཏི་ཀྲ་མ་ཧཱུཾ། བརྒྱ་རྩ་བརྒྱད་བཟླས། པུཥྤེ། དྷཱུཔེ། གནྡྷེ། གསུམ་གྱིས་མཆོད། རྡུལ་ཚོན་ལ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡེ་ཧཱུཾ། རྡུལ་ཚོན་ལྔའི་ཁོངས་སུ་བརྒྱ་རྩ་ཙམ་བཟླ། ཁ་ཅིག་རེ་རེ་བཞིན་བདུན་བཟླ་ཟེར་བའང་ཡོད། ཧིཿ ཞེས་ལན་མང་དུ་བཟླས་པས་སྤར། པུཥྤེ་སོགས་གསུམ་གྱིས་མཆོད། དེ་ནས་ཐིག་གདབ་ཅིང་རྡུལ་ཚོན་གྱིས་བྲིའོ། །ཐིག་རྩ་དང་ཚོན་ཐོབ་ནི་གཞན་དུ་ཤེས་པར་བྱའོ། །གཉིས་པ་སྒྲུབ་ཅིང་མཆོད་པ་དང༌། གསུམ་པ་གཞུག་ཅིང་དབང་བླང་བ་ནི། དཀྱིལ་ཆོག་ཉིད་ན་གསལ་བར་ཡོད་པ་དེ་ཁོ་ནའོ། །ད་ནི་ཕྱག་རྒྱ་རིམ་པ་ཉེར་མཁོ་རྣམས་བཤད་པར་བྱ་སྟེ། མཆོད་གཏོར་བསངས་སྦྱངས་ཀྱི་སྐབས། རྡོ་རྗེ་གནོད་སྦྱིན་གྱི་ལས་རྒྱ་ནི། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཐེའུ་ཆུང་ཅུང་ཟད་གུག་པ་མཆེ་བ་ལྟར་བྱས་པའོ། །རྡོ་རྗེ་མེའི་ཕྱག་རྒྱ་ནི། རྡོ་རྗེ་ནང་བསྡམས་ཁ་ཕྱེ་བའི་གུང་མོ་དང་སྲིན་ལག་གི་བར་དུ། མཐེ་བོང་ལྟོ་སྦྱར་བའོ། །རྡོ་རྗེ་བསྡམས་པ་ནི། ཐལ་མོ་ཁ་སྦྱར་སོར་མོ་རྣམས་རྩ་བ་ནས་བསྣོལ། ལག་མགོ་སོར་མོ་རྣམས་ཀྱི་ཕན་ཚུན་དུ་བསྡམས་པའོ། །རྡོ་རྗེ་འཛིན་མའི་ཕྱག་རྒྱ་ནི། འགའ་ཞིག་སེམས་མ་རྡོ་རྗེ་མའི་ཕྱག་རྒྱར་འདོད་མོད། འདིར་ལག་པ་གཡོན་སྟེང་གཡས་འོག་ཏུ་བསྣོལ་ནས། རྒྱབ་སྦྱར་མཐེ་བོང་དང་ ― TNT13_Page_0374 ―
[མ་དཔེ་གཟིགས་ན་འདིར་གནོན།]
མཐེ་ཆུང་འདུད། སོར་མོ་གཞན་གསུམ་མཉམ་པར་བརྐྱང་བའོ། །བཛྲ་སཏྭ་ཀྲོ་དྷའི་སྐབས། མེ་ལྟར་འབར་བའི་ཕྱག་ནི། ཁུ་ཚུར་གཡས་སྟེང་གཡོན་འོག་ཏུ་བྱས་ཏེ། །ཐད་ཀར་རྒྱབ་སྤྲད་ལ། མཐེ་ཆུང་འདུད་ཅིང་མཛུབ་མོ་བརྐྱང་བའོ། །རྒྱུད་འདི་ཉིད་ཀྱི་ཧཱུཾ་མཛད་དང་མེ་ལྟར་འབར་བ་གཅིག་པར་བཞེད་ཀྱང༌། སྤྱིར་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཧཱུཾ་བཞི་པའི་སྔགས་དང་འབྲེལ་བ་ནི་དེ་དང་འདྲ་བ་ལས་ལག་ངར་གཡས་འོག་ཏུ་བྱས་པའོ། །ཏི་རིནྟི་རའི་ཕྱག་རྒྱ་ནི། །རྡོ་རྗེ་ནང་བསྡམས་ལས་སྟེང་ནས་མཐེ་བོང་གཉིས་བཀབ་པའོ། །ཨོཾ་ཊུཾ་གི་སྐབས་དགོས་པའི་གནས་དགུ་ནི་འོག་ཏུ་འཆད་པར་འགྱུར་ལ། བགེགས་ལ་བསྣུན་པའི་ཕྱག་རྒྱ་ནི། གཡོན་རྡོ་རྗེ་ཁུ་ཚུར་སྙིང་གར་བཞག །གཡས་རྡོ་རྗེ་གསོར་བའི་ཚུལ་དུ་ཁུ་ཚུར་བསྐྱོད་པའོ། །སྲེག་པ་ནི་མེའི་ཕྱག་རྒྱའོ། །བཅིང་བའི་ཕྱག་རྒྱ་ནི། རྡོ་རྗེ་བསྡམས་པ་ལས་མཐེ་བོང་གཉིས་གཤིབས་ཏེ་མནན་པའོ། །འོག་བཅིང་བ་ནི། རྡོར་བསྡམས་བརྐྱང་བ་ས་ལ་འཇོག་ཚུལ་ལོ། །སྟེང་བཅིང་བ་ནི། ཁུར་ཚུར་གཉིས་ལས་མཛུབ་མོ་བརྐྱང༌། །འགལ་མེའི་འཁོར་ལོ་ལྟར་བསྐོར་བའི་རྗེས་སུ་ཁུ་ཚུར་ཁ་སྤྲད་མཛུབ་མོ་ལྕགས་ཀྱུའི་ཚུལ་དུ་བྱས་ནས་མགོ་སྟེང་དུ་བཞག་པའོ། །འདི་ལ་རྡོ་རྗེ་འཇིགས་བྱེད་སྤྱན་གྱི་ཕྱག་རྒྱ་ཟེར། །སྟེང་དུ་རྡོ་རྗེ་བླ་བྲེ་འགོད་པ་ལ་རྡོ་རྗེ་ཐལ་མོ་ལས་མཐེ་བོང་གཉིས་བརྐྱང་མཛུབ་མོ་མཆེ་བ་ལྟར་བྱེད་པ། གནོད་སྦྱིན་གྱི་ཕྱག་རྒྱའོ། །ཤར་བཅིང་བ་ལ་རྡོ་རྗེ་ཁུ་ཚུར་གྱི་མཐེ་ཆུང་སྦྲེལ། མཛུབ་མོ་གཉིས་རྩེ་སྤྲད་དེ་མགོ་གཞུག་ཟློག་ནས་སྤྱི་བོར་བཀོད་པ་གཙུག་ཏོར་གྱི་ཕྱག་རྒྱའོ། །ཤར་གྱི་ནང་བཅིང་བ་ལ་ལག་པ་བསྣོལ། རྡོ་རྗེ་ཁུ་ཚུར་གཉིས་རྒྱབ་སྤྲད། འཁྲིག་མ་གཉིས་བར་སྟོངས་དང་བཅས་པ་ཞགས་མིག་ལྟར་བྱེད་པ་ནི་ཞགས་པའི་ཕྱག་རྒྱའོ། །རྡོར་བསྡམས་ལས་མཐེ་ཆུང་གཉིས་གཤེབས་ཏེ་བརྐྱང༌། མཛུབ་མོ་གཉིས་ཕྲལ་ཏེ་བརྐྱང་བ་ནི་ནུབ་བཅིང་བ་སྟེ། བ་དན་གྱི་ཕྱག་རྒྱའོ། །གོང་གི་གནོད་ ― TNT13_Page_0375 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྦྱིན་གྱི་ཕྱག་རྒྱ་དེ་ཁའི་ཐད་ཀར་བཞག་པ་ནི། བྱང་ཕྱོགས་བཅིང་བ་སྟེ་རྡོ་རྗེ་ནག་མོའི་དུས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཁ་གྱེན་དུ་བསྟན་ཏེ་གཤིབས། ཅུང་ཟད་གྱེན་དུ་བསྐྱོད་པ་ནི་རི་བོ་འདེགས་པའི་ཚུལ་ཏེ། རྡོ་རྗེ་རྩེ་མོའི་ཕྱག་རྒྱ་ཞེས་བྱ་བ་ལྷོ་བཅིང་པའོ། །ཧཱུཾ་མཛད་ཀྱི་ཕྱག་རྒྱ་ལས་གུང་མོ་གཉིས་ཀྱང་བཤིབས་ཏེ་བསྒྲེང་བ་ནི་རྡོ་རྗེ་ལས་ཀྱི་ཕྱག་རྒྱ་སྟེ། ཕྱོགས་མཚམས་ཐམས་ཅད་བཅིང་བའོ། །ཧཱུཾ་བརྒྱད་ཀྱི་སྐབས་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བསྐོར་བའོ། །བཛྲ་བནྡྷའི་སྐབས་རྡོ་རྗེ་བསྡམས་པ་བསྐོར་བའོ། །བསྲུང་འཁོར་གྱི་གཞུག་ཏུ་བྱང་ཕྱོགས་ཀྱི་སེམས་དཔའ་བཞིའི་ཕྱག་རྒྱ་འཆའ་བ་ནི། རྡོར་བསྡམས་བརྐྱངབའི་མཐེ་བོང་དང་མཐེ་ཆུང་རྩེ་སྤྲད་པ་རྡོ་རྗེ་ལས་དང༌། དེ་དང་འདྲ་བ་མཛུབ་མོ་རྩེ་སྤྲད་པ་བསྲུང་བ་དང༌། །རྡོར་བསྡམས་ལས་མཛུམ་མོ་གཉིས་བརྐྱང་བ་གནོད་སྦྱིན་དང༌། རྡོར་བསྡམས་མཐེ་བོང་ནང་དུ་ཆུག་པ་ཁུ་ཚུར་གྱིའོ། །མཉམ་པའི་ཐལ་མོ་ཁ་སྦྱོར་ཁོང་སྟོང་ཅུང་ཟད་ཡོད་པའོ། །རྡོ་རྗེ་ཐལ་མོ་ནི་དེ་དང་འདྲ་བ་ལས་སོར་མོའི་རྩེ་མོ་རྣམས་ཅུང་ཟད་བསྣོལ་བ་སྟེ། གཡོན་པ་རྣམས་འོག་དང་གཡས་པ་རྣམས་སྟེང་དུའོ། ཁུ་ཚུར་གྱི་དམ་རྒྱ་ནི་གོང་དུ་བཤད་མ་ཐག་པ་ཉིད་དོ། །བཛྲ་སཏྭ་ཀྲོ་དྷའི་ཕྱག་རྒྱ་ནི་རྒྱུད་འདིའི་རང་ལུགས་ཡིན་ལ་གཞན་བསྲུང་འཁོར་སྐབས་ཀྱི་འདི་རྣམས་རྡོར་དབྱིངས་ཀྱི་ཆོ་ག་ནས་བླངས་པ་ཤ་སྟག་གོ །དཔྲལ་བ་བྱིན་གྱིས་རློབས་པ་ནི་མཉམ་པའི་ཐལ་མོའོ། །མགྲིན་པར་བྱིན་གྱིས་རློབས་པ་ནི་ཐལ་མོ་ཀ་པུ་ཏ་རེ། །ཐལ་མོ་སྦུག་སྦུག་པོར་སྦྱར་བ་ལས་མཛུབ་གུང་སྲིན་གསུམ་ཅུང་ཟད་ཁ་ཕྱེ་བའོ། །སྙིང་ག་བྱིན་གྱིས་བརླབ་པ་ནི། རྡོར་ཐལ་ལས་གུང་མོ་གཉིས་དང་སོར་མོ་ཐ་མ་བཞི་སྦྱར་ཏེ་བརྐྱང་བའམ། རྡོ་རྗེ་བསྡམས་པ་ལས་གུང་མོ་མཐའ་བཞི་བརྐྱང་བ་གང་རུངསྟེ་ཕྱི་མ་འདི་ལེགས་པ་འདྲའོ། །རིགས་ལྔའི་ཕྱག་རྒྱ་སྤྱི་བོར་གཏུགས་པ་ལ་རྡོར་བསྡམས་ལས་གུང་མོ་གཤིབས་ཏེ་བརྐྱང༌། མཐའ་ ― TNT13_Page_0376 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཞི་སོ་སོར་བསྒྲེང་བ་ནི་རྡོ་རྗེའི་ཕྱག་རྒྱ་སྟེ་མགོ་བོའི་དབུས་སུ་རེག་པའོ། །དེ་དང་འདྲ་བ་ལས་མཛུབ་མོ་དང་སྲིན་ལག་གཉིས་རྩེ་སྤྲད་ནས་ཟླུམ་པོར་བྱས་པ་པདྨའི་འདབ་མ་དང་འདྲ་བ་ནི། སྦྱོང་རྒྱལ་ལམ་དེ་བཞིན་གཤེགས་པའོ། །དེ་དང་འདྲ་བ་ལས་མཛུབ་མོ་རིན་པོ་ཆེ་དང་འདྲ་བར་བྱས་པ་ནི། རྣ་ལྟག་གཡས་སུ་སྟེ་རིན་ཆེན་ནམ་དབང་བསྐུར་ཕྱག་རྒྱའོ། །མཐེ་བོང་གཉིས་དང་མཐེ་ཆུང་གཉིས་སོ་སོར་སྦྱར། གཞན་རྣམས་ཕྲལ་ཏེ་བརྐྱང་བ་ནི་སྡིག་པ་སྲེག་པའམ་པདྨའི་ཕྱག་རྒྱ་སྟེ་ལྟག་པར་རེག་གོ །སྲིན་ལག་གཉིས་ལྟོ་སྦྱར། དེའི་རྒྱབ་ཏུ་གུང་མོ་དང༌། དེའི་ཡང་རྒྱབ་ཏུ་མཛུབ་མོ་སྦྱར། མཐེ་བོང་དང་མཐེ་ཆུང་སོ་སོར་གཤིབས་པ་ནི། ལས་ཀྱི་རིགས་ཀྱི་ཕྱག་རྒྱ་སྟེ། རྣ་ལྟག་གཡོན་ཏུ་བཞག་པར་བྱའོ། །ཕྱག་རྒྱ་བཞྀའི་རྒྱས་གདབ་ཀྱི་སྐབས་སུ། མཆོད་ཡོན་འབུལ་བའི་ཕྱག་རྒྱ་ནི་རྡོ་རྗེ་ཐལ་མོ་ཁ་ཕྱེ་བའོ། །དམ་རྒྱ་ལ་ཐོག་མའི་ས་མཱ་ཡ་སྟྭཾ་དང༌། སུ་ར་ཏ་སྟྭཾ་ལ་ཐལ་མོ་མཉམ་པར་བརྡབས་ཏེ་ཐལ་མོའི་ཚུལ་དུ་བྱ། དེ་ནས་རྡོ་རྗེ་བསྡམས་པ་བཅིངས་ཏེ། སརྦ་བིད་དྲི་ཤྱ་ཛ་ཧཱུཾ་བཾ་ཧོཿས་མཱ་ཡ་སྟྭཾ་མན་ཆད་ནས་སོ་སོའི་སྙིང་པོ་དང་རང་སྔགས་རྫོགས་ཀྱི་བར་ལ། སོ་སོའི་དམ་ཚིག་གི་ཕྱག་རྒྱ་འཆའ་བ་ཡིན་ཏེ། ལག་པ་གཡོན་གན་རྐྱལ་གྱི་སྟེང་དུ་གཡས་པ་ཡང་བཞག །མཐེ་བོང་ལྟོ་སྤྲད་པ་ནི། གཙོ་བོ་རྣམ་སྣང་གི་དམ་རྒྱའོ། །གོང་དུ་བཤད་པའི་བུདྡྷ་ཨ་བྷི་ཥིཉྩའི་ཕྱག་རྒྱ་ནི་སྦྱོང་རྒྱལ་གྱིའོ། །རཏྣའི་ཕྱག་རྒྱ་ནི་རྒྱལ་མཆོག་རིན་ཆེན་གྱིའོ། །པདྨའི་ཕྱག་རྒྱ་ནི་ཤཱཀྱ་ཐུབ་པའི་འོ། །ཀརྨའི་ཕྱག་རྒྱ་ནི། རྒྱལ་མཆོག་མེ་ཏོག་གིའོ། །ཡང་སངས་རྒྱས་བཞི་པོ་དེ་ལ་གཙོ་བོ་དང་འདྲ་བར་བྱེད་པའང་ལུགས་གཅིག་གོ །རྡོ་རྗེ་ནང་བསྡམས་ལས་གུང་མོ་རྩེ་སྤྲད། མཛུབ་མོ་གཉིས་གུང་མོའི་ཚིགས་དང་པོ་ལ་བཙུགས། མཐེ་བོང་གཉིས་ཀྱིས་སོར་མོ་ལྷག་མ་བཞི་མནན་པ་ནི། སངས་རྒྱས་སྤྱན་མའི་འོ། །ཐལ་སྦྱང་ལས་སྲིན་ལག་དང་མཐེ་ཆུང་ནང་དུ་བཅུག་མཛུབ་མོ་གཉིས་རྡོ་རྗེ་རྭ་ཅུང་ཟད་ ― TNT13_Page_0377 ―
[མ་དཔེ་གཟིགས་ན་འདིར་གནོན།]
གདེངས་པ་ལྟར་བྱེད་པ་ནི་མཱ་མ་ཀཱིའོ། །ཐལ་སྦྱར་ལས་གུང་མོ་གཉིས་པད་འདབ་ལྟར་བྱས། མཐེ་ཆུང་གཉིས་ཕྲལ་ཏེ་བརྐྱང་བ་ནི་གོས་དཀར་མོའི་འོ། །ཐལ་མོ་སྦུག་པོར་སྦྱར་བ་ལས་མཛུབ་མོ་གཉིས་གུང་མོའི་རྒྱབ་ཏུ་སྦྱར། །མཐེ་བོང་གཉིས་ཀྱང་གུང་མོ་ལ་སྦྱར་ཞིང༌། ལྷག་མ་བསྣོལ་བ་ནི་སྒྲོལ་མའི་ཕྱག་རྒྱའོ། །རྡོར་བསྡམས་ལས་མཛུམ་མོ་གཉིས་གཤིབས་ཏེ་བརྐྱང་ལ་རྩེ་སྦྱར་བ་ནི་རྡོ་རྗེ་སེམས་དཔའོ། །དེ་ཉིད་ལས་མཛུབ་མོ་གཡས་པ་ལྕགས་ཀྱུ་ལྟར་དགུག་པ་ནི་རྡོ་རྗེ་རྒྱལ་པོའིའོ། །དེ་ཉིད་ལས་མཛུབ་མོ་གཉིས་རྡོ་རྗེ་མདའི་ལྟོང་ལྟར་བརྐྱང་བ་ནི་མེ་ཏོག་དང་འདྲ་བ་ཞེས་བྱ་སྟེ་རྡོ་རྗེ་ཆགས་པའིའོ། །དེ་ཉིད་ལས་མཛུབ་མོ་གཉིས་བཀུག་སྟེ། མཐེ་བོང་གཉིས་དང་རྩེ་སྤྲད་ལ། སེ་གོལ་གཏོགས་ཚུལ་དུ་བྱས་པ་ནི་རྡོ་རྗེ་ལེགས་པའིའོ། །དེ་ཉིད་ལས་མཛུབ་མོ་གཉིས་ཚིགས་བར་མ་བཅག་སྟེ་རིན་པོ་ཆེ་ལྟར་བྱེད་པ་ནི་རྡོ་རྗེ་རིན་ཆེན་གྱིའོ། །དེ་དང་འདྲ་བ་ལས་སོར་མོ་ལྷག་མ་རྣམས་འོད་ཟེར་འབར་བ་ལྟར་སོ་སོར་ཕྲལ་ཏེ་བརྐྱང་བ་ནི་རྡོ་རྗེ་གཟི་བརྗིད་ཀྱིའོ། །ཕྱག་རྒྱ་དེ་ཉིད་སྤྱི་བོར་བཞག་པ་ནི་རྡོ་རྗེ་རྒྱལ་མཚན་གྱིའོ། །ཕྱག་རྒྱ་དེ་ཉིད་གཡས་སུ་བསྐོར་ཏེ་ཁའི་ཐད་དུ་བཞག་པ་ནི་རྡོ་རྗེ་བཞད་པའོ། །རྡོར་བསྡམས་ལས་མཛུབ་མོ་གཉིས་པདྨ་འདྲ་བར་བྱས་པ་ནི་རྡོ་རྗེ་ཆོས་ཀྱིའོ། །མཛུབ་མོའི་རྩེ་མོར་སྦྱར་ནས་རལ་གྲི་ལྟར་བྱས་པ་ནི་རྡོ་རྗེ་རྣོན་པོའིའོ། །དེ་ཉིད་རྩེ་མོ་སྦྱར་ཏེ་གདུབ་བུ་ལྟར་བྱས་པ་ནི་རྡོ་རྗེ་རྒྱུའི་འོ། །རྡོ་རྗེ་ཆོས་དང་འདྲ་བ་ལས་མཛུབ་མོ་ཅུང་ཟད་ཁ་ཕྱེ་བ་ནི་རྡོ་རྗེ་སྨྲ་བའི་འོ། །དེ་དང་འདྲ་བ་ལས་རྡོ་རྗེ་རྩེ་མོ་ཅུང་ཟད་ཕྱིར་བསྐྱེད་པ་ནི་རྡོ་རྗེ་ལས་ཀྱིའོ། །རྩེ་མོ་ཤིན་ཏུ་བསྐྱེད་པ་ནི་རྡོ་རྗེ་བསྲུང་བའི་འོ། །དེ་ཉིད་ལས་མཛུབ་མོ་སྒུར་བོར་བྱས་པ་ནི་གནོད་སྦྱིན་གྱིའོ། །དེ་ཉིད་ལ་མཛུབ་མོ་གཉིས་སོ་སོར་མདུན་དུ་བཀུག་པ་ནི་རྡོ་རྗེ་ཁུ་ཚུར་གྱིའོ། །རྡོ་རྗེ་ཐལ་མོ་སྙིང་གར་བཞག་པ་ནི་སྒེག་མོའི་འོ། །དཔྲལ་བར་ ― TNT13_Page_0378 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཞག་པ་ནི་འཕྲེང་བ་མའི་འོ། ཁའི་ཐད་ནས་འཐུར་དུ་འཕྱང་བ་ནི་གླུ་མའིའོ། །སྤྱི་བོར་བཞག་པ་ནི་གར་མའི་འོ། །རྡོར་བསྡམས་བདུན་དུ་བརྐྱང་བ་ནི་བདུག་སྤོས་མའི་འོ། །དེ་ཉིད་གྱེན་དུ་བསྐྱོད་པ་ནི་མེ་ཏོག་མའི་འོ། །དེ་ལས་མཐེ་བོང་གཉིས་བརྐྱང་སྟེ་བསྐོར་བ་ནི་མར་མེ་མའི་འོ། །རྡོར་བསྡམས་བཀྲོལ་ནས་བྱུག་པའི་ཚུལ་ལྟར་བྱེད་པ་ནི་དྲི་ཆབ་མའི་འོ། །རྡོར་བསྡམས་ལས་མཛུབ་མོ་གཉིས་བརྐྱང་སྟེ་ཅུང་ཟད་རྩེ་མོ་བཀུག་པ་ནི་ལྕགས་ཀྱུ་མའི་འོ། མཛུབ་གཉིས་སྦྱར་ཏེ་བརྐྱང་བ་ནི། །ཞགས་པ་མའི་འོ། །མཛུབ་མོ་གཉིས་འདུད་པ་སྟེ་གཡས་གཡོན་གྱི་མཐེབ་མཛུབ་གཉིས་ཀར་རྩེ་སྤྲད་དེ་ལུག་བརྒྱུད་ལྟར་བྱས་པ་ནི་ལྕགས་སྒྲོག་མའི་འོ། །རྡོར་བསྡམས་མཐེ་བོང་གཉིས་ནང་དུ་བཅུག་ནས་བསྐྱོད་པ་ནི་དྲིལ་བུ་མའི་སྟེ་རྒྱས་བཏབ་ཀྱི་སྐབས་སུ་དགོས་པའི་དམ་རྒྱ་རྣམས་སོ། །དེ་དག་ཀུན་ལ་དྲིཥྟི་མ་ཊ་ཞེས་པའི་མིག་བྱིན་གྱིས་རླབས། དྲི་ཤྱ་ཞེས་པས་ཡེ་ཤེས་སྤྱན་དྲངས་ཏེ་བལྟས། ཛཿཧཱུཾ་བཾ་ཧོས་དགུག་གཞུག་བཅིང་མཉེས་བྱས། ས་མ་ཡ་སྟྭཾ་ཞེས་པས་དེ་བཞིན་གཤེགས་པའི་རྒྱབ་ཏུ་ཉི་དཀྱིལ་དང་གཞན་རྣམས་ལ་ཟླ་དཀྱིལ་བསྐྱེད། ས་མ་ཡ་སྟྭཾ་ཨ་ཧཾ་ཞེས་པས་དམ་ཡེ་གཉིས་སུ་མེད་པའི་ང་རྒྱལ་བསྐྱེད། སྔགས་ལན་གསུམ་གྱིས་ལྷ་དེ་དང་དེ་སྔགས་ཀྱི་རང་བཞིན་དུ་སྒྲུབ་པ་ཡིན་ནོ། །ཆོས་རྒྱའི་སྐབས་སུ་ཡང་ལག་པ་མཉམ་བཞག་གི་ཕྱག་རྒྱ་བྱེད། །ལས་ཀྱི་ཕྱག་རྒྱ་ལ་ཇི་སྐད་དུ། གར་དང་གླུ་དང་རོལ་དང་ཟས། །སྤྱོད་ལམ་ལ་སོགས་བདེ་བ་རྣམས། །སངས་རྒྱས་རྣམས་ལ་ཕུལ་ན་ནི། །ལས་ཀྱི་ཕྱག་རྒྱ་དབང་དུ་འགྱུར། །ཞེས་གསུངས་པས་གར་གྱི་ཚུལ་བྱ་སྟེ། དེ་ཡང་གར་གྱི་སྔོན་འགྲོ་ལག་པ་གཉིས་རྡོ་རྗེ་ཁུ་ཚུར་བྱས་ལ། དེ་ནས་གཡོན་པའི་ཁུ་ཚུར་ཁ་འོག་ཏུ་བསྟན་པ་ལ་གཡས་པ་མཐེབ་མཛུབ་སྦྱར་བས། འོག་ནས་མཐེ་ཆུང་ནས་རིམ་པའི་ཁ་ཕྱེ། རྡོ་རྗེ་ཁུ་ཚུར་གཉིས་གཡས་གཡོན་དུ་གར་འཁྱམས་ ― TNT13_Page_0379 ―
[མ་དཔེ་གཟིགས་ན་འདིར་གནོན།]
བྱེད་ཅིང༌། ཨོཾ་བཛྲ་སཏྭ་སུ་སཾ་གྲ་ཧ་ཏ་ལ་སོགས་པ་སྔགས་བཞི་པོ་གླུར་ལེན་ཞིང༌། །དབུས་དང་འོག་དང་གཡས་དང་སྟེང་དང་གཡོན་རྣམས་སུ་གར་གྱི་པད་བསྐོར་གསུམ་གསུམ་བྱས་རང་རང་གི་བརྗོད་པའི་ཚེ་ཕྱག་རྒྱ་འཆའ་བའམ། བཛྲ་སཏྭ་སུའི་དོད་དུ། ཨོཾ་དྲུག་འགྱུར་གྱི་གླུ་བླངས་པའི་གར་པད་བཅོ་ལྔ་བྱ་བའམ། བསྡུ་ན་ཨོཾ་གཅིག་དང༌། སརྦ་བིད་སོགས་མཚན་རྐྱང་བ་གླུ་བླང་ངོ༌། །ཡོ་ག་སྤྱི་པའི་ལུགས་ལ། བཛྲ་ས་ཏྭ་ཞེས་པ་ལྟ་བུ་མཚན་རྐྱང་པ་ལ་སྙིང་པོ་དང༌། ཨོཾ་བཛྲ་སཏྭ་ཧཱུཾ། ཞེས་པ་ལྟ་བུ་ཐོག་མ་ཨོཾ་དང་མཐར་ས་བོན་གྱིས་བརྒྱན་པ་ལ་སྔགས་ཀྱི་ཐ་སྙད་འཇོག་པར་སྣང་ལ། སྦྱོང་རྒྱུད་ཀྱི་རང་ལུགས་ལ་ཐ་སྙད་དེ་མི་དགོས་ཀྱང༌། ཕྱག་རྒྱ་བཞིའི་རྒྱས་བཏབ་ཀྱི་སྐབས་འདིར་དོན་ནི་འདྲ་བར་བྱའོ། །ཏིང་ངེ་འཛིན་གྱི་ཕྱག་རྒྱ་ནི། གཙོ་བོ་དང་སྦྱོང་རྒྱལ་གྱི་ལས་རྒྱའོ། །གཡས་མཆོག་སྦྱིན་དངགཡོན་ཆོས་གོས་ཀྱི་གྲྭ་འཛིན་པ་ནི་རྒྱལ་མཆོག་རིན་ཆེན་གྱིའོ། །ཆོས་འཆད་ཀྱི་ཕྱག་རྒྱ་ནི་ཤཱཀྱ་ཐུབ་པའི་འོ། །གཡས་སྙིང་གར་སྐྱབས་སྦྱིན་དང་གཡོན་ལྟེ་བར་ཆོས་གོས་ཀྱི་གྲྭ་འཛིན་པ་ནི་མེ་ཏོག་ཆེར་རྒྱས་ཀྱིའོ། །གཡས་སྙིང་གར་ཁུ་ཚུར་ཁ་གྱེན་ལ་བསྟན་པ་ནི་སྤྱན་མ་དང༌། མཱ་མ་ཀཱིའི་འོ། །གཡས་ཁུ་ཚུར་དཔུང་པ་གཡོན་དུ་འཇོག་པ་ནི་གོས་དཀར་མོའི་འོ། །གཡས་སུ་འཇོག་པ་ནི་སྒྲོལ་མའི་འོ། །དེ་བཞི་ལ་གཡོན་པ་གདན་ལ་བརྟེན་པའོ། །གཡོན་ཁུ་ཚུར་ནང་དུ་ལྟ་བ་དཀུར་བཞག །གཡས་པའི་ཐུགས་ཀར་གན་རྐྱལ་གྱེན་དུ་གཏོད་པ་ནི་རྡོར་སེམས་ཀྱི་འོ། །གཡས་ཀྱི་ཁུ་ཚུར་སྙིང་ག་ནས་མདུན་དུ་སོར་བརྒྱད་ཙམ་དུ་འཆའ། གཡོན་གྱི་ཁུ་ཚུར་ཡང་དེའི་གདོང་དུ་བཞག་པ་ནི་རྒྱལ་པོའིའོ། །སྙིང་གར་ཁུ་ཚུར་ཁ་སྦྱོར་གཡོན་འོག་ཏུ་བྱས་པ་ལས་རྣ་བ་ཐུག་པའི་བར་མདའ་གཞུ་འགེངས་པ་ལྟར་བྱེད་པ་ནི་ཆགས་པའོ། ཁུ་ཚུར་གཉིས་ཁ་སྤྲད་སྙིང་ཁའི་ཐད་དུ་ ― TNT13_Page_0380 ―
[མ་དཔེ་གཟིགས་ན་འདིར་གནོན།]
མཐེབ་མཛུབ་གཉིས་སེ་གོལ་གཏོགས་པ་ནི་ལེགས་པའིའོ། ཁུ་ཚུར་གཉིས་གཤིབས་པའི་མཛུབ་མོ་དཔྲལ་བར་འཇོག་པ་ནི་རིན་ཆེན་གྱིའོ། ཁུ་ཚུར་གཉིས་སྙིང་གར་གཡས་བསྐོར་བྱེད་པ་ནི་གཟི་བརྗིད་ཀྱིའོ། །གཡོན་པའི་ཁུ་ཚུར་གྱི་སྟེང་དུ་གཡས་པའི་གྲུ་མོ་བཙུགས་ཏེ་ཁུ་ཚུར་བཅིངས་བ་ནི་རྒྱལ་མཚན་གྱིའོ། ཁུ་ཚུར་བསྐོར་ཏེ་ཁའི་འགྲམ་དུ་བཞག་པ་ནི་བཞད་པའི་འོ། །སྙིང་གར་གཡོན་ཁུ་ཚུར་ཁ་གྱེན་དུ་བསྟན་པ་ལ་གཡས་ཁུ་ཚུར་མཐེབ་མཛུབ་སྦྱར་ནས་གཡོན་པའི་མཐེ་ཆུང་ནས་རིམ་གྱི་ཁ་འབྱེད་པའི་ཚུལ་ནི་ཆོས་ཀྱིའོ། །གཡོན་ཁུ་ཚུར་སྙིང་གར་བཞག །གཡས་ཁུ་ཚུར་འཕྱར་བ་ནི་རྣོན་པོའི་འོ། ཁུ་ཚུར་གཉིས་ཁ་སྤྲད་ནས། །འགལ་མེའི་འཁོར་ལོ་ལྟར་ལུས་ཀྱི་ཕྱི་རོལ་དུ་གཡས་བསྐོར་གྱིས་བསྐོར་ཚུལ་བྱས་པ་ནི་རྒྱུའི་འོ། །གླུ་ལེན་པའི་ཕྱག་རྒྱ་དང་འདྲ་རུང་ལས་ཁའི་མདུན་ནས་ཅུང་ཟད་ཁུ་ཚུར་གྱེན་དུ་གཏེགས་པ་ནི་སྨྲ་བའི་འོ། ཁུ་ཚུར་བཀྲོལ་བ་ལས་བྱུང་བའི་ཐལ་མོ་སྦྱར་བ་འགྲམ་པ་གཡས་དང་གཡོན་དང་སྤྱི་བོར་འཇོག་པ་ནི་ལས་ཀྱིའོ། ཁུ་ཚུར་གནས་དགུར་རེག་ནས་མཐར་དཔྲལ་བར་ཐལ་མོ་གདབ་པ་ནི་སྲུང་བའི་འོ། །དེ་ལ་གནས་དགུ་ནི། སྙིང་མགྲིན་ལྟག་སྙིང་ནུ་བར་དང༌། །སྙིང་མགྲིན་རྒྱབ་དང་དཔྲལ་བའོ། །ཞེས་ཏེ། སྙིང་གསུམ་པོ་ནི་དབུས་དང་གཡས་དང་གཡོན། །མགྲིན་པ་གཉིས་པོ་ནི་དེའི་གཡས་གཡོན་ནོ། ཁུ་ཚུར་གཡས་པའི་མཐེ་ཆུང་ནས་དང༌། །གཡོན་པའི་མཛུབ་མོ་ནས་བཀྲོལ་བ་ཡིན། །ཨོཾ་ཊུཾ་སོགས་ཀྱིས་ཕྱག་རྒྱས་གནས་དགུ་དང་གཅིག་གོ ཁུ་ཚུར་གཉིས་ཀྱི་མཐེ་ཆུང་མཆེ་བ་ལྟར་བྱས་ནས་ཁའི་འགྲམ་དུ་བཞག་པ་ནི་གནོད་སྦྱིན་གྱིའོ། ཁུ་ཚུར་གཉིས་བཙིར་པ་ནི་རྡོ་རྗེ་ཁུ་ཚུར་གྱིའོ། ཁུ་ཚུར་གཉིས་སྒེག་པའི་ཚུལ་གྱིས་དཀུར་བཞག་ལ་མགོ་གཡོན་དུ་དུད་པ་ནི་སྒེག་མོའིའོ། ― TNT13_Page_0381 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཁུ་ཚུར་གཉིས་མགོ་བོའི་གཡས་གཡོན་དུ་འཕྲེང་བ་འཆིང་བའི་ཚུལ་བྱེད་པ་ནི་འཕྲེང་བ་མའི་འོ། ཁུ་ཚུར་གཉིས་ཁ་ནས་ཚིག་འབྱིན་པའི་ཚུལ་དུ་བྱེད་པ་ནི་གླུ་མའི་འོ། ཁུ་ཚུར་གཉིས་ཀྱིས་གར་བསྐོར་བ་རྡོ་རྗེ་ལས་དང་འདྲ་རུང་བ་ནི་གར་མའི་འོ། ཁུ་ཚུར་གཉིས་ཅུང་ཟད་ཁ་འཐུར་དུ་བསྟན་ཞིང་བསྐྱོད་པ་བདུག་སྤོས་མའི་འོ། ཁུ་ཚུར་ཁ་གྱེན་དུ་བསྟན་ཞིང་འཐོར་བ་ནི་མེ་ཏོག་མའི་འོ། ཁུ་ཚུར་གཉིས་ཀྱི་མཐེ་བོང་གཤིབས་ཏེ་བསྒྲེང་བ་ནི་མར་མེ་མའི་འོ། ཁུ་ཚུར་གཉིས་བརྐྱང་ནས་དྲི་ཆབ་བྱུག་ཚུལ་བྱེད་པ་ནི་དྲི་ཆབ་མའི་འོ། །གཡས་ཁུ་ཚུར་མཛུབ་མོ་ལྕགས་ཀྱུ་ལྟ་བུ་དང༌། །གཡོན་ཁུ་ཚུར་གྱི་མཐེའུ་ཆུང་སྒྲེལ་བ་ནི་ལྕགས་ཀྱུ་མའི་དང༌། ཁུ་ཚུར་གཉིས་ཀྱི་འཁྲིག་མའི་རྒྱབ་སྦྱར་ཞིང༌། མཛུབ་མོ་འདུད་པ་ནི་ཞགས་པ་མའི་དང༌། ཁུ་ཚུར་གཉིས་ཁ་གྱེན་བསྟན་གྱི་མཛུབ་མོ་དང་མཐེ་ཆུང་འདུད་པ་ནི་ལྕགས་སྒྲོག་མའི་དང༌། ཁུ་ཚུར་གཉིས་རྒྱབ་བསྣོལ་ཞིང་སྦྱར་བས་བཙིར་བ་ནི་དྲིལ་བུ་མའི་སྟེ་དེ་དག་ནི་ལས་ཀྱི་ཕྱག་རྒྱས་རྒྱས་འདེབས་པ་རྣམས་སོ། །དེ་དག་ལ་ཕྱག་རྒྱའི་རྗེས་ཀྱི་བྱ་བ་ནི། དཀུ་གཡོན་གྱི་ཕྱོགས་སུ་ལག་པ་གཉིས་སེ་གོལ་གཏོགས་ཅིང་དཀྲོལ་བའོ། །དེ་དག་ལས་སྤྲོ་ཞིང་ནུས་ན། ལྷ་རེ་རེ་བཞིན་སྔོན་འགྲོ་དང་རྗེས་དེ་དག་ཚང་བ་རེ་བྱ་ཞིང༌། དེ་ཙམ་མི་ནུས་ན་གཙོ་བོ་གཅིག་པུ་ལ་ཚར་གཅིག་ཚང་བ་དང༌། གཞན་བཞི་ཚན་བཞི་ཚན་ལ་ཚང་བར་བྱེད་དོ། །དེ་ཡང་ཆོ་ག་མཁན་པོ་རྣམས་ལ་རབ་ཏུ་གྲགས་པ་ཡིན་གྱི། དེ་བས་མང་བ་དང་ཉུང་བ་ལ་ཡང་མི་རུང་བ་ནི་མ་ཡིན་ནོ། །ཕྱག་རྒྱ་ཆེན་པོ་ནི་རང་རང་གི་སྙིང་པོའམ། རང་སྔགས་ལན་གསུམ་གསུམ་བཟླས་ཏེ་འཆིང་བ་ཡིན། དེ་བཞིན་གཤེགས་པ་ལྔ་ལ་ལས་རྒྱ་དང་འདྲ་བ་ལས་རྒྱལ་མཆོག་རིན་ཆེན་དང༌། མེ་ཏོག་ཆེར་རྒྱས་གཉིས་ལ་གཡོན་མཉམ་བཞག་གོ །གཡས་པའི་མཐེབ་མཛུབ་གཉིས་རྩེ་སྤྲད་ལ་གཞན་རྣམས་བརྐྱང་བ་སྙིང་གར་ ― TNT13_Page_0382 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཁ་ཕྱིར་བསྟན་པ་དང༌། གཡས་སྡིགས་མཛུབ་འདྲ་རུང་གི་སྙིང་གར་རྡོ་རྗེ་འཛིན་པའི་ཚུལ་དང༌། གཡས་པའི་མཐེབ་མཛུབ་སྦྱར་བ་དཔུང་པ་གཡོན་པར་བཟུང་བ་དང་དེ་ཉིད་དཔུང་པ་གཡས་སུ་འཇོག་པ་སྟེ་བཞི་པོ་དེ་དག་ནི་ལྷ་མོ་བཞིའི་འོ། །རྡོ་རྗེ་སེམས་དཔའ་ནི་གཡས་ཀྱི་མཐེ་བོང་མཐེ་ཆུང་གིས་མནན། མཛུབ་གུང་སྲིན་གསུམ་སྙིང་གར་བསྒྲེང་གཡོན་ཁུ་ཚུར་ནང་དུ་བསྟན་པ་དཀུར་བརྟེན་པའོ། །རྡོ་རྗེ་རྒྱལ་པོའི་ནི་ལས་རྒྱ་དང་འདྲའོ། །ཆགས་པའི་ནི་སྙིང་གར་གཡོན་པའི་ཁུ་ཚུར་གྱི་མཛུབ་སྟེངས་སུ་གཡས་པའི་ཁུ་ཚུར་གྱི་མཐའ་བཞག་ནས་མདའ་འགེངས་བྱེད་པའོ། །ལེགས་པའི་ཡང་ལས་རྒྱ་དང་འདྲ། རིན་ཆེན་གྱི་ནི་གཡས་ཁུ་ཚུར་མཛོད་སྤུར་འཇོག་ཅིང་གཡོན་དཀུར་བརྟེན་པའོ། །གཟི་བརྗིད་ཀྱི་ནི་གཡས་སྙིང་གར་ཁུ་ཚུར་ལས་མཛུབ་གུང་མཐེ་ཆུང་གསུམ་ཅུང་ཟད་གྲོལ་བའོ། །རྒྱལ་མཚན་གྱི་ནི་ཁུ་ཚུར་ཕྲག་པ་གཡོན་པར་འཇོག་པའོ། །བཞད་པའི་ནི་གཡས་ཁུ་ཚུར་ཁའི་གྲྭར་འཇོག་པའོ། །ཆོས་ཀྱི་ནི་གཡོན་ཁུ་ཚུར་དཀུར་བཞག །གཡས་ཐུགས་ཀར་མཐེབ་མཛུབ་སྤྲད་པའོ། །རྣོན་པོའི་ནི་གཡོན་ཁུ་ཚུར་སྙིང་གར་ཁ་གྱེན་དུ་བསྟན། གཡས་ཁུ་ཚུར་ལས་སོར་མོ་གཉིས་བརྐྱང་བ་འཕྱར་བའི་ཚུལ་ལམ། ཡང་ན་ལས་རྒྱ་དངའདྲ་བའོ། །རྒྱུ་ཡི་ནིཁུ་ཚུར་ལས་གུང་མོ་བསྒྲེང་ཞིང་བསྐོར་བའོ། །སྨྲ་བའི་ནི་གཡས་ཁུ་ཚུར་ཁ་གྱེན་དུ་བསྟན་པ་ཁའི་མདུན་དུ་འཇོག་པའོ། །ལས་ཀྱི་ནི་རྡོར་སེམས་ལྟར་ལས་གཡོན་སྙེམས་པའི་ཕྱག་རྒྱ་སྟེ་ཁུ་ཚུར་ཁ་གྱེན་དུ་བསྟན། སོར་མོའི་ཚིག་གོང་མ་རྣམས་དཀུ་ལ་རེག་པའོ། །བསྲུང་བའི་ནི་ལག་པ་ཁུ་ཚུར་ལྟེ་བའི་ཐད་དུ་བསྣོལ། །དེ་ནས་ཡར་དྲངས་ཏེ་དཔུང་པ་གཉིས་ཀྱི་ཁར་ཁ་ཕྱིར་བསྟན་པའོ། །གནོད་སྦྱིན་གྱི་ནི་ལས་རྒྱ་དང་འདྲའོ། ཁུ་ཚུར་གྱི་ནི་རྡོར་སྡམས་མཐེ་བོང་གཉིས་ནང་དུ་བཅུག་པའོ། །སྒེག་མོའི་ནི་རྡོ་རྗེ་ཁུ་ཚུར་གཉིས་སྙེམས་པའི་ཚུལ་ལོ། །འཕྲེང་བ་མའི་ནི་ཁུ་ཚུར་ལས་མཐེབ་མཛུབ་གཉིས་སྦྱར་བ་ཁ་ ― TNT13_Page_0383 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཕྱིར་བསྟན། དཔྲལ་བའི་གཡས་གཡོན་དུ་འདྲེན་པའི་ཚུལ་ལོ། །གླུ་མའི་ནི་གཡོན་ཁུ་ཚུར་བསྒྲེང་བའི་ལག་ཉའི་ཐད་དུ་གཡས་པའི་འཛུབ་མོས་པི་ཝཾ་བསྐུལ་བའི་ཚུལ་ལོ། །གར་མའི་ནི་ཐལ་མོ་སྦུག་པོར་སྦྱར་བ་བསྐྱོད་ཅིང་དེ་ནས་ཕྱེ་སྟེ་ཐལ་མོ་གཡས་མགོ་དང༌། གཡོན་སྟ་ཟུར་དུ་བཞག་པའོ། །ལྕགས་ཀྱུ་མའི་ནི་གཡོན་པའི་ཁུ་ཚུར་གྱི་སྟེང་དུ་གཡས་པའི་གྲུ་མོ་བཞག་ཅིང༌། ཁུ་ཚུར་གཡས་པའི་མཛུབ་མོ་ལྕགས་ཀྱུ་འདྲ་བའམ། རྡོ་རྗེ་རྒྱལ་པོ་དང་འདྲ་བའང་ཡིན་ནོ། །ཞགས་པ་མའི་ནི་ཁུ་ཚུར་ཁ་སྦྱོར་ལྟེ་བ་ནས་སྙིང་ག་དང་དེ་ནས་མགྲིན་པའི་གཡས་གཡོན་གྱི་ཐད་ཙམ་དུ་ཁ་ཕྱིར་བསྟན་ནས་འཛིན་པའོ། །ལྕགས་སྒྲོག་མའི་ནི། ཁུ་ཚུར་ཁ་སྦྱོར་སྙིང་ག་ནས་ལྟེ་བ་དང༌། དེ་ནས་པུས་མོའི་ཐད་ཀར་དྲངས་ཏེ་ཁ་སྦུབས་པའོ། །དྲིལ་བུ་མའི་ནི་གཡས་ཁུ་ཚུར་དྲིལ་བུ་ཁྲོལ་བའི་ཚུལ་དུ་བྱེད་པའོ། །དེ་དག་ནི་ཕྱག་ཆེན་གྱི་རྒྱས་འདེབས་ཚུལ་ཏེ། གཡོན་གསལ་ཁ་མེད་པ་རྣམས་གདན་ལ་བརྟེན་པ་ཡིན་ལ། སྔ་ཕྱིར་ཁུ་ཚུར་ཞེས་པ་ལས་གཞན་གསལ་ཁ་མེད་པ་ནི། རྡོ་རྗེ་ཁུ་ཚུར་ཏེ་མཐེ་བོང་ནང་དུ་བཅུག་སོར་མོ་ལྷག་མ་བཞིས་བསྡམས་པའོ། །ལས་བཅོལ་གྱི་སྐབས་ཀྱི་ཕྱག་རྒྱ་ནི། འགའ་ཞིག་དམ་རྒྱ་དང༌། འགའ་ཞིག་ལས་རྒྱ་དང༌། འགའ་ཞིག་ཕྱག་ཆེན་དུ་འདོད་པ་སོགས་མི་འདྲ་བ་དུ་མ་བྱུང་ཡང་ཆོ་ག་གང་ལ་ཕྱག་རྒྱ་བཞི་སྐོར་གྱིས་རྒྱས་བཏབ་ཡོད་ཕྱིན་ཆད་ཕྱག་ཆེན་ལྟར་བྱེད་པ་འཐད་དེ། གཞན་ལ་ཁུངས་མེད་ཅིང་དེ་ལྟ་བུ་ལ་ཁུངས་གསལ་ཡོད་པའི་ཕྱིར་རོ། །དམ་རྒྱ་འབའ་ཞིག་གིས་རྒྱས་འདེབས་པའི་ལུགས་ལ་ནི་ལས་བཅོལ་ལ་ཡང་དམ་རྒྱ་ཁོ་ན་ལས་འོས་མེད་དོ། །དེས་ན་ཕྱིའི་སེམས་དཔའ་རྣམས་ལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་དང༌། སྤྲོས་པ་ལ་དགའ་ན་ཕྱོགས་ཀྱི་རིམ་པ་དང་མཐུན་པའི་སེམས་དཔའ་བཞིའོ། །ཉན་རང་ལ་ཐུན་མོང་དུ་གཡས་དཔུང་པའི་ཐད་དུ་ཁུ་ཚུར་དང༌། གཡོན་སྙིང་གའི་ཐད་དུ་ཁུ་ཚུར་ཁ་གྱེན་དུ་བསྟན་པའོ། །ཁྲོ་བོ་རྣམས་ལ་ ― TNT13_Page_0384 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཁམས་གསུམ་རྣམ་རྒྱལ་གྱི་ཕྱག་རྒྱའོ། །འཇིག་རྟེན་པ་རྣམས་ལ་གར་འཁྱམས་དང་པད་བསྐོར་སྔོན་དུ་འགྲོ་བའི་ཐལ་མོ་སྤྱི་བོར་སྦྱར་བའོ། །གལ་ཏེ་དམ་རྒྱས་བྱེད་ན། ལག་པ་གཡོན་དེ་བཞིན་གཤེགས་པའི་ཁུ་ཚུར་བཀན་ལ། །གཡས་པའི་མཐེབ་མཛུབ་ཀྱིས་འབྱེད་པའི་ཚུལ་བྱས་ནས། ཐལ་མོ་ཁོང་སྟོང་དུ་སྦྱར་བ་ནི་སེམས་དཔའ་རྣམས་ཀྱིའོ། །ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་ཁ་ཕྱེ་ནས་མཐེ་བོང་མཐེ་ཆུང་སྦྱར་སོར་མོ་ལྷག་མ་བརྐྱང་བ་ནི། ཉན་ཐོས་རྣམས་ཀྱིའོ། །ཐལ་མོ་སྦྱར་བ་ལས་མཐེ་ཆུང་ནས་བརྩམས་ཏེ་སོར་མོ་གཞན་རྣམས་ནང་དུ་བསྐུམ་ཞིང་སོར་མོ་བསྒྲིང་བ་ནི། རང་རྒྱལ་གྱི་ཕྱག་རྒྱའོ། །རྡོ་རྗེ་ནང་བསྡམས་ལས་གུང་མོ་གཉིས་རྩེ་སྤྲད། ཐ་མ་བཞི་སོ་སོར་བརྐྱང་བ་ནི། ཁྲོ་བོ་ལ་སོགས་པ་རྣམས་ཀྱིའོ། །ཐལ་མོ་ལ་མཐེ་བོང་དང་མཐེ་ཆུང་སྦྱར། ལྷག་མ་རྣམས་བརྐྱང་བ་པདྨ་ཁ་འབུས་ལྟ་བུ་ནི། འཇིག་རྟེན་པ་སྤྱིའི་དམ་རྒྱའོ། །དེས་ན་ཉན་རང་གི་དམ་རྒྱ་ལ་གཞན་གང་ནའང་ཁུངས་རྣམ་དག་མེད་པས་འཇམ་དཔལ་གྱི་རྩ་བའི་རྟོག་པ་ནས་བཤད་པ་བཞིན་བྱ་དགོས་སོ། །དེ་དག་ནི་ཆོས་འདི་ཡོ་གའི་ལུགས་སུ་བྱེད་ན་ངེས་པར་དགོས་པའི་ཕྱག་རྒྱ་རྣམས་སོ། །མི་ཤེས་པའི་རང་བཞིན་སྐྱེ་བོ་མང་པོ་བརྫུན་གྱིས་བསླུ་བར་བྱེད་པ་ཁ་ཅིག་འདི་སྐད་ཅེས་དཀུ་གཡོན་གྱི་ཕྱོགས་སུ་ཁུ་ཚུར་སྟེང་འོག་ཏུ་ཁ་སྦྱོར་ལས་རྒྱ་དངོས་ཡིན། ངག་ཏུ་རྩ་རིག་བཟླ་བའི་ཏདྱ་ཐཱ་ནས་ཕྱག་རྒྱ་བཀྲོལ་ལ་གཡས་གཡོན་སྙིང་ག་གསུམ་དུ་པད་སྐོར་བྱེད་པ་དེའི་ཡན་ལག་སྟེ་ལས་ཀྱི་ཕྱག་རྒྱ་དང་དེའི་རྗེས་ལ་མཉམ་བཞག་གི་ཕྱག་རྒྱ་བྱེད་པ་ནི་དམ་རྒྱ་དང༌། །ངག་ནས་ཀུན་རིག་གི་སྔགས་ཐུང་བཟླ་བ་ནི་ཆོས་རྒྱ་དང༌། མདུན་གྱི་གཙོ་བོའི་སྐུ་ལ་རྟོག་པ་ནི་ཕྱག་ཆེན་ཏེ། ཕྱག་རྒྱ་བཀྲོལ་ནས་ཐལ་མོ་སྙིང་གར་སྦྱོར་བཞིན་དུ་ལས་བཅོལ་གྱི་ཚིག་བརྗོད་པའི་མཐར་དཀུ་གཡོན་དུ་ལག་པ་གཉིས་ཀས་སེ་གོལ་གཏོགས་པ་ནི། །ལས་ལ་སྦྱོར་བའོ། །ཞེས་སྨྲ་ཏེ་ལོག་པའི་ཚིག་འདི་ཤིན་ཏུ་ ― TNT13_Page_0385 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཆེས་ཆེར་རློམ་པའི་མཚན་ཉིད་པ་རྣམས་ནས་བཟུང༌། མཐའ་འཁོབ་ཀྱི་སྐྱེ་བོ་བླུན་པོའི་བར་དུ་མགོ་འཁོར་བར་གྱུར་ཏེ། འདི་ལ་དམ་རྒྱ་རང་སྔགས་མེད་པ་དང༌། ཆོས་རྒྱ་ལ་སྔགས་ཡིག་གི་གཟུགས་བརྙན་མེད་པ་དང༌། ལས་དམ་ཆོས་ཞེས་ཕྱག་རྒྱ་བཞིའི་གོ་རིམ་འཁྲུགས་པ་དང༌། ཕྱག་ཆེན་ལ་སྐུའི་རྣམ་འགྱུར་མེད་པ་དང༌། ཁྱེད་རང་འདོད་པའི་ལས་རྒྱས་སྔོན་འགྲོ་རྗེས་ལ་བྱེད་པར་ཐལ་བ་དང༌། དེ་སྐབས་ཕྱག་འཚལ་གྱི་སྐབས་སུ་ཕྱག་རྒྱ་དངོས་སུ་འདོད་པ་དེ་བཅས་སྔགས་ཀྱི་དངོས་གཞིའི་སྐབས་སུ་གར་བྱེད་པས། མདུན་མགྲོན་ལ་ཕུད་དང་སྟོན་མོ་དྲངས། མགྲོན་པོ་དངོས་ལ་བཀྲུ་བཤལ་སྦྱིན་པ་ལྟ་བུ་འགྱུར་བའི་ཕྱིར་དང༌། གནས་སྐབས་དེ་ཉིད་དུ་ཕྱག་རྒྱ་བཀྲོལ་ཞེས་ལན་གཉིས་སྨྲ་བ་ནི། ཕྱག་རྒྱ་བཀྲོལ་ནས་སངས་རྒྱས་གཤེགས་ཞེས་བྱ་བའི་ལུང་ཁས་ལེན་མཁན་ཡིན་པའི་ཕྱིར། ཕྱག་རྒྱས་བཏབ་མ་ཐག་ཏུ་གཤེགས་གསོལ་བྱེད་པར་འགྱུར་བའི་ཕྱིར་དང༌། ཁུ་ཚུར་ཁ་སྤྲས་དང་པད་སྐོར་གསུམ་པོ་གང་སུ་ཅིའི་ཡང་ལས་རྒྱ་མ་ཡིན་པའི་ཕྱིར། ཁུ་ཚུར་ཁ་ཕྱེ་བ་ལ་ཕྱག་རྒྱ་བཀྲོལ་བའི་ཐ་སྙད་མི་འཇུག་པའི་ཕྱིར་དང༌། རྩ་རིག་ཀྱང་ལས་རྒྱའི་སྔགས་མ་ཡིན་པའི་ཕྱིར་དང༌། སྔགས་ཐུང་བཟློས་པ་ཙམ་ལ་ཆོས་ཀྱི་ཕྱག་རྒྱའི་མཚན་ཉིད་ཚང་བ་མེད་པའི་ཕྱིར་དང༌། མདུན་གྱི་ལྷ་སྐུ་ལ་རྟོག་ཅིང་ཡིད་ལ་བྱེད་པ་ཙམ་ཕྱག་ཆེན་མ་ཡིན་ཞིང༌། ཡིན་ན་དམ་རྒྱ་ཡང་ཕྱག་ཆེན་དུ་ཐལ་བ་དང༌། གལ་ཏེ་འདི་ཕྱག་རྒྱ་བཞི་རྒྱས་བཏབ་ཡིན་ན་རྣལ་འབྱོར་རྒྱུད་ཀྱི་ཕྱག་རྒྱ་བཞིའི་རྒྱས་འདེབས་ནི། སྤྱིར་བདག་མདུན་བུམ་བསྐྱེད་སོགས་གནས་སྐབས་སུ་དུ་མར་འབྱུང་ཡང་དོན་གྱི་གཙོ་བོ་བདག་བསྐྱེད་ཀྱི་སྐབས་སུ་དགོས་པ་ལས། ཁྱེད་དེར་མི་བྱེད་པའི་དགོས་དོན་གྱི་གཙོ་བོ་གཏོར་བའི་ཕྱིར་དང༌། །རྗེ་བཙུན་ཆེན་པོའི་རྗེས་སུ་འབྲང་བ་ཡིན་ན་ ― TNT13_Page_0386 ―
[མ་དཔེ་གཟིགས་ན་འདིར་གནོན།]
ནི་མལ་གྱོ་སོགས་གོང་མ་རྣམས་ཀུན་རིག་ལ་དམ་རྒྱ་བཅས་ནས་ལས་བཅོལ་བྱེད་ཀྱི། ཕྱག་རྒྱ་བཞིའི་རྒྱས་འདེབས་མི་དགོས་པར་བཞེད་པའི་ལུགས་གཅིག་དང༌། རང་བཞེད་ལ་ཕྱག་རྒྱ་བཞིའི་རྒྱས་འདེབས་རྒྱུད་འདིར་ཚིག་ཟུར་གྱིས་ཐོན་པས་བཞི་པོ་སོ་སོར་བྱེད་ན་ལེགས་སོ་ཞེས་སོ་སོར་ཕྱེ་ནས་ལུགས་གཉིས་སུ་མཛད་ཀྱི། སྔ་མ་རྣམས་དམ་རྒྱ་བཅས་ནས་ལས་བཅོལ་ཙམ་བྱེད་པ་ལ། ཁོ་བོས་བལྟས་ན་ཕྱག་རྒྱ་བཞི་ཚང་འདུག་ཀྱང་སྔ་མ་རྣམས་ཀྱིས་ཕྱག་རྒྱ་བཞི་ཚང་བ་མ་ཤེས་ཤིང་མི་དགོས་པར་འདོད་དོ། །ཞེས་ནམ་དུ་ཡང་མ་གསུངས་པ་ལ། ཁྱེད་དམ་རྒྱ་བཅས་ནས་ལས་བཅོལ་བྱེད་པ་ལ་ཕྱག་རྒྱ་བཞིའི་རྒྱས་བཏབ་ཚང་བར་འདོད་ཀྱིན་འདུག་པའི་ཕྱིར། རྗེ་བཙུན་ཆེན་པོ་དང་འགལ་བ་སོགས་མདོར་ན་འཁྲུལ་བའི་ཕུང་པོ་ཆེན་པོ་འདི་བློ་གྲོས་ཤིན་ཏུ་ཆུང་ངུ་དེའི་ནང་དུ་ཆུད་པ་ཤིན་ཏུ་ངོ་མཚར་ཆེའོ། །ཞེས་ཀྱང་བྱའོ། །དེ་ཡན་ཆད་ཀྱིས་ཕྱག་རྒྱས་གཙོ་བོ་རྣམས་བཤད་ཟིན་ཏོ། །མཆོད་པ་ཉེར་ལྔའི་སྐབས་ཀྱི་ཕྱག་རྒྱ་ནི། ཁུ་ཚུར་གཉིས་མགོ་བོའི་སྟེང་དུ་འཇོག་པ་ཅོད་པན་དང༌། མཐེབ་མཛུབ་སྦྱར་བའི་ཟླུམ་པོ་རྣ་བ་ལ་རེག་པ། རྣ་རྒྱན་དང༌། བ་དན་གསུམ་པའི་ཕྱག་རྒྱས་མགུལ་གྱི་དབུས་ནས་གཡས་གཡོན་དུ་དྲྭ་ཕྱེད་འབྲི་བ་མགུལ་རྒྱན་དང༌། གཡས་གཡོན་རེས་མོས་ཀྱིས་ཕྲག་པ་ནས་རྐེད་པའི་བར་དང༌། ཕྲག་པ་ཅིག་ཤོས་ཀྱི་བར་ལ་འབྲི་བ་ནི། སེ་མོ་དོ་དང༌། ལག་པ་གཡས་གཡོན་གྱི་བར་ལྷུ་གཡོན་གཡས་ལ་བྱབས་པ་དཔུང་རྒྱན་དང༌། དེ་བཞིན་དུ་འཁྲིག་མ་གཡས་གཡོན་དང༌། རྐང་པ་གཡས་གཡོན་ལ་ལག་གདུབ་དང༌། རྐང་གདུབ། དེ་རྣམས་བ་དན་གསུམ་པའི་ཕྱག་རྒྱ་ཁོ་ནས་རེག་པས་སོ། །གཡས་པའི་གུང་མོའི་དཀྱིལ་ནས་གཡོན་པའི་མཛུབ་མོས་འཁྱུད་པ་སོར་གདུབ་དང༌། གཡོན་བདེ་གཤེགས་ཁུ་ཚུར་གྱི་སྟེང་དུ་གཡས་པའི་མཐིལ་བཞག་པ་ནི་གདུགས་དང༌། ཁུ་ཚུར་ཉིས་བརྩེག་ཕྲག་པ་གང་རུང་གི་ ― TNT13_Page_0387 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཕྱོགས་སུ་བཞག་པ་ནི་རྒྱལ་མཚན་དང༌། ཁུ་ཚུར་གྱི་གུང་མཛུབ་གཉིས་ནམ་མཁའ་ལ་སྟེང་འོག་ཏུ་བསྐོར་བ་ནི་བ་དན་དང༌། གཡོན་པའི་ཁུ་ཚུར་སྙིང་གར་བཞག་གཡས་པའི་གུང་མཛུབ་གཉིས་ཀྱིས་མཐོ་དམན་དུ་ལྡ་ལྡི་འགེལ་བའི་ཚུལ་ནི་ལྡ་ལྡི་དང༌། ལག་པ་གཅིག་གི་ཡུ་བ་འཛིན་ཚུལ་དང༌། ཅིག་ཤོས་ཐལ་མོ་རྔ་ཡབ་ཀྱི་ཚུལ་དུ་བྱེད་པ་ནི་རྔ་ཡབ་ཀྱི་དང༌། ལག་པ་གཡོན་མཉམ་བཞག །གཡས་སྨིན་མཚམས་ནས་འཐུར་དུ་བསྟན་པ་ནི་བླ་བྲེའོ། རྡོ་རྗེ་ཁུ་ཚུར་གཉིས་གཤིབས་པ་ནི་སེང་གེའི་ཁྲི་དང༌། ཁུ་ཚུར་གཉིས་གཡས་གཡོན་དུ་དྲངས་པ་ནི་གཟིམས་ཆ་དང༌། ཁུ་ཚུར་གཡོན་སྙིངགར་བཞག །གཡས་པའི་གུང་མཛུབ་རྩེ་སྤྲད་པ་ཟླུམ་པོ་ནི་ཁང་བཟང་ཟླུམ་པོ་དང༌། དེ་ཉིད་གྲུ་བཞིར་བྱེད་པ་ཁང་བཟང་གྲུ་བཞི་དང༌། ཕྱག་རྒྱ་དེ་ཉིད་ཀྱིས་ཁང་བརྩེགས་དང༌། རྡོ་རྗེ་ཁུ་ཚུར་ཁ་གྱེན་བསྟན་གཉིས་ཀྱིས་ཟླ་གདན་དང༌། མེ་ཏོག་དང་པི་ཝཾ་གོང་དང་འདྲ། ཏིང་ཏིང་ཞིག་བརྡུང་ཚུལ་གྱིས་དེ་ཉིད་དང༌། གཡོན་ཁུ་ཚུར་སྙིང་གར་བཞག་གཡས་ཁུ་ཚུར་གྱི་དྲིའི་ཕྱེ་མ་འབྱེད་པའི་ཚུལ་གྱི་དྲི་བཟང་དང༌། རྡོ་རྗེ་ཁུ་ཚུར་གྱེན་དུ་ཁ་ཕྱེ་བས་ལྷ་བཤོས་དང༌། ཁུ་ཚུར་གཉིས་ཀྱི་རྒྱབ་ནས་ནམ་བཟའ་གཡོགས་ཏེ་མདུན་དུ་བསྣོན་པའི་ཚུལ་ནམ་བཟའ་སྟེ། དེ་དག་ཀྱང་ཕྱག་རྒྱའི་རྣམས་གྲངས་ཙམ་མོ། །བསྟོད་རིང་གི་སྐབས་སྤྱིར་རྡོ་རྗེ་དྲིལ་ཐབས་ཙམ་གྱིས་ཆོག་ལ། ཉང་སྟོད་ཕོ་རོག་པའི་ལག་ལེན་དེང་སང་ཕལ་ཆེར་བྱེད་པ་ནི། ཐོག་མ་དྲིལ་གསིལ་བྱས་ནས། དྲིལ་བུ་སྙིང་གའི་ཐད་ཀྱི་གཡོན་ཕྱཽགས་ཅུང་ཟད་དམའ་སར་བཟུང་ལ་འདི་ལྟར་བྱ་སྟེ། ཚིགས་རྐང་དང་པོ་རྡོ་རྗེ་སེན་སྐོར་བྱ། གཉིས་པ་རྡོར་དྲིལ་དང་བཅས་པད་སྐོར་ཏེ། གསུམ་པ་རང་རང་སོ་སོའི་ཕྱག་ལེན་བཅིངས། །བཞི་པ་པད་སྐོར་སྔོན་འགྲོ་ཐལ་མོ་སྦྱོར་ཞེས་སོ། །ཚིགས་བཅད་བཞི་པོ་ལ་མཚོན་ན། ཆོས་དབྱིངས་སོགས་དང༌། རྡོ་རྗེ་གསོར་ ― TNT13_Page_0388 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཏེ་དྲིལ་བུའི་ཐོག་གང་ཙམ་ནས་གཡས་གཡོན་གང་རུང་དུ་བསྐོར། རྣམ་པར་སོགས་ལ་པད་སྐོར་བྱ། ཏིང་ངེ་འཛིན་སོགས་ལ་མཉམ་བཞག །ཕྱག་འཚལ་སོགས་ལ་སྙིང་གར་པད་སྐོར་མགྱོགས་པར་བྱས་ལ། ཀུན་རིག་ཅེས་པའི་སྐབས་ཐལ་མོ་སྦྱར། ལའོ་ཞེས་པའི་སྐབས་དྲིལ་གསིལ་ཙམ། དེ་དག་གི་བར་བར་དུ་ཆབ་རྩེད་དང་སྒོར་རྩེད་བྱེད་དོ། །དེ་དག་སྐྱེ་བོ་མགོ་བསྐོར་གྱི་ཕྱག་རྒྱ་ཡིན་ཀྱང་བྱེད་ནི་བྱེད་ཀྱིན་གདའོ། །དེ་ལྟར་ན་ཕྱག་རྒྱ་རགས་རིམ་ཙམ་བཤད་ཟིན་ནོ། །གསུམ་པ་རྗེས་ཀྱི་སྐབས་སུ་ཆོ་ག་ལས་གསལ་བ་དང༌། རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་རྗེས་ཆོག་དང༌། གཤེགས་གསོལ་དང་རྡུལ་ཚོན་ཆུ་བོར་སྤྱན་འདྲེན་པ་སོགས་སྤྱི་དང་འདྲ་ལ། ཁ་ཅིག་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་སྤྱི་བོར་བཟུང་ནས་བཛྲ་སཏྭ་ཧཱུཾ་ལན་གསུམ་གྱིས་ཕྱག་རྒྱ་དཀྲོལ། ཞེས་ཟེར་བ་ནི་རྒྱུད་གཞུང་གང་ནའང་མེད་པའི་ལེགས་བཤད་དུ་གདའོ། །སྤྱི་བོར་བཟུང་ཞེས་པའི་བརྡ་ཆད་ཀྱང་ཤིན་ཏུ་རྨོངས་ཚིག་ཡིན་ཞིང༌། སྔར་རྒྱས་བཏབ་པའི་ཕྱག་རྒྱ་གཅིག་ཀྱང་འགྲོལ་རྒྱུ་མེད་པ་ལ། རྒྱས་བཏབ་ཀྱི་སྐབས་ཡེ་མེད་པའི་ཕྱག་རྒྱ་འགྲོལ་བ་འདི་དང༌། རྒྱས་བཏབ་ཀྱི་ལྷ་དང་ཕྱག་རྒྱ་ཤིན་ཏུ་མང་པོ་དག་སྔགས་དང་ཕྱག་རྒྱ་གཅིག་ཁོ་ནས་འགྲོལ་བ་འདི་དང༌། སྔར་ཕྱག་རྒྱ་བཞིས་རྒྱས་མ་བཏབ་པ་ལ་འགྲོལ་དགོས་པ་འདི་དང༌། རྒྱུད་འདི་ནས་ཡེ་མ་བཤད་པའི་ལྷ་དང་སྔགས་ཀྱི་ཕྱག་རྒྱ་གཅིག་གིས་རྒྱུད་འདིའི་དཀྱིལ་འཁོར་གྱི་ལྷ་མཐའ་དག་གི་ཕྱག་རྒྱ་འགྲོལ་བར་བྱེད་པ་སྟེ། བཞད་གད་ལས་ཀྱང་ཆེས་བཞད་གད་ཀྱི་གནས་རྣམ་པ་བཞིའོ། །ད་ནི་འདི་དཔྱད་དེ། རྒྱུད་འདིའི་སེམས་དཔའ་བཅུ་དྲུག་གི་སྔགས་ལ་བཛྲ་རཱ་ཛ་ཛཿལ་སོགས་པ་བྱེད་དེ། རྡོར་དབྱིངས་ལ་སོགས་པ་གཞན་ནས་འབྱུང་བ་དང༌། ལྷའི་ངོ་བོ་དང་སྐུ་མདོག་ཕྱག་མཚན་སོགས་འདྲ་བའི་ཕྱིར་རོ་སྙམ་པ་དེ་ཕལ་ཆེར་ལ་སྣང་ཞིང༌། ཡང་སྔ་ཕྱིར་བྱོན་པ་འགའ་ཞིག་གི་ཁོ་བོས་ ― TNT13_Page_0389 ―
[མ་དཔེ་གཟིགས་ན་འདིར་གནོན།]
དཀྱུས་སུ་བཤད་པ་དང་མཐུན་པའང་མཛད་པ་ལ། རྡོར་དབྱིངས་ཀྱི་འདྲེས་གཅིག་ཀྱང་མི་རུང་བར་འདོད་པ་ཁ་ཅིག་དེ་མི་རིགས་ཏེ་འཁོར་ལོས་བསྒྱུར་བའི་སྐབས་སུ་དེ་ལྟར་བཤད་པ་ནི་རྡོ་རྗེ་སེམས་དཔའི་སྔགས་ཀྱི་མཐར་སེམས་དཔའ་བཅུ་དྲུག་གི་ས་བོན་སྤེལ་ནས་རོལ་མོ་བརྡུང་བ་ལ་སོགས་པ་བྱེད་པའི་སྔགས་ཙམ་ཡིན་གྱི། བཟླས་བྱའི་སྔགས་ཡིན་པའི་གསལ་ཁ་མེད་པས་བསྐྱེད་བཟླས་ཀྱི་སྔགས་ནི་གཞན་ནས་བླངས་པ་བཟང་བར་འདོད་དོ། །དེ་ནི་མ་ཡིན་ཏེ་བརྡུང་བའི་སྔགས་ནི་ཤམ་པ་ཏ་ལ་སོགས་པ་དག་ཡིན་གྱི། སྔགས་གོང་མ་རྣམས་བརྡུང་སྔགས་ཡིན་པར་སྟོན་པའི་ཚིག་ཀྱང་མེད་ལ། དེའི་ཕྱིར་བཟླས་སྔགས་ཡིན་པར་ཐེ་ཚོམ་མེད་ལ། ཡང་རྒྱུད་འདིའི་སྟོད་སྨད་གང་ནས་ཀྱང་སེམས་དཔའ་བཅུ་དྲུག་གི་སྔགས་གསུངས་པ་གཞན་ནི་ཡེ་ནས་མེད། གཅིག་པུ་འདི་ཁོ་ན་ཡིན་ན་རོལ་གར་གྱི་སྐབས་སུ་བཤད་པ་ཡིན་དུ་ཆུག་ཀྱང༌། བཟླས་པའི་སྐབས་སུ་ཅིའི་ཕྱིར་བླངས་དུ་མི་རུང༌། རང་གཞུང་ནས་ལར་མ་བཤད་པ་དེ་དག་ལེན་པ་བས། གསལ་བར་བཤད་པ་འདི་ཅིའི་ཕྱིར་མི་ལེན། གནས་སྐབས་གང་དུ་བྱུང་ཀྱང་བླ་སྟེ། རྩིས་བཏབ་ཀྱིས་དགོས་པ་ཆུང་ཡང་གཞན་དག་གིས་རྡོར་དབྱིངས་སོགས་དང་ཆོ་ག་བསྲེས་པ་ལ་དགྲ་ལྟར་ལྟ་བཞིན་དུ་རང་ཉིད་རྒྱུད་འདི་ཉིད་ལས་གསུངས་པའི་སྔགས་བོར་ནས། རྒྱུད་གཞན་གྱི་སྔགས་དང་བསྲེས་པ་ནི་ཤིན་ཏུ་མི་མཁས་པའི་རྣམ་ཐར་ཡིན་ཞིང༌། ཆོ་ག་ལས་ཀྱང་སྔགས་ཡིད་ཆེས་གཙོ་བོ་ཡིན་པས་སྔགས་མ་འཁྲུལ་བ་དགོས་པ་གོ་བར་གྱིས་ཤིག །དེ་ལྟར་ན་ཐམས་ཅད་རིག་པའི་ཆོ་གའི་ངག་འདོན་འཁོར་བ་ཀུན་གྲོལ་གྱི་ཟུར་འདེབས་འདི་ཡང་ཏཱ་ར་ནཱ་ཐས་ཞོར་བྱུང་དུ་སྨྲས་པའོ།། །།དགེའོ། །བཀྲ་ཤིས། ། |