Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་ལྔ་པ།


   
   
   
   
   
   
   
   
   
   
   
གདམས་ངག་གི་ཁྱད་པར་ཡི་གེ་དྲུག་པའི་སྒྲུབ་ཐབས་དང་བདེ་བ་འབྱུང་བའི་སྒྲུབ་ཐབས། 
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགདམས་ངག་གི་ཁྱད་པར་ཡི་གེ་དྲུག་པའི་སྒྲུབ་ཐབས་དང་བདེ་བ་འབྱུང་བའི་སྒྲུབ་ཐབས།next

གདམས་ངག་གི་ཁྱད་པར་ཡི་གེ་དྲུག་པའི་སྒྲུབ་ཐབས་དང་བདེ་བ་འབྱུང་བའི་སྒྲུབ་ཐབས།


DTG075_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨུ་པ་དེ་ཤ་བི་ཥེ་ཤ་སཱ་དྷ་ནཾ། བོད་སྐད་དུ། གདམས་ངག་གི་ཁྱད་པར་ཡི་གེ་དྲུག་པའི་སྒྲུབ་ཐབས་འགའ་ཞིག་ལ། བཅོམ་ལྡན་འདས་ནི་ནོར་བུ་དང་བཅས་པའི་པོ་ཏིས་མཚོན་པའི་པདྨ་བསྣམས་པའོ། །ནོར་བུ་འཛིན་པ་ནི་པོ་ཏི་དང་བྲལ་བའི་ནོར་བུ་དང་པདྨ་འཛིན་པའོ། །ཡི་གེ་དྲུག་པ་ནི་ནོར་བུ་དང་བྲལ་བའི་པོ་ཏི་པདྨ་འཛིན་པའོ། །མཆོད་པའི་སྔགས་ནི། ཨོཾ་འཇིག་རྟེན་དབང་ཕྱུག་མེ་ཏོག་བཞེས་སུ་གསོལ་སྭཱ་ཧཱ། དེ་བཞིན་དུ་བདུག་སྤོས་དང་མར་མེ་ཞེས་བྱ་བ་ལ་སོགས་པ་དག་གིས་གོ་བར་བྱའོ། །ལྷ་གཞན་དག་རྣམས་ལ་ཡང་དེས་གོ་བར་བྱའོ། །ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་འདྲེན་པའི་སྔགས་ནི་འདི་ཡིན་ཏེ། ཨོཾ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་ཛཿ་ཧཱུཾ་བཾ་ཧོཿ་དཔའ་བོ་ཁྱད་ཨ་ལ་ལ་ལ་ལ་ཧོཿ་ཨཿ་ཨཿ་ཨཿ་ཨཿ་ཞེས་སོ། །ཡི་གེ་དྲུག་པའི་གདམས་ངག་གི་ཁྱད་པར་རྫོགས་སོ།། །།ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ། །


DTG075_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཁརས་པ་ཎ་སཱ་དྷ་ནཾ། བོད་སྐད་དུ། བདེ་བ་འབྱུང་བའི་སྒྲུབ་ཐབས། ཁརས་པ་ཎི་ལ་ཕྱག་འཚལ་ལོ། །རེ་ཞིག་དང་པོར་སྔགས་པས་བདེ་བའི་སྟན་ལ་ཉེ་བར་གནས་ཤིང་གདོད་པའི་གཙང་སྤྲ་ལ་སོགས་པ་བྱས་པས། གཙང་ཞིང་བདེན་པའི་ཕྱོགས་སུ་རང་གི་སྙིང་གར་ཡི་གེ་ཨ་ལས་ཟླ་བའི་དཀྱིལ་འཁོར་རྣམ་པར་བསྒོམ་པར་བྱ་བའོ། །དེའི་སྟེང་དུ་ཡི་གེ་ཧྲཱིཿ་དཀར་པོའོ། །དེའི་འོད་ཟེར་གྱིས་བསྐུལ་ལ་མདུན་
གྱི་ནམ་མཁའ་ལ་བླ་མ་དང༌། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ལ་སོགས་པ་སྤྱན་དྲངས་ལ། སྙིང་གའི་ས་བོན་གྱི་འོད་ཟེར་ལས་བྱུང་བའི་མཆོད་པའི་སྤྲིན་གྱིས་ལེགས་པར་མཆོད་ཅིང་སྡིག་པ་བཤགས་པ་ལ་སོགས་པ་དང༌། ཚངས་པའི་གནས་བཞི་བསྒོམ་པ་ཡང་བྱ་སྟེ། དེ་ནས་སྟོང་པ་ཉིད་བསྒོམ་པར་བྱ་ཞིང༌། ཨོཾ་སྟོང་པ་ཉིད་ཀྱི་ཡེ་ཤེས་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ནི་ང་ཡིན་ནོ་ཞེས་བྱ་བ་འདིས་བྱིན་གྱིས་བརླབ་པར་བྱ་བའོ། །དེའི་རྗེས་ལ་སྔར་བཞིན་དུ་ཡི་གེ་ཧྲཱིཿ་རྣམ་པར་བསྒོམས་ལ་ནམ་མཁའི་དཀྱིལ་ན་སྤྲོས་ཤིང་བསྡུ་བར་ཡང་བྱས་ལ། དེ་ལས་ངེས་པར་བྱུང་བའི་འཇིག་རྟེན་དབང་ཕྱུག་ཏུ་བདག་ཉིད་བསྒོམ་པར་བྱ་སྟེ། དཀར་པོ་འོད་ཟེར་བྱེ་བ་འཕྲོ་བ་རལ་པ་དང༌། དབུ་རྒྱུན་དང་ལྡན་པ། སྣང་བ་མཐའ་ཡས་ཀྱིས་སྤྱི་བོར་མཚན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། བཞིན་འཛུམ་པ། སྐྱིལ་ཀྲུང་ཕྱེད་པས་པདྨ་དང་ཟླ་བའི་གདན་ལ་བཞུགས་པ། གཡས་པས་མཆོག་སྦྱིན་པ། གཡོན་པས་པདྨ་བསྣམས་པའོ། །གཡས་ཀྱི་ཕྱོགས་ན་འཕགས་མ་སྒྲོལ་མ་དང༌། གཞོན་ནུ་ནོར་བཟངས་གཉིས་སོ། །གཡོན་གྱི་ཕྱོགས་ན་ཁྲོ་གཉེར་ཅན་དང༌། རྟ་མགྲིན་གཉིས་སོ། །དེ་ནས་མགོ་བོ་ལ་ཡི་གེ་ཨོཾ་མགྲིན་པར་ཡི་གེ་ཨཱཿ་སྙིང་གར་ཡི་གེ་ཧཱུཾ་འདི་དག་རྣམས་ལེགས་པར་བསམས་ལ། ཇི་སྲིད་དུ་སྐྱོ་བར་མ་གྱུར་གྱི་བར་དུ་གནས་པར་བྱའོ། །སྐྱོ་བ་དང་སྔགས་བཟླས་པར་བྱའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་ཧྲཱིཿ་སྭཱ་ཧཱ་བྱ་བའོ། །ཁརས་པ་ནིའི་སྒྲུབ་ཐབས་རྫོགས་སོ།། །།པཎྜི་ཏ་ཆེན་པོ་རཏྣ་ཨཱ་ཀ་ར་གུཔྟའི་ཞལ་སྔ་ནས། དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ། །


previousགདམས་ངག་གི་ཁྱད་པར་ཡི་གེ་དྲུག་པའི་སྒྲུབ་ཐབས་དང་བདེ་བ་འབྱུང་བའི་སྒྲུབ་ཐབས།next