Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
   
   
   
   
   
ཟབ་ལམ་ནཱ་རོ་ཆོས་དྲུག་གི་གསལ་བྱེད་སྤྱི་ཆིངས་ཁྲིད་ཡིག་དང་བཅས་པ།
   
   
   
   
   
   
   
   


 
previousཟབ་ལམ་ནཱ་རོ་ཆོས་དྲུག་གི་གསལ་བྱེད་སྤྱི་ཆིངས་ཁྲིད་ཡིག་དང་བཅས་པ།next

ཟབ་ལམ་ནཱ་རོ་ཆོས་དྲུག་གི་གསལ་བྱེད་སྤྱི་ཆིངས་ཁྲིད་ཡིག་དང་བཅས་པ།


KMC016_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ལམ་ནཱ་རོ་ཆོས་དྲུག་གི་གསལ་བྱེད་སྤྱི་ཆིངས་ཁྲིད་ཡིག་དང་བཅས་པ་ཀརྨ་པ་རང་བྱུང་རྡོ་རྗེའི་ཆོས་དྲུག་གསེར་ཞུན་མ་བཞུགས་སོ། །


KMC016_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རྣམ་ཀུན་མཆོག་ལྡན་སྟོང་ཉིད་མངོན་དུ་མཛད། །བདེ་ཆེན་མཆོག་ལྡན་སྙིང་རྗེས་སྲིད་པ་འཛིན། །ཟུང་འཇུག་མཆོག་ལྡན་རྡོ་རྗེ་སེམས་དཔའ་དང་། །བླ་མ་མཆོག་ལ་གུས་པས་ཕྱག་འཚལ་ལོ། །ཐེག་མཆོག་སྙིང་པོ་རྣལ་འབྱོར་བླ་མེད་ཀྱི། །རྫོགས་རིམ་མཐར་ཐུག་དཔལ་ལྡན་ཆོས་དྲུག་གི །སྙིང་པོའི་ཞལ་གདམས་བརྒྱུད་པ་ལས་འོངས་པ། །གསལ་བར་བྱ་ཕྱིར་རེ་ཞིག་འདི་བཤད་དོ། །འདིར་སངས་རྒྱས་ཀྱིས་གསུངས་པའི་ཐེག་པ་ཆེན་པོ་རྨད་དུ་བྱུང་བ་ལ་བརྟེན་


KMC016_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཞལ་གདམས་དཔག་ཏུ་མེད་ཀྱང་། ཚེ་གཅིག་ལུས་གཅིག་གིས་རྡོ་རྗེ་འཆང་ཆེན་པོ་མངོན་དུ་བྱེད་པ་དཔལ་ལྡན་ནཱ་རོ་པའི་ཆོས་དྲུག་འདི་ལ་དོན་རྣམ་པ་གཉིས་ཏེ། ཤེས་པར་བྱ་བ་དང་། ཉམས་སུ་བླང་བའོ། །དང་པོ་ལ་བླ་མའི་བརྒྱུད་ཚུལ་དང་། གཞི་ལམ་འབྲས་བུའི་རྣམ་གཞག་གོ །དང་པོ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོས། གསང་བ་པའི་བདག་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ། དེ་ལས་རིམ་པར་བཀའ་བཞི་བརྒྱུད་པའི་བླ་མ་རྣམས་ལ་


KMC016_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་དེ། ཀླུ་སྒྲུབ། ཨཱཪྱ་དེ་བ། ཟླ་བ་གྲགས་པ། མ་ཏཾ་གི་རྣམས་ནི་ལྷོའི་བརྒྱུད་པའོ། །བིར་ཝ་པ། ཌོམྦི་ཡང་ཟེར། བི་ན་པ། ལྭ་ཝ་པ། ཨིནྡྲ་བོ་དྷི་སྟེ་དེ་རྣམས་ནུབ་ཀྱི་བརྒྱུད་པའོ། །ལཱུ་ཧི་པ། ཌེཾ་གི་པ། དཱ་རི་ཀ །སུ་ཁ་དྷ་རི་ནི་བྱང་གི་བརྒྱུད་པའོ། །སུ་ཁ་མ་ཧཱ་སིདྡྷི། ཐང་ལོ་པ། ཤིང་ལོ་པ། ཀརྞ་རི་པ་རྡོ་རྗེ་དྲིལ་བུ་ཡང་ཟེར། རྣམས་ཤར་གྱི་བརྒྱུད་པ་སྟེ། དེ་རྣམས་ལ་དཔལ་ཏཻ་ལོ་པ་ཆེན་པོས་གཏུགས་པའི་ཚུལ་བསྟན། དངོས་སུ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་བྱིན་གྱིས་བ རླབས་ཤིང་ལྷན་ཅིག་སྐྱེས་མཐར་ཕྱིན་པ་དེས། དཔལ་ནཱ་རོ་པ་ལ་གསུངས་ཏེ་གཞུང་ལས། བླ་མ་ཆེན་པོ་ནཱ་རོ་པས། བདེ་མཆོག་འཁོར་ལོའི་གསང་སྔགས་ནི། །འབུམ་ཕྲག་གཅིག་ཏུ་བཟླས་པ་ཡིས། །ས་རྣམས་གཡོས་ཤིང་ལུང་བསྟན་ཐོབ། །ཅེས་སོ། །དེ་ཡང་དཀའ་བ་བཅུ་གཉིས་སྤྱད། བླ་མ་མཉེས་པ་སྣ་ཚོགས་ཀྱིས་བསྟེན་ཅིང་། མཐར་ཕྱག་རྒྱ་ཆེན་པོ་མངོན་དུ་མཛད་དེ། བླ་མའི་བཀའ་ལ་བརྟེན་ནས་འཕགས་པ་ཐོག་མེད་སྐུ་མཆེད་ལས་བརྒྱུད་པ་ལ་


KMC016_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པ་ཡིན་པས་བྱང་སྒོ་སྲུང་བའི་པཎྜི་ཏ་མཛད་དེ། པུལླ་ཧ་རིར་བཞུགས་ཤིང་འགྲོ་བའི་དོན་མཛད་དེ། དེས་མར་པ། མི་ལ་རས་པ། བླ་མ་ལྷ་རྗེ། དུས་གསུམ་མཁྱེན་པ། འགྲོ་མགོན་རས་པ། སྤོམ་བྲག་པ། བླ་མ་ཀརྨ་པ། སངྒ་ལཀྵ། དེས་རང་བྱུང་རྡོ་རྗེའོ། །བླ་མ་རྣམས་ཀྱི་རྣམ་པར་ཐར་པ་ནི་གཞན་དུ་ཡོད་པས་དེར་བལྟའོ། །གཉིས་པ་ནི། གཞི་དངོས་པོའི་གནས་ལུགས། ལམ་གྱི་རིམ་པ། འབྲས་བུ་སྐྱེ་བའི་རིམ་པའོ། །དེ་ཡང་གཞུང་ལས། ཤར་ཕྱོགས་ངོས་སུ་ཏཻ་ལོ་པའི། །ཞལ་སྔར་གདམས་ངག་མནོས་པ་ནི། །དངོས་པོའི་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །ཞེས་པས། དང་པོ་ལ་གཉིས། གཞི་དངོས་དང་། ལམ་གྱི་གཞི་དབང་ངོ་། །དང་པོ་ལ་ཐེག་པ་ཆེན་པོའི་དབང་དུ་བྱས་ཏེ་ལུས་དང་སེམས་གཉིས་ལས། ལུས་ལ་ཡང་རྣམ་པར་ཕྱེ་ན་གསུམ་དུ་འགྱུར་ཡང་། འདིར་ཕྱོགས་གཅིག་ཏུ་བསྟན་པར་བྱ་སྟེ། དེ་ཡང་དངོས་པོའི་གནས་ལུགས་ནི། ལུས་ནི་བྱང་ཆུབ་རྣམ་ལྔ་དང་། །རྩ་དང་


KMC016_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དང་ནི། །མི་གཙང་རྫས་དང་རྣམ་རྟོག་གིས། །ལུས་ཀྱི་ཆོས་ནི་གནས་པ་ཡིན། །ཞེས་འབྱུང་བས་སྤྱིར་དྲི་མ་དང་བཅས་པའི་སེམས་ཀྱིས་ཉེ་བར་བརྟགས་ཤིང་ཞེན་པ་ལ་བརྟེན་ནས་སྣང་བ་ཡིན་ཡང་རེ་ཞིག་རྟེན་དང་བརྟེན་པའི་ཚུལ་དུ་རྣམ་པར་ཕྱེ་ན། འགྲོ་བ་རིགས་དྲུག་ཁམས་གསུམ་པ་རྣམས་ཀྱི་རྣམ་པར་ཤེས་པའི་གཟུང་འཛིན་གཉིས་ལས་བྱུང་བ། ཕྱི་སྣོད་དང་ནང་ལུས་དབྱེར་མེད་པར་རྒྱུ་དང་འབྲས་བུ་རྣམ་པར་ཕྱེ་བ་དུས་ཀྱི་འཁོར་ལོ་ལ་སོགས་པ་རྒྱུད་འགྲེལ་རྣམས་ལས་གསུངས་པ་བདག་གི་བློ་ལ་གསལ་མོད་ཀྱང་ཡི་གེས་འཇིགས་པའི་ཕྱིར་མ་བཤད་དོ། །འདིར་འཛམ་བུའི་གླིང་དུ་སྐྱེས་པ་ཁམས་དྲུག་ལྡན་པའི་མི་ལུས་ལ་བརྟེན་པ་བསྟན་ཏེ། འདི་ལ་ཡང་ལུས་འགྲུབ་པའི་རྒྱུ་རྐྱེན། ཇི་ལྟར་འགྲུབ་ཚུལ་བཤད་པ། བཤད་པའི་དགོས་པ་དང་གསུམ་ལས། དང་པོ་ནི། སེམས་དྲི་མ་དང་བཅས་པ་འདུས་བྱས་ཤིང་ལས་མངོན་པར་བསྒྲུབས་པས་རྒྱུ་བྱས། ཕ་མའི་འདུ་འཕྲོད་ཀྱིས་རྐྱེན་བྱས་ཤིང་། གསུམ་འཚོགས་


KMC016_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས། ཕའི་ཁུ་བ་དང་། མའི་ཁྲག་ནད་མེད་པ་དང་། བར་མ་དོའི་རྣམ་པར་ཤེས་པ་ལ། ཟླ་བ། ཉི་མ། སྒྲ་གཅན། ཞེས་ཀྱང་བཏགས་ཏེ། ལུས་ངག་ཡིད་གསུམ་བསྐྱེད་དེ། དང་པོའི་སངས་རྒྱས་ཀྱི་རྒྱུད་ལས། སྐུ་ནི་ཐིག་ལེ་ཟླ་བ་ཁུ། །གསུང་ནི་ཚེག་དྲག་ཉི་མ་ཁྲག །ཐུགས་ནི་ནཱ་ད་ཐམས་ཅད་འབྱུང་། །ཞེས་སོ། །འདི་ལ་བྱང་ཆུབ་པ་ལྔར་ཡང་འགྲོ་སྟེ། དཀར་ཆ་མེ་ལོང་ལྟ་བུའི་ཡེ་ཤེས། དམར་ཆ་མཉམ་པ་ཉིད། རྣམ་ཤེས་རླུང་དང་བཅས་པ་སོ་སོར་རྟོག་པ། ཐམས་ཅད་འདྲེས་པ་བྱ་བ་གྲུབ་པ། ལུས་རྫོགས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དགྱེས་པ་རྡོ་རྗེ་ལས། ཟླ་བ་མེ་ལོང་ཡེ་ཤེས་ལྡན། །བདུན་གྱི་འདུན་པ་མཉམ་ཉིད་ལྡན། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པ་བརྗོད་པར་བྱ། །ཐམས་ཅད་གཅིག་གྱུར་ནན་ཏན་ཉིད། །རྫོགས་པས་ཆོས་དབྱིངས་དག་པ་སྟེ། །མཁས་པས་ཆོ་གར་གསུངས་པ་ཡི། །རྣམ་པ་ལྔ་པོ་བསྒོམ་པ་ཉིད། །ཅེས་སྦྱང་གཞི་སྦྱོང་བྱེད་སྦྱར་ཏེ་གསུངས་སོ། །གཞན་ཡང་དང་པོ་ཕ་མ་


KMC016_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་རེག་པ་སྲ་བ་ཉམས་སུ་མྱོང་བ་ས། བྱང་ཆུབ་ཀྱི་སེམས་གཤེར་བ་ཆུ། བསྐྱོད་པས་དྲོ་བ་མེ། གཡོ་བ་རླུང་། བདེ་བ་ནམ་མཁའི་ཁམས་ཏེ། དགྱེས་པ་རྡོ་རྗེ་ལས། བོལླ་ཀཀྐོ་ལ་སྦྱར་བས། །རེག་པ་སྲ་བ་བག་ཆགས་ཉིད། །སྲ་བ་གཏི་མུག་ཆོས་ཀྱི་ཕྱིར། །གཏི་མུག་རྣམ་པར་སྣང་མཛད་བརྗོད། །གང་ཕྱིར་བྱང་སེམས་གཤེར་བ་ཉིད། །གཤེར་བ་ཆུ་ཡི་ཁམས་སུ་འགྱུར། །ཆུ་ནི་མི་བསྐྱོད་གཟུགས་ཀྱི་ཕྱིར། །ཞེ་སྡང་འདྲེན་པ་མི་བསྐྱོད་པ། །གཉིས་ཀྱིས་བསྐྱོད་པའི་སྦྱོར་བ་ལས། །དྲོད་ནི་རྟག་ཏུ་སྐྱེ་བར་འགྱུར། །འདོད་ཆགས་དཔག་མེད་རྡོ་རྗེ་ཡིན། །འདོད་ཆགས་དྲོད་ལས་འབྱུང་བར་འགྱུར། །ཀཀྐོ་ལར་ནི་སེམས་རྒྱུ་བ། །དེ་ནི་རླུང་ནི་རང་བཞིན་ཅན། །ཕྲག་དོག་དོན་ཡོད་གྲུབ་པ་ཡིན། །དོན་ཡོད་རླུང་ལས་འབྱུང་བ་ཉིད། །བདེ་བའི་འདོད་ཆགས་ཁྲག་ཏུ་འགྱུར། །དགའ་བ་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་སེར་སྣ་རྡོ་རྗེར་འགྱུར། །སེར་སྣ་ནམ་མཁའ་ལས་བྱུང་ཉིད། །སེམས་ནི་ཆེན་པོ་གཅིག་ཉིད་ལ། །ལྔ་ཡི་གཟུགས་


KMC016_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་རྣམ་པར་བསྐོར། །ཞེས་སོ། །དེ་ལྟར་རྣམ་པར་ཤེས་པ་འབྱུང་བ་ལྔ་ཡེ་ཤེས་ཀྱི་ཁམས་དང་དྲུག་འདུས་པ་ལས་ལུས་འགྲུབ་པར་བྱེད་དོ། །གཉིས་པ་ལུས་ཇི་ལྟར་འགྲུབ་ཚུལ་ལ་གསུམ་སྟེ། རྩ་དང་། རླུང་དང་། ཐིག་ལེ་ལའོ། །དང་པོ་ནི། མངལ་གྱི་ཞག་བདུན་ཕྲག་དང་པོ་ལ། ནུར་ནུར་པོ་དང་། གཉིས་པ་ལ་མེར་མེར་པོ་དང་། གསུམ་པ་ལ་ལྟར་ལྟར་པོ་དང་། བཞི་པ་ལ་གོར་གོར་པོ་སྟེ། ཞག་ཉེར་བརྒྱད་དེ། ལྔ་པ་འཁྲང་འགྱུར་གྱི་ཞག་དང་པོ་ལ་མ་དང་འབྲེལ་བའི་ལྟེ་བ་ནས། རང་སོར་ཕྱེད་དང་བཅུ་གསུམ་གྱི་ཚད་ཀྱི་རྩ་དབུ་མ་ཆགས་ལ། གཉིས་པ་ལ་སྙིང་གི་དབུས་ཀྱི་རྩ་བཅུ་འབྱུང་སྟེ། རྩ་བ་དང་ཡན་ལག་གི་རླུང་བཅུ་འབྱུང་བའི་གནས་སོ། །དེ་ནས་ཞག་རེ་ལ་རྩ་ཉིས་བརྒྱ་ཉིས་བརྒྱ་འབྱུང་སྟེ། མངལ་གྱི་ཟླ་བ་བརྒྱད་དང་ཕྱི་རོལ་གྱི་བཞི་སྟེ་བཅུ་གཉིས་ཀྱི་བར་རྩ་འཕེལ་བས་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་འགྱུར་རོ། །རྩ་འདི་རྣམས་ཀྱི་རགས་པ་ཙམ་བཤད་ན། ཟླ་བ་དང་པོ་ལ་སྙིང་གའི་འཁོར་ལོའོ། །གཉིས་


KMC016_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

པར་ལྟེ་བའི་རྩ་དྲུག་ཅུ་རྩ་བཞི། ཁྱིམ་བཅུ་གཉིས་ཀྱི་དབྱེ་བས་འབྱུང་ངོ་། །དེའི་འོག་ཏུ་མགྲིན་པའི་བཅུ་དྲུག །སྤྱི་བོའི་སུམ་ཅུ་དཔྲལ་བ། རྩ་གཉིས་སྟེང་དུ་གཙུག་ཏོར་གྱི་བཞི། དེ་རྣམས་སྙིང་ག་ལས་འཕྲོས་ཏེ་འབྱུང་ངོ་། འོག་ཏུ་གསང་བའི་རྩ་སུམ་ཅུ་རྩ་གཉིས་དང་སྟོང་པ་དྲུག་གི་རྩ་ལྟེ་བ་ནས་ཐུར་དུ་འབྱུང་ངོ་། །འདི་རྣམས་ནི་འཁོར་ལོའི་རྩ་རྣམས་སོ། །དེའི་ཕྱིར་སྤྱི་གཙུག་ན་རྩ་བཞི་དཔྲལ་བ་ན་བཅུ་དྲུག་སྟེ་བད་ཀན་གྱི་རྩ་དང་། མགྲིན་པ་ན་སུམ་ཅུ་རྩ་གཉིས། སྙིང་ཁ་ནས་བརྒྱད་དང་རྩ་བཞི་བཅུ་མཁྲིས་པའི་རྩ་དང་། ལྟེ་བའི་དྲུག་ཅུ་རྩ་བཞི་གསང་བའི་ཕྱི་རོལ་དུ་བསྐོར་བའི་རྩ་བཅུ་དྲུག་སྟེ་བརྒྱད་ཅུ་ནི་རླུང་གི་རྩའོ། །གསང་བའི་ནང་རིམ་ནས་འདུས་པའི་རྩ་བཅུ་དྲུག་འབྱུང་ངོ་། །དེ་རྣམས་ལ་སོགས་པ་ནང་གི་རྩ་དྲུག་སྟོང་ཆགས་པས་ཉ་ལྟ་བུར་འབྱུང་ངོ་། །དེ་ནས་ཟླ་བ་གསུམ་པར་རྐང་ལག་སྐྱེ་སྟེ་རུ་སྦལ་ལྟ་བུའོ། །ཟླ་བ་བཞི་པར་ཚིགས་རྣམས་འབྱུང་བའི་སར་རྩའི་འཁོར་ལོ་སུམ་ཅུ་པ་བཅུ་གཉིས་འབྱུང་སྟེ། དེ་ལ་སོགས་པ་གཞན་ཡང་


KMC016_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ངོ་། །ཟླ་བ་ལྔ་པར་ཤ་དང་ཁྲག་རུས་པའི་ཚིགས་སུམ་བརྒྱ་དྲུག་ཅུ་འབྱུང་སྟེ་རུ་སྦལ་ལྟ་བུའོ། །དབང་པོ་རྣམས་གསལ་བར་བྱེད་ཅིང་ཟླ་བ་དྲུག་ནས་ཚོར་བ་འབྱུང་ངོ་། །བདུན་པ་ལ་སྐྲ་དང་ཁ་སྤུ་རྣམས་འགྲུབ་བོ། །དེའི་ཚེ་མངོན་པར་ཤེས་པ་འབྱུང་བར་བཤད་དོ། །བརྒྱད་པར་དབང་པོ་རྫོགས་པས་བཀྲེས་སྐོམ་འབྱུང་ངོ་། །དགུ་པའི་མཐར་སྡུག་བསྔལ་ཞིང་སྐྱོ་བ་སྐྱེ་བར་བྱེད་དོ། །འདི་ནི་མིའི་སེང་གེའི་གནས་སྐབས་སོ། །འདི་རྣམས་དུས་ཀྱི་འཁོར་ལོའི་ནང་གི་ལེའུར། ལུས་འདི་ལ་ནི་ཁམས་ཀྱི་ཚོགས་རྣམས་མ་ལུས་རོ་དྲུག་རྣམས་ཀྱི་བཟའ་བཏུང་ལས་ནི་འབྱུང་བར་འགྱུར། ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བཅུས་གསུངས་སོ། །གཉིས་པ་རླུང་ལ་རྩ་བའི་རླུང་ལྔ། ཡན་ལག་གི་རླུང་ལྔ། སྣར་རྒྱུ་བ་བཤད་པའོ། །དང་པོ་ནི་རྣམ་པར་ཤེས་པ་དང་ནམ་མཁའི་ཁམས་ཡེ་ཤེས་དང་བཅས་པ། རྩ་དབུ་མར་གནས་པ། ཐིག་ལེ་ཨ་དུས་མེ། ཧཾ་སྒྲ། གིས་བསྟན་པ། སྲོག་གི་རླུང་སྟེ་དབུས་རླུང་ངོ་། །དེ་ལ་སྟེང་དུ་


KMC016_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཞེས་བཤད་དོ། །ཐུར་སེལ་ནི། ཨ་ཐུང་ནས་འོག་ཏུ་འགྲོ་ཞིང་དྲི་ཆུ་དང་ཁུ་བ་འབྱིན་སྡོམ་བྱེད་དེ་སའི་ཁམས་ཀྱི་རང་བཞིན་ནོ། །མཉམ་གནས་ནི། མདུན་གྱི་ཕྱོགས་སུ་རྒྱུ་བ་སྣར་མའི་རྩ་ལས་བྱུང་ནས་ཕོ་བར་མེ་ཉམས་སུ་གྱུར་ཏེ་དྭངས་སྙིགས་ལུས་ཐམས་ཅད་དུ་ཁྱབ་པར་བྱེད་དེ་འདི་ནི་མེའི་རླུང་ངོ་། །གྱེན་དུ་རྒྱུ་བ་ནི། ཤར་ལྷོ་མཚམས་ནས་བྱུང་ཞིང་གཡས་ཀྱི་ཕྱོགས་ནས་གླང་པོའི་རྩར་རྒྱུ་སྟེ་སྨྲ་བརྗོད་ཀྱི་ལས་བྱེད་ཅིང་གྲེ་བའི་གནས་ནས་འབྱུང་བ་རླུང་གི་རླུང་ངོ་། །ཁྱབ་བྱེད་ནི་ལྷོ་སྟེ། གཡས་རོ་མ་དང་འབྲེལ་བ་ལུས་ཐམས་ཅད་དུ་ཁྱབ་པ་ཆུའི་རླུང་ངོ་། །ཡན་ལག་གི་རླུང་། ཀླུ་ནི་ལྷོ་ནུབ་སྟེ་རྒྱལ་གྱི་རྩ་ལས་བྱུང་ནས་ལུས་འགྲེང་བ་ལ་སོགས་པ་བྱེད་དེ་ནམ་མཁའོ། །རུ་སྦལ་ནི་རྒྱབ་ཏུ་སྟེ། རྒྱལ་བའི་རྩ་ལས་བྱུང་ནས་རྐང་ལག་བསྐུམ་པ་ལ་སོགས་པ་བྱེད་དེ་རླུང་གི་རླུང་ངོ་། །རྩངས་པའི་ནུབ་བྱང་སྟེ། གཡོན་དུ་ཉེ་བར་བྱུང་ནས་ཁྲོ་བ་ལ་སོགས་པ་སྐྱེད་པར་བྱེད་དེ་མེའི་རླུང་ངོ་། །ལྷ་སྦྱིན་གཡོན་ནས་བྱུང་ནས། རྐྱང་མར་འབྲེལ་


KMC016_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་གླལ་བ་ལ་སོགས་པ་བྱེད་དེ་ཆུའི་རླུང་ངོ་། །ནོར་ལས་རྒྱལ་ནི་བྱང་ཤར་སྟེ་ཤི་བའི་ལུས་ལ་ཞག་གཅིག་མི་གཏོང་བར་བྱེད་དེ་སའི་རླུང་ངོ་། །འདི་ནི་སྙིང་ཁའི་འཁོར་ལོ་སྟེ། རླུང་ཐམས་ཅད་ཀྱི་འབྱུང་བའི་རྩ་བ་མངལ་དུ་ཟླ་བ་གཅིག་ནས་འབྱུང་སྟེ། ཡན་ལག་གི་རླུང་འདི་རྣམས་རྒྱུད་གཞན་ནས་རྒྱུ་བས་མིག་གིས་གཟུགས་མཐོང་བའི་བདག་རྐྱེན་བྱེད། རབ་ཏུ་རྒྱུ་བས་སྒྲ། མངོན་པར་རྒྱུ་བས་དྲི། ཤིན་ཏུ་རྒྱུ་བས་རོ། །ཡང་དག་པར་རྒྱུ་བས་རེག་བྱ། མྱོང་བའི་བདག་རྐྱེན་བྱེད་ཅེས་ཀྱང་བཤད་དོ། །སྣར་རྒྱུ་བ་ནི། ལྟེ་བའི་འཁོར་ལོ་ལས་ལུས་ཐམས་ཅད་ཏུ་ཁྱབ་པར་བྱེད་པའི་རྩ་དྲུག་ཅུ་རྩ་བཞི་པོ་རྣམས་ལྔ་ཚན་བཅུ་གཉིས་བཞིར་གྱུར་པ་རོ་རྐྱང་དུ་འབྲེལ་ཅིང་རྩ་གསུམ་འདུས་པར་དབུ་མར་འབྲེལ་ནས་སྲོག་གི་ཆ་དང་བཅས་ཏེ་གཡས་པའི་ཆ་ལ་ས་ཆུ་མེ་རླུང་ནམ་མཁའ་དང་། གཡོན་ནས་ནམ་མཁའ་རླུང་མེ་ཆུ་དང་སའི་རང་བཞིན་དུ་རྒྱུའོ། །ཁ་གཅིག་ལ་གཡས་གཡོན་འཕོ་བ་བཅུ་གཉིས། འཕོ་བ་རེ་ལ་དཀྱིལ་འཁོར་ལྔ་ལྔ་ཡོད་


KMC016_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

པས་དྲུག་ཅུ། དཀྱིལ་འཁོར་གཅིག་ལ་དབུགས་སུམ་བརྒྱ་དྲུག་ཅུ་ཡོད་ཀྱང་། བཅུ་གཅིག་དང་བཞི་ཆ་དབུ་མའི་རླུང་ཡིན་པས་འདི་ལ་ཡེ་ཤེས་ཀྱི་རླུང་ཞེས་ཟེར། ཁ་ཅིག་འཕོ་མཚམས་ན་རྒྱུ་ཟེར་ཏེ། དབུགས་ཀྱི་སོ་གཉིས་ཕྱེད་དང་བཅས་པ་གཅིག་གི་ཆ་ཤས་ཡིན། དེ་སྣ་གཡོན་ཟླ་བ་གཡས་ཉི་མ་སྐྱེ་སྡུད་ཀྱི་རིམ་པས་དོན་ལ་ཡེ་ཤེས་ཀྱི་རླུང་གི་ཕྱེད་ནང་དུ་འཕེལ་ཅིང་ཕྱེད་ཕྱིར་འདོར་བར་བྱེད་པས་འཆི་ལྟས་ལ་སོགས་པ་འཆར་བར་བྱེད་དོ། །མདོར་ན་ཞག་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ། ཡེ་ཤེས་ཀྱི་རླུང་དྲུག་བརྒྱ་བདུན་ཅུ་རྩ་ལྔ་སྟེ། ཕྱི་རོལ་དུ་ལོ་གཅིག་ལ་ཞག་སུམ་བརྒྱ་དྲུག་ཅུ་ཆུ་ཚོད་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འོང་ཡང་། ཉི་ཟླས་རྒྱུ་སྐར་གྱི་དཀྱིལ་འཁོར་མི་འཁོར་བར་རྐང་པ་འཕེལ་བའི་ཆ་ཞག་དྲུག་དང་ཞག་གི་བརྒྱད་ཆ་གཅིག་གིས་རྩིས་ཐམས་ཅད་རྣམ་པར་དག་འགྲོ་སྟེ། འགྲིབས་པའི་ཆ་དང་བཅས་པ་འཇིག་རྟེན་པའི་སྣང་བ་ལ་ཞག་བཅུ་གཅིག་དང་བཞི་ཆ་ལ་ལོ་གཅིག་ལ་ལྷག་པར་སྣང་བས་ཟླ་བ་སུམ་ཅུ་སོ་ཕྱེད་དང་


KMC016_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ན་ཟླ་ལྷག་འབྱུང་ཞེས་འདོགས་ཏེ་ཕྱི་ནང་གཅིག་པའི་རྟེན་འབྲེལ་ཡིན་ནོ། །འདི་ལྟར་ཕྱི་ནང་སྦྱར་ན་གསལ་མོད་ཀྱི། རྣམ་པར་སྤྲོས་པས་ཆོག་གོ །རྣལ་འབྱོར་ཅན་རྣམས་ལ་གནད་བཅིང་བ་ནི་འོག་ཏུ་འཆད་དོ། །འདི་རྣམས་ཀྱི་ངེས་པ་ནི་དུས་ཀྱི་འཁོར་ལོ་ལས། སྲོག་ནི་ཟླ་བའི་ལམ་དུ་སོན་པ་སྟོབས་བྱེད་བཟའ་བ་དང་ནི་བཏུང་བ་མ་ལུས་པ། །ཐུར་སེལ་གྱིས་ནི་ཐུར་དུ་འབྱིན་ལ་རོ་རྣམས་མ་ལུས་ལུས་ལ་ཁྱེར་བ་མཉམ་གནས་ཀྱིས། །གྱེན་དུ་རྒྱུ་བས་ལུས་བསྐྱེད་པ་དང་ཁ་དང་ལག་པ་རྐང་པ་རྣམས་དང་གླུ་དང་གར་བྱེད་པ། །ཁྱབ་བྱེད་ནད་རྣམས་སྐྱེད་པར་བྱེད་དེ་རང་གཞན་ཡོན་ཏན་དབང་གིས་ལུས་འཁྱོག་པ་ཡང་དེ་བཞིན་ནོ། །ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་བདུན་གྱིས་གསུངས་སོ། །གསུམ་པ་ཐིག་ལེའི་གནད་ནི། ཐོག་མར་དཀར་དམར་གཉིས་ལས། དྭངས་སྙིགས་གཉིས་སུ་འགྱུར་ཏེ། སྤྱི་བོ་ན་དཀར་ཆ་ཧྃ་གི་རང་བཞིན་དང་། ལྟེ་བ་ན་དམར་ཆ་ཨ་ཐུང་ངུའི་རང་བཞིན་དྭངས་མ་སྟེ་དབུ་


KMC016_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཆ་ལ་བརྟེན་པ་ལུས་ཅན་རྣམས་འཆི་བའི་ཚེ་དཀར་བ་འོག །དམར་བ་གྱེན་དུ་འཕོ་བར་བྱེད་ཅིང་རྣམ་པར་ཤེས་པའི་རྟེན་བྱེད་པ་སྟེ། དང་པོའི་སངས་རྒྱས་ལས། ལུས་ཅན་རྣམས་ནི་འཆི་བ་ན། །བདུད་རྩི་ཟླ་བ་ཐུར་དུ་འགྲོ །སྟེང་དུ་ཉི་རྡུལ་སྒྲ་གཅན་ཏེ། །རྣམ་ཤེས་སྲིད་པའི་མཚན་ཉིད་སྦྱོར། །ཞེས་སོ། །དེ་ལས་གཞན་ཡང་དཀར་དམར་ལ་དྭངས་སྙིགས་སུ་འགྱུར་ཏེ། མངལ་དུ་ནི་མའི་རྩ་དང་འབྲེལ་བས་བསྐྱེད་ཅིང་བཙས་པ་ནས་བཟའ་བཏུང་རྣམས་འཕོ་བར་མེ་མཉམ་གྱི་རླུང་དང་དྲོད་ཀྱིས། མྱག་པ་དང་། མདོག་འགྱུར་བ་དང་། དྭངས་སྙིགས་འབྱེད་དེ། སྨན་གྱི་བསྟན་བཅོས་ལས། བན་ཀན་མྱག་བྱེད། མཁྲིས་པ་མདོག་འགྱུར། རླུང་མེ་མཉམ་ཞེས་བཤད་དོ། །དྭངས་མ་ནི་མཆིན་པར་ཁྲག་ཏུ་འགྱུར། དེ་རྩ་ལ་བརྒྱུད་ནས་ཤ །དེ་ཚིལ། དེ་རུས་པ། དེ་རྐང་། དེ་བྱང་ཆུབ་སེམས། དེ་སྟོབས་དང་མདངས་སུ་འགྱུར་ལ། དེ་རྣམས་ཀྱི་སྙིགས་མ་ནི་རིམ་པ་བཞིན་དུ། དྲི་ཆེན་དང་། དྲི་ཆུ་དང་། མཁྲིས་པ་དང་། པགས་པ་དང་། རྨེན་


KMC016_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

བུ་དང་། སོ་སེན་དང་། སྦུབས་ཀྱི་དྲི་མ་མཆིལ་སྣབས་ལ་སོགས་པ་དང་། དགའ་བའི་མཐར་འཛག་པ་སྟེ། ལུས་ཟུངས་བདུན་ཞེས་ཀྱང་བཤད་ཅིང་། རྣམ་དབྱེ་ནི། སམྦུ་ཏྲི་ལས། མི་ཕྱེད་པུལླི་ར་མ་ཎས། །སོ་དང་སེན་མོ་འབབ་པར་གནས། །སྤྱི་གཙུག་ཛ་ལནྡྷ་ར་སྟེ། །སྐྲ་དང་སྤུ་ནི་འབབ་པར་གནས། །ཨུ་རྒྱན་རྣ་བ་གཡས་པའི་རྩ། །སང་པ་དང་ནི་རྒྱུ་མ་འབབ། །ལྟག་པར་ཨར་པུ་ཏ་ཡིན་ཏེ། །ཤ་ནི་ཡང་དག་འབབ་པའི་རྩ། །གོ་ད་བ་རི་རྣ་བ་གཡོན། །རྒྱུས་པ་ཡང་དག་འབབ་པའི་རྩ། །སྨིན་དབུས་རཱ་མེ་ཤྭ་ར་སྟེ། །རྟག་ཏུ་རུས་པ་འབབ་པའོ། །མིག་ནི་དེ་ཝི་ཀོ་ཊི་སྟེ། །མཆིན་པ་འབབ་པའི་རྩ་གནས་སོ། །མ་ལ་ཝ་ནི་དཔུང་པ་གཉིས། །སྙིང་འབབ་པ་ཡི་རྩ་གནས་སོ། །མཆན་ཁུང་ཀཱ་མ་རཱུ་པ་སྟེ། །རྟག་ཏུ་མིག་ནི་འབབ་པའོ། །ནུ་མ་གཉིས་ནི་ཨོ་ཏྲ་སྟེ། །རྟག་ཏུ་མཁྲིས་པ་འབབ་པའི་རྩ། །ཏྲི་ཤ་ཀུ་ནི་ལྟེ་བ་སྟེ། །རྩ་ནི་གློ་བར་འབབ་པར་གནས། །སྣ་རྩེ་ཀོ་ས་ལ་ཡིན་ཏེ། །རྒྱུ་མའི་ཕྲེང་བ་འབབ་པར་གནས། །


KMC016_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ནི་ཀ་ལིང་ཀ་ཡིན་ཏེ། །རྟག་ཏུ་གཉེ་མ་འབབ་པར་གནས། །མགྲིན་པ་ལམྤ་ཀ་ཡིན་ཏེ། །རྟག་ཏུ་ལྟེ་བ་འབབ་པའི་གནས། །འདི་རྣམས་ནི་གཡོན་རྐྱང་མ་ལས་གྱེས་པ་རྣམས་སོ། །དེ་བཞིན་དུ་རོ་མ་ནས་བྱུང་བ་ནི། །ཀཉ་ཙི་སྙིང་ཁའི་རྩ་ཡིན་ཏེ། །བཤང་བ་འབབ་པའི་རྩ་གནས་སོ། །འདོམས་པར་ཧི་མ་ལ་ཡ་སྟེ། །མཚོག་མའི་མཚམས་ནི་འབབ་པའི་རྩ། །པྲེ་ཏ་པུ་རི་མཚན་མ་སྟེ། །བད་ཀན་འབབ་པའི་རྩ་ཡིན་ནོ། །གྲྀ་ཧ་དེ་བ་བཤང་ལམ་སྟེ། །རྟག་ཏུ་རྣག་ནི་འབབ་པའོ། །བརླ་གཉིས་སཽ་རཥྚ་སྟེ། །རྟག་ཏུ་ཁྲག་ནི་འབབ་པའོ། །བྱིན་པ་གཉིས་ནི་གསེར་གླིང་གནས། །རྡུལ་འབབ་པ་ཡི་རྩ་ཡིན་ནོ། །རྐང་པའི་སོར་མོ་ནཱ་ག་ར། །རྟག་ཏུ་ཚིལ་འབབ་རྩར་ཤེས་བྱ། །རྐང་པའི་བོལ་ནི་སིནྡྷུ་སྟེ། །མཆིལ་མ་འབབ་པའི་གཟུགས་ཅན་མ། །མ་རུ་དྷེ་ཤ་མཐེ་བོང་སྟེ། །རྟག་ཏུ་མཆིལ་མ་འབབ་པ་གནས། །ཀུ་ལུ་ཏ་ནི་པུས་མོ་སྟེ། །རྟག་ཏུ་སྣ་ཆུ་འབབ་པའི་གནས། །ཞེས་ཕྱི་རོལ་ཏུ་གནས་ཉི་ཤུ་རྩ་བཞི། ནང་དུ་ཉི་ཤུ་རྩ་བཞིར་ཁམས་ཉི་ཤུ་རྩ་


KMC016_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་འབབ་པའོ། །དེ་ལས་གཞན་ནི། འདིར་ནི་ལུས་ཀྱི་སྙིང་དབུས་སུ། །རྩ་ལྔ་པོ་ནི་ཡང་དག་གནས། །ཞེས་སྔར་བཤད་པའི་ཡན་ལག་གི་རླུང་རྒྱུ་བའི་རྩ་རྣམས་སོ། །རོ་མ་དང་རྐྱང་མ་ཨ་བ་དྷཱུ་ཏིའི་བྱེད་ལས་ཀྱང་། །འབུམ་ལྔ་ལས། དེ་ནི་ཐུར་དུ་རྩེ་གསུམ་སྟེ། །དེ་བཞིན་གྱེན་དུའང་རྩེ་གསུམ་མོ། །སྒྲ་གཅན་རྩེ་མོ་དབུས་ན་གནས། །ཉི་མའི་རྩེ་མོ་གཡས་པའོ། །ཟླ་བའི་རྩེ་མོ་གཡོན་པའོ། །ཆུ་དང་མེ་དང་ནམ་མཁའ་རྒྱུ། །གཡས་གཡོན་དབུ་མའི་ནང་ན་ནས། །བཤང་བ་གཅི་བ་ཁུ་བ་རྒྱུ། །ཞེས་བཤད་པས་རྩ་གསུམ་འདུས་པ་ནས་གྱེན་དུ་རླུང་རྒྱུ་ལ། ཐུར་དུ་དྭངས་སྙིགས་རྒྱུ་བར་གསུངས་སོ། །དེ་ལྟར་རྩ་གསུམ་བཅས་སུམ་ཅུ་སོ་གཉིས་ཏེ་རྣལ་འབྱོར་མ་རྒྱུད་ལས་གྲགས་སོ། །དེའི་སྟེང་རྩ་བའི་རླུང་ལྔ་རྒྱུ་བའི་རྩ་སྲོག་ཆེན་པོ་མ་གཏོགས་པ་བཞི་བསྣན་ན་སུམ་ཅུ་སོ་དྲུག་སྟེ། ཐབས་ཀྱི་རྒྱུད་ལས་གསལ་བར་བསྟན་པས་རིགས་སུམ་ཅུ་སོ་དྲུག་ཏུ་འགྱུར་རོ། །འདི་རྣམས་ཡི་གེ་ལ་སོགས་ཀྱི་སྦྱར་བཤད་དང་། ཕྱི་དང་། ལྷ་ལ་སྦྱར་


KMC016_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡོད་དེ། འདིར་མ་བཤད་དོ། །དེ་ལྟར་རྩ་རླུང་ཐིག་ལེ་བཤད་པའི་དགོས་པ་གསུམ་སྟེ། འདིར་སྦྱང་གཞི་སྦྱོང་བྱེད་ཤེས་པར་བྱེད་པ་དང་། རྟེན་བཅིངས་པས་བརྟེན་པ་འཆིང་བ་དང་། འབྲས་བུའི་དོན་རྟོགས་པ་སྟེ། དང་པོ་ནི། ལུས་ཇི་ལྟ་བར་ཕྱི་ནང་གཞན་གསུམ་སྟེ། འདིར་བཤད་པ། རྩ་ལྔ་རླུང་ལྔ་འབྱུང་བ་ལྔ། །ཕུང་པོ་ལྔ་དང་སངས་རྒྱས་ལྔ། །ཡན་ལག་རླུང་ལྔ་རྩ་ལྔ་དང་། །ཁམས་ལྔ་ཡུམ་ལྔ་རྣམ་པ་སྟེ། །དབང་པོ་ལྔ་དང་ཡུལ་ལྔ་དང་། །དབང་ཤེས་ལྔ་སྟེ་བཅོ་ལྔ་ནི། །བྱང་ཆུབ་སེམས་དཔའ་ལྷ་མོར་གྲགས། །རྣམ་ཤེས་ཡེ་ཤེས་དྲུག་པའི་ཁམས། །རྡོ་རྗེ་འཆང་དུ་གསུངས་པ་ཡིན། །བྱེ་བྲག་རྒྱས་བཤད་དཔག་མེད་ཀྱང་། །འདིར་ནི་རྒྱས་པར་མ་བསྟན་ནོ། །གཉིས་པ་ནི། རྟེན་རྩ་བཅིངས་པས་རླུང་འཆིང་། རླུང་བཅིངས་པས་ཐིག་ལེ་འཆིང་། ཐིག་ལེ་བཅིངས་པས་རྣམ་པར་རྟོག་པ་འཆིང་བར་བྱེད་པས་ཁྱད་པར་དུ་འཕགས་སོ། །གསུམ་པ་ནི། འབྲས་བུ་ནི་འོག་ཏུ་འཆད་དོ། །དེ་ལྟར་ལུས་ཀྱི་གནད་བསྟན་པས། སེམས་ཅན་སྐྱེ་བ་


KMC016_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་སྤྲུལ་པའི་སྐུ་དང་མཚུངས་པར་རྟོགས་ལ། གནས་པའི་དུས་གནས་སྐབས་བཞི་རྫོགས་པ་ལོངས་སྤྱོད་རྫོགས་པའི་སྐུར་འགྱུར་ཞིང་། འཆི་བ་ཆོས་ཀྱི་སྐུ་དང་མཚུངས་པར་རྟོགས་ལ། ཡང་ན་གནས་སྐབས་བཞི་སྐུ་བཞིར་དག་པར་འགྱུར་བས་ལུས་རྫོགས་པའི་སངས་རྒྱས་སུ་རྟོགས་པར་འགྱུར་རོ། །འདི་རྣམས་ཀྱང་ཐབས་དང་ཤེས་རབ་ཀྱི་རང་བཞིན་དུ་གནས་ཏེ། གང་ཕྱིར་ཐབས་ནི་འབྱུང་བ་ཉིད། །གཅིག་པ་ཤེས་རབ་སྲིད་མཐར་བྱེད། །ཅེས་ཧེ་བཛྲ་ལས་གསུངས་པ་དང་། གཞན་ཡང་བྱེ་བྲག་རྒྱས་བཤད་དུས་ཀྱི་འཁོར་ལོ་ལས་མང་དུ་གསུངས་པ་འདིར་མ་བྲིས་ཀྱང་ཤེས་པར་འགྱུར་རོ། །མདོ་ལས། འདི་རྣམས་གཟུགས་ཀྱི་ཕུང་པོར་བཤད་ཀྱང་འདིར་རྩ་ལུས་ཀྱི་རང་བཞིན། རླུང་ངག་དང་དུས་ཀྱི་རྣམ་པ། ཡིད་དྭངས་མ་བྱང་ཆུབ་ཀྱི་སེམས་དང་འགྲོ་ལྡོག་གཅིག་ཏུ་བཞེད་པས། ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །ཞེས་གསུངས་པ་བཞིན་རྟོགས་པར་བྱའོ། །དེ་རྣམས་སྡུད་ཅིང་འཆི་བའི་ཚེ་རྩ་ཆད་པ་


KMC016_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

དང་། རླུང་འགག་པ་དང་། ཁམས་འགྱུར་བའི་ཚུལ་དུས་ཀྱི་འཁོར་ལོའི་ནང་གི་ལེའུ་ལས་མང་དུ་གསུངས་པ་འདིར་མ་བྲིས་ཀྱང་། ད་ལྟར་མཁོ་བ་ནི་འོག་ནས་བར་དོའི་སྐབས་སུ་འཆད་དོ། །ལུས་དངོས་པོའི་གནས་ལུགས་སོ། །གཉིས་པ་དེ་ལ་བརྟེན་པའི་སེམས་ཀྱི་གནས་ལུགས་ནི། སེམས་ཕུང་པོ་ཁམས་དང་། སྐྱེ་མཆེད་བག་ཆགས་ཐམས་ཅད་ཀྱིས་གོས་པ་ཀུན་གཞི་ཞེས་གསུངས་ཏེ། དེ་ཡང་ངོ་བོ་རང་བཞིན་གྱིས་རྣམ་པར་དག་པ། སྟོང་པ། གསལ་བ། འགག་པ་མེད་པ། ཀུན་ལ་ཁྱབ་པ། མི་འགྱུར་བ། ངོ་བོ་རང་གིས་མ་ཤེས་ཤིང་། ཡིད་ཀྱིས་ང་དང་བདག་ཏུ་རྟོག་པས་ཁ་ནང་དུ་བལྟས་ཏེ་འཛིན་པས་ཉོན་ཡིད་ཞེས་བྱ་ལ། ཡིད་འདུ་བྱེད་པས་གཟུང་བ་དང་འཛིན་པར་ཤར་བ། དེར་འཁྲུལ་པའི་རྣམ་པར་ཤེས་པ་ལས། མིང་གཞི་དང་། གཟུགས་སུ་སྣང་ཞིང་། རྟེན་ཅིང་འབྲེལ་བར་འབྱུང་བའི་དབང་གིས་ཁམས་གསུམ་དུ་སྣང་སྟེ། གཟུང་བ་དང་འཛིན་པས་འཁོར་བར་སྣང་ངོ་། །རྒྱས་པར་ཁོ་བོས་ཕུང་པོ་ལྔའི་དོན་གསལ་


KMC016_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་པར་བཤད་པ་ཡིན་ནོ། །འདི་ལྟར་ལུས་དང་སེམས་ཀྱི་གནས་ལུགས་རྟོགས་ན། ཀུན་རྫོབ་ཀྱི་བདེན་པ་མཐོང་ནས་སྡུག་བསྔལ་དང་། ཀུན་འབྱུང་བ་བདེ་བླག་ཏུ་རྟོགས་པར་འགྱུར་རོ། །སེམས་ཀྱི་གནས་ལུགས་འདི་ལ་བརྟེན་ནས། ལོག་པར་རྟོག་པ་རྟག་ཆད་དུ་ལྟ་བ་དང་། ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པ་དང་། ཐེག་པ་ཆེན་པོ་སེམས་ཙམ་པ་དང་། དབུ་མ་པའི་འདོད་པ་རྣམས་བཤད་དུ་ཡོད་ཀྱང་འདིར་མ་བཤད་དོ། །དེ་ཅིའི་ཕྱིར་ཞེ་ན། འདིར་ཀུན་རྫོབ་སེམས་ཀྱི་རྣམ་པར་ཤེས་ཤིང་དེ་ཉིད་གཅིག་དང་དུ་མའི་ངོ་བོ་དང་བྲལ་བ་ཉིད་དུ་རྣལ་འབྱོར་ཅན་གྱིས་རྟོགས་པས་ཡེ་ཤེས་མཐོང་བར་འགྱུར་གྱི་ལོག་པར་རྟོག་པ་དང་། འཇིག་ཚོགས་དང་མཐར་འཛིན་པས་ནི་ནམ་དུ་ཡང་མི་གྲོལ་བའི་ཕྱིར་རོ། །དེས་ན་སྤྲོས་པས་ཆོག་གོ །གཉིས་པ་ལམ་གྱི་གཞི་དབང་ནི། སྔགས་ཀྱི་དགོངས་པས་ཚོགས་ལམ་ནས་མཐར་ཐུག་གི་ལམ་གྱི་བར་དུ་གལ་ཆེ་བར་གསུངས་ཏེ། དེ་ཡང་སྦྱང་གཞི་དང་བསྟུན་ནས།


KMC016_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་སེམས་འགྲུབ་པར་བྱེད་པའི་རིམ་པས་སྔར་མངལ་གྱི་གནས་སྐབས། བསྟན་པ་རྣམས་སྟ་གོན་ལ་སོགས་པ་ཡིན་ལ། སྐྱེས་ནས་བྱིས་པའི་ལུས་འཁྲུད་པ་ནི་ཆུ་དབང་དང་། གཙུག་ཕུད་འཇོག་པ་དང་། རྣ་བ་འབིག་པ་དག་དར་དཔྱངས་ཅོད་པན་དང་། སྨྲ་བ་སློབ་ཅིང་རྡེག་པ་ལ་སོགས་པས་སྤྱོད་པ་དག་པར་བྱེད་པ་རྡོ་རྗེ་དྲིལ་བུ་དང་། མིང་འདོགས་པ་མིང་གི་དབང་དང་། རང་གི་རིགས་སུ་སྟོན་ཅིང་བྱ་བ་སྟོན་པ་རྡོ་རྗེའི་བརྟུལ་ཞུགས་དང་། དེའི་ཆུང་མ་སྦྱིན་པ་གསང་བའི་དབང་དང་། བདེ་བ་ཉམས་སུ་མྱོང་བ་ཤེས་རབ་ཡེ་ཤེས་དང་། འཆི་བའི་གནས་སྐབས་ལ་སོགས་པ་སེམས་མེད་པ་དབང་བཞི་པ་སྟེ། འདི་རྣམས་དང་རྗེས་སུ་མཐུན་པར་སྦྱོང་བ་འཇིག་རྟེན་གྱི་དབང་བཅུ་དང་། འཇིག་རྟེན་ལས་འདས་པ་ཕྱག་རྒྱ་ཆེན་པོའི་དབང་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའི་འགྲེལ་པ་གསུམ་དང་རྒྱུད་རྣམས་ལས་མང་དུ་གསུངས་མོད་ཀྱི། དབང་གི་ཆོ་ག་ནས་རྒྱས་པར་བསྟན་པ་དང་། ཡི་གེ་མང་གིས་དོགས་ནས་མ་བྲིས་སོ། །ངོ་བོ་ནི་མ་སྨིན་


KMC016_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྨིན་པར་བྱེད་པ་ཉིད་ཡིན་པས་ཐོག་མར་དབང་བསྐུར་བ་ཐོབ་པ་གལ་ཆེའོ། །རྣམ་བཤད་ནི་ཐབས་བཞི་ལས་བཤད་དོ། །དབང་ཐམས་ཅད་ལམ་གྱི་གཞི་ཡིན་ཀྱང་། ལམ་ལ་འཇུག་པར་རྩོམ་པས་ལམ་ཡིན་ནོ། །ལམ་གྱི་རིམ་པ་ལ་གཉིས་ཏེ། བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའོ། །དང་པོ་ནི། ལུས་ཐ་མལ་གྱི་འཛིན་པ་སྤོང་ཞིང་འཇིག་རྟེན་གྱི་དངོས་གྲུབ་སྒྲུབ་པ། མངལ་སྐྱེས། སྒོང་སྐྱེས། དྲོད་གཤེར་སྐྱེས། བརྫུས་སྐྱེས་སྦྱོང་བའི་དོན་དུ་གསུངས་པ་རྣམས་ཏེ། འདིར་ཡང་མངོན་པར་རྟོགས་པའི་རིམ་པ་ནི། གསང་བའི་དབང་གི་དུས་དག་ཏུ། །མེ་ལོང་དྲི་མ་མེད་པ་ལ། །རྡོ་རྗེ་སེམས་དཔའ་ལེགས་བྲིས་པའི། །དེ་ཡི་གཟུགས་བརྙན་སྣང་དང་མཚུངས། །ཞེས་བཤད་པས། འདིར་གང་ཡང་རུང་བ་སྣང་ལ་རང་བཞིན་མེད་པའི་ཚུལ་དུ་བསྒོམ་མོ། །རྫོགས་རིམ་ལའང་གཉིས་ཏེ། མི་ཟབ་པའི་རྫོགས་རིམ་རྩ་རླུང་ཐིག་ལེ་ལ་བརྟེན་པ་དང་། ཟབ་པ་ཕྱག་རྒྱ་ཆེན་པོའོ། །དེ་ལ་འདིར་དང་པོར་གཙོ་ཆེ་སྟེ། འདི་ལའང་


KMC016_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིར་ཕ་རྒྱུད་ཀྱི་གདམས་པ་རྣམས་རིམ་པ་ལྔ་སྟེ། ཕྱི་དབྱིབས་བསྐྱེད་པའི་རིམ་པ། ངག་དབེན་རླུང་རྡོ་རྗེའི་བཟླས་པ། སེམས་ལ་དམིགས་པ་ཐིག་ལེ་དང་ཕྲ་མོའི་རྣལ་འབྱོར། རྨི་ལམ་ནི་ཟུང་འཇུག་གི་རྣལ་འབྱོར། སྒྱུ་ལུས་འོད་གསལ་རྣམས་སོ། །མ་རྒྱུད་ཐམས་ཅད་ཕྱག་རྒྱ་བཞི་སྟེ། ཕྱི་ལས་ཀྱི་ཕྱག་རྒྱ། ནང་དམ་ཚིག་གི་ཕྱག་རྒྱ་གཏུམ་མོ། །སྣང་བ་ཆོས་ཀྱི་ཕྱག་རྒྱ་སྒྱུ་ལུས། ཕྱག་རྒྱ་ཆེན་པོ་ནི་འོད་གསལ་དང་ལྷན་ཅིག་སྐྱེས་སྦྱོར། རྨི་ལམ་སྒྱུ་ལུས་ཀྱི་ཡན་ལག །འཕོ་བ་དང་བར་དོ་ཕྱི་མའི་མཚམས་སྦྱོར་ཏེ་འདིར་འདུས་སོ། །འདིར་ནི་གཏུམ་མོ་དང་སྒྱུ་ལུས། རྨི་ལམ་དང་འོད་གསལ། བར་དོ་དང་འཕོ་བ་གྲོང་འཇུག་འཕོ་བའི་བྱེ་བྲག་སྟེ་ནཱ་རོ་པའི་ཆོས་དྲུག་ཅེས་བྱའོ། །འདི་རྣམས་རྗེ་རས་ཆུང་པ་ནི་འདོད་ཆགས་བདེ་ཆེན་དུ་བསྲེ་བ་གཏུམ་མོ། །ཞེ་སྡང་བདེན་མེད་དུ་བསྲེ་བ་སྒྱུ་ལུས། གཏི་མུག་མི་རྟོག་པར་བསྲེ་བ་འོད་གསལ། གཏུམ་མོ་དང་སྒྱུ་ལུས་བསྲེ་ལ་ཉིན་པར་བསྒོམ། རྨི་ལམ་དང་འོད་གསལ་བསྲེ་ལ་མཚན་མོ་བསྒོམ། བར་དོ་དང་


KMC016_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

འཕོ་བ་བསྲེ་ལ་འཆི་ཁར་བསྒོམ། གང་ཟག་བརྩོན་འགྲུས་ཅན་གཏུམ་མོ། །ལེ་ལོ་ཅན་རྨི་ལམ། ཚེ་ཐུང་པོ་འཕོ་བ་དང་བསྲེ་བས། བསྲེ་འཕོ་དགུ་བསྐོར་ཞེས་བརྗོད་དོ། །འདིར་བཀའ་དཔེ་ལས་གསུངས་པ་ནི། རྩ་བ་རྣམ་པ་བཞི། ཡན་ལག་གསུམ་ཡོད་ཀྱང་། གནད་བཞིས་སྟོན་ཏེ། དེ་ལ་དམིགས་པའི་གནད་མ་གཏོགས་པ་གསུམ་སྤྱིར་བསྟན་པ། གཞུང་ལས། དེ་ལ་གནད་ནི་རྣམ་གསུམ་སྟེ། །ལུས་དང་ཡུལ་དང་དུས་དང་ངོ་། །ཞེས་པས་དང་པོ་ལུས་ཀྱི་གནད་ནི་སྤྱིར། ལུས་བསམ་གཏན་གྱི་ཆོས་དྲུག་དང་། སེང་གེའི་ཉལ་སྟབས་དང་གཉིས་འདིར་གསུངས་ཀྱང་། དང་པོ་ནི། གཞུང་ལས། དེ་ལ་ལུས་ཀྱི་གནད་བཤད་པ། །རིན་ཆེན་རྩར་ལ་བརྒྱུས་པ་འདྲ། །ཤིན་ཏུ་བསྲང་ལ་དགུག་པར་བྱ། །རྒྱ་མདུད་ལྟ་བུའི་ཚུལ་དུ་གནས། །འཕེལ་ཀ་ཤིན་ཏུ་བསྐྱེད་པར་བྱ། །མཉམ་བཞག་ཕྱག་རྒྱ་བཙིར་བྱ་ཞིང་། །རེ་མིག་ཚུལ་དུ་བསྣོལ་བར་བྱ། །ཞེས་པས་རྩ་འཆིང་བ་དང་། རླུང་རང་སོར་གནས་པ་དང་། དྲོད་དང་བདེ་བ་སྐྱེ་


KMC016_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། རྟོག་པ་འགོག་པ་དང་། རིག་པ་གསལ་བའི་དགོས་པ་ཡོད་པས་ལག་ལེན་ལྟར་བྱའོ། །ལུས་ཀྱི་གནད་དོ། །གཉིས་པ་དུས་ཀྱི་གནད་ནི། དུས་རིང་པོར་བར་དོ་བཞི་དང་སྦྱོར་ཏེ། གཞུང་ལས། དེ་ལ་དུས་ཀྱི་གནད་བཤད་པ། །གཉིད་དང་རྨི་ལམ་སྙོམས་འཇུག་དང་། །ཐ་མལ་དུས་དང་རྣམ་པ་བཞི། །ཞེས་པས། སེམས་ཅན་ཐམས་ཅད་ལ་གནས་སྐབས་བཞིའི་རྟོག་པ་ལས་མ་འདས་ཏེ། ཆགས་པ་དང་། ཐ་མལ་འཁྲུལ་པའི་སྣང་བ་དང་། རྨི་ལམ་གྱི་སྣང་བ་དང་། གཉིད་འཐུག་པོར་འགྱུར་བ་དང་བཞིའོ། །དེ་ལ་གཏུམ་མོས་འདོད་ཆགས་དག་པར་བྱེད་ཅིང་། ཐ་མལ་གྱི་སྣང་བ་སྒྱུ་ལུས་ཀྱིས་སྦྱོང་ལ། རྨི་ལམ་ནི་རྨི་ལམ་གྱི་གདམས་པས་དག་ཅིང་། ཐ་མལ་གྱི་སྣང་བ་གཉིད་འཐུག་པོ་ལ་སོགས་སེམས་མེད་ཀྱི་གནས་སྐབས་ལྔ་འོད་གསལ་གྱིས་དག་པར་བྱེད་དོ། །གསུམ་པ་ཡུལ་གྱི་གནད་ནི། གཞུང་ལས། ཡུལ་གྱི་གནད་ལ་རྣམ་གཉིས་ཏེ། །ཕྱི་ནང་གཉིས་སུ་ཤེས་པར་བྱ། །ཕྱི་ཡི་སྣང་བ་དཀར་དམར་དང་། །ནང་དུ་འཁོར་ལོ་


KMC016_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་བཞི། །ཞེས་པས་ཕྱི་རོལ་གྱི་སྣང་བ་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་སུ་སྣང་བ་ནི་སྒྱུ་ལུས་ཀྱི་ཡུལ་ལོ། །ནང་དུ། གཏུམ་མོ་འཁོར་ལོ་གཅིག་པ་ནི་ཐ་མལ་གྱི་སྣང་བ་བསྡུས་ནས་ལྟེ་བ་སྤྲུལ་པའི་འཁོར་ལོར་སེམས་འཆིང་བའོ། །ཆགས་པའི་གནས་སྐབས་སུ་འབར་འཛག་སྟེ་སྤྱི་བོའི་འཁོར་ལོར་འཆིང་བས་ཡུལ་དུ་བཤད་དོ། །རྨི་ལམ་གྱི་དུས་སུ་མགྲིན་པར་འཆིང་བའོ། །གཉིད་འཐུག་པོའི་དུས་སུ་སྙིང་ཁར་འཆིང་སྟེ། དེས་ན་འཁོར་ལོ་བཞི་ཡུལ་དུ་བཤད་དོ། །བཞི་པ་དམིགས་པའི་གནད་ནི། རེ་རེ་ལའང་མ་ཟིན་པ་ཟིན་པར་བྱེད་པ། ཟིན་པ་བརྟན་པར་བྱེད་པ། བརྟན་པ་བོགས་དབྱུང་། རང་བཞིན་གཉུག་མར་འཇོག་པ་བཞིར་བཤད་དེ་ལག་ལེན་དུ་བྱའོ། །རྒྱུད་ཐམས་ཅད་དུ་འབྱུང་བ་ཟབ་མོའི་བསྐྱེད་རིམ། མི་ཟབ་པའི་རྫོགས་རིམ་གྱི་མདོར་བསྟན་པའོ། །ཟབ་པ་ཕྱག་རྒྱ་ཆེན་པོ་ནི་གཞུང་ལས། ཕྱག་རྒྱ་ཆེན་པོའི་མན་ངག་ནི། །མན་ངག་ཚིག་བསྡུས་དག་པ་ཤེས། །ཞེས་པས་ཐམས་ཅད་ཀྱི་གནས་ལུགས་


KMC016_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་ཅིང་། དེ་ཉིད་དུ་གོ་བར་བྱའོ། །ལམ་གྱི་རིམ་པའོ། །འབྲས་བུ་སྐྱེ་བའི་རིམ་པ་ནི། །གཞུང་ལས། དེ་ལ་འབྲས་བུ་འབྱུང་བ་ནི། །ལུང་དང་མན་ངག་ཉམས་དང་གསུམ། །རིམ་པས་གྲངས་ཀྱིས་འབྱུང་བར་གསུངས། །ཞེས་པས་ལུང་ནི་ཐོག་མར་སངས་རྒྱས་ཀྱི་བཀའ་དང་མི་འགལ་བར་དོན་སྤྱི་ཤེས་པ་ནི་མཉན་པའི་འབྲས་བུའོ། །མན་ངག་ནི། ཞི་ལྷག་གི་དོན་མྱུར་དུ་རྟོགས་པའི་གོ་བ་ཐོབ་པ་སྟེ་བསམ་པའི་འབྲས་བུའོ། །ཉམས་རྟོགས་ནི་བསྒོམ་པའི་འབྲས་བུ་སྟེ་འདི་ལས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་འབྲས་བུ་འབྱུང་སྟེ། དེའང་མདོ་སྡེ་རྒྱན་ལས། སོ་སོ་སྐྱེ་བོའི་ཤེས་པ་ཡིས། །དེ་བཞིན་དུ་ནི་གཉིས་རྟོགས་ནས། །ཤེས་པ་དེ་ཡོངས་རྫོགས་བྱའི་ཕྱིར། །མཐུན་པའི་ཆོས་ནི་རབ་ཏུ་བསྒྲུབ། །ཅེས་སོ། །འདིར་འཇིག་རྟེན་པ་ནི་ཚོགས་ལམ་དང་སྦྱོར་བའི་ལམ་དུ་འབྲས་བུ་འཇིག་རྟེན་པ་ཡིན་པས་མདོ་ལས་ཚོགས་ལམ་ཆུང་ངུ་དང་འབྲིང་དང་ཆེན་པོའི་རྟགས་མང་དུ་གསུངས་ཀྱང་འདིར་མི་བརྗོད་དོ། །སྔགས་ཀྱི་


KMC016_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་ནི། སྐྱེས་བུ་ཤེས་རབ་དང་བརྩོན་འགྲུས་ལྡན་པས་རྡོ་རྗེ་ཐེག་པ་ཐོས་པ་ཚོགས་ལམ་གསུམ་གང་རུང་དུ་འདོད་དོ། །ཀུན་སྤྱོད་ལས། དད་པ་ཡང་དག་བསྐྱེད་པ་དང་། །རྣལ་འབྱོར་བརྩོན་ལ་གནས་པ་ནི། །སྐྱེ་བ་བྱེ་བ་སྟོང་ཕྲག་ཏུ། །ང་ཡི་ཡེ་ཤེས་ཀྱིས་བསྐུལ་ཡིན། །ཞེས་སོ། །གང་གིས་བསྐྱེད་པའི་རིམ་པས་སྲིད་པའི་རྩེ་མོའི་བར་གྱི་དངོས་གྲུབ་ཐམས་ཅད་འགྲུབ་པས། དེ་ལ་བརྟེན་པའི་ལས་བཞི་དང་གྲུབ་པ་རྣམས་ནི་ཚོགས་སྦྱོར་གྱི་རྟགས་འཇིག་རྟེན་པར་དྲི་མ་མེད་པའི་འོད་དུ་བཤད་དོ། །འདི་ལྟ་བུའི་རྫོགས་རིམ་གྱི་རྟགས་ནི། གང་གིས་དང་པོར་བདེ་བ་དང་། གསལ་བ་དང་། མི་རྟོག་པ་གསུམ་དང་། དུ་བ། སྨིག་རྒྱུ་དང་། མེ་ཁྱེར་དང་། མཁའ་གསལ་ཏེ་མཚན་མོའི་རྟགས་བཞི་དང་། ཉི་མ་དང་། ཟླ་བ་དང་། སྒྲ་གཅན་མུན་ནག་དང་། དུས་མེ་གློག་དང་། ནམ་མཁའ་སྟོང་པ་དང་། ཡེ་ཤེས་ཀྱི་བྱེ་བྲག་ཐིག་ལེ་ཁ་དོག་ལྔ་པ་སྟེ་ཉིན་མོའི་རྟགས་དྲུག་དང་བཅུ་སྟེ། ཡང་ན་འབར་བ་དང་བཅུ་གཅིག་ཀྱང་འོང་། འདི་


KMC016_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་པོར་ཚོགས་ལམ་དུ་འགྱུར་རོ། །དེ་ལ་བརྟེན་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་རྗེས་སུ་མཐུན་པར་བསམ་གཏན་གྱི་སེམས་དང་པོ་དང་གཉིས་པ་དང་གསུམ་པ་རིམ་པས་ཐོབ་པ་ནི་སྦྱོར་བའི་ལམ་མོ། །འདིར་ཡོན་ཏན་བརྒྱད་དེ། དེ་ལ་གཟུགས་སྒྲ་དྲི་རོ་རེག་བྱ་དང་ལྔ་ནི་ཟླ་བའི་ཡོན་ཏན་ཞེས་བྱ། རྡུལ་མུན་སྙིང་སྟོབས་ཏེ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ནི་ཉི་མའི་ཡོན་ཏན་ཏེ་བརྒྱད་པོ་འདི་མ་དག་པས་འཁོར་བའི་སྡུག་བསྔལ་ཐམས་ཅད་འབྱུང་ངོ་། །དེའང་བསྒོམ་གཟུགས་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་གཟུགས་སུ་མཐོང་བས་གཟུགས་བདེན་པ་དང་། རྟག་པ་དང་། སྐྱེ་བ་དང་། འགགས་པ་དང་། རང་བཞིན་མེད་པར་ཉམས་སུ་མྱོང་བ་དང་། རྟོགས་པའོ། །དེ་བཞིན་དུ་སྟོང་པའི་སྒྲ་དང་། དྲི་སྟོང་པ་དང་། རོ་སྟོང་པ་དང་། རེག་བྱ་སྟོང་པ་ཉིད་ཉམས་སུ་མྱོང་བ་དང་། རྟོགས་པར་འགྱུར་རོ། །འདོད་ཆགས་སྟོང་པས་ཁམས་གསུམ་དུ་ཆགས་པའི་སེམས་ལྡོག་གོ །ཞེ་སྡང་སྟོང་པ་ཉིད་པས་ཁམས་གསུམ་


KMC016_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་པས་ཞི་བ་ལ་དགའ་བའི་སེམས་ལྡོག་གོ །གཏི་མུག་སྟོང་པ་ཉིད་པས་རྟེན་ཅིང་འབྲེལ་པར་འབྱུང་བ་གོ་བ་དང་ཉམས་སུ་མྱོང་བ་དང་རྟོགས་པས་གཏི་མུག་ལྡོག་ཏེ། རྒྱུ་མཚན་འདིས་ལྷའི་མིག་དང་རྣ་བ་ལ་སོགས་པ་སྔོན་གྱི་གནས་དང་འཆི་འཕོ་བ་དང་། སྐྱེ་བ་དང་། གཞན་གྱི་སེམས་ཤེས་པ་དང་། གང་དུ་ཟག་པ་མཐར་དབྱུང་བའི་ཆ་རྣམས་དང་པོར་གོ་བས་ནི་དོན་སྤྱིའི་རྣམ་པ་ཤེས་སོ། །ཉམས་སུ་མྱོང་བས་ནི་ཆ་དང་མཐུན་པར་ཉམས་དང་རྨི་ལམ་དུ་ཤེས་སོ། །མཐར་རྟོགས་པས་ནི་ཇི་ལྟ་བར་མངོན་དུ་འབྱུང་ངོ་། །འོན་ཀྱང་ཟག་མེད་མ་ཡིན་ཏེ་བསམ་གཏན་གྱི་ཆ་ཤས་ལས་བྱུང་བའོ། །འདི་ལྟར་ན་མདོ་དང་ཁྱད་པར་ཅི་ཡོད། འོན་ཀྱང་བླ་མ་རྣམས་ཀྱིས་འདི་རྣམས་ལ་རླུང་གི་ཡོན་ཏན་ཏུ་མཛད་པ་ནི། སྣ་གཡོན་ཟླ་བ། གཡས་ཉི་མར་བྱས་ནས་རླུང་ལྔ་དང་ཁམས་གཅིག་ཏུ་མཛད་ཅིང་། ཉི་ཟླ་ནམ་མཁའ་གསུམ་ཐིག་ལེར་མཛད་དེ། སའི་རླུང་གི་ཡོན་ཏན་ཞེས་བྱ་བ་ལ་སོགས་པའི་མིང་དུ་མཛད་པ་ནི་འགལ་


KMC016_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཅི་ཞིག་ཡོད་དེ། དེ་ལྟར་ལོག་ལྟ་ཅན་རྣམས་ཡོན་ཏན་འདི་དག་ཤེས་པར་མི་ནུས་སོ། །མདོ་སྡེ་རྒྱན་ལས་ཀྱང་། བསམ་གཏན་ལས་ཐོབ་མངོན་པར་ཤེས། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་ཏེ་སྤྲོས་པས་ཆོག་གོ །མདོར་བསྡུས་ན་རྩ་རླུང་ཐིག་ལེ་སེམས་གནད་བཅིངས་ནས་ཚོགས་ལམ་ཆེན་པོ་ནས་སྦྱོར་བའི་ལམ་གྱི་འབྲས་བུ་འགྲུབ་པར་ངེས་སོ། །གང་ཕྲིན་ལས་ཀྱང་། ལྟ་སྟངས་རྫུ་འཕྲུལ་གྲུབ་ནས་ནི། །མཁས་པས་སེམས་ཅན་འཇུག་པར་བྱ། །ཅེས་པ་དང་། ཟླ་དྲུག་སྒོམ་པའི་སྦྱོར་བ་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་འབྱུང་ན་སུ་ཞིག་ཐེ་ཚོམ་འགྱུར། རྣམ་རྟོག་གི་རླུང་བརྒྱ་ཕྲག་བཅོ་བརྒྱད་དག་ཅིང་ཐིག་ལེ་བརྟན་པར་གྱུར་ནས། གཉིད་དང་རྨི་ལམ་ཉིན་མོ་བར་མཚམས་མེད་པར་ཐམས་ཅད་སྒྱུ་མ་ལྟར་རྟོགས་ཤིང་། རྣམ་ཀུན་མཆོག་ལྡན་གྱི་ཡོན་ཏན་དང་མཐུན་པར་གྱུར་པ་ན་ཆོས་མཆོག་ཏུ་འགྱུར་བ་འདི་ལ་ཐེ་ཚོམ་མེད་དེ། རྒྱུད་འགྲེལ་ཐམས་ཅད་དུ་གསུངས་པས་སོ། །འཇིག་རྟེན་པའི་འབྲས་བུ་མཐར་


KMC016_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཐུག་གོ །དེ་ནས་གཉིས་པ་འཇིག་རྟེན་ལས་འདས་པ་ནི་ནང་དུ་དབུ་མ་ལ་རྩ་མདུད་རིམ་གྱིས་གྲོལ་བའི་མིང་དང་། རླུང་བརྒྱ་ཕྲག་བཅོ་བརྒྱད་རེ་དང་། དགའ་བ་རེ་རེ་དང་། སྟོང་པ་རེ་རེ་དང་། སྙིང་རྗེ་རེ་རེ་དང་། འཕོ་བ་མེད་པའི་ཐིག་ལེ་རེ་རེ་དང་། རྣམ་རྟོག་ལས་ཡེ་ཤེས་སུ་གྱུར་པའི་ཚུལ་གྱིས་རབ་ཏུ་དགའ་བ་ནས་ཆོས་ཀྱི་སྤྲིན་གྱི་བར་དུ་འགྲུབ་པར་གསུངས་ཏེ་འདིར་ཡི་གེས་འཇིགས་སོ། །གང་གི་ཚེ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགགས་ཤིང་རྩ་ཐམས་ཅད་གྲོལ་ནས་ཐིག་ལེ་རྣམ་ཀུན་གྱི་མཆོག་དང་ལྡན་པ་ནམ་མཁའ་དང་མཉམ་པ་ནི། རྣམ་རྟོག་བརྒྱད་ཁྲི་བཞི་སྟོང་ཡེ་ཤེས་ཟང་མར་གྱུར་པ་དེ་ལ་སངས་རྒྱས་སུ་བརྗོད་དོ། །དེའི་ཚེ་སད་པའི་ཐ་མལ་གྱི་སྣང་བ་ཚོགས་དྲུག་འཁོར་དང་བཅས་པ་ནི་བྱ་བ་གྲུབ་པ་དང་། སོ་སོར་རྟོག་པའི་ཡེ་ཤེས་སུ་གྱུར་པས་སྤྲུལ་པའི་སྐུའོ། །རྨི་ལམ་གྱི་འཁྲུལ་པ་སྲོག་གི་རླུང་གིས་བསྐྱོད་པ་དག་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྱུར་པ་ནི་ལོངས་སྤྱོད་རྫོགས་པའོ། །གཉིད་འཐུག་པོ་ལ་


KMC016_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་སེམས་མེད་པའི་གནས་སྐབས་དག་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ངོ་བོ་ཉིད་ཀྱི་སྐུའོ། །ཆགས་པའི་གནས་སྐབས་དག་ནས་བདེ་བ་ཆེན་པོ་མེ་ལོང་ལྟ་བུའི་ཡེ་ཤེས་ཆོས་ཀྱི་སྐུ་ཡེ་ཤེས་ཀྱི་སྐུ་ཞེས་ཀྱང་བྱའོ། །འདི་ལ་མདོ་སྡེ་རྒྱན་དང་། རྒྱུད་བླའི་གནས་འགྱུར་རྣམས་དང་། བྱང་ཆུབ་སེམས་དཔའི་འགྲེལ་པ་སྐོར་གསུམ་དུ་གསུངས་པ་སྦྱར་ན་མང་ཡང་། སྤྱི་དོན་གོ་བ་ཙམ་བྱས་པ་ཡིན། གདམས་ངག་ཆོས་དྲུག་གི་གོ་བར་བྱ་བའི་ཆིངས་བསྟན་པའོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousཟབ་ལམ་ནཱ་རོ་ཆོས་དྲུག་གི་གསལ་བྱེད་སྤྱི་ཆིངས་ཁྲིད་ཡིག་དང་བཅས་པ།next