Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
སྦྱོང་རྒྱུད་ཀྱི་སྙིང་པོའི་དོན་ཉི་མའི་སྟོབས་འབར།
   
   
   
   
   
   
   
   
   
   


 
previousསྦྱོང་རྒྱུད་ཀྱི་སྙིང་པོའི་དོན་ཉི་མའི་སྟོབས་འབར།next

སྦྱོང་རྒྱུད་ཀྱི་སྙིང་པོའི་དོན་ཉི་མའི་སྟོབས་འབར།


TNT13_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་རྒྱུད་ཀྱི་སྙིང་པོའི་དོན་ཉི་མའི་སྟོབས་འབར་བཞུགས་སོ། །


TNT13_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟཱི། བླ་མ་དང་དཔལ་ཕྱག་ན་རྡོ་རྗེ་དབྱེར་མ་མཆིས་པ་ལ་ཕྱག་འཚལ་ལོ། །གཟི་བརྗིད་ཀྱི་རྒྱལ་པོའི་རྟོག་པ་ལས་འབྱུང་བའི་མན་ངག་རྒྱུད་དོན་བཞིན་འཁྲུལ་མེད་དུ་གསལ་བར་བཤད་པ། ཉི་མའི་སྟོབས་འབར་ཞེས་བྱ་བ་སངས་རྒྱས་ལ་ཕྱག་འཚལ་ལོ། །སྲིད་འདི་ཐམས་ཅད་བླ་མེད་བྱང་ཆུབ་མཆོག་ལ་རེག་པར་གྱུར་ཅིག་ཅེས། །གདུང་བའི་ཡིད་ཀྱིས་ཤཱཀྱའི་རིགས་ཀྱི་ཐེག་ལེ་དེ་ལ་གུས་བཏུད་ནས། །གང་དེའི་ཡོན་ཏན་རྨད་བྱུང་ཕ་མཐའ་མེད་པ་ཡང་ཡང་སེམས་བཞིན་དུ། །དེ་གསུང་བདུད་རྩི་སྒྲོ་བཏགས་དུག་ཆུས་མ་སླད་པ་དེ་འདིར་གསལ་བྱ། དེ་ལ་འདིར་སྒྲུབ་པའི་རིམ་པ་གཉིས་ལས། དང་པོ་ལ་སྤྱིར་བསྙེན་པ་དང༌། ཉེ་བསྙེན་དང༌། སྒྲུབ་པ་སྟེ་གསུམ་མོ། །སྒྲུབ་པ་ཆེན་པོ་ཡང་བསྣན་ཏེ་བཞིར་བྱ་བ་ལས། རྒྱུད་འདིར་སྒྲུབ་པ་སྒྲུབ་ཆེན་སོ་སོར་གསལ་བས་བཞིར་བྱ། དེ་ལས་དང་པོ་ནི། མདུན་དུ་མཎྜལ་དང་མཆོད་པ་བཤམས། དེ་རྗེས་གསང་བ་སྤྱིའི་ལུགས་ཡིན་པས། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་པའམ། བདུད་རྩི་འཁྱིལ་བའི་གཟུངས་རིང་ཀྱིས། རང་དང་གནས་ཁང་


TNT13_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡོ་བྱད་ཐམས་ཅད་ཀྱི་བགེགས་བསྐྲད། སངས་རྒྱས་ལ་ཕྱག་འཚལ་ལོ། །ཞེས་སངས་རྒྱས་རྗེས་སུ་དྲན་བཞིན་པས་ཇི་ལྟར་འོས་པའི་ཁྲུས་བྱ། ཆོས་ཐམས་ཅད་བདག་མེད་སྟོང་པ་ཉིད་ཀྱི་དོན་དང༌། སེམས་ཅན་ལ་བརྩེ་བའི་སེམས་ཉེ་བར་འཇོག་བཞིན་དུ་གདན་ལ་འདུག མཆོད་པ་རྣམས་བྱིན་རླབས་བྱ། སྟོང་པའི་ངང་ལས་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རང་སེམས་ཧཱུཾ་གི་འོད་ཀྱི་འཕྲོ་འདུ་ལས། རང་ཉིད་རྡོ་རྗེ་ཁྲོ་བོ་མེ་ལྟར་འབར་བ་སྐུ་མདོག་མཐིང་ནག །ཞལ་གཅིག་སྟག་ལྤགས་ཀྱི་ན་བཟའ་དང༌། སྦྲུལ་དང་མི་སྡུག་པས་བརྒྱན་པ། ཕྱག་གཉིས་ཀྱི་གཡས་རྡོ་རྗེ་ཐུགས་ཀར་གཏོད་པ་དང་གཡོན་དྲིལ་བུ་དཀུར་བསྟེན་པས་འཛིན་པ། ཤིན་ཏུ་འཇིགས་འཕྲོས་འབར་བ་འཁྲུགས་པ། མ་རུང་པ་ཐམས་ཅད་སྡིགས་པར་མཛད་པའོ། །ལག་པ་གཡས་སྟེང་དུ་བཞག་པའི་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅས། ཕྱོགས་ཀུན་ཏུ་བསྐོར་བཞིན་དུ། ཨོཾ་བཛྲ་སཏྭ་ཀྲོ་དྷ་ཨ་ན་ལཱརྐ་མཧཱ་བཛྲ་ཀྲོ་དྷ།


TNT13_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

དྲ་བ་དྲ་བ། བི་དྲ་བ་བི་དྲ་བ། སརྦ་ཨ་པ་ཡ། ནཱ་ཤ་ཡ་ནཱ་ཤཱ་ཡ། ཧ་ར་ཧ་ར། པྲཱ་ཎཾ་ཧཱུཾ་ཕཊ། ལན་གསུམ་གྱིས་བདག་ལ། ཡང་གསུམ་གྱི་གནས་དང༌། ཡང་གསུམ་གྱི་རྣལ་འབྱོར་བསྲུང་བ་བྱས། ཡང་རང་གི་སྙིང་ག་ནས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་དང་རྡོ་རྗེ་སེམས་དཔའ་དང་ཕྱག་ན་རྡོ་རྗེ་རྣམས་སྤྱན་དྲངས་མདུན་གྱི་མཎྜལ་ལ་བཞུགས་པར་བསམ། དད་པ་དང་ནི་དམ་ཚིག་གིས། ཞེས་སོགས་སམ། མ་ལུས་འགྲོ་བའི་རང་བཞིན་མངོན་སུམ་མཛད། །མི་བཟད་བདུད་ཀྱི་དཔུང་གིས་ཕྱག་བྱས་པ། །རང་བྱུང་མཐའ་ཡས་འགྲོ་བའི་རང་བཞིན་ཏེ། །སེམས་ཅན་སྙིང་པོ་གཅིག་གྱུར་འདིར་གཤེགས་ཤིག།བཅོམ་ལྡན་ཐུགས་རྗེ་བྱོན་པ་ལེགས། སོགས་དང༌། ཨོཾ་བཛྲ་ཨརྒྷཾ༴ སོགས་ཀྱིས་མཆོད་ཡོན་ཕུལ། པདྨ་ཀ་མ་ལ་ཡེ་སྟྭཾ་གྱིས་གདན་ཕུལ། ཨོཾ་བཛྲ་པུཥྤེ་ཧཱུཾ་ནས་ཤཔྟའི་བར་གྱིས་མཆོད་པ་ཕུལ། མགོན་པོ་ཐུགས་རྗེས་ཆེ་ལྡན་པ། སོགས་དཀོན་མཆོག་གསུམ་གྱི་ཕྱག་འཚལ་གྱིས་བསྟོད། འཇིག་རྟེན་དག་གི་ཕྱོགས་ཀུན་ན། །དེ་བཞིན་གཤེགས་པ་གང་བཞུགས་དང༌། །དགྲ་བཅོམ་བྱང་ཆུབ་སེམས་དཔའ་སྟེ། །དེ་དག་བདག་ལ་དགོངས་སུ་གསོལ། །བདག་གིས་མི་དགེ་བགྱིས་པ་རྣམས། །རྫོགས་སངས་རྒྱས་ཀྱིས་མཁྱེན་པ་བཞིན། །དེ་ལྟར་བདག་གིས་སོ་སོར་བཤགས། །སླན་ཆད་དེ་ལྟར་ཡོངས་མི་བགྱི། །སྲོག་ཆགས་སྡུགས་བསྔལ་ཞི་བྱའི་ཕྱིར། །བདག་ནི་ཇི་སྲིད་འཚོ་བ་ཡི་བར། །སངས་རྒྱས་ཆོས་དང་དགེ་འདུན་ལ། །གུས་པར་ཡང་དག་


TNT13_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་སུ་མཆི། །སེམས་ཅན་ཁམས་ནི་མཐའ་ཡས་པའི། །སྡུག་བསྔལ་ཉེ་བར་ཞི་བ་དང༌། །ངན་འགྲོ་རྣམས་ལས་བསྒྲལ་བ་དང༌། །ཉོན་མོངས་རྣམས་ལས་དགྲོལ་བའི་ཕྱིར། །སྲིད་པ་མི་བདེ་དོགས་པ་ན། །སྡུག་བསྔལ་སྣ་ཚོགས་ཅི་མཆིས་པ། །དེ་ལྟར་ཡོངས་སུ་སྐྱབས་པའི་ཕྱིར། །བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། །སེམས་ཅན་ཕོངས་པ་ཐམས་ཅད་ཀྱི། །སྐྱབས་སུ་བདག་ཉིད་རྟག་ཏུ་ཤོག །བདག་ནི་མགོན་མེད་རྣམས་ཀྱི་མགོན། །རྟེན་མེད་རྣམས་ཀྱི་རྟེན་ཏུ་བདག །སྐྱབས་མེད་རྣམས་ཀྱི་སྐྱབས་འགྱུར་ཞིང༌། །སྡུག་བསྔལ་བདེ་བར་བྱེད་པ་དང༌། །བདག་ནི་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་ཞི་བར་བྱེད་པར་ཤོག །དགེ་བའི་ལས་ནི་གང་དང་གང༌། །བདེ་དང་གཞན་ཏུ་བསགས་པ་རྣམས། །བསོད་ནམས་ཡེ་ཤེས་ཞེས་བྱ་བའི། །ཚོགས་ནི་རྣམ་པ་གཉིས་སུ་ཤོག །ཕ་རོལ་ཕྱིན་པ་དྲུག་སྒོམས་ནས། །བདག་གི་བརྩོན་འགྲུས་གང་བརྩམས་པ། །དེ་ཡང་སེམས་ཅན་མ་ལུས་པ། །ཐམས་ཅད་ལ་ནི་ཕན་པར་ཤོག །ཚེ་ཡི་མཐའ་ཀླས་བྱེད་པ་དང༌། གང་ཡང་ཅུང་ཟད་བྱེད་འགྱུར་པ། མདོར་ན་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་ཐམས་ཅད་ཞི་བ་དང༌། །གྲོལ་བར་བྱ་བའི་ཕྱིར་འབད་ཅིང༌། །བྱང་ཆུབ་རབ་ཏུ་དགའ་བརྩོན་ནོ། །ཞེས་རྒྱུན་བཤགས་ལན་གསུམ་བྱ། ཚད་མེད་བཞི་སྤྱི་དང་མཐུན་པར་བསྒོམ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་


TNT13_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་འགྱུར་པ་ལས་རང་ཉིད་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་ཅིང༌། གཡོན་དྲིལ་བུ་དཀུར་བསྟེན་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རབ་ཏུ་དགྱེས་པའི་སྤྱན་གདངས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །རང་གི་ཐུགས་ཀར་ཟླ་བ་ལ་གནས་པའི་ཧཱུཾ་ཡིག་དཀར་པོའོ། །རང་གི་ལག་པ་གཉིས་སུ་ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེ། དེའི་སྟེང་དུ་གཡས་པར་ཧཱུཾ། གཡོན་པར་ཨ། གཉིས་ཀའི་མཐའ་སྐོར་དུ། ཨ་ཨཱ་ཨི་ཨི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨོ་ཨཾ་ཨ་རྣམས་ཀྱིས་ཡོངས་སུ་བསྐོར་བ་འོད་འཕྲོ་བའོ། །མཐེ་བོང་གཉིས་ལ་ཨོཾ། མཛུབ་མོ་གཉིས་ལ་ཧཱུཾ། གུང་མོ་གཉིས་ལ་ཏྲཾ། སྲིན་ལག་གཉིས་ལ་ཧྲཱིཿ མཐེ་ཆུང་གཉིས་ལ་ཨ་རྣམས་དེ་བཞིན་གཤེགས་པ་ལྔའི་ངོ་བོར་གྱུར། མཉམ་པའི་ཐལ་མོ། ཨོཾ་ཨ་ནོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཿ རྡོ་རྗེ་ཐལ་མོ་དང༌། པ་ར་སྤ་ར་ཨ་ནུ་པྲ་བིཥྟ་སརྦ་དྷརྨཿ རྡོ་རྗེ་སྡམ་པ་དང༌། ཨརྱན་ཏ་ཨ་ནུ་པྲ་བིཥྟི་སརྦ་དྷརྨཿ ཞེས་བརྗོད་ཅིང༌། རྒྱུད་འདིའི་དངོས་བསྟན་ལ་དེ་ཙམ་ལས་མེད་ཅིང་དེ་ཡང་དམ་རྒྱ་དང་ལས་བཅོལ་སོགས་ཀྱི་ཕྱག་རྒྱ་བཅིང་བའི་དོན་དུ་ལག་པ་བྱིན་གྱིས་རློབ་པ་ཁོ་ན་ཡིན་ནོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། དཔལ་རྡོ་


TNT13_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་སེམས་དཔའ་བཛྲ་ས་མཱ་ཛཿ རྡོ་རྗེ་སྡམས་པ་ལས་མཛུབ་མོ་བརྐྱང་པ་གཡབ་ཅིང། ཨོཾ་བཛྲ་སཏྭ་ཧཱུཾ་ཛཿ སྔགས་དེ་ཉིད་ཀྱི་མཆོད་ཡོན་ཕུལ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་ཨཱ་བེ་ཤ་ཧོཿ བསྡུ་ན། ཛཿཧཱུཾ་བཾ་ཧོཿ རང་དང་གཉིས་སུ་མེད་པར་ཐིམ། ཕྱག་རྒྱ་ཉིད་དམ་གུང་མོ་བརྐྱང་པའི་དམ་རྒྱ་བཅས་ལ། ཨོཾ་བཛྲ་སཏྭ་ཧཱུཾ། མང་དུ་བཟླས་པས། དམ་ཡེ་དབྱེར་མེད་པར་བྱས། ཨོཾ་བྷྲི་ཏ་བྷྲི་ཏ་སརྦ་ཨ་བ་ར་ཎ་ནི་ཧཱུཾ་ཕཊ། ཨོཾ་ཏྲ་ཊ་ཏྲ་ཊ་སརྦ་ཨ་བ་ར་ཎ་ནི་ཧཱུཾ་ཕཊ། ཨོཾ་ཚིནྡྷ་ཚིནྡྷ་སརྦ་ཨ་བ་ར་ཎ་ནི་ཧཱུཾ་ཕཊ། ཅེས་གནས་གསུམ་དུ་ཕྱག་རྒྱ་གཏུགས་ཏེ་བྱིན་གྱིས་རླབས། ལྷ་དབང་བསྐུར་བ་ནི། རྒྱལ་བ་ལྔའི་ཕྱག་རྒྱ་སྤྱི་བོ་ལ་སོགས་པའི་གནས་ལྔར་གཏུགས་ཏེ། ཨོཾ་བུདྷ་ཨ་བྷ་ཥྀཉྩ་ཨོཾ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་རཏྣ་ཨ་བྷི་ཥིཉྩ་ཏྲཾ། ཨོཾ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ ཨོཾ་ཀརྨ་ཨ་བྷི་ཥཉྩ་ཨ། དེ་དག་ནི་རྒྱུད་ལས་ཚེ་དཔག་མེད་ཀྱི་སྐབས་སུ། ཆོས་རྣམས་ཐམས་ཅད་དངོས་མེད་པར། །སེམས་ཀྱིས་སྒོམ་པ་བྱས་ནས་ཀྱང༌། །ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། །རང་གི་ས་བོན་དེ་དབུས་སུ། །བསམ་ནས་དམ་ཚིག་ཕྱག་རྒྱ་ཡང༌། །བསམ་ཞིང་དེ་བཞིན་དེ་ཉིད་དུ། །སྒྲུབ་པ་པོ་ནི་བསྒྱུར་བར་བྱ། །ལྷ་ཡི་རྣལ་འབྱོར་ཚུལ་དུ་བསྒྱུར། དེ་ནས་རང་གི་ས་བོན་དང༌། །ཕྱག་རྒྱས་ཕྱག་རྒྱ་དེ་བྱིན་རླབས། །ལྟག་འོག་གོ་རིམ་ཇི་བཞིན་དུ༌། །སངས་རྒྱས་རྣམས་ཀྱིས་དབང་བསྐུར་རོ། །


TNT13_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ང་རྒྱལ་བསྐྱེད་ནས་ཀྱང༌། །མཁས་པ་ཡིས་ནི་སྒྲུབས་བྱས་ན། །དེ་བཞིན་གཤེགས་ཀྱང་འགྲུབ་འགྱུར་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། ཞེས་གསུངས་བའི་དོན་ཏེ། དངོས་མེད་པ་ཞེས་པས་སྟོང་པ་དང༌། ཨ་ལས་སོགས་ཀྱི་གདན་དང༌། རང་གི་ས་བོན་ཞེས་པས་ས་བོན་དང༌། དམ་ཚིག་གི་ཕྱག་རྒྱ་ཞེས་ཕྱག་མཚན་ནོ། །སྒྲུབ་པ་པོ་བསྒྱུར་བ་ནི་འོད་ཟེར་སྤྲོ་བསྡུ་སོགས་ལྷ་སྐུར་བསྒྱུར་བའི་ཐབས་དང༌། ལྷའི་རྣལ་འབྱོར་ཞེས་པས་ལྷ་བསྐྱེད་པ་དང༌། རང་གི་ས་བོན་དང་ཞེས་པས་ཐུགས་ཀར་ས་བོན་སྒོམ་པ་དང༌། ཕྱག་རྒྱས་ཕྱག་རྒྱ་ཞེས་པ་ནི་ཡེ་ཤེས་པས་དམ་ཚིག་པ་བྱིན་གྱིས་རློབས་པ་སྟེ། ཕྱག་རྒྱ་ཞེས་པ་གཙོ་བོར་ཞལ་ཕྱག་ཅན་གྱི་ལྷ་སྐུ་ཡིན་ལ། རྣམས་གྲངས་སུ་ན། ལག་པའི་ཕྱག་རྒྱ་བཅིངས་པའང་ཡིན་པས། དམ་ཚིག་གི་ཕྱག་རྒྱ་ཡང་བསྟན་ནོ། །ལྟག་འོག་ཅེས་པས། གནས་གསུམ་བྱིན་རླབས་དང༌། གཟུགས་བརྙན་སྦྱོར་བ་སོགས་བསྟན། གོ་རིམ་ཞེས་པ་ནི་གོ་རིམ་མ་འཁྲུགས་པ་སྟེ། གཟུགས་བརྙན་སྦྱོར་བ་དམ་རྒྱ་འཆིང་བའི་སྔོན་དུ་བྱེད་པ་དང༌། གནས་གསུམ་བྱིན་རླབས་ཕྱིས་བྱེད་པ་ལ་སོགས་པའོ། །སངས་རྒྱས་རྣམས་ནི་རིགས་ལྔ་སྟེ་དེའི་ཕྱག་རྒྱས་དབང་བསྐུར་བའོ། །དེ་ནས་ང་རྒྱལ་སོགས་ནི། དེའི་རྗེས་སུ་ལྷ་སྐུ་སྒོམ་པ་དང༌། སྔགས་བཟླས་པ་བྱེད་པ་བསྟན་ནོ། །དེའི་ཕྱིར་རྒྱུད་ཀྱི་དོན་ནི་དེ་ཁོ་ན་ལྟར་ཤེས་པར་བྱའོ། །དེ་ནས་ལྷ་ལ་མཆོད་པའི་དོན་དུ། ཨརྒྷཾ་ནས་ཤཔྟའི་བར་ཀྱིས་མཆོད། སངས་རྒྱས་ཀུན་བས་སྔར་སངས་རྒྱས། སོགས་ཕྱག་ན་རྡོ་རྗེའི་མཚན་བརྒྱས་བསྟོད། རང་ཉིད་རྡོ་རྗེ་སེམས་དཔའི་ང་རྒྱལ་དང་ལྡན་པས། སྙིང་


TNT13_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

གར་ཟླ་བ་ལ་ཧཱུཾ་གི་མཐའ་སྐོར་དུ་སྔགས་ཀྱིས་བསྐོར་བ། དེ་ལས་འོད་ཟེར་འཕྲོས། མདུན་དུ་བཞུགས་པའི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། །དེ་དག་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། །མཆོད་པས་མཉེས་པར་བྱས། ཡང་འོད་ཟེར་འདུས་ཏེ་རང་གི་སྙིང་གར་ཐིམ། བཟླས་པའི་མཐར། མཆོད་པ་དང༌། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། ཞེས་པ་ལྟ་བུའི་བསྟོད་ཐུང་ཅིག་གིས་བསྟོད། དགེ་བ་བསྔོ། ཐུན་དང་པོའི་བྱ་བའོ། །རྡོར་སེམས་ལས་རྡོར་སེམས་ཆད། འཕྲོས་པའི་རྡོར་སེམས་ཀྱི་ལས་བྱེད་པར་བསམ། ཐུན་མཚམས་སུ་མདོ་སྡེ་ཀློག་པ་དང༌། ཟས་ཀྱི་བྱ་བ་སོགས་ཐུན་མཚམས་ཀྱི་སྤྱོད་ལམ་བྱའོ། །ཡང་ནང་དུ་འོངས་བདུད་རྩི་འཁྱིལ་བས་བགེགས་བསལ་ནས། ཨོཾ་ཨ་ས་མེ་སོགས་ཀྱིས་རང་ཉིད་རྡོ་རྗེ་སེམས་དཔའ་དང་འདྲེས། མཆོད་པ་བྱིན་རླབས་དང༌། མཆོད་བསྟོད་བྱས་ནས་སྔར་བཞིན་བཟླས་པ་ལ་འཇུག་ཅིང༌། སྨོན་ལམ་གྱི་བར་བྱའོ། །ཐུན་བར་པ་རྣམས་ཀྱིས་བྱ་བའོ། །ཐུན་མཚམས་སུ་ཕྱག་རྒྱ་གྲོལ་བ་ནི་མི་དགོས་ཏེ། འདི་ལ་རྣལ་འབྱོར་རྒྱུད་ཀྱི་ལུགས་ལས་འབྱུང་བའི་རྒྱས་བཏབས་མེད་པས་སོ། །དེས་ན་ཡེ་ཤེས་ཀྱི་ལྷ་ནམ་མཁར་བཞུགས་པ་མཆོད་བསྟོད། བཟོད་གསོལ། སྤྱན་འདྲེན་པའི་ཕྱག་རྒྱ་དེ་ཕྱིར་བསྐྱེད་ལ་གཤེགས་གསོལ་རྣམས་བྱའོ། །གོང་བཞིན་ཁྲོ་བོའི་སྔགས་ཀྱིས་བསྲུང་བ་བྱས་ཏེ་སྨོན་ལམ་བཏབ་ལ་ཉལ་ལོ། །ཚུལ་དེས་དང་པོ་ཉིད་དུ་ཨོཾ་བཛྲ་སཏྭ་ཧཱུཾ། འབུམ་ཕྲག་དྲུག་བཟླའོ། །དེ་ནས་


TNT13_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རིག་གི་བསྙེན་པ་ཡིན་ན། ཨོཾ་སརྦ་བིད་སརྦ་ཨ་བ་ར་ཎ་བི་ཤོ་དྷ་ཡ་ཧ་ན་ཧཱུཾ་ཕཊ་ཅེས་པ་འབུམ་ཕྲག་བཅུ་དྲུག །ཤཱཀ་ཐུབ་ལ་སོགས་པ་དཀྱིལ་འཁོར་གཞན་རྣམས་ཀྱི་ཡིན་ན་དེ་དང་དེའི་སྙིང་པོ་འབྲུ་གྲངས་ཀྱི་འབུམ་སོགས་ཇི་ལྟར་འོས་པའོ། །དེའི་རྗེས་སུ་དངོས་གྲུབ་ཀྱི་མཚན་མ་མ་མཐོང་གི་བར་དུ་རྩ་རིག་ཉིད་གཙོ་བོར་བཟླ་བ་ཡིན་ལ། སྦྱོང་རྒྱུད་ནས་གསུངས་པའི་སྤྱི་སྔགས། ཨོཾ་ཤོ་དྷཱ་ནི་སོགས་རིང་ཐུང་གཉིས་དང༌། སརྦ་ཨ་བ་ཡ་སོགས་དང༌། སརྦ་ཏྲ་ཊ་དང༌། ཨོཾ་ཧཱུཾ་རྣམས་ཀྱང་ཇི་ལྟར་འོས་པར་བཟླ་སྟེ། དེ་རྣམས་ཐམས་ཅད་དཀྱིལ་འཁོར་བཅུ་གཉིས་ཀྱི་སྤྱི་སྔགས་ཡིན་པས། ཁ་ཅིག་ཀུན་རིག་གི་སངས་རྒྱས་ལྔ་ལ་སོ་སོར་སྦྱོར་བ་ནི་མི་ལེགས་སོ། །དེ་ལྟར་རྡོ་རྗེ་སེམས་དཔའ་ལ་བརྟེན་ནས་བསྙེན་པ་བྱེད་པ་འདི་ནི། དཀྱིལ་འཁོར་བཅུ་གཉིས་ཀའི་ཐུན་མོང་ཡིན་ལ། ཡང་སོ་སོ་ཐ་དད་ལ་མོད་ན། ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ་ལས་རྣམ་སྣང༌། བསྐྱེད་པ་སོགས་ས་བོན་དང་མ། ཕྱག་མཚན་དང༌། ལྷ་དང༌། ཕྱག་རྒྱ་དང༌། སྙིང་པོ་རྣམ་བསྒྱུར། བསྟོད་པ་སྤྱི་འགྲོ་ཡིན་པས། མཉམ་ཉིད་མི་གཡོ་མ་བྱེད། བྱིན་གྱིས་རློབས་ཤིང་སྔགས་རྒྱུད་བྱེད་པ་པོའི་ལྷ་ཕྱག་རྡོར་ཡིན་ཞིག་མདུན་དུ་བཞུགས་པའང་ཡིན་པས་མཚན་རྒྱ་ཡང་བྱའོ། །ཡང་མེ་ཏོག་གང་ལ་ཕོག་པའི་ལྷའི་བསྙེན་པ་བྱེད་ནའང༌། །ས་བོན་ཕྱག་མཚན་ལྷ་སྔགས་ཕྱག་རྒྱ་སྟེ་ལྔ་པོ་བསྒྱུར་ཞིང༌། དགོས་བསྟོད་རེ་བསྣན་པས་ཆོ་ག་སྔ་མ་ཉིད་ཀྱི་གྲུབ་བོ། །དབང་བསྐུར་རབ་གནས། རྒྱུད་བཤད་ཙམ་ལ་དབང་བ་ཙམ་གྱི་དོན་དུ། །བསྙེན་པ་བྱེད་ན་གྲངས་ཀྱི་བསྙེན་པ་ཙམ་གྱིས་ཆོག་པས། ལྷ་གང་སྒོམས་ཀྱང་རུང་ལ།


TNT13_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་རིག་འབུམ་ཕྲག་བཞི་ཙམ་བཟླས་པས་ཀྱང་རུང་ཞིང༌། དངོས་གྲུབ་ཀྱི་དོན་དུ་ནི་ལྷ་དགྱེས་པའི་མཚན་མ་བྱུང་གི་བར་དུའོ། །གཉིས་པ་ཉེ་བསྙེན་ནི། །རྒྱུད་ལས་གསུངས་པ་ལྟར། །ཐ་ག་བས་གཙང་སྦྲ་དང་ལྡན་པར་བརྟགས་པའི་རས་སམ། དཔའ་བོའི་རིན་གྱི་ཉོས་པའི་རས་ལ། སྔགས་ཆུས་ཡང་ནས་ཡང་དུ་བསངས་ཤིང༌། སྤོས་ཆུས་དཀྲུས་ན། ཚོན་རྩི་དང་དམ་ཚིག་གཙང་མས་རས་བྲིས་འབྲི་སྟེ། ལྷ་བཟོ་བ་ཡང་གཙང་སྦྲ་དང་བསྙེན་གནས་ལ་གནས་པར་བྱའོ། །དེ་ཡང་སྟེང་ལྟར་གྱི་དབུས་ཀྱི་ཆ་ལ་ཀུན་རིག་རྣམ་པར་སྣང་མཛད། གཡས་སུ་སྟོན་པ་ཤཱཀ་ཐུབ་གསེར་མདོག་རབ་བྱུང་ཆོས་འཆད་དམ་ས་གནོན་གང་མོས། །གཡོན་དུ་སྦྱོང་བའི་རྒྱལ་པོ། བར་སྟར་ལ་དབུས་སུ་བཅོམ་ལྡན་འདས་སྨན་བླ་རབ་བྱུང༌། ཕྱག་གཡས་པུས་མོའི་སྟེང་དུ་མཆོག་སྦྱིན་དང༌། གཡོན་མཉམ་བཞག་གི་སྟེང་དུ་ཨ་རུ་ར་འཛིན་པ། སྐུ་མདོག་སྔོན་པོའོ། །དེའི་གཡས་སུ་སྤྱན་རས་གཟིགས་དཀར་པོ། མཆོག་སྦྱིན་དང་པདྨ་དཀར་པོ་འཛིན་པ། གཡོན་དུ་ཕྱག་ན་རྡོ་རྗེ་ལྗང་ཁུ། གཡས་རྡོ་རྗེ་ཐུགས་ཀར་གཏོད་ཅིང༌། གཡོན་པ་གདན་ལ་བརྟེན་པ། འོག་སྟར་གྱི་དབུས་ཀྱི་ཆ་ལ་སངས་རྒྱས་སྤྱན་མ། མཱ་མ་ཀཱི་གོས་དཀར་མོ། སྒྲོལ་མ་རྣམས་དཀྱིལ་འཁོར་དུ་བཀོད་པ་བཞིན་དང༌། གཡས་སུ་རྟ་མགྲིན་དམར་པོ་དབུའི་སྟེང་དུ་རྟ་མགོ་ཅན། བེ་ཅོན་དཀར་པོ་འཛིན་པ་དང༌། གཡོན་དུ་ཁམས་གསུམ་རྣམ་རྒྱལ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཁྲོ་བོ་དེ་གཉིས་སྟག་ལྤགས་དང་སྦྲུལ་རྒྱན་ཅན། ཁྲོ་བོའི་ཆ་བྱས་རྫོགས་པ། སེམས་དཔའ་གཉིས་དང་ཁྲོ་བོ་གཉིས་རོལ་སྟབས་ཀྱིས་བཞུགས་


TNT13_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

པ། སངས་རྒྱས་བཞི་རྡོ་རྗེའི་སྐྱིལ་ཀྲུང་ངོ༌། །འོག་གི་ཆ་ལ་པདྨའི་མཚོ་མེ་ཏོག་སྣ་ཚོགས་ཀྱིས་གང་བ་ཆུ་སྲིན་དང་ཉ་དང་རུས་སྦལ་དང༌། སྦལ་པ་དཀར་པོ་དང༌། ཉ་དཀར་པོ་རྣམས་ཆུ་ནང་དུ་རྒྱུ་བ་འབྲི། ས་གཞིའི་ཕྱོགས་ལ་མཆོད་པ་སྣ་ལྔ་དང༌། རིན་པོ་ཆེའི་ཕྲེང་བ་དང་ཤིང་འབྲས་སྣ་ཚོགས་པའི་མཆོད་པ་དང༌། འོག་ཕྱོགས་སུ་སྒྲུབ་པ་པོ་ཐལ་མོ་སྤྱི་བོར་སྦྱར་བ་འབྲིའོ། །ཡང་ལུགས་གཅིག་ལ་ཤཱཀ་ཐུབ་ཀྱང་ཕྱག་ཆོས་འཆད། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། འཁོར་ལོས་བསྒྱུར་བའི་ཆ་ལུགས་སུ་མཛད་པའང་ཡོད། །སྨན་བླ་མ་གཏོགས་གཤེགས་པ་གསུམ་དང༌། ཕྱག་རྡོར་ལྷ་མོ་བཞི་རྣམས་སྐུ་མདོག་དཀར་པོ་བྱེད་པ་དང༌། འགའ་ཞིག་སྨན་བླ་མ་གཏོགས་ཐམས་ཅད་དཀར་པོ་བྱེད་ཟེར་རོ། །ཐང་ཀ་དེ་རི་མོ་གཞན་རྣམས་ཟིན། སྤྱན་འབྱེད་པའི་ཉིན་མོ། ཐོག་མར་བགེགས་སྦྱང་བ་དང༌། ཆ་གསུམ་ལྟ་བུའི་གཏོར་མ་མང་དུ་སྦྱིན། བསྲུང་བ་བྱེད་བཞིན་དུ་སྤྱན་བྲིས་ནས་རབ་གནས་མ་ཚར་བའི་གོང༌། རི་མོ་གྲུབ་མ་ཐག་པ་དེ་ཉིད་དུ། མཆོད་པ་དང༌། རོལ་མོ་དང༌། བདེན་སྟོབས་བརྗོད་པའི་སྨོན་ལམ་དང༌། བཀྲ་ཤིས་མང་དུ་བྱས་ནས་བཟོ་བོ་ཡང་ཡོན་གྱི་མཉེས་པར་བྱའོ། །དེ་ཉིད་ཀྱི་ཉིན་པར་དང་ནམ་ཕྱེད་ལ་ཐུག་གི་བར་དུ་བཟླས་བརྗོད་བདེན་པའི་བྱིན་རླབས་ཀྱི་དམིགས་པ་ཁོ་ན་ཡིད་ལ་བྱེད་ཀྱི། ཐ་མལ་གྱི་རྣམ་རྟོག་དང༌། ལོང་གཏམ་གྱི་དབང་དུ་མ་བཏང་བར། གཙང་སྦྲ་དང་བཅས་ཏེ་ཉལ་བར་བྱའོ། །དེའི་ཚེ་དངོས་སམ་རྨི་ལམ་དུ་རྟགས་འབྱུང་བར་འགྱུར་ལ། ནུབ་དང་པོ་ལ་མ་བྱུང་ན་གཉིས་པ་དང་གསུམ་པའི་བར་དུ་བརྟག་གོ །དེ་དག་ཏུ་མཚན་མ་མཐོང་ན་དངོས་གྲུབ་མྱུར་དུ་འགྲུབ་པའི་ལྟས་ཡིན་ལ།


TNT13_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་མཚན་མ་མ་མཐོང་ན། ཤིན་ཏུ་སྐལ་བ་ཆུང་བས་ཡུན་རིང་པོ་ཞིག་ན་འགྲུབ་པའམ། སྐྱེ་བ་གཞན་དུ་འགྲུབ་པར་འགྱུར་རོ། །དེ་ནས་ཐང་ཀ་དེ་ལ་རབ་གནས་རྫོགས་པར་བྱ་ཞིང༌། མཆོད་པ་ཡང་རྒྱ་ཆེར་ཕུལ་ཏེ། རླུང་དང་ཉི་མས་མ་ཕོག་པ་དང༌། སྐྱེ་བོ་གཞན་གྱི་མ་མཐོང་བར། ཞག་རེ་བཞིན་རྟག་ཏུ་མཆོད་པ་མ་ཆག་པར་བྱས་ནས། ཤིན་ཏུ་དབེན་པའི་ཁང་པ་དགེ་ཞིང་བཀྲ་ཤིས་ལ་གཙང་བ་ཞིག་ཏུ་དཀྲམ། མདུན་དུ་མཆོད་པ་རྒྱ་ཆེར་བཤམས། ཕྱི་རོལ་ཏུ་ཆ་གསུམ་གཏོར་མ་དང༌། གཞི་བདག་གཏོར་མ་སོགས་བཏང་ནས། རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅས་ནས། ཨོཾ་བཛྲ་ས་མ་ཡ་ཧོཿ ཞེས་ནང་དུ་འོངས་ནས་བདུད་རྩི་འཁྱིལ་བའི་སྔགས་ཀྱིས་ཡུངས་ཀར་གཏོར་ཞིང་བགེགས་བསྐྲད། གོང་དུ་ཇི་སྐད་སྨོས་པ་ལྟར་གྱི་བསྙེན་པའི་ཆོ་ག་དང་འདྲ་བ་ལས་ཁྱད་པར་ནི། བསྲུང་འཁོར་གྱི་ནང་དུ་གནས་ཁང་དང་ཡོ་བྱད་བྱིན་གྱིས་རླབས། བྲིས་སྐུ་ཤུ་ནྱཱ་ཏས་སྟོང་པར་སྦྱང༌། ཨོཾ་བྷ་ཞེས་བརྗོད་པས། སངས་རྒྱས་ཀྱི་ཞིང་ཁམས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་པདྨའི་རྫིང་བུ་དང༌། མཆོད་པ་ཐམས་ཅད་ཀྱིས་གང་བ་བྲིས་སྐུའི་ཡུལ་བཀོད་དང་ཕྱོགས་མཐུན་པ་རེ་བསྐྱེད། ལྷའི་གདན་རྣམས་ཀྱང་བསམས། སྙིང་པོའི་རྣམ་སྣང་དང༌། ཨོཾ་སརྦ་བིད་ཧཱུཾ་དང༌། ཨོཾ་སརྦ་བིད་ཨས་གཡས་གཡོན་གྱི་དེ་བཞིན་གཤེགས་པ་དང༌། བྷཻ་ཥ་ཛྱ་ཀྱི་གཟུངས་ཀྱི་སྨན་བླ་དང༌། ན་མཿས་མནྟ་བུདྷ་ནཾ། ན་མོ་ཨཱརྱ་ཨ་བ་ལོ་ཀི་ཏེ། ཀ་རུ་ཎ་མ་ཡེ་ར་ར་ར་ར་ཧུཾ་ཛཿསྭཱཧཱ། སྤྱན་རས་གཟིགས་དང༌། ཨོཾ་བཛྲ་ཙཎྜ་མཧཱ་རོ་ཥ་ཎ་ཧཱུཾ་ཕཊ།


TNT13_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ན་རྡོ་རྗེ་དང༌། ཨོཾ་ཧ་ཡ་གྲྀ་བ་ཧྲཱི་ཿསྭཱཧཱ། ཞེས་པ་རྟ་མགྲིན་དང༌། ཧཱུཾ་བཞི་པའི་སྔགས་ཀྱི་འཇིག་རྟེན་གསུམ་རྒྱལ་དང༌། ལྷ་མོ་བཞི་པོ་ཡང་རང་སྔགས་ཀྱིས་བསྐྱེད། སྤྱན་འདྲེན། ཕྱི་འབྲང་གི་བགེགས་བསྐྲད། མཆོད་ཡོན། སྐུ་ཁྲུས། བཞུགས་གསོལ། མཆོད་བསྟོད་རྣམས་རྒྱས་པར་བྱས་ནས། རང་རང་གི་སྔགས་བརྗོད་ཅིང་དམ་ཚིག་གི་ཕྱག་རྒྱ་བསྟན། རྒྱུན་བཤགས་མན་ཆད་སྔར་དང་འདྲ། བཟླས་པའི་སྐབས་མདུན་བསྐྱེད་ལ་དམིགས་ནས་བཅོམ་ལྡན་འདས་ཀུན་རིག་གི་དམ་རྒྱ་བཅས་ལ། རྩ་རིག་ལན་གསུམ་བརྗོད། དེ་ནས་ཁུ་ཚུར་གཉིས་ཁ་སྦྱར་བ་ཕྱེ་སྟེ་པདྨའི་སྐོར་བ་དང་བཅས་པས་ཕྱག་རྒྱ་དེ་ཉིད་བྱེད་ཅིང༌། རྩ་རིག་གམ་སྙིང་པོའི་མཐར་ཕྱག་རྒྱ་དེ་ཉིད་བཅངས་ལ། བཅོམ་ལྡན་འདས་ཐམས་ཅད་རིག་པ་རྣམ་པར་སྣང་མཛད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པའི་དངོས་གྲུབ་སྩོལ་བ་དང༌། དེ་མ་ཐོབ་ཀྱི་བར་དུ་ཡང་སྐལ་བ་དང་མཐུན་པའི་དངོས་གྲུབ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་ནས། ཐུགས་ཀར་འཁོར་ལོའི་ལྟེ་བར་ས་བོན་སྔགས་ཕྲེང་དང་བཅས་པ་བསྒོམ། དེ་ནས། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། འོད་ཟེར་གྱི་རྩེ་ལ་མཆོད་པ་དཔག་ཏུ་མེད་པ་སྤྲུལ། ལྷ་བཅུ་གཉིས་པོ་གཙོ་བོར་གྱུར་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་མཆོད་ཅིང༌། ཁྱད་པར་དུ་ཡང་ཐུགས་ཀའི་ས་བོན་སྔགས་འཕྲེང་དང་བཅས་པ་ལ་མཆོད་པ་ཕུལ། ཚུར་ལོག་སྟེ་རང་གི་སྙིང་གའི་སྔགས་ཕྲེང་ལ་ཐིམ། ཡང་འོད་ཟེར་འཕྲོས། མཁའ་དབྱིངས་གང་བའི་སངས་རྒྱས་མཆོད། སེམས་ཅན་ཀྱི་དོན་བྱས། ཐུགས་


TNT13_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་བསྐུལ་ཏེ་ཚུར་འདུས་སྙིང་གའི་སྔགས་ཕྲེང་ལ་ཐིམ། དེ་རྣམས་ཀྱི་བྱིན་རླབས་ཀྱི་གཟི་བྱིན་འོད་ཟེར་ལ་གོས་པས། སྙིང་ཀའི་སྔགས་ཕྲེང་འོད་དང་གཟི་བརྗིད་འབར་བར་བསམ། ཐུན་མཚམས་ཀྱི་སྤྱོད་ལམ་སོགས་སྔར་དང་འདྲ། ཚུལ་དེས་རྩ་བའི་རིག་པ་འབུམ་ཕྲག་དྲུག་བཟླ་བར་གསུངས་སྟེ། དེང་སང་བཞི་འདབ་ཏུ་བྱེད་དགོས་པས། འབུམ་ཕྱག་ཉི་ཤུ་རྩ་བཞིའོ། ཁྱད་པར་དུ་ཐུན་མཚམས་ཀྱི་སྤྱོད་པ་ལྷག་པོར། ལྷ་མཉེས་པའི་དོན་དུ་སྦྱིན་སྲེག་དང༌། འཇིག་རྟེན་པ་རྣམས་ལ་གཏོར་མ་སྦྱིན་པར་བྱའོ། །ཉེར་སྒྲུབ་འདི་ཡང་རྒྱུད་ལས་ཐོག་མར་བྲིས་སྐུ་འདྲི་ཚུལ་རྒྱས་པར་གསུངས། དེ་ནས་རི་མོའི་སྐུ་གཟུགས་དེ་མངོན་པར་མཆོད་ཅེས་པ་ནི་རབ་གནས་མ་བྱས་གོང་སྤྱན་འབྱེད་ཀྱི་སྐབས་ཡིན། །བཞད་པ་དང་ནི་རྔ་སྒྲ་དང༌། །དྲིལ་བུའི་སྒྲ་དང་འབྲུག་དེ་བཞིན། །དགེ་སློང་བྲམ་ཟེ་བུ་མོ་དང༌། །འབྲས་བུ་མཐོང་ན་མྱུར་དུ་ནི། །མཆོག་དང་བར་མ་ཐ་མ་འགྲུབ། ཅེས་པ་དངོས་གྲུབ་ཀྱི་རྟགས་ཏེ། བྲིས་སྐུ་དངོས་སུ་བཞད་ན་རབ། སྒྲ་གསུམ་དངོས་སུ་ཐོས་ན་འབྲིང༌། དགེ་སློང་སོགས་རྨི་ལམ་དུ་མཐོང་བ་ཐ་མའོ། །དེ་ནས་གཟུགས་ཏེ་བྱིན་རླབས་ཏེ་སོགས་ནི་བྲིས་སྐུ་རབ་གནས་སོ། །ཉེར་སྒྲུབ་ལ་སྒོམ་བཟླས་ཀྱི་རིམ་པ་ནི། །རྟག་ཏུ་མངོན་སུམ་འདུག་ནས་ནི། །འཇིག་རྟེན་གསུམ་ལས་རྣམ་རྒྱལ་གྱིས། །བདག་བསྲུང་ལ་སོགས་བྱས་ནས་ཀྱང༌། །བདག་གི་དེ་ཉིད་དྲན་བྱེད་ཅིང༌། །འབུམ་ཕྲག་གསུམ་མམ་ཡང་ན་དྲུག །དངོས་གྲུབ་མཚན་མ་བྱུང་བར་དུའོ། །ཞེས་སོ། །བདག་གི་དེ་ཉིད་ཅེས་པ་ནི། གདོད་མའི་ཡེ་ཤེས་མདུན་བསྐྱེད་ནི། དམ་པའི་བདག་ཡིན་ཞིང༌། སྒྲུབ་པ་པོ་རང་ཉིད་ནི་ཐ་མལ་པའི་བདག་ཏུ་


TNT13_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་ཡིན་ལ། དེ་ཉིད་ཉི་མ་དང་ཉི་མའི་འོད་བཞིན་དུ་ཤེས་ནས། ཉི་མས་ཉི་མའི་འོད་ཟེར་སྤྲོ་ཞིང་བསྡུ་བར་བྱེད་པ་བཞིན་དུ། མདུན་བསྐྱེད་ཀྱི་ལྷའི་བྱིན་རླབས་ལས་བདག་ཉིད་ལྷར་གྱུར་པ་སྤྲོ་བ་དང༌། ཕྱིས་རང་ཉིད་མདུན་བསྐྱེད་ལྷའི་ངོ་བོར་གྱུར་པ་ནི་བསྡུད་པའི་ཚུལ་ཏེ། དེའི་དོན་དུ་བདག་མདུན་གཉིས་ཀར་ལ་དམིགས་ནས་རང་བཞིན་མཉམ་པ་ཉིད་དུ་བསྒོམ་པ་ཡིན་ནོ། །དེ་ལྟར་ཉེར་སྒྲུབ་འདི་དངོས་གྲུབ་ཉེ་བའི་མཚན་མ་མཐོང་གི་བར་དུ་སྒོམ་པར་བྱའོ། །གསུམ་པ་སྒྲུབ་པ་ནི། ཕྱི་དཀྱིལ་ལ་བརྟེན་པ་དང༌། བྲིས་སྐུ་ཙམ་ལ་བརྟེན་པ་གཉིས་ཀར་རུང་མོད་ཀྱི། བྲིས་པའི་དཀྱིལ་འཁོར་ནི་གཙོ་བོར་སྒྲུབ་ཆེན་གྱི་སྐབས་སུ་ཡིན་པས། སྒྲུབ་སྒྲུབས་པའི་སྐབས་འདིར་ཕལ་ཆེར་བྲིས་སྐུ་དང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གཉིས་ལྷན་ཅིག་ཏུ་སྒྲུབ་པར་བྱའོ། །དེ་ཡང་ཉེར་སྒྲུབ་དང་གཞི་འདྲ་བ་ལས། དཀྱིལ་འཁོར་རྒྱས་པ་སྒོམ་དགོས་པ་ཡིན་པས། དེ་ལ་ཀུན་རིག་གི་དཀྱིལ་འཁོར་ནི། སྐབས་འདིར། ཁ་གཅིག་སྒོ་རྐྱང་དུ་འདོད། ཁ་ཅིག་ཉིས་སྦྲག་ཏུ་འདོད། བོད་སྔོན་རབས་རང་ཁ་ཅིག་སྒོ་སྦྲག་ཤིན་ཏུ་མང་པོར་འདོད་པ་སོགས་བྱུང་ཀྱང༌། བླ་མའི་མན་ངག་གམ་རྒྱུད་གཞན་ལ་བརྟེན་ནས་འདིའི་དགོངས་པ་བཀྲལ་བ་དང༌། ཁ་འགེངས་ཀྱི་ཁྱད་པར་ལ་བརྟེན་ནས་འཆད་ཚུལ་མི་འདྲ་བ་དུ་མ་དག སྤྱི་ལྡོག་ནས་འཁྲུལ་ལོ། །ཞེས་འགོག་པར་ནི་མི་བྱེད་མོས་ཀྱང༌། རྒྱུད་ཀྱི་དངོས་བསྟན་ནི་སྒོ་རྐྱང་ཁོ་ན་ཡིན་ལ། འཁྱམས་ནི་ཁ་ཅིག་ཕྱོགས་མདོག ཁ་ཅིག་སྣ་ཚོགས་པ་ཞེས་སོགས་འདོད་པ། ཡོ་གའི་ལུགས་ལྟར་ན་ཕྱོགས་མདོག་ཡིན་མོད། འདིར་བྱ་སྤྱོད་ཕལ་ཆེ་བ་དང་མཐུན་པ། བཻཌཱུ་རྱའི་


TNT13_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ལ་གསེར་གྱི་མིག་མངས་རིས་སུ་བྲིས་པ་སོགས་ཚོན་སྣ་བརྒྱ་རྩ་གཅིག་གིས་བཀྲ་བ་ལ། རི་དང་ནགས་ཚལ་མཚོ་རྫིང་སོགས་དང༌། ཡིད་དུ་འོང་བའི་སྲོག་ཆགས་སྣ་ཚོགས་དང་བཅས་པ་ཞིང་ཁམས་ཀྱི་ཚུལ་དུ་བྱེད་དེ། རྒྱུད་འདི་ཉིད་ལས་གནས་ཀྱི་ཁྱད་པར་ལྷའི་དགའ་ཚལ་དུ་གསུངས་པ་སོགས། རྒྱུད་ཀྱི་གླེང་གཞི་དང་ཡང་མཐུན་ནོ། །འཁྱམས་ནི་རི་རབ་ཀྱི་རྩེ་མོ་སུམ་ཅུ་རྩ་གསུམ་ལྷ་གནས་མཚོན་ལ། རྩིག་པའི་ཕྱི་རོལ་ནས་དེའི་ཕྱི་མཐའི་བར་ནི། རྒྱུད་ལས་ཕྱིའི་དཀྱིལ་འཁོར་ཞེས་གསུངས་པ་དེ་ཡིན་ཏེ། དཀྱིལ་འཁོར་ཞེས་པ་མཎྜལ་ཟླུམ་པོར་གནས་པའི་དོན་ཡིན་ནོ། །འཇིག་རྟེན་པའི་ཁོར་ཡུག་འདྲི་ན་ཁ་དོག་སེར་པོར་བྱེད་པ་ནི། གསེར་གྱི་ས་གཞི་མཚོན་ལ་ས་དེ་ལ་གླིང་བཞི་པོ་ནི་ངེས་པར་འབྲི་དགོས་ཏེ། འཛམ་བུའི་གླིང་དུ་ཚངས་པ་འབྲི། ཞེས་སོགས་དངོས་སུ་གསུངས་པས་སོ། །ལྷའི་རྣམ་པར་བཞག་པ་ལ། གཙོ་བོ་རྣམ་པར་སྣང་མཛད་ནི། སྐུ་ལུས་གཅིག་ལ་ཞལ་བཞི་པའམ། ཀུན་དུ་ཞལ་གང་དུ་སྒོམ་ཀྱང་འདྲ་མོད་ཀྱི། སྔ་མ་སྒོམ་སྟབས་བདེ་ལ། ཕྱོགས་ཀྱི་རྒྱལ་བ་བཞི་པོ་ཡང་སྐུ་མདོག་དཀར་པོ་ཁོ་ན་ཏེ། རྒྱུད་ལས། གཙོ་བོ་དང་འཁོར་གྱི་ཐོག་མ་སྦྱོང་རྒྱལ་དཀར་པོ་གསུངས་ནས། གཞན་རྣམས་དེའི་ཞོར་ལ་གོ་བའི་དབང་དུ་མཛད་པའོ། །ཡུམ་བཞི་དང་མཆོད་པའི་ལྷ་མོ་རྣམས་དང༌། སྒོ་མ་རྣམས་མཆོག་སྒྲུབ་དཀྱུས་ཀྱི་ཉམས་ལེན་ལ་ཁ་དོག་སོ་སོར་བྱེད། གཤིན་དོན་སོགས་ཞི་བའི་ལས་ལ་ནི་གཙོ་འཁོར་ཐམས་ཅད་ཀྱང་དཀར་པོ་བསྔགས་སོ། །མཆོད་པའི་ལྷ་མོ་ནི། རྒྱུད་ལས། མཁས་པས་ལཱ་སྱ་ལ་སོགས་པའི། མཆོད་པ་གྲྭའི་ཕྱོགས་སུ་བྲི། ཞེས་ཀུན་རིག་གི་


TNT13_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་གསུངས་ཤིང༌། ཤཱཀ་ཐུབ་ཀྱི་སྐབས་ན། གྲྭའི་ཕྱོགས་རྣམས་ཐམས་ཅད་དུ། བདུག་པ་ལ་སོགས་བྲི་བར་བྱ། ཞེས་གསུངས་ནས། བདུག་སྤོས་མ་སོགས་བཞི་པོའི་སྔགས་ཀྱང་སྐབས་དེར་གསུངས་པས། ཕན་ཚུན་ཁ་བསྐང་ན་བརྒྱད་ཀ་འགོད་པ་ཡང་མི་འགལ་མོད་ཀྱི། དངོས་བསྟན་ནི་སོ་སོར་བགོ་བཤའ་མཛད་པ་ལྟ་བུར་སྣང་བས། འདིར་བདུག་སྤོས་མ་ལ་སོགས་པ་མི་འགོད་པ་གཙོ་ཆེའོ། །ལྷ་རྣམས་ཀྱི་བཞུགས་ཚུལ་ནི། སློབ་དཔོན་ཀུན་སྙིང་གིས་རྡོར་དབྱིངས་སོགས་སུ་བཤད་པ་ལྟར་གྱི་སྤར་བཀབ་མ་ནི་འདིར་སྦྱོར་མི་དགོས་ལ། ཁྱད་པར་རྡོ་རྗེ་གནོད་སྦྱིན་ནི་ཞི་བ་རང་ཡིན་ནོ། །དེ་སྦོམ་ཐུང་དུ་བྱས་ན། སྐབས་འདིར་སེམས་དཔར་མི་འགྱུར་ཁྲོ་བོར་འགྱུར་བའི་སྐྱོན་ཡོད་ལ། རྒྱུད་འདིའི་ལུགས་ཀྱི་འཁོར་གྱི་ཁྲོ་བོ་ཀུན་ལ་དབུ་ཕྱག་མཐའ་ཡས་པ་སོགས་འབྱུང་བས། དེ་དེར་བྱས་ན་སེམས་དཔའ་མ་ཚང་བ་སོགས་རྣམ་གཞག་ཐམས་ཅད་འཁྲུགས་པར་འགྱུར་རོ། །བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དང༌། ཉན་རང་རྣམས་ཀུན་རིག་གི་དཀྱིལ་འཁོར་པ་མ་ཡིན་གྱི། འཁོར་ལོས་བསྒྱུར་བའི་དཀྱིལ་འཁོར་པ་ཡིན་པ་དང༌། ཁྲོ་བོ་ཕོ་ཉ་མངགས་པ་བྲན་རྣམས་ལ་བཞི་བཞི་སྟེ། བཅུ་དྲུག་པོ་རྣམས་ཀྱང༌། མེ་ལྟར་འབར་བའི་དཀྱིལ་འཁོར་པ་དངོས་ཡིན་གྱི་འདིའི་མ་ཡིན་ལ། ལྷ་ཆེན་གཟའ་སྐར་རྒྱལ་ཆེན་ཕྱོགས་སྐྱོང་སོགས་རང་རང་གི་དགོས་ཀྱི་དཀྱིལ་འཁོར་དང༌། འཁོར་ལོས་བསྒྱུར་བ་ལ་གསལ་བར་གསུངས་པའི་ལྷ་ཡིན་གྱི། དཀྱིལ་འཁོར་འདིའི་མ་ཡིན་ནོ། །དེའི་ཕྱིར་དེ་རྣམས་ལ་སངས་རྒྱས་བྱང་སེམས་ཉན་རང་ཁྲོ་བོ་ཁྲོ་མོ་


TNT13_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ཕྱོགས་སྐྱོང་བ་དང་བཅས་པ་ཞེས། སྤྱིའི་མོས་པས་འཇུག་པ་ཙམ་མ་གཏོགས། བསྐྱེད་ཆོག་གིས་མི་བསྐྱེད་པ་ཉིད་ཀུན་རིག་གི་དཀྱིལ་འཁོར་གྱིས་ཐོབ་ཐང་རྒྱུད་ཀྱི་དགོངས་དོན་དངོས་ཡིན་ཞིང༌། སོ་སོའི་བསྐྱེད་ཆོག་གིས་བསྐྱེད་དགོས་ན་སོ་སོའི་སྔགས་ཀྱང་དགོས་པར་འགྱུར་ལ། ཐམས་ཅད་དཀྱིལ་འཁོར་འདི་ལ་བསྡུས་ན། དཀྱིལ་འཁོར་གཞན་རྣམས་ལ་ཆོ་ག་སོ་སོར་གསུངས་པ་དགོས་པ་ཆུང་བར་འགྱུར་བས། འགའ་ཞིག་ལྷ་ཚོགས་མང་བ་ཙམ་སྐྱེ་བོའི་སྔོན་དུ་ངོམ་པ་ནི་གཡས་ཆུང་ངོ༌། །འོན་ཀྱང་དེ་དག་གང་ཡིན་སྙམ་ན། བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བཅུ་དྲུག་ནི། རྡོར་དབྱིངས་སོགས་དང་མཚུངས་པར་བསྐལ་བཟང་བཅུ་དྲུག་གམ། སྒྱུ་འཕྲུལ་དྲ་བ་འམ་གཙུག་དགུའི་དཀྱིལ་ཆོག་སོགས་དང་མཐུན་པར་བྱས་ཀྱང་རུང་ཙམ་ལགས་མོད། འོན་ཀྱང་འདི་ལྟར་བཟང་སྟེ། བྱམས་པ་དང༌། ཀུན་ཏུ་བཟང་པོ་དང༌། ཕྱག་ན་རྡོ་རྗེ་དང༌། བློ་གྲོས་ཆེན་པོ་དང༌། ཞི་བར་གཤེགས་པ་དང༌། ནམ་མཁའི་མཛོད་དང༌། སྒྲིབ་པ་རྣམ་སེལ་དང༌། སྤྱན་རས་གཟིགས་ཏེ་བརྒྱད་དང༌། ཉན་ཐོས་ཀྱང༌། ཤཱ་རི་བུ་དང༌། མཽ་འགལ་གྱི་བུ་དང། འོད་སྲུང་ཆེན་པོ་དང། རབ་འབྱོར་དང༌། སྒྲ་གཅན་འཛིན་དང༌། ཀུན་དགའ་བོ་དང༌། བཟང་ལྡན་དང༌། ཀ་པི་ནའོ། །རྒྱུད་ལས། ཉན་ཐོས་རྒྱལ་བ་ཐམས་ཅད་དང༌། ཞེས་འབྱུང་བས། རྒྱལ་བ་ནི་སངས་རྒྱས་ཡིན་པས། དེ་བཞིན་གཤེགས་པ་མེ་ཏོག་ཡང་དག་པར་སྐྱེས་པའི་རྒྱལ་པོའི་དབང་པོ་དང༌། རིན་ཆེན་གཙུག་ཏོར་དང༌། གཙུག་ཏོར་ཅན་དང༌། ཐམས་ཅད་སྐྱོབ་དང༌། ལོག་པ་དད་སེལ་དང༌། གསེར་ཐུབ་དང༌།


TNT13_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

འོད་སྲུང་དང༌། །སྤྱན་བཟང་སྟེ་བརྒྱད་དོ། །རང་རྒྱལ་ཡང་བརྒྱད་ཏེ། སྤོས་ཀྱི་ངད་ལྡན་དང༌། དམན་པ་དང༌། འཆི་ལྟས་དང༌། ཉེ་བའི་འཆི་ལྟས་དང༌། དཀར་པོ་དང༌། དཀར་པོའི་ཏོག་དང༌། མུ་ཁྱུད་དང༌། མུ་ཁྱུད་བཟང་པོ་རྣམས་སོ། །ཡང་སེམས་དཔའ་བཅུ་དྲུག་ཏུ་བྱེད་ན་ཡང་འཇམ་དཔལ་རྩ་རྒྱུད་ལས་འབྱུང་བ་བཞིན་དུ་བྱས་ན་ལེགས་པར་འགྱུར་རོ། །ཁྲོ་བོ་སོགས་རྒྱུད་འདི་རང་དུ་གསལ་ལ། ཀུན་རིག་གིས་སྐབས་འདིར་མགྲོན་ཐབས་ཀྱི་ལྷ་ལ་གསལ་འདེབས་དགོས་ངེས་ཤེས་པ། ཚངས་པ་སེར་པོ་གདོང་བཞི་རལ་པའི་ཅོད་པན་ཅན། ལག་ན་དབྱུག་པ་དང་སྤྱི་བླུགས། སྟོད་གཡོགས་དང་ཚངས་སྐུད་ཅན། འཛམ་བུ་གླིང་ན་གནས་པ། ཤར་དུ་བརྒྱ་བྱིན་ཕྱོགས་སྐྱོང་གི་ནང་ན་ཡོད་པ་བཞིན་དང༌། བྱང་དུ་དབང་ཕྱུག་ཆེན་པོ་གཡས་རྩེ་གསུམ་དང་ཌཱ་མ་རུ། གཡོན་ཐོད་པ་དང་མདའ་གཞུ་འཛིན་པ་མདོག་ཐལ་ཀའོ། །ནུབ་ཏུ་ནི་ཁྱབ་འཇུག་སྔོན་པོ་འཁོར་ལོ་དབྱུག་ཐོ་པདྨ་དུང་འཛིན་པའོ། །སྐར་མ་ནི་རི་བྱི་དང་བརྟན་པ་ལ་སོགས་པ་དང༌། ཕྲ་མེན་དང་བུད་མེད་ཅེས་པ་ལ། མཁའ་འགྲོ་མ་དང་མ་མོ་ཞེས་པའང་ཡོད་དེ། དོན་ལ་ནི་སྲིན་མོ་ནག་མོ་ལ་སོགས་པ་ནི་ཕྲ་མེན་མ་ཡིན་ཞིང༌། བུད་མེད་ནི་འཇིགས་བྱེད་དགུའི་ཆུང་མ་སོགས་ཡིན་པར་རྒྱུད་འདི་ཉིད་རང་ལས་བྱུང༌། རྣལ་འབྱོར་མ་ཡང་རྣལ་འབྱོར་མ་དྲུག་ཅུ་རྩ་བཞི་ལ་སོགས་པའམ། བཀྲ་ཤིས་ལྷ་མོ་བརྒྱད་ལ་སོགས་པའོ། །དེས་ན་ཕྲ་མེན་མ་ནི་ལྷ་མིན་སྲིན་མོའི་རིགས་ཡིན་ལ། བུད་མེད་ནི་ལྷའི་སྲིན་མོའོ། །རྣལ་འབྱོར་མ་ནི་དེ་དག་གི་ནང་ཚན་རིག་སྔགས་ཀྱི་མཐུ་དང་འདོད་པའི་ཁམས་ཀྱི་ཏིང་ངེ་འཛིན་གྲུབ་པའི་


TNT13_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་ཤེས་རྫུ་འཕྲུལ་མཐུ་སྟོབས་ཆེས་ཆེ་བ་རྣམས་སོ། །གཞན་རྣམས་གོ་སླ་སྟེ་དཀྱིལ་འཁོར་འབྲི་བའི་དུས་ཀྱང༌། འཁྱམས་ལ་སངས་རྒྱས་བྱང་སེམས་རང་རྒྱལ་ཉན་ཐོས་ཁྲོ་བོ་སོགས་དང༌། གསེར་གྱི་ཁོར་ཡུག་ལ་ལྷ་ཆེན་བཞི་དང༌། གཞན་འཇིག་རྟེན་པ་རྣམས་ཀྱི་གདན། རྡུལ་ཚོན་གྱི་ཚོམ་བུ་ངེས་མེད་སྣ་ཚོགས་དག་འགོད་པར་བྱ་ཡི། ངེས་བཟུང་ཅན་མི་དགོས་སོ། །དེ་བཞིན་དུ་རྒྱུད་ལས་འཇིག་རྟེན་པའི་ཕྱག་རྒྱ་བཤད་པ་རྣམས། དངོས་ནི་འཁོར་ལོས་བསྒྱུར་བའི་དཀྱིལ་འཁོར་གྱི་དབང་དུ་བྱས་ནས། དཀྱིལ་འཁོར་དེའི་ཆོ་ག་ལ་དེ་དག་གི་ཕྱག་རྒྱ་བཅིང་བ་དགོས་པ་དང༌། ཡང་འཇིག་རྟེན་པ་དེ་དག་སྒྲུབ་པར་འདོད་ནའངདེ་དང་དེའི་ཕྱག་རྒྱ་དགོས་པའི་དབང་དུ་བྱས་ཀྱི། ཐམས་ཅད་རིག་པའི་ཆོ་ག་ལ་ནི་ཕྱག་རྒྱ་དེ་དག་མི་དགོས་སོ། །ཡང་འདི་དཔྱད་དེ། རྒྱུད་འདི་ནི་ཡོ་གའི་རྒྱུད་ཡིན་ནོ་ཞེས་རླུང་ལྟར་གྲགས་ཀྱང༌། ཡེ་ཤེས་ཐིག་ལེའི་རྒྱུད་དཔང་པོར་བཞག་ན། ཇོ་བོ་རྗེ་དང་ས་པཎ་གྱི་བཞེད་པ་ལྟར་སྤྱོད་རྒྱུད་དུ་འཐད་པ་ཁོ་ན་ཏེ། གླེང་གཞིའི་གནས་ལྷ་ཡུལ་ཐ་མལ་པར་གསུངས་པ་དང༌། མིའི་སྐྱེ་བ་ལ་བརྟེན་པའི་ལས་འབྲས་ཀྱི་གཏམ་རྒྱུད་ཕལ་པ་འབྱུང་བ་སོགས་བརྗོད་བྱེད་ཚིག་གི་སྒོ་ནས་ཀྱང༌། རྣལ་འབྱོར་རྒྱུད་ཡན་ཆད་དུ་འགྲོ་རྒྱུ་མིན་ལ། བརྗོད་བྱ་དོན་གྱི་སྒོ་ནས་ཀྱང་སྤྱོད་རྒྱུ་ཉིད་དུ་གསལ་ཏེ། དཀྱིལ་ཆོག་ཆེན་པོའི་བདག་བསྐྱེད་གཙོ་རྐྱང་འབའ་ཞིག་གསུངས་པ་དང༌། དམ་ཚིག་གི་ཕྱག་རྒྱས་ལྷ་ཉེ་བར་བྱེད་པ་ཙམ་ཞིག་ཡོད་ཅིང༌། ཕྱག་རྒྱའི་རྒྱས་བཏབ་ཀྱི་གྲངས་ངེས་འདིར་མེད་པས་སོ། །འོ་ན་འཁོར་ལོས་བསྒྱུར་བའི་སྐབས་ན། ལས་ཀྱི་ཕྱག་རྒྱ་གསལ་བར་བསྟན་པ་


TNT13_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ནམ། ཇི་སྐད་དུ། དེ་ཉིད་གཉིས་སུ་བྱས་ན་ལས་ཀྱིའོ། །ཞེས་འབྱུང་བ་གང་ཡིན་སྙམ་ན། དེ་ནི་ཕྱག་རྒྱ་བཞིའི་ནང་གི་ལས་རྒྱ་སྟོན་པ་མ་ཡིན་གྱི། ལས་ཀྱིའོ་ཞེས་པ་ལས་འཆོལ་བའི་དོན་གྱི་ཕྱག་རྒྱའོ། །ཞེས་པའི་དོན་ནོ། །དེས་ན་འདིར་བཤད་པ་ལྟར། དམ་ཚིག་གི་ཕྱག་རྒྱ་བྱིན་གྱིས་བརླབས་པ་དང༌། ལས་བཅོལ་གྱི་སྐབས་འགར་སྔོན་འགྲོའི་དམ་ཚིག་གི་ཕྱག་རྒྱས། ལྷའི་ཐུགས་རྒྱུད་བསྐུལ་པ་ཙམ་ཡིན་གྱི། དམ་རྒྱས་རྒྱས་འདེབས་པའི་ཐ་སྙད་ཀྱང་འདིར་མི་མཛད་ན། ཕྱག་རྒྱ་བཞིའི་རྒྱས་བཏབ་ལྟ་ཅི་སྨོས་ལ། སྤྱིར་ལྷ་སོ་སོའི་དམ་ཚིག་གི་ཕྱག་རྒྱ་ཙམ་ནི། བྱ་བའི་རྒྱུད་དང་སྤྱོད་པའི་རྒྱུད་ཆེན་པཽ་རྣམས་ལ་རབ་ཏུ་གྲགས་སོ། །དེས་ན་འདི་སྤྱོད་རྒྱུད་ཉིད་ཀྱི་ཆ་ནས་ཆ་ཤས་ཡན་ལག་གི་རྒྱུད་ཡིན་གྱི། ཆོ་ག་རྒྱས་པ་སྟོན་པ་རྩ་བའི་རྒྱུད་ཀྱི་རིགས་མིན་ཡང༌། སྤྱི་ལྡོག་ནས་རྣམ་སྣང་མངོན་བྱང་སོགས་ལས་ཅུང་ཟད་ཐེག་པ་རིགས་མཐོ་བ། རྒྱུད་སྡེ་གོང་མ་དང་མཚམས་སྦྱོར་བ་པོའི་སྤྱོད་རྒྱུད་ཤེས་པར་བྱའོ། །དེ་ལ་སྐབས་འདིར་རྒྱུན་བཤགས་ཡན་ཆད་སྔར་དང་འདྲ་བར་བྱ། བྲིས་སྐུ་ལ་བརྟན་བཞུགས་བྱས་ནས་ལྷ་རྣམས་བཞུགས་སུ་གསོལ་ཏེ། ཚད་མེད་བཞིའི་དོན་ཡིད་ལ་བསམ་པ་ནས་ཥཱིཉྩ་ཨ་ཞེས་པའི་བར་བདག་བསྐྱེད་གོང་བཞིན་བྱ་སྟེ། སྤྱོད་རྒྱུད་ལུགས་ལ་བདག་བསྐྱེད་ནི་མདུན་བསྐྱེད་ཀྱི་སྔ་ཕྱི་གང་དུ་བྱེད་མ་ངེས་པར་ཡོད་པ་ལས་སྒྲུབ་པའི་དུས་འདིར་ནི་བྲིས་སྐུ་དང༌། དཀྱིལ་འཁོར་གྱི་བར་དུ་བྱེད་པ་སྟེ། དེ་རྗེས་ཤུནྱཱ་ཏས་སྟོང་པར་སྦྱངས། ཨོཾ་བྷ་ཞེས་བརྗོད་དེ། སྟོང་པའི་ངང་ལས། རྡོ་རྗེའི་ས་


TNT13_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་མེ་རི་དང་བཅས་པའི་དབུས་སུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང༌། གྲུ་བཞི་པ་སྒོ་བཞི་པ་ཐེམ་སྐས་བཞིས་བརྒྱན་པ། ནང་ནས་རིམ་པ་བཞིན་དུ། སྔོ་སེར་དམར་ལྗང་དཀར་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། དེའི་སྟེང་དུ་རིན་པོ་ཆེའི་ཕ་གུ་སེར་པོ་བསྐོར་བ། དེའི་སྟེང་དུ་དྲ་བ་དང་དྲ་བ་ཕྱེད་པའི་གཞི་དང༌། ཤར་བུ་དང་མདའ་ཡབ་ཀྱིས་བསྐོར་བ། རྩིག་པའི་ཕྱི་རོལ་འདོད་ཡོན་གྱི་སྣམ་བུ་དམར་པོ་ལ་མཆོད་པའི་གཟུངས་མ་དང་བཅས་པ་སྒོ་ཁང་བཞིའི་སྟེང་དུ་རྟ་བབས་རྒྱན་དང་ལྡན་པ། འདེགས་བྱེད་ཀྱི་ཀ་བའི་ངོས་ལ་གླང་སེང་བརྩེགས་པས་བརྒྱན་པ། སྒོ་གདོང་གི་ཀ་བ་བརྒྱད་དང༌། གླང་རྒྱབ་རྣམས་ཀྱི་ནང་དུ། ཤར་དུ་རྡོ་རྗེ། ལྷོར་རིན་པོ་ཆེ། ནུབ་པདྨ། བྱང་དུ་རྒྱ་གྲམ་མོ། །ཕྱི་རོལ་གྱི་འཁྱམས་ལ་ཡང༌། སྐྱེད་མོས་ཚལ་དང༌། ཁྲུས་ཀྱི་རྫིང་བུ་དང༌། མེ་ཏོག་དང༌། རིན་པོ་ཆེ་དང༌། མཆོད་རྫས་དུ་མས་གང་བའི། རིན་པོ་ཆེའི་གཞི་ལ་ཚོན་སྣ་བརྒྱ་རྩས་མིག་མང་རིས་སུ་བྲིས་པའོ། །གཞལ་ཡས་ཁང་གི་སྟེང་དུ་རིམ་པར་ཕུབ་ཅིང་རྩེ་མོར་ཏོག་གིས་བརྒྱན་པ། སྟེང་འོག་གི་གཞི་ཤར་སྔོ། ལྷོ་སེར་ནུབ་དམར་བྱང་ལྗང་དབུས་དཀར་བ་གཞལ་ཡས་ཁང་གི་ནང་དུ་འཁོར་ལོ་དཀར་པོ་རྩིབས་བཅུ་དྲུག་པ། དེའི་དབུས་སུ་འཁོར་ལོ་སེར་པོ་རྩིབས་བརྒྱད་པ། དབུས་ཀྱི་ལྟེ་བ་ལ་རིན་པོ་ཆེའི་བཞུགས་ཁྲི། མདུན་ངོས་སུ་རྡོ་རྗེས་བརྒྱན་པ་ལ་པདྨ་དང་ཟླ་བ། དེ་


TNT13_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་བཞི་ལ་པད་ཟླའི་གདན། གཞན་རྣམས་ལ་ཟླ་བའི་གདན་རེ་རེའོ། །དབུས་ཀྱི་གདན་གྱི་སྟེང་དུ་ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཞལ་བཞི་པ། ཕྱོགས་བཞིར་ཧཱུཾ་ཕཊ་ཨ་ཏྲཊ་རྣམས་ཡོངས་སུ་གྱུར་པ་ལས། ཤར་དུ་རྒྱལ་མཆོག་སྦྱོང་བའི་རྒྱལ་པོ། ལྷོར་རྒྱལ་མཆོག་རིན་པོ་ཆེ། ནུབ་ཏུ་རྒྱལ་མཆོག་ཤཱཀྱ་ཐུབ་པ། བྱང་དུ་རྒྱལ་མཆོག་མེ་ཏོག་སྟེ། རྒྱལ་བ་ཐམས་ཅད་ཀྱང་སྐུ་མདོག་དཀར་པོ་མཉམ་བཞག་གི་ཕྱག་རྒྱ་མཛད་པ། ཤར་ལྷོར་སྤྱན་མ་དཀར་མོ་འཁོར་ལོ་མིག་འབྲས་ཀྱིས་མཚན་པ་འཛིན་པ། ལྷོ་ནུབ་ཏུ་མཱ་མ་ཀཱི་སྔོན་མོ་རྡོ་རྗེ་འཛིན་པ། ནུབ་བྱང་དུ་གོས་དཀར་མོ་དམར་མོར་པདྨ་འཛིན་པ། བྱང་ཤར་དུ་སྒྲོལ་མ་ལྗང་ཁུ་ཨུཏྤལ་འཛིན་པ། རྩིབས་བཅུ་དྲུག་པོ་རྣམས་ལ། ཤར་དུ་ཧཱུཾ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཛཿལས་རྡོ་རྗེ་རྒྱལ་པོ་སེར་པོ་ལྕགས་ཀྱུ༴ ཧོཿལས་རྡོ་རྗེ་ཆགས་པ་དམར་པོ་མདའ་གཞུ༴ དྷུ་ལས་རྡོ་རྗེ་ལེགས་པ་ལྗང་ཁུ་སེ་གོལ་གྱི་སྒྲ་བྱེད་པ༴ ལྷོ་རུ་ཏྲཱཾ་ལས་རྡོ་རྗེ་རིན་ཆེན་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པ། རྱ་ལས་རྡོ་རྗེ་གཟི་བརྗིད་དམར་སེར་ཉི་མའི་དཀྱིལ་འཁོར། བྷྲྀ་ལས་རྡོ་རྗེ་ཏོག་སྔོན་པོ་རྒྱལ་མཚན༴ ཧ་ལས་རྡོ་རྗེ་བཞད་པ་དཀར་པོ་སོའི་འཕྲེང་བ༴ ནུབ་ཏུ་ཧྲཱིཿལས་རྡོ་རྗེས་ཆོས་དམར་པོ་གཡོན་པདྨ་མཛིན་ཞིང་གཡས་དེའི་


TNT13_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་འབྱེད་པ༴ དྷཱིཿལས་རྡོ་རྗེ་རྣོན་པོ་སྔོན་པོ་རལ་གྲི་དང་པོ་ཏི༴ ཀྲུཾ་ལས་རྡོ་རྗེ་རྒྱུ་སེར་པོ་འཁོར་ལོ༴ བྷ་ལས་རྡོ་རྗེར་སྨྲ་བ་ཟངས་མདོག་རྡོ་རྗེས་མཚན་པའི་ལྗགས༴ བྱང་དུ་ཀཾ་ལས་རྡོ་རྗེ་ལས་སྣ་ཚོགས་མདོག་སྣ་ཚོགས་གིས་རྡོ་རྗེ་དང་དྲིལ་བུ༴ རཾ་ལས་རྡོ་རྗེ་བསྲུང་བ་གོ་ཁྲབ༴ ཀྵཾ་ལས་རྡོ་རྗེ་གནོད་སྦྱིན་ནག་པོ་མཆེ་བ་གཉིས༴ སཾ་ལས་རྡོ་རྗེ་ཁུ་ཚུར་དམ་ཚིག་གི་ཁུ་ཚུར་གྱིས་རྡོ་རྗེ་སེར་པོ་རྩེ་ལྔ་པ་འཛིན་པ། ཡང་ན་རྒྱུད་འདིར་གསུང་པའི་སེམས་དཔའ་བཅུ་དྲུག་པོ་ཐམས་ཅད། རྡོ་རྗེ་སེམས་དཔའ་ཁོ་ནའི་རྣམ་འགྱུར་ཡིན་ཞིང༌། ཕྱོགས་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱང་སྐུ་མདོག་དཀར་པོ་ཡོད་པའི་ཕྱིར། སེམས་དཔའ་བཅུ་དྲུག་པོ་ཐམས་ཅད་སྐུ་མདོག་དཀར་པོ་བྱས་ཀྱང་ལེགས་སོ། །ཕྱི་རོལ་གྲྭ་བཞིར་ཤར་ལྷོར་ཧཱུཾ་ལས་སྒེག་མོ་དཀར་མོ། ལྷོ་ནུབ་ཏུ་ཏྲཾ་ལས་འཕྲེང་བ་མ་སེར་མོ། ནུབ་བྱང་དུ་ཧྲཱིཿལས་མར་མེ་མ་དམར་མོ། བྱང་ཤར་དུ་ཨ་ལས་དྲི་ཆབ་མ་ལྗང་ཁུའོ། །རྒྱུད་ཀྱི་དངོས་བསྟན་ནི་བཞི་པོ་དེ་རྣམས་ཁོ་ན་ཡིན་ལ། བདུག་སྤོས་མ་ལ་སོགས་པ་བཞི་པོ་ཡང༌། སོགས་ཁོང་ལ་བརྟེན་ནས་འགོད་དུ་རུང་བའང་ཡིན་མོད། སྒེག་སོགས་བཞི་ཁོ་ནས་ཆོག་གོ །སྒོ་བཞིར་ཤར་སྒོར་ཛཿལས་ལྕགས་ཀྱུ་མ་དཀར་མོ། ལྷོ་སྒོར་ཧཱུཾ་ལས་ཞགས་པ་མ་སེར་མོའོ། །ནུབ་སྒོར་བཾ་ལས་ལྕགས་སྒྲོག་མ་དམར་མོ། བྱང་སྒོར་ཧོ་ལས་དྲིལ་བུ་མ་ལྗང་ཁུའོ། །ཕྱི་རོལ་ཀྱི་འཁྱམས་ལ། བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང༌། སངས་རྒྱས་རྣམས་དང༌།


TNT13_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་ཐོས་རྣམས་དང༌། རང་སངས་རྒྱས་རྣམས་དང༌། ཁྲོ་བོ། མངགས་པ། ཕོ་ཉ། བྲན་རྣམས་དང༌། གླིང་བཞི་དང་གསེར་གྱི་ཁོར་ཡུག་ལ། དཔལ་མགོན་བདུན་ཅུ་རྩ་ལྔ་པ་སོགས་པ། འཇིག་རྟེན་པ་དཀྱིལ་འཁོར་ལ་མངོན་པར་དད་པ་དཔག་ཏུ་མེད་པ་རྣམས་ཀྱང་གནས་པར་གྱུར། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། གདོད་ནས་གྲུབ་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ། སངས་རྒྱས་བྱང་སེམས་ཉན་རང་འཕགས་ཚོགས་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས་པར་མོས། ཚིགས་བཅད་ཀྱི་སྤྲོས་པ་བྱེད་དམ་མི་བྱེད་བློ་དང་སྦྱར། ཛཿཧཱུཾ་བཾ་ཧོཿབྷ་ག་ཝཱན་མཧཱ་ཀཱ་རུ་ཎི་ཥ་དྲྀ་ཤྱཿཧོཿ ཞེས་ལན་གསུམ་ལ་སོགས་པས་ཇི་ལྟར་དམིགས་པ་གསལ་ཞིང་ཡིད་ཆེས་པའི་བར་དུ་སྦྱན་དྲངས། ཡཀྵ་འམ། ཨ་མྲྀ་ཏས་བསངས། མཆོད་ཡོན། གདན་འབུལ། ཉེར་སྤྱོད་ལ་སོགས་པ་ཕུལ་ནས། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་ཨཱ་བེ་ཤ་ཧོཿ གཉིས་སུ་མེད་པར་ཐིམ། ལྷ་རྣམས་ཀྱི་ཐུགས་ཀར་རང་རང་གི་ས་བོན་གསལ་བཏབ། གཙོ་བོ་ནས་དྲིལ་བུ་མའི་བར་དུ་སོ་སོའི་དམ་རྒྱ་བཅས་སྔགས་ལན་གསུམ་གསུམ་བརྗོད། དམ་ལ་བཞག །གནས་གསུམ་བྱིན་རླབས་དབང་བསྐུར་རྒྱས་བཏབ་སྔར་བཞིན་བྱ། བྲིས་སྐུའི་ཡུལ་བཀོད་རྣམས་རང་རང་གིས་སྒོམ་པའི་འཁྱམས་དང་འདྲེས་ཤེས། བྲིས་སྐུའི་ལྷ་རྣམས་རང་གི་མདུན་དུ་བཞུགས་པ་ནི། བྲིས་སྐུའི་གཙོ་བོ་དང་དཀྱིལ་འཁོར་གྱི་གཙོ་བོ་གཅིག་གིགཙོ་བོ་གཅིག་ཏུ་གྱུར་པ་ལ། སྦྱོང་རྒྱལ་ཤཱཀྱ་ཐུབ་པ། ལྷ་མོ་བཞི་ཡང་དེ་དང་འདྲ། སྨན་རྒྱལ་དང་རང་ཉིད་ཐད་མཉམ། གཙོ་བོ་ཀུན་རིག་རང་


TNT13_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཅུང་ཟད་མཐོ་བ་དང༌། གཞན་རྣམས་གཅོ་བོའི་དྲུང་ན་ཡོད་པར་བསམ། དེ་ནས་མཆོད་པ་གསར་དུ་བཤམ། བྱིན་གྱིས་བརླབས་ཏེ། མདུན་བསྐྱེད་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང༌། བདག་དང་བྲིས་སྐུའི་ལྷ་ཐམས་ཅད་ལ་མཆོད་པར་བསམ་ནས། ཆུ་གཉིས་ཉེར་སྤྱོད་མཆོད་པ་ཉེར་ལྔ་པ་སོགས་རྒྱས་པར་ཕུལ། བསྟོད་པ། མཉམ་ཉིད་མི་གཡོ་མ་དང༌། མཚན་བརྒྱས་བསྟོད། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ་སོགས། སེམས་དཔའ་བཅུ་དྲུག་གི་མཚན་བརྒྱས་ཀྱང་བསྟོད་ན་རུང་སྟེ་སྤྱིར་རྒྱུད་སྡེ་གོང་མའི་ཆོ་གས་འོག་མ་ལ་ཁ་མི་སྐོང་བ་ཡིན་ཀྱང༌། བསྟོད་པ་ཙམ་ལ་འགལ་བ་མེད་ཅིང༌། ཐུན་མོང་གི་ཆོས་གཞན་ལའང་དེ་དང་འདྲ་རུང་བ་མང་དུ་ཡོད་པ་དང༌། རྒྱུད་འདིའི་ངོ་བོ་སྤྱོད་པའི་རྒྱུད་ཡིན་ཀྱང༌། ངན་སོང་སྦྱོང་བའི་སྒོ་དང༌། དོན་གྱི་ཆ་ཤས་སོ་སོའི་སྒོ་ནས་རྒྱུད་སྡེ་ཀུན་ཏུ་འགྲོ་བའང་ཡིན་པས། དེ་ཉིད་བསྡུས་པའི་རྒྱུད་ཚིག་ལས་སྐབས་སུ་བབས་པ་དག་འདིར་དྲངས་ན་མི་འགལ་བའང་ཡོད་དེ། སླར་ཡང་ཁུ་ཚུར་ཁ་ཕྱེ་ཁར་སྔོན་འགྲོའི་གཙོ་བོ་ནས་དྲིལ་བུ་མའི་བར་དུ་སོ་སོའི་དམ་རྒྱ་བཅིངས་ལ། སྔགས་ལན་གསུམ་མམ་རེ་རེ་སོང་བའི་མཐར་ཕྲིན་ལས་བཅོལ། དེ་ནས་བཟླས་པ་ནི། གཙོ་བོའི་བཟླས་པའི་དམིགས་པ་དངོས། ཉེར་སྒྲུབ་ཀྱི་སྐབས་ཀྱིས་རིགས་འགྲེ །འཁོར་གྱི་བཟླས་པ་ལ། གཙོ་བོའི་ཐུགས་ཀའི་སྙིང་པོའི་མཐར་འཁོར་གྱི་སྔགས་ཀྱི་ཡིག་འབྲུ་བཀོད། འཁོར་སོ་སོ་ཉིད་ཀྱི་ཐུགས་ཀར་ཡང་ས་བོན་སྔགས་ཀྱི་ཡིག་འབྲུ་སྒྲ་དང་བཅས་པ་བསྒོམ། དེ་ལས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་


TNT13_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་དང་ཐུགས་ཀའི་སྔགས་ལ་མཆོད་པ་སོགས་གོང་ཉེར་སྒྲུབ་དང་འདྲ། ཁྱད་པར་དུ་འདི་ལ་གཙོ་འཁོར་སོ་སོའི་སྔགས་བཟླ་བའི་སྐབས་ཡིན་ཡང་རུང༌། གཙོ་བོ་ཁོ་ནའི་བཟླས་པ་ཡིན་ཡང་རུང༌། ཐམས་ཅད་ཀྱི་ཐུན་མོང་དུ་རྩ་རིག་བཟླ་བ་ཡིན་ཡང་རུང་སྟེ། སྔགས་བརྒྱ་རྩ་བརྒྱད་རེ་སོང་བ་ན། བགྲང་ཕྲེང་བྲིས་སྐུའི་མདུན་དུ་འཇོག་པའམ། མེ་ཏོག་གཏོར་ཀྱང་རུང༌། ཡངསྔགས་དེ་ཉིད་ཚར་གཅིག་བཟླས་པས། སྙིང་གའི་སྔགས་འཕྲེང་ལས་འོད་ཀྱི་གོང་བུ་ཞིག་བྱུང་སྟེ། དེ་ཉིད་གཙོ་བོའི་ཐུགས་ཀའི་སྔགས་འཕྲེང་ལ་ཐིམ། དངོས་སུ་བཤམས་པ་དང་ཡིད་ཀྱིས་སྤྲུལ་པའི་མཆོད་བསྟོད་བྱས་ལ། མགོ་བོ་ས་ལ་བཏུགས་ཏེ། བདེ་བར་གཤེགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་ལ་བདག་གིས་སྔགས་ཀྱི་ནོར་བུ་ཕུལ་བ་ལགས་ཀྱི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་ལ་མྱུར་དུ་དངོས་གྲུབ་སྩལ་དུ་གསོལ། ཞེས་སོགས་གདུང་བ་དྲག་པོས་གསོལ་བ་བཏབ། ཡི་དམ་ལྷའི་ཐུགས་ཀ་ནས་འོད་ཟེར་བྱུང་ལུས་ཐམས་ཅད་གང༌། སྙིང་གའི་སྔགས་འཕྲེང་ལ་ཐིམ་པས། སྔགས་འབྲུ་རྣམས་བཀྲག་རྒྱས་ཤིང་ཉམས་བདེ་བ་དང་ལྡན་པར་གྱུར་པར་བསམ། ཐུན་མཚམས་ཀྱི་སྐབས་དཀྱིལ་འཁོར་མཆོད་ཅིང་གསོལ་བ་བཏབ་ནས་བརྟན་བཞུགས་བྱས། རང་ཉིད་རྡོ་རྗེ་སེམས་དཔའི་རྣམ་པས་ཐུན་མཚམས་ཀྱི་སྦྱཽང་བྱེད་པར་བསམ། ཐུན་ཕྱི་མ་རྣམས་ལའང༌། རང་ཉིད་དཀྱིལ་འཁོར་གྱི་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཐིམ། མཆོད་བསྟོད་བྱས་ཏེ་བཟླས་པ་ལ་འཇུག །དེ་ནས་


TNT13_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་ཐ་མ་བདག་བསྐྱེད་ཀྱི་ཡེ་ཤེས་པ་མཆོད་བསྟོད་བྱས་ནས་གཤེགས། དམ་ཚིག་པ་འོད་གསལ་དུ་བསྡུད་ནས་བསྲུང་བ་བྱེད་པ་སོགས་གོང་དུ་བཤད་པའི་རིགས་འགྲེའོ། །དེ་ལྟར་ཉིན་རེ་བཞིན་བསླབ་ཅིང་ཐུན་མཚམས་ཀྱི་སྤྱོད་པ་སྔར་དང་འདྲ། སྒྲུབ་པ་འདི་ཡང་དུས་ཀྱིས་ཚད་ལ་ངེས་པ་མེད་དེ། དངོས་གྲུབ་ཤིན་ཏུ་ཉེ་བའི་ལྷོས་བྱང་གི་བར་དུའོ། །དེ་ལྟར་ཡང་རྒྱུད་ལས། དེ་ནས་དབེན་པའི་གནས་སུ་ནི། །བརྒྱ་རྩ་བརྒྱད་ནི་ཚང་བར་བྱ། །དངོས་གྲུབ་མ་བྱུངབར་དུ་ནི། །སྔགས་ནི་འཁྲལ་འཁྲུལ་མེད་པར་བཟླས། །ཅེས་གསུངས་ནས། འདིར་དབེན་པའི་གནས་སྨོས་པ་ནི། བསྙེན་པ་ཉེར་བསྙེན་གཉིས་ཀྱི་སྐབས་གནས་ཀྱི་མཚན་ཉིད་བཀའ་ཡངས་ལ། སྒྲུབ་པ་ནས་བརྩམས་ཏེ་གནས་མཚན་ཉིད་དང་ལྡན་པ་གལ་ཆེ་བར་དགོངས་སོ། །དཔེ་མང་པོ་ལས་བརྒྱད་བརྒྱ་ཉིད་དུ་ཚང་བར་བྱ། ཞེས་འབྱུང་བ་ལྟར་ན། སྔགས་བརྒྱད་བརྒྱ་བརྒྱད་བརྒྱ་སོང་བ་ན། ལྷག་པའི་ལྷ་ལ་ནོར་བུ་འབུལ་བའི་དོན་ཡིན་པའང་བརྒྱ་རྩ་ཞེས་པ་དག་པར་མངོན་མོད། རྒྱ་སྐད་ལ་ཇི་ལྟར་ཡོད་བརྟག་དགོས་པའང་ཡིན་ནོ། །དངོས་གྲུབ་མ་བྱུང་བར་ཞེས་པ་ནི། །སྐུའི་རྣམ་པ་སྟོན་པ་ལ་སོགས་པ་དངོས་གྲུབ་ཉེ་བའི་ལྟས་མ་བྱུང་བར་ཞེས་པའོ། །འདིར་གང་ལ་བརྟེན་མི་གསལ་བ་ནི། བྲིས་སྐུའམ་ཕྱིའི་དཀྱིལ་འཁོར་གང་བྱས་ཀྱང་རུང་གི་གཅིག་ཁོ་ན་ངེས་བཟུང་དུ་མི་དགོས་པའི་དོན་ནོ། །བཞི་པ་སྒྲུབ་ཆེན་ལ། ཀུན་རྫོབ་མཚན་བཅས་ཀྱི་སྒྲུབ་ཆེན་དང་དོན་དམ་མཚན་མེད་ཀྱི་སྒྲུབ་ཆེན་གཉིས་སོ། །དང་པོ་ནི། སྤྱིར་བཏངས་ཙམ་དུ་


TNT13_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིའི་དཀྱིལ་འཁོར་ལ་ངེས་པར་ལྟོས་པ་ཡིན་ལ། དམིགས་གསལ་དུ་གང་ཟག་སྒྲུབ་པ་པོ་ཆེས་དབང་པོ་རྣོ་བ་དང༌། སྔོན་གྱི་བསོད་ནམས་ཀྱི་སྟོབས་ལས་དང་འཕྲལ་གྱི་བཟླས་བརྗོད་མཆོད་པ་སོགས་ཚོགས་རྒྱ་ཆེན་པོས། ལྷ་རྣམས་ཤིན་ཏུ་ཉེ་བར་གྱུར་པ་དང༌། གསལ་སྣང་འགྲུབ་པ་ཙམ་པོ་མ་ཡིན་པར། གསལ་སྣང་ནུས་པར་ཤར་བ་སྟེ་གསུམ་འཛོམ་པས། ཡིད་ཀྱི་སྒོམས་པ་ཁོ་ནས་ཀྱང་ཕྱིའི་དཀྱིལ་འཁོར་ལ་མ་ལྟོས་པར་འགྲུབ་བོ། །འོན་ཀྱང་ཕྱིའི་དཀྱིལ་འཁོར་སྒྲུབ་དགོས་པ་སྤྱིར་བཏངས་ཀྱི་དབང་དུ་བྱས་ན། ས་ཆོག །སྟ་གོན། དཀྱིལ་འཁོར་འབྲི་བ། སྒྲུབ་པའི་ཆོ་ག་ལ་འཇུག་པ་དངོས་གྲུབ་བླང་བ། རྗེས་ཀྱི་བྱ་བ་སྟེ་དྲུག་གོ །དང་པོ་ནི། རྒྱུད་ལས། གཙུག་ལག་ཁང་དང་སྐྱེད་མོས་ཚལ། །མཆོད་རྟེན་ལྷ་ཁང་ཀུན་དགའ་སོགས། །ཇི་བཞིན་པ་ཡི་ཆོ་ག་ཡིས། །གནས་ནི་བྱིན་གྱི་རླབས་པ་ཙམ། ཞེས་པ་ཙམ་ཞིག་གསུངས་ཏེ། ས་བརྟག་པ་ནི་སྤྱི་དང་འདྲ་ཡང༌། གོང་དུ་སྨོས་པའི་དེ་རྣམས་སུ་བརྟག་མི་དགོས་སོ། །དང་པོར་ཆ་གསུམ་ནང་གི་འབྱུང་པོ་སྤྱིའི་གཏོར་མ་དང༌། དགོས་སུ་གཞི་བདག་གཏོར་མ་བཏང་སྟེ། ས་ལ་རྒྱུ་བའི་འབྱུང་པོ་དང༌། ཅེས་སོགས་སམ། གང་དག་འདིར་གནས་ལྷ་དང་ཀླུ། ཞེས་སོགས་ཀྱི་ལན་མང་དུ་གསོལ་བ་བཏབ་ཅིང་ས་གཞི་བླང༌། དེ་རྗེས་བསྐོ་སྦྱངས་བྱེད་པ་སོགས་སྤྱི་དང་འདྲ་སྟེ། འོན་ཀྱང་གཙུག་ལག་ཁང་སོགས་སུ་མི་དགོས། དེ་བས་སྔགས་ཀྱི་སྦྱང་བ་ལ་བགེགས་གཏོར་བཏང་ཞིང་བགེགས་བསྐྲད། ས་གཞི་བྱི་དོར་བྱས་པ་ལ་ཡུངས་ཀར་དང༌།


TNT13_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་དང་ཤིང་ཐལ་རྣམས་ཀྱི་གཏོར་ཞིང༌། བཛྲ་སཏྭ་ཀྲོ་དྷའི་སྔགས་ལན་མང་དུ་བཟླས། དེ་ནས་བཟུང་བ་ནི་དེ་ཕྱོགས་ཏེ་དྲི་བཟང་གིས་བྱུགས་ལ། སྒྲུབ་པ་པོའི་ལག་གིས་རྡོ་རྗེ་བཟུང་བཞིན་པས། ཨོཾ་ཛ་ཡ་ཨུཥྞིཥ། ཛྭ་ལ་ཛྭ་ལ། བནྡྷ་བནྡྷ། ད་མ་ད་མ། ཧཱུཾ་ཧཱུཾ་ཧཱུཾ། ཧོཿཧ་ན་ཧཱུཾ། ཞེས་པ་རྒྱལ་བའི་གཙུག་ཏོར་གྱི་སྔགས་དང༌། ཨོཾ་རུ་རུ་སྤུ་རུ་ཛྭ་ལ་ཏིཥྛ་སོགས། སངས་རྒྱས་སྤྱན་མའི་སྔགས་མང་དུ་བཟླས་ཏེ། སྒྲུབ་གྲོགས་གཞན་ཞིག་གམ་མེད་ན་རང་ཉིད་ཀྱིས་བར་བར་པའི་རྣམ་ལྔ་དང་དྲི་བཟང་གི་ཆུས་གསང་གཏོར་བྱ། སླར་ཡང་སཏྭ་ཀྲོ་དྷའི་སྔགས་བཟླས་ཏེ། དཀྱིལ་འཁོར་གྱི་ས་གཞིའི་དབུས་དང་མཚམས་བཞིར་ཕུས་བཏབ་པོ། བསྲུང་བ་ནི། རྡོ་རྗེའི་ས་གཞི་ར་གུར་རྣམས་ཀྱིས་བསྐོར་བར་མོས། ཨོཾ་ཀུ་ལཱན་དྷ་རི་བནྡྷ་བནྡྷ་ཧཱུཾ་ཕཊ། ཅེས་མང་དུ་བརྗོད། དེ་ལྟར་ན་ས་བརྟག་བླངས་སྦྱངས་བཟུང་བསྲུང་བ་ནི་དེ་ཙམ་ཞིག་གོ།དཀྱིལ་འཁོར་སྒོམ་པས་ས་བཟུང་བ་ནི་ཐོབ་ཚོད་ལ་མི་དགོས་ཤིང༌། ཆོ་གའི་སྤྲོད་པ་གཞན་རྣམས་ཀྱང་རྣལ་འབྱོར་རྒྱུད་ཡན་ཆད་ཀྱི་ཡིན་པས། འདིར་ནི་གསང་བ་སྤྱི་རྒྱུད་ལས་ཇི་སྐད་གསུངས་པ་ཙམ་བྱའོ། །གཉིས་པ་སྟ་གོན་ལ། ས་ལྷ་སྟ་གོན་སྤྱི་དང་འདྲ་བ་ལས། སའི་ལྷ་མོའི་དམ་ཚིག་པ་བསྐྱེད་པ་མི་དགོས་སོ། །གཏོར་མ་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་འབུལ་ལོ། །ལྷ་སྟ་གོན་ནི། དཀྱིལ་འཁོར་གྱི་ས་གཞིའི་གནས་སུ་བྲིས་སྐུ་བཀྲམ། མཆོད་པ་བཤམ། ཁྲོ་བོའི་སྔགས་ཀྱི་བསངས། གནས་དང་ཡོ་བྱས་བྱིན་གྱི་རླབས། ཡང་ན་གདན་གྱི་དོན་དུ་ལྷ་ཚོགས་དང་མཐུན་པའི་


TNT13_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཚོམ་བུ་བཀོད་ཀྱང་ལེགས། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་པར་མོས་ལ། མ་ལུས་སོགས་བརྗོད་ཅིང༌། གདན་འབུལ་བའི་བར་དུ་བྱ། གཙོ་བོའི་སྙིང་པོ་ནས་དྲིལ་བུ་མའི་སྔགས་ཀྱི་བར་དང༌། ལྷ་སོ་སོའི་གྲངས་དང་མཐུན་པའི་རྩ་རིག་བཟླས། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་གཅིག་ཏུ་འདུས་པ་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱི་རྣམ་པར་གྱུར་ནས། བྲིས་སྐུ་ལུགས་སྐུ་སོགས་དང་འདྲེས་ཏེ་བཞུགས་པའམ། ཚོམ་བུའི་སྟེང་དུ་བཞུགས་པར་མོས། མཆོད་འཕྲེང་ལྟར་མཆོད་བསྟོད་ཕུལ་ལ། ཐམས་ཅད་རིགས་པ་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །ཞེས་པ་ནས། བྱིན་གྱིས་རླབས་པར་མཛད་དུ་གསོལ། གྱི་བར་སྙན་གསན་ཕབ། ཡང་མཆོད་བསྟོད་གསོལ་བ་བཏབ་ནས་གཤེགས་སུ་གསོལ། བུམ་པ་སྟ་གོན་ནི། མཆོད་བུམ་ལ་སྟ་གོན་མི་དགོས་པས། དབང་གི་བུམ་པ་ལྔ་དང་རྣམ་རྒྱལ་བུམ་པ་དྲི་བཟང་གི་ཆུས་བཀང༌། སྙིང་པོ་དང་ལྡན་པར་བྱས། བསངས་སྦྱངས་བྷྲཱུཾ་ལས་བསྐྱེད་པ་སོགས་སྤྱི་དང་འདྲ། ཨོཾ་ཏཔྟེ་ཏཔྟེ་མཧཱ་ཏཔྟེ་སོགས་ལན་བདུན་གྱིས་ལྷའི་ཆུ་བོས་གང་བར་བསམ། ཨོཾ་བཛྲ་ཤིཥ་རེ་རུཊ་མཊ། ལོ་མ་ཅན་གྱི་ལྕུག་མའི་ཁ་བརྒྱན་བཞགཐམས་ཅད་ལ་སྤོས་ཀྱིས་བདུགས་ཏེ་མེ་ཏོག་དཀར་པོ་གཏོར། །མེ་ཏོག་ཕྲེང་བའི་གཟུངས་ཐག་བུམ་པ་རེ་རེ་བཞིན་སྤོས་ལ། དང་པོར་རྣམ་རྒྱལ་གཙོ་འཁོར་ཐམས་ཅད་ཀྱི་སྔགས་བརྒྱ་རྩ་རེ་བཟླ། ཐུན་མོང་དུ་རྩ་རིག་བརྒྱ་རྩ་བཟླས། དབང་བུམ་ལྔ་ལ་གཙོ་བོའི་སྙིང་པོ་དང་སྦྱོང་རྒྱལ་སོགས་བཞིའི་སྔགས་སོ་སོར་ཇི་ལྟར་འོས་པ་


TNT13_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

བཟླ། ཐམས་ཅད་ཀྱི་ཐུན་མོང་དུ་ཨབྷི་ཥི་ཀ་བཟླ། བར་ཆད་བསྲུང་བའི་དོན་དུ་གཙུག་ཏོར་རྒྱལ་བའི་སྔགས་ཀྱང་བཟླ་ལ། ལྷའི་གཟུགས་སུ་བསྐྱེད་པ་མེད་ཀྱང་སྔགས་ཉིད་ལྷ་ཡིན་པའི་ཕྱིར་མཐར་མཆོད་བསྟོད་གསོལ་བཏབ་རྣམས་བྱའོ། །གསུམ་པ་དཀྱིལ་འཁོར་བྲི་བ་ནི། ཐིག་ཚོན་གཙང་མ་བ་བྱུང་དང་དྲི་བཟང་གི་ཆུས་གཏོར། ཨ་མྲྀ་ཏ་མང་དུ་བཟླས་པས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཐིག་ཚོན་ལ་ཧཱུཾ་གིས་མཚན་པར་མོས་ཏེ། ཨོཾ་བཛྲ་སཏྭ་ཧཱུཾ་དང༌། རྩ་རིག་མང་དུ་བཟླས་པས་བྱིན་གྱིས་རླབས། ཨ་ནོ་ནྱ་སོགས་ཀྱིས་ཐིག་སྐུད་སྒྲིལ་བ་དང༌། ཐིག་ཚོན་བྱིན་རླབས་ཀྱི་སྔགས་སོགས་སྤྱི་དང་མཐུན་པར་བྱས་ནའང་རུང་བར་མངོན་ནོ། །དེ་ནས་ཐིག་གདབ་ཅིང་རྡུལ་ཚོན་དགྱེ་བར་བྱ་སྟེ། སྐབས་འདིར་རྒྱུད་ལས། ཕྱི་ཡི་སྒོ་འཁྱུད་རྣམས་ཀྱིས་བརྒྱན། །དགུ་ཡི་ཆར་ནི་དགོས་པ་ལས། །སྒོ་དང་སྒོ་ཁྱུད་སུམ་ཆར་བྱ། །ཞེས་འབྱུང་བ་ལས། བོད་སྔ་ཕྱི་དག་འདོད་ཚུལ་མི་གཅིག་པ་ཤིན་ཏུ་མང་ཡང༌། གཞུང་གི་ཚིག་དོན་ལ་ཞུགས་པ་ནི་ཡེ་མ་སྣང་ངོ༌། །དེ་དག་གི་ནང་ནས་སྔོན་གྱི་འདོད་ཚུལ་ཅིག །དགུ་ཡིས་ཞེས་བྱེད་པའི་སྒྲ་ཡོད་པ། དགུ་ཡི་ཞེས་དྲུག་སྒྲར་བཅོས་ནས། དགུའི་ཆར་བགོས་པ་ནི་དབུས་ལེ་ཙེ་དགུའི་མིང་ཡིན་ལ། དེའི་རྒྱ་ལ་ཆ་ཆེན་གསུམ་ཡོད་ཅིང༌། སྒོ་དང་སྒོ་འཁྱུད་ལ་དེའི་གསུམ་ཆ་སྟེ་ཆ་ཆེན་གཅིག་ཡིན་ནོ། །ཞེས་ཟེར་བ་འདི། གཞུང་ཚིག་ཐད་ཀ་དེའི་འབྲུ་གནོན་འགྲིག་རུང་ཙམ་བྱུང༌། འདོད་ཚུལ་གཞན་ཐམས་ཅད་ནི་ཚིག་དོན་གཉིས་ཀ་ལ་མི་འགྲིག་པ་ཤ་སྟག་སྣང་ངོ༌། །


TNT13_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་མོད་ཀྱི་གཞུང་གི་དགོངས་པ་ནི་དེ་ཡང་མ་ཡིན་ཏེ། རེ་མིག་དགུར་བྱེད་པ་རྒྱུད་ཀྱི་དགོངས་པ་མ་ཡིན་པ་དང༌། འདི་ནི་དཀྱིལ་འཁོར་གྱི་ཕྱི་གཏན་ལ་འབེབས་བྱེད་ཡིན་གྱི། ནང་གི་དཀྱིལ་འཁོར་གྱི་སྐབས་མ་ཡིན་པའི་ཕྱིར་རོ། །ཕྱི་དང་ནང་གི་དཀྱིལ་འཁོར་ཞེས་པ་ཡང༌། རྩ་ཐིག་གི་ཕྱི་ནང་ངམ་རྩིག་པའི་ཕྱི་ནང་གི་དོན་ཡིན་གྱི། དཀྱིལ་འཁོར་སྒོ་སྦྲག་གི་དོན་གཏན་ནས་མིན་ནོ། །ཡང་རྣམ་པ་ཅིག་ཏུ་ན། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། ཡེ་ཤེས་འབྱུང་བའི་དཀྱིལ་འཁོར་དེར། །ཆ་ནི་རྣམ་པ་གསུམ་དུ་བྱ། །བློ་དང་ལྡན་པས་ཆ་གསུམ་དུ། །དེར་ནི་སྒོ་ཁྲུད་རྣམས་བྱ་སྟེ། །དེར་ནི་སྒོ་ཡང་བཞི་གཏོད་དོ། །ཞེས་འབྱུང་བ་དང༌། ཚིག་ལམ་ཕལ་ཆེར་མཐུན་པ་ལྟར་འདུག་པས། སྒོ་དཀྱིལ་འཁོར་གྱི་དགུ་ཆའི་ཚད་དུ་བཤད་པ་དང་བསྟུན་ན་རུང་བ་ཙམ་ཞིག་ཀྱང་ཡོད་མོད་ཀྱི། རེ་ཞིག་སྤྱི་དང་མཐུན་པར་བརྗོད་ན། དགུ་ཡི་ཆར་བགོས་ཞེས་པ་ནི། སྒོའི་ཐད་ན་དབུས་དང་གཡས་གཡོན་སྡོམས་པས་ཐིག་དགུ་ཡོད་ཅེས་བྱའོ། །ཐིག་དགུ་པོ་དེའི་གསུམ་ཆ་ནི་འཕྲེད་ལ་སྒོའི་ཞེང་དང༌། དཔངས་སུ་སྒོ་ཁྱུད་ཀྱི་དཀྱུས་ཡིན་ནོ་ཞེས་པའི་དོན་ཡིན་ལ། དེས་ན་འདི་ནི་སྒོ་དང་སྒོ་འཁྱུད་དང་སྒོ་འགྲམ་དང་སྒོ་ལོགས་ཚད་མཉམ་པར་བྱས་པ་ཧར་སྒོ་ཡིན་ནོ། །སྒོ་ཁང་གི་རྒྱ་ཚད་འཆད་པའི་དབང་དུ་བྱས་ནས། སྒོ་ལོགས་ནས་སྒོ་ལོགས་ཀྱི་བར་གྱི་ནང་མཐའ་ལ་ཆ་ཆེན་གསུམ་ཡོད་ཅིང༌། དེའི་གསུམ་ཆ་སྟེ་ཆ་ཆེན་གཅིག་ནི་རྩ་ཐིག་གི་ཐད་ཀྱི་སྒོ་དང༌། སྒོ་འཁྱུད་ཀྱི་ནང་མཐའ་ནས་ཕྱི་མཐའི་བར་དང༌། སྒོ་ཁྱུད་གཉིས་ཀྱི་བར་སྟོངས་སྒོ་ཕུགས་ཀྱི་ཞེང་ཚད་ཡིན་ནོ། །འོ་ན་ཐིག་དགུ་པོ་གང་ཞེ་ན། །ཆ་དང་པོ་


TNT13_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་གདབ་ཕྱི་མ་གདབ་ཀྱི་དང་པོའི་ཕྱེད་རྩིག་པའི་ནང་ཐིག་དང༌། ཕྱི་མ་གདབ་སྒོ་ཁྱུད་ཀྱི་རྩིག་པའི་ཕྱི་ཐིག་དང༌། དེ་དང་སྒོ་ལོགས་ཀྱི་ནང་ཐིག་གི་བར་ན་ཆ་ཆུང་གིས་མཚམས་སུ་ཐིག་མཉམ་སྟེ། དེ་ལྟར་གཡས་སུ་བཞི་དང་གཡོན་དུ་བཞི། དབུས་ཀྱི་ཚངས་ཐིག་དང་དགུའོ། །དེས་ན་སྒོ་ལོགས་ཀྱི་ཐིག་གི་ནང་དུ་ཐིག་དགུས་ཆ་བརྒྱད་དུ་བགོ་ཞིང༌། ཐིག་དགུས་བགོས་པའི་བཞི་སྒོ་ལོགས་ཀྱི་ནང་མཐའ་གཉིས་ལ་ནི་ཆ་ཆེན་གསུམ་གྱི་རྒྱ་ཡོད་ལ། དེའི་གསུམ་ཆ་སྒོ་ཡིན་ཞེས་པ་སྟེ། སྒོ་ལོགས་ཀྱི་ནང་ཐིག་ནི་བགོ་བའི་གཞི་ཡིན་གྱི་བགོས་བྱེད་མ་ཡིན་པས་ཐིག་དགུ་ལ་མི་བགྲོང་ངོ། ཕྱིའི་སྒོ་ཁྱུད་རྣམས་ཀྱི་རྒྱན་ཞེས་པ་ནི་རྩིག་པའི་ཕྱི་རོལ་དུ། །སྒོ་ཁྱུད་ལ་སོགས་པ་རྣམས་ཀྱིས་བརྒྱན་ཞེས་པའི་དོན་ཏེ། སྒོ་འགྲམ་སྒོ་ལོགས་རྟ་བབས་ལ་སོགས་པ་གློ་འབུར་དུ་འཐོན་པའི་ཚུལ་དུ་གནས་པའོ། །རྣམས་ཞེས་པ་མང་ཚིག་སྟེ་སོགས་སྒྲ་དང་འདྲའོ། །ཡང་རྒྱུད་ལས། དབུས་ཀྱི་དཀྱིལ་འཁོར་ཐིག་བཏབ་པ། །ཆོས་ཀྱི་དཀྱིལ་འཁོར་འདྲ་བ་ལ། །ལྟེ་བར་བཅས་ཤིང་རྩིབས་བཅུ་དྲུག །རིམ་པ་གསུམ་དང་ལྡན་པ་ལ། །རྩིབས་ནི་ཉིས་འགྱུར་ཉིད་དུ་བྱ། །དབུས་ཀྱི་དཀྱིལ་འཁོར་ཞེས་པ་ནང་གི་ཟླུམ་སྐོར་ཏེ། རྩིབས་ཉིས་འགྱུར་ཞེས་པས་འཁོར་ལོ་རིམ་པ་གཉིས་ཡོད་པ་གསལ་ལོ། །རིམ་པ་གསུམ་ཞེས་པ། གཙོ་བོའི་གནས་དང༌། དེ་བཞིན་གཤེགས་པ་བཞིའི་གནས་དང༌། སེམས་དཔའ་བཅུ་དྲུག་གི་གནས་ཏེ་གསུམ་པོའི་མཐར་མུ་ཁྱུད་རེ་རེས་བསྐོར་བའོ། །འོ་ན་འདིས་འཁོར་ལོ་རྩིབས་བཅུ་དྲུག་པའི་ལྟེ་བ་དང༌།


TNT13_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

རྩིབས་དང་མུ་ཁྱུད་དེ་གསུམ་བསྟན་པ་མིན་ནམ་ཞེ་ན། མ་ཡིན་ཏེ་དེ་ལྟར་ན། རིམ་པ་བཞི་ཡིན་པར་འགྱུར་བ་དང༌། དབུས་སུ་ལེ་ཚེའི་ཕྱི་སྐོར་གྱི་གདུང་ཟླུམ་པོ་ཡོད་པ་ཡིན་ན། རྩིབས་ཉིས་འགྱུར་དུ་བྱས་པ་དོན་མེད་པར་འགྱུར་བའི་ཕྱིར་རོ། །ཅི་སྟེ་ལྟེ་བའི་ཐད་ཀྱི་རྒྱ་ཁྱོན་རྩིབས་ཀྱི་ཉིས་འགྱུར་ཞེས་སྨྲ་བ་ཡིན་ན། རིགས་ལྔའི་གནས་ཤིན་དུ་ཆུང་བའི་སྐྱོན་དུ་འགྱུར་ཞིང༌། དབུས་ཀྱི་རེ་མིག་དགུ་སྟོན་བྱེད་ཟུར་ཙམ་ཡང་མེད་པས། དེ་སྒྲུབ་བྱེད་དུ་འགོད་པ། སྒྲུབ་བྱེད་སྒྲུབ་བྱ་དང་མཚུངས་ཏེ་མ་གྲུབ་པའོ། །དགུ་ཡི་ཆར་ནི་བགོས་ཞེས་པས་དེ་འདྲ་བསྟན་པ་མ་ཡིན་ནོ། །ལེ་ཚེ་དགུ་ནི་དབུས་དང་ཕྱོགས་མཚམས་སུ་གླིང་དགུར་བྱས་པ་ཡིན་གྱི། །ཆ་དགུར་བགོས་ཞེས་པ་ནི། དགུ་པོ་འཕྲེད་དམ་དཀྱུས་གང་ལ་རྩི་ཡང༌། མུ་དེ་ལ་དགུ་ཡོད་པ་ཞིག་དགོས་སོ། །དཔེར་ན་ཆ་བཅུ་དྲུག་ཏུ་བགོས་ཞེས་པ་བཞིན་ནོ། །རེ་མིག་དགུ་ལ་ནི། མུ་དེད་གཅིག་ལ་ཐིག་བཞི་རེ་ལས་མེད་ཅིང༌། གཡས་གཡོན་གཉིས་ཀ་ལོག་ཀྱང་ཐིག་བརྒྱད་ལས་མེད་པའི་ཕྱིར། ཆ་ཤས་དགུར་ཇི་ལྟར་བགོས། དེ་བས་ན་འདི་ལྟར་བྱ་སྟེ། རྩ་ཐིག་གི་ནང་དུ་ལྷ་སྣམ་འཇོག་པ་དང་མི་འཇོག་པ་གཉིས་ལས། འཇོག་ན་ལྟེ་བ་ནས་གཡས་གཡོན་དུ་ཆ་ཆེན་གསུམ་པ་བཞི་པ་གཉིས་ཀྱི་མཚམས་དང༌། གཉིས་པའི་སྟེང་དང༌།དང་པོའི་སྟེང་ནས་སྐོར་ཐིག་བྱ། དེ་དག་རེ་རེ་བཞིན་གྱི་ནང་དུ། ཆ་ཆུང་ཕྱེད་ཀྱི་མུ་འཁྱུད་དང༌། །ནང་མ་ནང་མའི་ཕྱི་རོལ་དུ་དེ་ཙམ་གྱི་ལྟེ་བ་རེ་ཡང་སྐོར། །རྩིབས་ཀྱི་ཐིག་སྤྱི་དང་འདྲའོ། །ལྷ་སྣམ་མི་བྱེད་ན། དབུས་ཀྱི་ལྟེ་བ་


TNT13_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་ལུགས་བཤད་མ་ཐག་པ་དེ་དང་འདྲ་བ་ལས། ཆ་ཆུང་གཅིག་ཕྱི་རོལ་ཁོར་ཡུག་ཏུ་སྐོར། དེའི་ཕྱི་རོལ་ཆ་ཆུང་ལྔ་ནས། འཁོར་ལོ་ནང་མའི་མུ་ཁྱུད་ཀྱི་ནང་ཐིག་སྐོར་ཞིང༌། དེ་ནས་ཆ་ཆུང་ཕྱེད་ནས་མུ་ཁྱུད་ཀྱི་ཕྱི་ཐིག་སྐོར་རོ། །དེ་ནས་ཆ་ཆུང་ཕྱེད་ཀྱིས་འཁོར་ལོ་ཕྱི་མའི་ལྟེ་བ་སྐོར། དེ་ནས་ཆ་ཆུང་ལྔ་རྩ་ཐིག་ལ་རེག་མཚམས་སུ་འཁོར་ལོ་ཕྱི་མའི་མུ་ཁྱུད་ཀྱི་ཕྱི་ཐིག་དང༌། དེའི་ནང་དུ་ཆ་ཆུང་ཕྱེད་ཀྱི་ནང་ཐིག་སྐོར། གཙོ་བོའི་གནས་ཀྱི་ཕྱི་རོལ་ཏུ་ཆ་ཆུང་ཕྱེད་ཀྱི་འཁོར་ལོ་ནང་མའི་ལྟེ་བ་སྐོར་རོ། །གཞལ་ཡས་ཁང་གི་འཁྱམས་ཀྱི་ཕྱི་རོལ་དུ། འཇིག་རྟེན་པའི་ཁོར་ཡུག་ཆ་ཆེན་གཅིག་གིས་ཚད་ཙམ་སྐོར་ཞིང༌། དེའི་སྟེང་དུ་ཕྱོགས་བཞི་གླིང་བཞི་གླིང་ཕྲན་བཅུ་གཉིས་ཀྱི་གཟུགས་བྱའོ། །རྟ་བབས་སྣམ་བུའི་གྲངས་ནི་དམིགས་བསལ་མེད་པས་ཅི་བདེར་བྱ་ལ། གཞན་རྣམས་སྤྱི་དང་མཐུན་ནོ། །དེ་ནས་ཚོན་དགྱེ་བ་ནི། འདི་ནི་ཆོས་དབྱིངས་དག་པ་སྟེ། ཞེས་སོགས་བརྗོད་ཅིང་འབྲི་སྟེ། འཇིག་རྟེན་པའི་ཁོར་ཡུག་སེར་པོ། འཁྱམས་ལྗང་ཁུ། རྩིག་པ་ནང་ནས་རིམ་པས་སྔོ་ལྗང་སེར་དམར་དཀར་བ། གླང་རྒྱབ་ཀྱི་ནང་སྔོན་པོ། འཁོར་ལོ་ཕྱི་ནང་གཉིས་ཀྱི་རྩིབས་ཀྱིས་བར་རྣམས་ཕྱོགས་མདོག །གཙོ་བོའི་གནས་ཀྱི་གཞི་དཀར་པོའོ། །དབུས་ཀྱི་སངས་རྒྱས་ལྔ་ལ་ལྷ་མཚན། འཁོར་ལོ་རྡོ་རྗེ་རིན་པོ་ཆེ། པདྨ་རྒྱ་གྲམ་རྣམས་བྲི། གཞན་རྣམས་གོ་སླའོ། །དེ་ལྟར་བྲིས་ཟིན་མ་ཐག་ཏུ། ཐིག་ཚོན་ལྷག་མ་ཡིག་བརྒྱ་བཟླ་བཞིན་དུ། བཀུར་བསྟི་འབྱུང་བའི་གནས་སུ་བཞག་གོ །བཞི་པ་སྒྲུབ་


TNT13_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོ་ག་ལ་འཇུག་པ་ནི། བོད་ཀྱི་ལག་ལེན་དང་མཐུན་པར་དཀྱིལ་འཁོར་ལ་བགེགས་སྦྱངས་པ་ཡང་བྱས་ན་ལེགས། གང་ལྟར་ཡང་ཁྲོ་བོ་མེ་ལྟར་འབར་བའི་སྔགས་དང༌། གཙུག་ཏོར་རྒྱལ་བ་དང༌། ལྷ་མོ་སངས་རྒྱས་སྤྱན་མའི་སྔགས་རྣམས་ཀྱི་དཀྱིལ་འཁོར་དང༌། གནས་ཁང་དང་ཡོ་བྱད་ཐམས་ཅད་ལ་བསངས་གཏོར་བྱ། མཆོད་པ་རྣམ་པ་སྣ་ཚོགས་པ་རྒྱུད་ལས་འབྱུང་བ་བཞིན་བཤམས། མཆོད་པའི་བུམ་པ་བཅུ་དྲུག་གིས་མཐའ་བསྐོར། མ་འབྱོར་ན་བརྒྱད་དོ། །ཡིག་བརྒྱ་བཟླ་བཞིན་དུ་རོལ་མོའི་སྒྲ་དང་བཅས་ཏེ། བུམ་པ་རྣམས་དཀྱིལ་འཁོར་ལ་གཡས་སྐོར་དུ་བསྐོར་ཞིང༌། དབང་བུམ་ལྔ་པོ་རང་རང་གི་སྔགས་བཟླ་བཞིན་པས་བཞུགས་སུ་གསོལ་བ་ལས། སྦྱོང་རྒྱལ་སོགས་བཞི་པོ་ཕྱོགས་བཞི་དང༌། གཙོ་བོའི་དེ་དེའི་མདུན་དུ་སྟེགས་མཐོ་བ་ལ་བཞག་གོ །དེ་དག་བསྐྱོད་དུ་རུང་ལ་རྣམ་རྒྱལ་བུམ་པ་ནི་དཀྱིལ་འཁོར་གྱི་དབུས་སུ་འཇོག་པའམ། དེ་མི་བདེ་ན་ཤར་སྒོའི་ཕྱི་རོལ་མཉྫི་ལ་སོགས་པའི་སྟེང་དུ་བཞག །རེ་ཞིག་སྒུལ་བསྐྱོད་མི་བྱེད་དོ། །གཞན་ས་རྒྱན་གནམ་རྒྱན་སོགས་ཀྱང་བཀྲམ། བདུག་སྤོས་བཏུལ་ཞིང་བྱུར་བསལ་བ་བྱེད། དེ་ཡང་རྒྱས་པར་ན་དྲུག་བཞི་ལྡན་དང༌། བསྡུ་ན་ཏིལ་སྦྱངས་ཙམ་མོ། །བདུད་རྩི་འཁྱིལ་བ་བཟླས་པའི་ཁྲུས་བུམ་གྱི་ཁྲུས་གསོལ་བྱ། དཀྱིལ་འཁོར་ཁང་པའི་ནང་མཐའ་ལ་ཁ་ཟས་བཟང་རྒུའི་གཏོར་མ་སྣ་ཚོགས་པའང་བཤམ་མོ། །མཆོད་པ་རྒྱུན་མི་འཆད་པ་འབུལ་དགོས་པས་མཆོད་རྫས་ཀྱི་རྒྱུ་ཚོགས་དང༌། སྦྱིན་སྲེག་དང་ཕྱི་རོལ་གཏོར་མའི་ཆས་རྣམས་ཀྱང་ཉམས་


TNT13_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ཏུ་ཆུད་པར་བྱའོ། །དེ་ནས་བདག་ཉིད་བསྙེན་པའམ་ཉེར་སྒྲུབ་ཀྱི་སྐབས་སུ་བཤད་པ་ལྟར་གྱི་ཉམས་ལེན་བྱས་ནས། རྡོ་རྗེ་འཛིན་མའི་ཕྱག་རྒྱ་དང་བཅས་ཏེ། ཨོཾ་བཛྲ་ས་མ་ཡ་ཧཱུཾ། ཞེས་རྡོ་རྗེ་ཤུགས་ཀྱི་འཇུག་པས་གཞལ་ཡས་ཁང་གི་ནང་དུ་ཞུགས་པར་མོས། ཤར་གྱི་ལྷ་སྣམ་ལ་འདུག་ནས། མདུན་བསྐྱེད་ཀྱི་དཀྱིལ་འཁོར་བསངས། ཤུ་ནྱཱ་ཏས་སྟོངས་པར་སྦྱངས་བ་ནས། བཟླས་པའི་བར་དུ་གོང་སྒྲུབ་པའི་སྐབས་དང་འདྲ་བ་ལས། གལ་ཏེ་རས་བྲིས་མ་བཀྲམ་ན། དེ་ལ་དམིགས་པ་དེ་མི་དགོས་སོ། །ལས་བཅོལ་གྲུབ་མ་ཐག །ཨོཾ་བཛྲ་ས་མ་ཡའི་སྔགས་དང༌། རྡོ་རྗེ་འཛིན་མའི་ཕྱག་རྒྱས་གཙོ་བོའི་དྲུང་དུ་ཕྱིན། རྡོ་རྗེ་སེམས་དཔའའམ་མེ་ཏོག་ཕོག་པའི་ལྷའམ་རྣམ་སྣང་གི་ང་རྒྱལ་ལ་གནས་པས། བཟླས་པ་བྱེད་ཚུལ་སོགས་དམིགས་པ་ཕལ་ཆེར་སྒྲུབ་པའི་སྐབས་དང་འདྲ། བཟླས་པ་ཇི་ལྟར་འོས་པ་སོང་བ་ན། མཆོད་པ་རྙིང་པ་ཁ་གསོ། གསར་པ་བཤམས་ཤིང་བྱིན་གྱིས་བརླབས་ནས། །སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་མཆོད་པ་རྒྱས་པ་རེ་འབུལ། །མཉམ་ཉིད་མི་གཡོ་མ་དང༌། མཚན་བརྒྱ་གཉིས་ལྟ་བུ། རྒྱུད་ལས་འབྱུང་བའི་བསྟོད་པ་རེས་བསྟོད། །དངོས་གྲུབ་ཀྱི་དོན་དུ་གསོལ་བ་དྲག་ཏུ་བཏབ། །སྔར་གྱི་ནོར་བུ་འབུལ་བ་སྐབས་འདིར་མི་དགོས། ལྷ་ཐམས་ཅད་ཀྱི་ཐུགས་ཀ་ནས་སྔགས་འཕྲེང་འོད་ཟེར་དང་བཅས་པ་བྱུང་སྟེ། རང་གི་སྙིང་གའི་སྔགས་འཕྲེང་ལ་བསྡུ་བའི་དམིགས་པ་ཡང་ཡང་བྱ། བཟླས་པ་སྟོང་སོགས་ཇི་ལྟར་འོས་པ་སོང་བ་ན།


TNT13_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་ཡས་ཁང་གི་ཕྱི་རོལ་དུ་ཕྱིན་པར་མོས་ཏེ། སྦྱིན་སྲེག་གི་ཆོ་གས་སྦྱིན་སྲེག་ཕུལ། སྒྲུབ་ཁང་གི་ཕྱི་རོལ་དུ་སོང་ནས། ཆ་གསུམ་ལྟ་བུས་འབྱུང་པོའི་ཚོགས་ལ་གཏོར་མ་རྒྱ་ཆེར་བྱིན། ཡང་ཉེ་རེག་བྱས་ནས་ནང་དུ་འོངས། རྡོ་རྗེ་འཛིན་མས་བཞུགས། བདག་འཇུག་ལྟར་ཆོ་ག་ཡོངས་སུ་རྫོགས་པའམ། ནང་འཇུག་མན་ཆད་དམ། དབང་དངོས་གཞི་ཙམ་ངེས་པར་བླངས་ཏེ། སྔོན་བཞིན་བཟླས་པ་བྱའོ། །ཐུན་བཞིར་དབང་བླང་ཐུབ་ན་བཟང༌། དེ་ཙམ་མ་གྲུབ་ན། ཐོ་རངས་ནས་ནམ་ལངས་ཀྱི་བར་དེ་ལ་ཞག་རེ་བཞིན་ཚར་རེ་ངེས་པར་བླང་བར་བྱའོ། །ཐུན་འཇོག་ཁར་གསོལ་བ་དྲག་ཏུ་བཏབ་སྟེ། རང་ཉིད་ཕྱི་རོལ་དུ་བྱུང་བར་བསམ། གཞན་སྔར་གྱི་རྣམས་དང་འདྲ། དེར་བཟླས་པ་འབུམ་ཙམ་སོང་བ་ན། སྐལ་ལྡན་མཆོག་ཡིན་ན། འཕྲལ་མ་ཁོ་ནར་དངོས་གྲུབ་འབྱུང་བའི་ལྟས་འབྱུང་བས། སྐྱ་རེངས་ཤར་བ་ནས་བརྩམས་ཏེ། ཉིན་གཅིག་མཚན་གཅིག་ཧྲིལ་གྱི་བཟླས་བརྗོད་ཐུན་གཅིག་བར་མ་ཆད་པར་བྱ། མཆོད་པ་ཡང་ཡིད་ཀྱིས་བྱ་བ་ཁོ་ན་ལས་གསར་པ་གཤམས་པའི་སྤྲོས་པ་མི་དགོས། དེའི་སྐྱ་རེངས་དང་པོ་མ་ཤར་ཚུན་ཆད་དུ། ལྷག་པའི་ལྷ་གང་ཡིན་པ་དེའི་ཞལ་སྟོན་ཞིང༌། གཏེར་ལ་སོགས་པའི་དངོས་གྲུབ་ལྷ་ཉིད་ཀྱིས་དངོས་སུ་སྩོལ་བར་འགྱུར་རོ། །ཡང་གལ་ཏེ་ཅུང་ཟད་དབང་པོ་དམན་པའམ་འབྲིང་ཙམ་ཡིན་ན། སྔ་རོལ་བཟླས་པ་འབུམ་ཙམ་བྱེད་པའི་སྐབས་དེར། ལྷག་པའི་ལྷས་རྨི་ལམ་དུ་དངོས་གྲུབ་ལུང་སྟོན་པར་འགྱུར་ལ། ཤིན་ཏུ་དབང་པོ་དམན་པ་ལ་ཁྱོད་


TNT13_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དངོས་གྲུབ་མི་འགྲུབ་སྟེ། ཞི་སོགས་ཕྲ་མོའི་ལས་འདི་ལྟ་བུ་འགྲུབ་ཅེས་པའམ། བློ་གྲོས་ཐོགས་པ་མེད་པའམ། རྒྱལ་སྲིད་ཐོབ་པར་ལུང་སྟོན་པའང་ཡོད་དོ། །འབྲིང་པོ་ཡིན་ན་རྫས་ལ་བརྟེན་པའི་དངོས་གྲུབ་རལ་གྲི་མིག་སྨན་ལ་སོགས་པ་འདི་ལྟ་བུ་སྒྲུབ་ཅིག་ཅེས་གསུངས་པའང་ཡོད་དོ། །རྫས་ཀྱི་དངོས་གྲུབ་དེ་ཡང་ལྷས་ལུང་བསྟན་པ་ཞིག་སྒྲུབ་དགོས་པས། དཀྱིལ་འཁོར་རྒྱས་པ་དང་མ་འབྲེལ་བ་ཡང་ཡོད། དཀྱིལ་འཁོར་གཞན་ལ་བརྟེན་ནས་སྒྲུབ་དགོས་པའང་ཡོད། ཀུན་རིག་ཉིད་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་སྒྲུབ་ཆོག་པ་སྲིད་ཀྱང༌། དཀྱིལ་འཁོར་གསར་དུ་བཞེངས་པ་ལ་བརྟེན་ནས་སྒྲུབ་དགོས་པའང་ཡོད་པ། ཕྲ་མོ་ནི་དེ་ཙམ་གྱིས་འགྲུབ་ལ། དངོས་གྲུབ་མི་སྒྲུབ་པའི་དབང་དུ་བྱས་པ་དང༌། དཀྱིལ་འཁོར་རྒྱས་པ་ལ་མ་བརྟེན་པའི་དངོས་གྲུབ་དང༌། དཀྱིལ་འཁོར་གཞན་ལ་བརྟེན་པ་དང༌། དཀྱིལ་འཁོར་གསར་པ་བཞེངས་དགོས་པ་ཡིན་ན། ལུང་བསྟན་པ་བྱུང་མ་ཐག་ཏུ། སྔར་གྱི་མཆོད་གཏོར་སྦྱིན་སྲེག་གི་རྒྱུ་ལ་དམིགས་པ་ཐམས་ཅད། དུས་ཅིག་ཏུ་ཉེར་སྤྱོད་དང་གཏོར་མ་དང་སྤྱི་སྲེག་ལ་ཕུལ། ནམ་ཕྱེད་ནས་ཐོ་རངས་ཀྱི་བར་དུ་བཟླས་པ་དང༌། གསོལ་བཏབ་དྲག་ཏུ་བྱས་ནས། རྗེས་ཆོག་གི་རིམ་པས་ཉི་མ་མ་ཤར་བ་ཉིད་དུ་དཀྱིལ་འཁོར་གཤེགས་གསོལ་གྲུབ་པར་བྱའོ། །དེ་ནས་དཀྱིལ་འཁོར་གསར་པ་བཞེངས་རྒྱུ་ཡིན་ན། ཞག་འགའ་བཟླས་བརྗོད་དང་བཅས་ངལ་གསོ་བར་བྱས་ནས། སླར་


TNT13_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དངོས་གཞི་དཀྱིལ་འཁོར་བཞེངས་ནས་ལས་ལ་སྦྱོར་ཏེ། དཀྱིལ་འཁོར་གཞན་ལ་བརྟེན་ནས་བྱེད་ཀྱང་རིམ་པ་དེ་དང་འདྲའོ། །དཀྱིལ་འཁོར་རྒྱས་པ་ལ་མ་བརྟེན་པའི་དངོས་གྲུབ་སྒྲུབ་ཚུལ་ནི། སོ་སོའི་སྒྲུབ་ཐབས་ནས་འབྱུང་བ་ལྟར་བྱ་ཡི། འདིར་བྲི་བར་མི་ལང༌། དེ་རིགས་ལ་དངོས་གྲུབ་ཀྱི་དོན་དུ་ལས་ལ་སྦྱོར་བ་ཞེས་བྱ་བའི་སྒྲུབ་ཆེན་དངོས་མ་ཡིན་ནོ། །དཀྱིལ་འཁོར་དེ་ཉིད་ཀྱི་འཕྲོས་ལས་སྒྲུབ་པའམ། དཀྱིལ་འཁོར་གསར་པ་བཞེངས་ཏེ་སྒྲུབ་ཀྱང་རུང༌། རྫས་ཀྱི་དངོས་གྲུབ་ལ་དཔེར་མཚོན་ན། སྣོད་གཙང་མ་ལ་བསངས་གཏོར་བྱས། དྲི་ཞིམ་པོས་བྱུགས་ལ་བ་མར་གསར་པ་འོ་མ་སྲུབ་པའི་དུས་ནས་བསངས་གཏོར་དང་བསྲུང་བ་བྱས་བཞིན་པའི་མར་བདུད་རྩི་འཁྱིལ་བའི་སྔགས་བཟླ་བཞིན་པ་དང༌། གུ་གུལ་གྱིས་བདུག་ཅིང༌། ཁྲོ་བོའི་སྔགས་བཟླས་པའི་རས་གཙང་མས་གཡོགས། རང་གི་གྲིབ་མ་དང་མ་བྲལ་བར་བྱས་ཏེ། སྒྲུབ་ཁང་དུ་དེ་བཞུ་ནས་ཞུན་མར་གྱི་སྙིང་ཁུར་བྱས་པ། སྔར་གྱི་སྣོད་བཟང་པོ་དེར་བླུག སྣོད་མ་ཁེངས་པ་དང༌། སྲང་གཅིག་གི་ཚད་ལས་ཉུང་བ་མི་རུང༌། སྣོད་དུ་བླུག་མ་ཟིན་པར་ལ་སེམས་མ་ཡེངས་པར་ཁྲོ་བོའི་སྔགས་རྒྱུན་དུ་བཟླ་དགོས། སྣོད་དུ་བླུག་མ་ཐག་བསྲུང་བ་བྱས་ཏེ། དཀྱིལ་འཁོར་གྱི་དབུས་སམ་ཤར་སྒོའི་ནང་དུ་བཞག་གོ །དེ་ནས་སྔར་བཞིན་ལས་བཟླས་པའི་དུས་ན། ལྷ་རྣམས་ཀྱི་ཐུགས་ཀ་ནས་ཡིག་འབྲུ་འོད་ཟེར་དང་བཅས་པ་བྱུང་ནས་རྫས་ལ་ཆར་བབ་པ་བཞིན་དུ་གྱུར་པར་བསམ།


TNT13_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ལག་པ་གཡོན་རྡོ་རྗེ་དང་བཅས་པས། རྫས་དེ་དངོས་སུ་གནོན་པའམ་མནན་པར་བསམ་ནས། ཡུན་སྲིངས་ཏེ་བཟླ། འདི་སྐབས་ཞག་རེར་སྦྱིན་སྲེག་ལན་རེ་དང༌། ཕྱི་རོལ་གྱི་གཏོར་མ་ལན་རེས་ཆོག ཉེར་སྤྱོད་རྒྱ་ཆེར་བཤམས་པ་དང༌། ཡིད་ཀྱི་སྤྲུལ་པའི་མཆོད་པ་དང༌། བཟླས་སྒོམ་ལ་གཙོ་བོར་བྱེད། དེ་ནས་མི་རིང་བར་དངོས་གྲུབ་འཇུག་པའི་མཚན་མ་རང་གི་མཐོང་བར་འགྱུར་ཏེ། སྔོན་བཞིན་ཞག་གཅིག་སྒྲུབས་པས་རྟགས་མཚན་འབྱུང་སྟེ། ཞུན་མར་ཁོལ་བའམ་རླངས་པ་བྱུང་ན་ཐ་མ་དྲི་ཞིམ་ལྡང་བའམ། དུ་བ་བྱུང་ན་འབྲིང༌། འོད་དང་མེ་འབར་བ་སོགས་མཆོག་ཡིན་ཏེ། དེ་བྱུང་ན་སྔགས་བཟླས་པའི་མར་གསར་ཞིག་དེའི་ནང་དུ་བླུག་ལ་སྔགས་བཟླ་བཞིན་རྡོ་རྗེའམ་ཤིང་བུས་གཡས་སྐོར་དུ་དཀྲུགས་པ་ལྟ་བུ་བྱས་ཏེ། ད་དུང་བརྟན་བྱེད་དུ་སྔགས་མང་དུ་བཟླ་བཞིན་དུ་རང་ངམ་གཙོ་བོའི་སྡིགས་མཛུབ་ཀྱིས་མནན་པར་བསམ། ནམ་ལངས་མ་ཐག་ཏུ་བསྲུང་བ་བྱས་ནས། དཀྱིལ་འཁོར་ལ་མཆོད་པ་ཕུལ། རྫས་ཀྱི་དང་པོ་ནས་དངོས་སམ་ཡིད་ཀྱི་དཀྱིལ་འཁོར་ལ་ཕུལ། ལྷག་པའི་ལྷས་རྫས་དེ་བདག་ལ་སྩལ་བར་བསམ་སྟེ། འཐུངས་ན་དངོས་གྲུབ་ཏུ་འགྱུར་ཏེ། མཚན་མ་རབ་ཀྱིས་ཚེ་ཉི་ཟླ་དང་མཉམ་པའི་ལྷའི་ལུས་སུ་འགྱུར་བ་དང༌། འབྲིང་གིས་ཀྱང་མི་སྣང་བར་འགྱུར་བ་དང༌། ཐ་མས་ཀྱང་གཏེར་དང་ལོངས་སྦྱོང་དབང་དུ་བྱེད་པ་སོགས་དང༌། ལས་བཞི་འགྲུབ་པར་འགྱུར། མཚན་མ་མ་བྱུང་ན་ཡང་ཆོ་ག་འདིས་དེ་ལྟར་སྒྲུབས་ན། ཚེ་རིང་ཞིང་རྒས་པ་མེད་པ་དང་ཤེས་རབ་འཕེལ་བར་འགྱུར་


TNT13_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །དང་པོར་དངོས་གྲུབ་ཞུགས་པའི་རྟགས་ནི། དཀྱིལ་འཁོར་དང་རྫས་ལ་འོད་ཡུལ་ཡུལ་བ་དང༌། སྒྲ་ཅི་རིགས་སུ་འབྱུང་བ་ཡིན། རྫས་ལ་དྲོད་སྐྱེ་བ་སོགས་ཀྱང་ཡིན་ནོ། རྫས་དངོས་ལ་ཐུན་མོང་མ་ཡིན་པའི་རྟགས་མ་བྱུང་རུང་བྲིས་སྐུ་བཞད་པ་དང༌། ལྷའི་རོལ་མོ་དང༌། མེ་ཏོག་གི་ཆར་འབབ་པ་སོགས་ཀྱང་རྟགས་ཡིན་པས་ཆོ་ག་སྔ་མ་བཞིན་དུ་སྤྱད་དོ། །རྫས་ལ་སྒྲ་འོད་འབྱུང་བ་འགའ་ཞིག་གི་ཡལ་བར་དོགས་ན་མནན་པར་བྱའོ། །རྗེས་ཀྱི་བྱ་བ་ནི། རྫས་ཀྱི་དངོས་སྒྲུབ་དེ་ཡང༌། ཡིད་ཀྱི་དམིགས་པས་སེམས་ཅན་ཐམས་ཅད་ལ་སྦྱིན། དངོས་སུའང་གྲོགས་ལ་བགོ་བཤའ་བྱེད་པ་སོགས་བཤད་ཀྱང༌། སྒྲུབ་གྲོགས་དངོས་གྲུབ་འགྲུབ་རུང་ལ་ཡིན་གྱི། སྣོད་དུ་གྱུར་པ་རྙེད་དཀའ་ན་ཡིད་ཀྱིས་སྦྱིན་ནོ། །དེ་བཞིན་དུ་རིལ་ལུ་མིག་སྨན་རལ་གྲི་ལ་སོགས་པ་ཡི་དམ་གྱི་ལྷས་བདག་ལ་གནང་བའམ། རྫས་ཀྱི་སྒོ་ནས་སྒྲུབ་ཀྱང་རུང༌། བགོ་བཤའ་བྱེད་ལུགས་དེ་དང་འདྲ་ལ། གཏེར་དང་ནོར་གྱི་དངོས་གྲུབ་ཡིན་ན། དངོས་སུ་བགོ་སྐལ་རྒྱ་ཆེར་སྦྱིན་དགོས་ཀྱི། ཡིད་ཀྱི་བསམ་པ་ཁོ་ནས་མི་མཆོག་གོ།སླར་ཡང་དངོས་གྲུབ་བརྟན་བྱེད་དུ་དཀྱིལ་འཁོར་དུ་ཞུགས་ཤིང་དབང་བསྐུར་བ་བླངས་ནས། བསྲུང་བ་བྱ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྨོན་ལམ་མང་དུ་བཏབ། ཡང་རྗེས་ཆོག་གི་ཆོ་གས་མཆོད་པ་རྒྱ་ཆེ་ལ་ལན་མང་བ་ཕུལ། སེམས་ཅན་གྱིས་དོན་དུ་དངོས་གྲུབ་མཆོག་ལ་གསོལ་བ་བཏབ་ནས། གཤེགས་སུ་གསོལ་བ་སོགས་བྱས་ལ། སླར་ཡང་ཉི་མ་གཞན་


TNT13_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དཀྱིལ་འཁོར་གྱི་ས་གཞིར་སྦྱིན་སྲེགས་སོགས་བྱས་པས། གྲུབ་པ་གཞན་གྱིས་དངོས་གྲུབ་དེ་མི་འཕྲོག་ཅིང༌། ཉམས་པར་ཡང་མི་འགྱུར་ལ་གོང་ནས་གོང་དུ་འཕེལ་བའི་དགོས་པ་ཡོད་དོ། །རྫས་ཀྱི་དངོས་གྲུབ་ཀྱི་སྐལ་བ་དཀྱིལ་འཁོར་ལྷ་དང་དཀོན་མཆོག་གསུམ་ལ་ཕུལ་བ་དེ། དེ་ཉིད་དུ་མི་སྣང་བར་འགྲོ་བ་ཤས་ཆེ་ཞིང༌། སོང་ན་ལེགས། མ་སོང་ན་རྫས་དམན་པ་དེ་སྦྱིན་སྲེག་ཏུ་འབུལ་བའམ། ཆུ་བོ་ཆེན་པོར་དོར་པར་བྱའོ། །སྒྲུབ་ཆེན་ལས་སྦྱོར་དང་བཅས་པ་འདི། དཀྱིལ་འཁོར་ནི་ཡིད་ཀྱིས་བསམས། རྟེན་ནི་སྔར་གྱི་བྲིས་སྐུ་ལ་བརྟེན་ཏེ་སྒྲུབས་ན། དཀྱིལ་འཁོར་གྱི་གཙོ་བོ་དང་བྲིས་སྐུའི་གཙོ་བོ་དབྱེར་མེད་དུ་སྒོམ་པ་སོགས་སྒྲུབ་པའི་སྐབས་དང་འདྲ། ཡང་ཕྱིའི་དཀྱིལ་འཁོར་དང་བྲིས་སྐུ་གཉིས་ཀར་ལ་བརྟེན་ཏེ་སྒྲུབས་ན། བྲིས་སྐུ་བཀྲམ་པའི་མདུན་དུ་དཀྱིལ་འཁོར་བཞེངས་པ་ཡིན་ཀྱང༌། དམིགས་པ་ནི་བཤད་མ་ཐག་པ་བཞིན་ཏེ། ཤཀཱ་ཐུབ་སྦྱོང་རྒྱལ་ལྷ་མོ་བཞི་རྣམས་ལ་དམིགས་པའི་བརྟེན་ཚར་གཉིས་རེ་བྱུང་ཀྱང་སྒོམ་བྱ་གཅིག་ཁོ་ནའོ། །དེ་ལྟར་ཡང་རྒྱུད་ལས། དེ་ནས་བཟླས་པའི་འཇུག་ཏུ་ནི། །དཀྱིལ་འཁོར་སྔ་མ་བཞིན་བསམ་ལ། །མཆོད་པ་རྒྱ་ཆེན་བྱས་ནས་ཀྱང༌། །མཚན་གཅིག་ཐོག་ཐག་བཟླས་པ་བྱ། །ཅི་སྟེ་གཙོ་བོའམ་དེ་ཡིས་སྲས། །ཡང་ན་ལྷ་རྣམས་མཐོང་གྱུར་ན། །བསོད་ནམས་སྣོད་ལས་ཅི་དགའ་བར། དངོས་གྲུབ་མཆོག་ནི་གསོལ་བར་བྱ། །ལྷ་ཡི་དངོས་གྲུབ་འབྲས་བུ་ནི། །དེ་ལ་རྟག་ཏུ་དགེས་ནས་སྩོལ། །


TNT13_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་དངོས་གྲུབ་ལ་སོགས་བླང༌། །བླ་མ་དཀོན་མཆོག་གསུམ་དག་ལ། །སྐལ་བ་རེ་རེ་ཕུལ་ནས་ནི། །དེ་ནས་རྟག་ཏུ་བདག་སྤྱོད་ཅིང༌། །མེད་ན་མཁས་པ་བདག་ཉིད་ཀྱིས། །བླངས་ནས་ཡོངས་སུ་སྤྱད་པར་བྱ། །སེམས་ཅན་ཀུན་ལ་ཕན་བརྩོན་པས། །བསྐལ་པ་དུ་མར་གནས་པར་འགྱུར། །ཅི་སྟེ་དངོས་གྲུབ་མ་གྱུར་ནའང༌། །ལས་རྣམས་ཐམས་ཅད་ནུས་པར་འགྱུར། །གནོད་སྦྱིན་སྐར་མའི་གདོང་ལ་སོགས། །ཆད་པས་བཅད་ཅིང་བཀའ་ཙམ་གྱིས། །ཞི་བ་ལ་སོགས་ལས་ཀུན་གྱི། །བྲན་བཞིན་ལས་ཀུན་བྱེད་པར་འགྱུར། །ཞེས་གསུངས་ཏེ་བཟླས་པའི་འཇུག་ཏུ་ཞེས་པ། སྒྲུབ་པ་ཆེན་པོ་མཐར་ཕྱིན་ནས། དེའི་རྗེས་སུ་ཞེས་པའི་དོན་ཡིན་ལ། དཀྱིལ་འཁོར་སྔ་མ་བཞིན་བསམ་ཞེས་པ་བྲིས་པའི་དཀྱིལ་འཁོར་རྒྱས་པ་སྔ་མ་བཞིན་ཞེས་པ་སྟེ། ཡིད་ཀྱིས་སྒོམ་པའི་དཀྱིལ་འཁོར་གྱི་དཔེ་ཡིན་ལ། འདི་ལ་ཡིད་ཀྱིས་སྒོམ་པ་འབའ་ཞིག་གི་དཀྱིལ་འཁོར་དང༌། དངོས་སུ་ནི་རས་བྲིས་བཀོད་ནས་དཀྱིལ་འཁོར་ཡིད་ཀྱི་བསམ་པའི་ལུགས་གཉིས་ཀྱང་ཡོད་པས། དཀྱིལ་འཁོར་ཡོངས་རྫོགས་ཡིད་ཀྱི་བསམ་པ་དེ་རྣམ་པ་ཀུན་ཏུ་དགོས་པའི་ཕྱིར། སྔ་མ་བཞིན་བསམ་ཞེས་གསུངས། འོན་ཀྱང་ཕྱིའི་དཀྱིལ་འཁོར་འགོག་པ་ནི་མ་ཡིན་པར་མ་ཟད། ཡིད་ཀྱིས་ཇི་ལྟར་བསྒོམས་པ་དེའི་དམིགས་རྟེན་དུ་སྒོམ་བྱ་དང་འབྲེལ་བའི་དཀྱིལ་འཁོར་བྲི་དགོས་པ་རང་ཤས་ཆེ་ཞིང༌། ཕྱིའི་དཀྱིལ་འཁོར་འབྲི་ཞོར་ལའང་འཕངས་པ་ཡིན་ནོ། །ཡང་


TNT13_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་གཅིག་ཏུ་ན་འདིར་དཀྱིལ་འཁོར་སྒོམ་དགོས་ན་དཀྱིལ་འཁོར་ཅི་འདྲ་སྒོམ་སྙམ་ན། སྔར་གྲུ་བཞི་པ་ལ་སྒོ་བཞི་པ་ཞེས་པ་ནས། དུར་ཁྲོད་གྲོང་ཁྱེར་གནས་པ་རྣམས། ཞེས་པའི་བར་དུ་བཤད་ཟིན་པ་དེ་བཞིན་དུ་དྲན་པར་བྱས་ཏེ་འབྲིའོ། །ཞེས་པས་དོན་ཡང་ཡིན་པས། སྔ་མ་བཞིན་བསམ་པ་སྟེ། བསམ་པའི་དོན་དྲན་པའམ། བློ་ལ་བཞག་པ་ཡིན་པས། སྔ་མ་བཞིན་དུ་གོ་བར་བྱས་ནས་འབྲི་ཞེས་པའོ། །མཚན་གཅིག་ནི་ལས་སྦྱོར་གྱི་སྐབས་སུའོ། །འགའ་ཞིག་གི་འདི་བསྙེན་པའོ་གསུང་པ་ནི། མཚན་གཅིག་ཐོག་ཐག་ཅེས་པས་བཀག་གོ །གཙོ་བོ་ནི་རྣམ་སྣང་སོགས་སངས་རྒྱས་ལྔ། དེའི་སྲས་ནི་འཇིག་རྟེན་འདས་པའི་ལྷ། ལྷ་རྣམས་ཞེས་པ་ནི་ཚངས་པ་ལ་སོགས་པའོ། །བསོད་ནམས་སྣོད་ལས་ཞེས་པ་ནི། མཆོག་དང་འབྲིང་དང་ཕྲ་མོའི་སྐལ་པ་སོ་སོར་ཡོད་པའོ། །དེ་ལ་རྟག་ཏུ་དགེས་ནས་སྩོལ་ཞེས་པ་ནི་དཀྱིལ་འཁོར་གྱི་ལྷ་ཉིད་ཀྱིས་དངོས་གྲུབ་རྣམས་སྩོལ་བའོ། །ཕྱག་འཚལ་དངོས་གྲུབ་ལ་སོགས་བླང་ཞེས་པ་ནི། དངོས་གྲུབ་ལེན་ཚུལ་ཡིན་ལ། བླ་མ་དཀོན་མཆོག་སོགས་ཀྱི་རྗེས་ཀྱི་བྱ་བ་བསྟན་ནོ། །སེམས་ཅན་ཀུན་ལ་སོགས་འབྲས་བུ་མཆོག་དམན་གྱི་དབྱེ་བའོ། །གནོད་སྦྱིན་སྐར་མའི་གདོང་ཞེས་པ་ལ། ལོ་ཙཱ་བ་ནམ་མཁའ་སྨོན་ལམ་གྱི་འགྱུར་གསར་ལས། གནོད་སྦྱིན་སྐར་མ་གཟའ་ལ་སོགས། ཞེས་བསྒྱུར་བ་དེ་ལྟར་བདེན་ན་གཟའི་སྐད་དོད་གྲ་ཧ་


TNT13_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་གདོན་ལའང་འཇུག་པས། གནོད་སྦྱིན་སྐར་མ་གདོན་ལ་སོགས། །ཞེས་པ་ལ་ཡིག་ནོར་བརྒྱུད་པས་སྐར་མ་གདོང་དུ་སོང་བར་བྱེད་དགོས་མོས། ཡང་གནོད་སྦྱིན་སྐར་མདའ་གདོང་ཞེས་འཆད་པའང་ཡོད་ན། སྐར་མདའ་དང་འབར་བ་སྐད་དོད་གཅིག་པའི་སྐབས་ཀྱང་ཡོད་པས། མདོ་སྡེ་དྲན་པ་ཉེར་བཞག་ལས། ལུས་ཐམས་ཅད་འབར་བའི་གནོད་སྦྱིན་ཞེས་གསུང་པ་དེ་ལྟ་བུ་དང༌། གཙུག་ཏོར་དྲི་མེད་ལས་འབྱུང་བ་ལྟ་བུ་ཡིན་པར་མངོན་ལ། དེ་ནི་སྡེ་བརྒྱད་མཐུ་བོ་ཆེ་ཤིན་ཏུ་གནོད་པ་ཆེ་བ་དྲང་སྲོང་གཟའ་མཆོག་ཏུ་གྲགས་པ་ལ་སོགས་པ་དེ་འདྲའི་རིག་པ་ཅན་མང་པོ་ཞིག་སྟེ། དེ་དག་ལ་སྒྲུབ་པ་པོས་ཆད་པ་གཅོད་པ་སྟེ། ཅི་གར་སྡིགས་ཏེ་དམ་འོག་ཏུ་བཅུག་ནས་ལས་ལ་བསྐུལ་བ་སོགས་བྱེད་པའོ། །དེ་ལྟར་ན་འདི་ཀུན་རིག་ལ་བརྟེན་ནས་དངོས་གྲུབ་སྒྲུབ་ཚུལ་དེ་བཞིན་ཡིན་ལ། ལྷག་མ་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་གཞན་ལྔ་པོ་ལ་བརྟེན་ནས་སྒྲུབ་ནའང་དེས་རིགས་འགྲེའོ། །འཇིག་རྟེན་པའི་དཀྱིལ་འཁོར་ལ་བརྟེན་ནས་སྒྲུབ་པ་ནི། ཕྱག་རྡོར་གཙོ་བོར་ནི་བསྔགས་ལ། གཞན་འཇིག་རྟེན་འདས་པའི་དཀྱིལ་འཁོར་གང་ཡིན་ཡང་རུང་སྟེ། བསྙེན་པ། ཉེར་སྒྲུབ། སྒྲུབ་པ་གསུམ་མམ། མ་མཐའ་ཡང་བསྙེན་པ་ཉེར་སྒྲུབ་གཉིས་མཐར་ཕྱིན་ནས། འཇིག་རྟེན་པའི་དཀྱིལ་འཁོར་རྣམས་སྒྲུབ་པ། སྒྲུབ་ཆེན་ནམ། སྒྲུབ་ཆེན་རྐྱང་པའི་ཚུལ་གྱིས་སྒྲུབ་ན། དེ་དང་དེའི་དངོས་གྲུབ་


TNT13_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པར་འགྱུར་བ་ཡིན་ནོ། །དེ་ཐམས་ཅད་ཆོ་ག་རྒྱས་པའི་ལུགས་ཡིན་ལ། བསྡུས་པས་སྒྲུབས་ན་བསྙེན་པ་ཉེར་སྒྲུབ་གོང་བཞིན་བཏང་ལ། སངས་རྒྱས་བྱང་སེམས་ཉན་རང་ཁྲོ་བོ་མངགས་པ་ཕོ་ཉ་བྲན། འཇིག་རྟེན་པའི་ལྷ་ལ་སོགས་པ་གང་སྒྲུབ་པར་འདོད་པ་དེ་ཉིད། དཀྱིལ་འཁོར་གྱི་འཁོར་ལོ་སྤངས་ཏེ། ཆོ་ག་ལྷག་མ་སྒྲུབ་ཆེན་དང་འདྲ་བའི་སྒྲུབ་པ་ཡུན་སྲིངས་ནས་སྒྲུབས་ནས། མཚན་མ་བརྟན་པོ་བྱུང་བ་ན་ལས་ལ་སྦྱོར་རོ། །ཡང་འདི་སྙམ་དུ་ད་ལྟའི་གང་ཟག་སྐལ་བ་དམན་པ་རྣམས་ཀྱིས། དངོས་གྲུབ་ཐོབ་པར་མི་འགྱུར་བས་ཡན་ལག་བཞིའི་རྣམ་གཞག་འདི་མི་མཁོའོ་སྙམ་ན། ད་ལྟའི་གང་ཟག་ལ་ཚད་འཇོག་ཏུ་མི་བཏུབ་སྟེ། མདོ་སྔགས་ཀྱི་ཆོས་ཕལ་ཆེ་བ་མི་མཁོའོ། །ཡང་ལག་ལེན་ལ་མི་མཁོ་ཡང༌། བག་ཆགས་བཟང་པོ་འཇོག་པའི་ཕྱིར་གོ་ཡུལ་གྱི་སྒོ་ནས་སློབ་སྙམ་ན། འདིར་ཡང་དེ་ཁོ་ན་བཞིན་ནོ། །གཞན་ཡང་ལག་ལེན་མི་མཁོ་བ་ཡང་མ་ཡིན་ཏེ། ད་ལྟའི་གང་ཟག་གིས་རྒྱུད་ལས་བཤད་པ་བཞིན་མི་འབྱུང་ཡང་བསྙེན་སྒྲུབ་ཀྱི་རིམ་པ་འདི་དག་ཐམས་ཅད་ཀྱི་འདྲ་འབག་ཚང་བར་ཉམས་སུ་བླངས་ན། དེ་དང་དེའི་བྱིན་རླབས་དང་ཉམས་མྱོང་རྗེས་མཐུན་པ་འཇུག་པར་འགྱུར་བས། རང་ལ་དོན་ཆེན་པོ་འགྲུབ་ཅིང༌། ལག་ལེན་མ་ཆད་པས་གཞན་དོན་ཁྱད་པར་ཅན་དུ་འགྱུར་བའངཤེས་པར་བྱ་སྟེ། ད་ལྟའི་སྔགས་པ་བླུན་པོ་དག །སྦྱོང་རྒྱུད་ཀྱི་ཆོ་ག་མེད་མི་རུང་


TNT13_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཁས་ལེན་ཞིང༌། དེའི་དགོས་པ་གྲོང་ཆོག་རྒྱུག་པ་ཁོ་ན་ལ་བློ་རྩེ་གཏོད་པ་ནི། སྔགས་པའི་གཟུགས་བརྙན་གྱི་གསང་སྔགས་ཀྱི་བསྟན་པ་སུན་འབྱིན་པའོ། །ཡང་ཕྱག་ན་རྡོ་རྗེའི་སྐབས་སུ་ཚེ་བསྒྲུབ་པའི་བྲིས་སྐུ་ཙམ་མ་གཏོགས། དཀྱིལ་འཁོར་ཕྱི་མ་རྣམས་ལ་གཞན་ཅི་ལྟར་འབྲི་བའི་ཚུལ་གསལ་ཀ་མ་བྱུང་ཡང༌། ཤཱཀྱ་ཐུབ་པའི་སྐབས་སུ་འཇིག་རྟེན་གསུམ་རྒྱལ་ལྷག་པོར་འབྲི་བ་དང༌། ཡང་ན་དཀྱིལ་འཁོར་རས་བྲིས་བྱེད་པར་གསུང་པ་ནི་དཀྱིལ་འཁོར་གཞན་རྣམས་ལའང་རིགས་འགྲེའོ། དེས་ན་གཙོ་བོ་སོ་སོ་ལ་སྙིང་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱིས་བསྐོར་བ་དང༌། ཁྲོ་བོ་གསུམ་རྒྱལ་གྱི་དཀྱིལ་འཁོར་ལ་དངོས་སུ་ཆད་པ་རྣམས་ལ་དེ་ཡང་བྲི་བར་བྱ་བ་ཉིད་དོ། །འོན་ཀྱང་རྒྱུད་འདི་ཐམས་ཅད་རིགས་པ་ཉིད་དངོས་གྲུབ་མཆོག་སྒྲུབ་པའི་དཀྱིལ་འཁོར་ཡིན་པའི་ཕྱིར། སྐབས་དེར་བསྙེན་སྒྲུབ་ཀྱི་རིམ་པ་རྒྱས་པར་གསུངས་ཏེ། མཆོག་སྒྲུབ་པར་དགོངས་ཤིང་གཞན་རྣམས་ལ་སོ་སོའི་སྐབས་སུ་བབས་པའི་ལས་ཉེ་ཚེ་བ་རྣམས་གཙོ་བོར་གསུངས་པ་ཡིན་ནོ། །ངེས་པར་ན་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་དྲུག་གང་ལ་བརྟེན་ཀྱང༌། རྒྱུད་འདི་ཉིད་ལས་གསུངས་པའི་ལས་དང་གྲུབ་པ་ཐམས་ཅད་འགྲུབ་པར་མ་ཟད། རྒྱུད་ཀྱི་རྒྱལ་པོ་གཞན་ནས་གསུངས་པའི་ལས་དང་གྲུབ་པ་རྣམས་ཀྱང་སྒྲུབ་པར་ནུས་སོ། །ཡང་གོང་དུ་བཤད་པ་ལྟར། བསྙེན་སྒྲུབ་ལས་སྦྱོར་དངོས་སམ་འདྲ་འབག་ཚང་བར་བྱས་ན། ཞི་སོགས་ཕྲ་མོ་རྣམས་འགྲུབ་པར་ཐེ་ཚོམ་མེད་པ་ཡིན་ལ།


TNT13_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་དངོས་ཀྱིས་ཐོགས་མེད་དུ་འགྲུབ་ཅིང༌། འདྲ་འབག་གིས་རྗེས་མཐུན་པ་འགྲུབ་བོ། །དེ་བཞིན་དུ་བསྙེན་པ་ཙམ་མཐར་ཕྱུང་བ་དང༌། བསྙེན་པ་ཉེ་བསྙེན་ཙམ་དང༌། སྒྲུབ་པའི་འདྲ་འབག་རྣམས་ཇི་ལྟར་འོས་པས་ཀྱང༌། སྦྱིན་སྲེགས་ལ་སོགས་པ་ཕྲ་མོའི་ལས་རྣམས་རྗེས་མཐུན་པ་འགྲུབ་པར་ནུས་སོ། །ཡང་བསྙེན་པའི་ཆོ་ག་ལ་བརྟེན་ནས་རྩ་རིག་འབུམ་ཕྲག་བཞི་དང༌། སྙིང་པོ་འབུམ་ཕྲག་བཅུ་བཞིའམ་བཅུ་དྲུག་བཟླས་པས་ཀྱང༌། དཀྱིལ་འཁོར་འབྲི་བ་དང་དབང་བསྐུར་བ་དང༌། གཤིན་དོན་གྱི་བྱ་བ་སོགས་སྒྲུབ་པར་དབང་ངོ༌། །འཁོར་རྣམས་ཀྱི་བཟླས་པ་ནི་འགྲུབ་ན་ལེགས་ལ། མ་འགྲུབ་ཀྱང་འགལ་བ་མེད། དེ་ལ་རྗེ་གྲགས་པ་ལ་སོགས་ཁ་ཅིག་རྡོ་རྗེ་སེམས་དཔའ་སྒོམ་ནས་ལྷ་གཞན་གྱི་སྔགས་བཟླས་པ་མི་རུང་ངོ་སྙམ་དུ་སེམས་པ་ནི། གནད་མ་གོ་བ་སྟེ། རྩ་རིག་ནི་ལྷ་ཐམས་ཅད་ཀྱི་སྔགས་ཡིན་ལ། སྙིང་པོ་ནི་གཙོ་བོ་ཉིད་ཀྱི་ཡིན་ཡང༌། གཙོ་བོ་ནི་འཁོར་ལོ་ཀུན་ལ་ཁྱབ་པ་ཡིན་པའི་ཕྱིར། བདག་བསྐྱེད་ཀྱི་བཟླས་པ་ལ་ཡང༌། རང་གཙོ་བོར་སྒོམས་ནས་འཁོར་གྱི་བཟླས་པ་རུང་བ་བཞིན་དུ། འཁོར་དུ་སྒོམ་ནས་གཙོ་བོའི་སྔགས་བཟླས་པ་ལ་ཡང་ནི་རུང་བ་མེད་དེ། འདི་ནི་ཐམས་ཅད་དུ་ཤེས་པར་བྱ་ལ། རྒྱུད་འདིར་ནི་བརྟག་པ་དང་པོ་རྩ་བའི་རྒྱུད་ནི་སྟོན་པ་ཉིད་རྣམ་སྣང་དུ་གྱུར་པས་གསུངས་ཤིང༌། དེ་མན་ཆད་ཕྱག་ན་རྡོ་རྗེ་ཉིད་སྟོན་པར་བྱིན་གྱིས་རླབས་ཏེ་གསུངས་ལ། འདི་


TNT13_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ཀྱི་ཕྱག་ན་རྡོ་རྗེ་དང༌། རྡོ་རྗེ་སེམས་དཔའ་དོན་གཅིག་ཅིང༌། དེར་མ་ཟད་སེམས་དཔའ་བཅུ་དྲུག་གི་ནང་ན། རྡོ་རྗེའི་རིགས་ཀྱི་སེམས་དཔའི་མཆོག་ལས་ཐམས་ཅད་བྱེད་པ་པོ་དེ་ནི་ཕྱག་ན་རྡོ་རྗེ་ཉིད་དོ། །དེའི་ཕྱིར་ཕྱག་ན་རྡོ་རྗེ་ལ། སངས་རྒྱས་ཀུན་བས་སྔར་སངས་རྒྱས། ཅེས་སོགས་རྡོ་རྗེ་སེམས་དཔའ་ཡིན་པའི་སྒོ་ནས་བསྟོད་དོ། །དེ་བས་ན་སྔགས་ཀྱི་ལྷ་རྣམས་ལ། རྒྱུད་གང་གང་དུ་ཇི་ལྟར་བྱིན་རླབས་མཛད་པ་དང༌། སྒྲུབ་ལུགས་ཇི་ལྟར་བྱེད་ཀྱི་སྒོ་ནས་གཅིག་པ་དང་ཐ་དད་པའི་རྣམ་གཞག་བྱེད་དེ། དཔེར་ན་འཇམ་དཔལ་ལྟ་བུ་ཅིག་ཉིད་རྣམ་སྣང་གི་ཚུལ་དུ་སྒྲུབས་པའི་ཚེ། རྣམ་སྣང་དང་འཇམ་དཔལ་གཅིག་ལ། མི་བསྐྱོད་པ་དང་འཇམ་དཔལ་མི་གཅིག་པའི་ཐ་སྙད་དང༌། འཇམ་དཔལ་མི་བསྐྱོད་པར་སྒྲུབས་པའི་ཚེ། དེ་ལས་ལྡོག་པའི་རྣམ་གཞག་དང༌། སངས་རྒྱས་སུ་སྒྲུབ་པའི་ཚེ་བྱང་ཆུབ་སེམས་དཔའ་མ་ཡིན་པའི་རྣམ་གཞག་དང༌། བྱང་ཆུབ་སེམས་དཔར་སྒྲུབས་པའི་ཚེ་སངས་རྒྱས་མ་ཡིན་པའི་རྣམ་གཞག་དང༌། འཁོར་ལོའི་དབང་ཕྱུག་ཏུ་སྒྲུབས་པའི་ཚེ་འཁོར་མ་ཡིན་པ་དང༌། འཁོར་དུ་སྒྲུབ་པའི་ཚེ་དེ་མ་ཡིན་པ་དང༌། འཇམ་དཔལ་ཉིད་ཐུགས་ཀྱི་སྒྲུབ་པའི་ཚུལ་གྱིས་བསྒྲུབས་ན། ཐུགས་ཀྱི་རིགས་སུ་འགྱུར་ཞིང་ཐུགས་རྡོ་རྗེ་ཡིན་པ་དང༌། གསུང་དང་སྐུའི་སྒྲུབ་པས་སྒྲུབས་ཀྱང་དེ་དང་དེའི་རིགས་སུ་འགྱུར་བ་སོགས་ཀྱི་ཕྱིར། ཐ་མལ་གྱི་མི་ལ་སོགས་པ་དཔེར་བཞག་ནས། མ་སྐྱེས་དགྲ་དང་


TNT13_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ལྡན་ནི་གཅིག་ལ། དེ་དང་ཤར་པའི་བུ་མི་གཅིག་གོ་བསམ་པ་ལྟ་བུ་ཐ་མལ་གྱི་རྒྱས་བཀབ་མི་རུང་ངོ༌། །དེ་བས་ན་སྤྱི་ལྡོག་ནས་གསང་བདག་ཕྱག་ན་རྡོ་རྗེ་དང༌། རྡོ་རྗེ་སེམས་དཔའ་ལ་མཐའ་གཅིག་ཏུ་གཅིག་པ་དང་ཐ་དད་པ་མི་སྨྲ་ཡི། སྦྱོང་རྒྱུད་གསུངས་པའི་སྐབས་འདིར་རྒྱུད་གཅིག་སྟེ། དེ་ཉིད་གཙོ་བོ་རྣམ་པར་སྣང་མཛད་ཉིད་ཀྱི་རྣམ་འཕྲུལ་ཡིན་པའི་ཕྱིར་དང༌། རྡོ་རྗེ་སེམས་དཔའ་ཀུན་གྱི་ཁྱབ་བདག་ཡིན་པའི་ཕྱིར། རྡོར་སེམས་སྒོམས་ནས་སངས་རྒྱས་སྤྱན་མའི་སྔགས་བཟླ་བ་སོགས་ལ་ངན་པའོ་སྙམ་པའི་ལོག་རྟོག་འདི་བོར་ཤིག །དེ་ནི་བདག་བསྐྱེད་ཉིད་ལ་དཔྱད་པ་ཡིན་ལ། གཞན་ཡང་རྒྱུད་འདིར་ཉེར་སྒྲུབ་སོགས་ལ་སྨོས་ཅི་དགོས། བསྙེན་པ་ལ་ཡང་མདུན་བསྐྱེད་ཀྱི་བཟླས་པ་ཡོད་པས་བག་ཡོད་པར་བྱའོ། །དེ་བས་ན་རྒྱུད་ལས་ཕྱག་ན་རྡོ་རྗེའི་སྐུ་བོར་ཏེ། རྡོ་རྗེ་སེམས་དཔའི་སྐུར་ཞུགས་ཏེ། ཞེས་གསུངས་པ་སོགས་ཀྱང་སྔོན་བྱུང་གི་རྣམ་འཕྲུལ་ལ་དེ་ལྟར་བསྟན་ཞིང༌། དགོས་དོན་སྐབས་དེར་མེ་ལྟར་འབར་བ་རྡོ་རྗེ་སེམས་དཔའི་ཁྲོ་བོ་ཡིན་ཞིང༌། ཕྱག་རྡོར་ཉིད་དེའི་སྐུ་བཞེངས་པའི་ཕྱིར་ཡིན་པས། དེ་དག་གཅིག་པར་བྱིན་གྱིས་རླབས་པའི་དོན་ཡིན་ནོ། །གཉིས་པ་དོན་དམ་ཚད་མེད་ཀྱི་སྒྲུབ་ཆེན་ནི། ཕྱག་རྒྱའི་ཡེ་ཤེས་མཆོག་གི་སྒྲུབ་པ་ཞེས་བྱ་སྟེ། རྒྱུད་ཀྱི་རྒྱལ་པོ་འདི་ཉིད་ལས། །སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །བླ་ན་མེད་པ་རྟོགས་འགྱུར་བ། །རྒྱལ་བས་གསུངས་བའི་ཡེ་


TNT13_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་གང༌། །འདི་ནི་དཀྱིལ་འཁོར་སྙིངཔོར་གསུངས། །ཞེས་པ་སྟེ། སྤྱིར་བཏངས་སུ་བསྙེན་པ་སོགས་མཚན་བཅས་བཞི་པོ་སྔོན་དུ་སོང་བའི་སྒྲུབ་ཆེན་ཐ་མ་ལ་འདི་སྒོམ་པ་ཡིན། དབང་པོ་རྣོན་པོས་ཕྱིའི་ཉེར་སྒྲུབ་སོགས་མེད་པར་ཡང་འགྲུབ་བོ། །དེ་ཡང་དང་པོར་སྔགས་ལས་བསྐྱེད་པའི་ལྷའི་སྐུ་ལ་གསལ་སྣང་ཐོབ་པར་བྱ་ཞིང༌། གསལ་སྣང་དེ་ཡང་ཤིན་ཏུ་བརྟན་པ་ཐོབ་པར་བྱའོ། །དེ་ཡང་སྔོན་ནས་སྟོང་པ་ཉིད་ཀྱི་དོན་ལ་སེམས་རྩེ་གཅིག་པར་ནུས་པ་ཞིག་ཡིན་ན་ནི། སྐབས་དེར་ལྷ་སྐུའི་སྣང་བ་ལ་སྟོང་ཉིད་ཀྱི་རྒྱས་བཏབ་སྟེ་སྒོམས་པས། མི་རིང་བར་ལྷ་སྐུ་སྒོམ་པ་ན། སྟོང་པ་ཉིད་དུ་རང་ཤར་བ་དང༌། སྟོང་ཉིད་སྒོམ་ནའང་ལྷ་སྐུ་རྩོལ་མེད་དུ་འཆར་ཐུབ་པ་འབྱུང་ངོ༌། །ཡང་སྔར་སྟོང་ཉིད་ལ་རྩ་གཅིག་པ་མ་ཐོབ་ན། །ཐུན་རེ་ཙམ་རེ་སྔར་གྱི་རྒྱུན་ལས་ལྷ་སྐུ་སྒོམས་ཤིང༌། ཕལ་ཆེར་སྟོང་ཉིད་ཀྱི་དོན་གོ་བར་བྱས་ཏེ་དེ་ལ་དམིགས་ནས་རྩེ་གཅིག་ཏུ་སྒྲུབ་བོ། །འདི་ནི་སྔར་ལྷ་སྐུའི་སྟེང་དུ་གསལ་སྣང་དང་རྩེ་གཅིག་པ་སྒྲུབས་ཟིན་ཡིན་པས། གསལ་སྣང་དང་གནས་པ་དེའི་ཤུགས་ལས་སྐབས་འདིར་ཡང༌། སྟོང་ཉིད་ལ་ཡང་མྱུར་དུ་རྩེ་གཅིག་པ་དང་གསལ་སྣང་དུས་གཅིག་ཏུ་ཐོབ་པར་འགྱུར་རོ། །དེ་ནས་སྔར་བཞིན་རྒྱས་བཏབ་སྟེ་བསྒོམས་པས། ལྷ་སྐུ་དང་སྟོང་པ་ཟུང་འཇུག་ཏུ་འགྱུར་རོ། །དེ་ནས་ལྷ་སྐུ་གསལ་སྟོང་དེ་ཉིད་གསང་སྔགས་ཀྱི་ངོ་བོ་སྒྲུབ་པའི་ཕྱིར་དུ། ལྷ་སྐུའི་ཐུགས་ཀར་ཟླ་བ་ལ་སྔགས་ཕྲེང་གི་གཟུགས་བཀོད་ན། སྔགས་ཀྱི་སྒྲ་གཟུགས་གཉིས་ཀར་ལ་དམིགས་དགོས་ཤིང༌། །མ་བཀོད་ན་ལྷ་སྐུ་གསལ་སྟོང་


TNT13_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་སྔགས་ཀྱི་སྒྲ་རང་བཞིན་དུ་མོས་དགོས་པ་ཡིན་ཏེ། འོན་ཀྱང་སྔགས་ཀྱི་གཟུགས་བཀོད་པ་ཉིད་བཟང་ངོ༌། །དེ་ལྟར་དམིགས་ནས་ཡིད་བཟླས་སམ་འགོག་པའི་བཟླས་པ། ཁྲི་ཕྲག་གམ། འབུམ་ཕྲག་གམ། འབུམ་ཕྲག་དྲུག་གམ། བྱེ་བའི་བར་དུ་སྐལ་པ་དང་མཚམས་པར་བཟླས་པས་ལྷ་སྐུ་དང་སྟོང་པ་དེ་ཉིད་རིག་སྔགས་སུ་འགྲུབ་སྟེ། ནུས་མཐུ་དང་ཡོན་ཏན་དཔག་ཏུ་མེད་པའི་གཞི་འགྱུར་རོ། །འདི་ནི་བསྙེན་སྒྲུབ་ཕལ་པའི་དུས་ཀྱི་རྣལ་འབྱོར་མ་ཡིན་ཏེ། མཚན་མ་མེད་པའི་རྣལ་འབྱོར་ཡིན་ལ། དོན་དམ་སངས་རྒྱས་ཀྱི་ཡེ་ཤེས་དང་རྗེས་སུ་མཐུན་པའི་ཕྱིར། དོན་དམ་པའི་དཀྱིལ་འཁོར་གྱི་མིང་འདོགས་པ་དང༌། དངོས་གྲུབ་ཀྱི་སྙིང་པོ་ལེན་པའི་ཕྱིར་སྙིང་པོའི་དཀྱིལ་འཁོར་དང༌། ལྷ་སྐུ་ཕྱག་རྒྱ་ཆེན་པོ་དངོས་སུ་གྲུབ་བྱེད་ཡིན་པའི་ཕྱིར། །ཕྱག་རྒྱའི་ཡེ་ཤེས་ཞེས་རྒྱལ་བ་བཅོམ་འདས་ཀྱིས་གསུངས་སོ། །དེ་ཡང་སངས་རྒྱས་ཀུན་གྱི་ཡེ་ཤེས། སྐུ་སྣང་སྟོང༌། གསུང་གྲག་སྟོང༌། ཐུགས་གསལ་སྟོང་གསུམ་པོ་ངོ་བོ་གཅིག་ཏུ་འདྲེས་པའི་བྱང་ཆུབ་ཀྱི་སེམས། དོམ་དམ་གནས་ལུགས་བླ་ན་མེད་པ་དེ་ནི། སྐབས་འདིར་ལྷ་སྐུ་དང༌། སྔགས་དང༌། སྟོང་ཉིད་གསུམ་གྱི་སྒོ་ནས། རྣམ་པ་འདྲ་བ་ལམ་དུ་བྱས་ཏེ་རྟོགས་པར་འགྱུར་བ་ཡིན་ནོ། །རྣལ་འབྱོར་འདི་ལ་ཅུང་ཟད་བརྟན་པ་ཐོབ་ནས། རིགས་དྲུག་གི་དངོས་གྲུབ་སྒྲུབ་པ་ནི་འཁོར་ལོས་བསྒྱུར་བའི་དཀྱིལ་འཁོར་གྱི་སྐབས་ནས་འདི་སྐད་ཅེས། བདེ་བས་བདེ་བ་


TNT13_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ནས་ནི། །དཀྱིལ་འཁོར་བཞི་པོའི་དབུས་སུ་ནི། །ཀུན་ཏུ་བཟང་ངམ་བདེ་བ་ཆེར། །བདག་ཉིད་ཀྱིས་ཀྱང་སྒོམས་ནས་ཀྱང༌། །སྙིང་གར་ཧཱུཾ་ཞེས་བྱ་བསམས་ན། །རྡོ་རྗེ་སེམས་དཔའ་མཉམ་པར་འགྱུར། །དཔལ་ལྡན་ལས་རྣམས་ཀུན་བྱེད་ཅིང༌། །ཀུན་ཏུ་བཟང་པོར་བདག་ཉིད་འགྱུར། །དེ་ལྟར་འགྱུར་བར་ཐེ་ཚོམ་མེད། ༡ ཧཱུཾ་ལས་སངས་རྒྱས་གཟུགས་གྱུར་པས། །ཕྱག་ན་རྡོ་རྗེ་བདག་ཉིད་གྱུར། །སྙིང་གར་འཁོར་ལོ་རབ་བསྒོམ་ལ། །ཕྱག་ན་རྡོ་རྗེ་འདྲ་བར་འགྱུར། ༢ རྡོ་རྗེ་ཁྲོ་བོར་རྣམས་སྒོམས་ཏེ། སྙིང་གའི་དབུས་སུ་ཕཊ་ཅེས་བྱ། ཧཱུཾ་ཞེས་བྱ་བས་སྐོར་བསམ་ནས། ཁྲོ་བོ་སྟོབས་ཆེན་ཉིད་དུ་འགྱུར། ༣ རྡོ་རྗེ་བརྟན་པར་བདག་བསྒྱུར་ལ། །སྙིང་གར་ཨོཾ་ཞེས་བྱ་བ་ཡིས། །སྐོར་སའི་ཧཱུཾ་དང་ཏྲཾ་ལྡན་པར། །བསམས་ན་རིན་ཆེན་འདྲ་བར་འགྱུར། ༤ །རིན་ཆེན་སྒོམས་པ་སྙིང་གར་ནི། དབུས་སུ་ཏྲཾ་ཞེས་བྱ་བ་བསམ། །ཨོཾ་ཞེས་བྱ་བས་སྐོར་བསམས་ན། །ཕྱག་ན་པད་མོ་མཉམ་པར་འགྱུར། ༥།འཁོར་ལོ་རྒྱ་གྲཾ་ཧཱུཾ་ལྡན་པས། །ཨ་ཞེས་བྱ་བ་བསྐྱེད་ནས་ཀྱང༌། །ཨོཾ་ཞེས་བྱ་བས་སྐོར་བསམས་ན། །རྡོ་རྗེ་ལས་དང་མཉམ་པར་འགྱུར། ༦ ཞེས་གསུངས་ཏེ། འདི་ལ་སྔ་མ་འགའ་ཞིག་གི །བདེ་བས་བདེ་བ་བསྐྱེད་པའི་དོན། ནོར་གྱི་ལོངས་སྤྱོད་ལ་འཆད་པ་དང༌། མངོན་བྱང་ལྔ་ལས་ལྷ་བསྐྱེད་པ་ལ་འཆད་པ་དང༌། དཀྱིལ་འཁོར་བཞི་པོ་ཞེས་པ་འཁོར་ལོ་རྩིབས་བཞི་ལ་འཆད་


TNT13_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

པའང་ཡོད་མོད་ཀྱི། བཤད་པ་དེ་འདྲ་མི་ལེགས་སོ། །ཡང་ཁ་ཅིག་འཇིག་རྟེན་པའི་ལྷ་རྣམས་བོར་ཏེ། སངས་རྒྱས་རིགས་ལྔ་དང༌། སེམས་དཔའ་བཅུ་དྲུག་དང༌། སྐལ་བཟང་བཅུ་དྲུག་དང༌། ཉན་རང་གི་ས་ཆ་སྟེ། དཀྱིལ་འཁོར་རིམ་བཞིའི་དབུས་སུ་ལྷ་སོ་སོའི་སྒོམ་པ་ལ་འཆད་དེ། སྤྱིར་དེ་ལྟར་སྒོམ་པ་མི་འགལ་ཡང༌། གཞུང་དོན་ལ་འབྱོར་བ་ནི་མིན་པར་མངོན་ནོ། །དེ་ལྟ་ན་རྡོ་རྗེ་རིན་པོ་ཆེ་དང༌། རྡོ་རྗེ་ཆོས་དང༌། རྡོ་རྗེ་ལས་གསུམ་པོ་ལས་རེ་རེ་དཀྱིལ་འཁོར་གྱི་དབུས་སུ་བཞག་པའི་དཀྱིལ་འཁོར་རེ་རེ་སྟེ་དཀྱིལ་འཁོར་གསུམ་དང༌། རྡོར་སེམས་དང་ཕྱག་རྡོར་དང་ཁྲོ་བོ་གསུམ་ལ་དཀྱིལ་འཁོར་དབུས་སུ་རྡོར་སེམས་གཉིས་འགོད་པ་ཡིན་ལ། ཕྱག་རྡོར་རམ་ཁྲོ་བོ་ངོ་བོ་གཅིག་ཅིང༌། ཞི་དྲག་རྣམ་འགྱུར་མ་གཏོགས་ཁྱད་མེད་ལ། དེ་ཡང་རྡོར་སེམས་ལ་བརྟེན་ནས་སྒྲུབ་ན། སྒྲུབ་པ་པོའི་ང་རྒྱལ་དབུས་ཀྱི་རྡོར་སེམས་འཇུག་ཅིང༌། ཕྱག་རྡོར་དང་ཁྲོ་བོ་འཁོར་གྱི་ཚུལ་དང༌། ཡང་ཕྱག་རྡོར་དང་ཁྲོ་བོའི་དངོས་གྲུབ་སྒྲུབ་ན། སྒྲུབ་པ་པོའི་ང་རྒྱལ་ཤར་གྱི་ཕྱག་རྡོར་རམ་ཁྲོ་བོ་ལ་འཇུག་ཅིང༌། དབུས་ཀྱི་གཙོ་བོ་རྡོ་རྗེ་སེམས་དཔའ་མདུན་བསྐྱེད་ཀྱི་ཚུལ་དུ་བྱེད་པ་ཡིན་ནོ། །རྡོ་རྗེ་སེམས་དཔའ་དང༌། ཀུན་ཏུ་བཟང་པོ་དང༌། བདེ་བ་ཆེན་པོ་སྟེ་རྡོ་རྗེ་འཆང་རྣམས་སྐབས་འདིར་དགོས་དོན་གཅིག་པས་འདམ་ཁའོ། །དེ་གསུམ་འདམ་ཁ་ཡིན་པའི་ཕྱིར། དཀྱིལ་འཁོར་ཐ་དད་དུ་མི་བགྲོང་བས་གཅིག་ཏུ་བྱ་ལ། ཕྱག་རྡོར་ནི་ཞི་ཁྲོ་གཉིས་ཀྱང་རྣམ་པ་ཐ་དད་


TNT13_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་མོད། ངོ་བོ་གཅིག་པའི་ཕྱིར་དཀྱིལ་འཁོར་སོ་སོར་མི་འདྲེན་ནོ། །རྡོར་སེམས་སོགས་ཀྱི་དཀྱིལ་འཁོར་དང་ཕྱག་རྡོར་ཞི་ཁྲོའི་དངོས་གྲུབ་སྒྲུབ་པར་གཉིས། ང་རྒྱལ་འཇོག་ཚུལ་སོ་སོར་བྱུང་ཡང༌། དཀྱིལ་འཁོར་གྱི་རྣམ་པ་མི་འདྲ་བ་མེད་པའི་ཕྱིར། དཀྱིལ་འཁོར་ལོགས་པར་འཇོག་མི་ཐུབ་བོ། །དེས་ན་དེ་ལ་ནང་སེལ་མི་འདྲ་བ་དུ་མ་བྱུང་ཡང༌། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཞེས་གཅིག་ཏུ་བསྡུ་བས། སྔར་བཤད་པ་སེམས་དཔའ་གསུམ་གྱི་དཀྱིལ་འཁོར་དང༌། རྡོར་སེམས་ཀྱི་དཀྱིལ་འཁོར་ཏེ་དཀྱིལ་འཁོར་བཞིའོ། །དེས་ན་དཀྱིལ་འཁོར་བཞིའི། དེས་ན་དཀྱིལ་འཁོར་བཞི་པོ་ལས་གང་སྐབས་སུ་བབ་སྟཻ་སྒོམ་ཞེས་པ་ཡིན་ལ། འཁོར་ལོས་བསྒྱུར་བའི་དངོས་གྲུབ་མི་འདྲ་བ་དྲུག་ཡོད་ཀྱང༌། དབུས་ཀྱི་གཙོ་བོ་གང་གིས་མཛད་པའི་དཀྱིལ་འཁོར་མི་འདྲ་བ་བཞི་པོ་དེས་ཆོག་གི་དྲུག་མི་དགོས་པའི་དོན་ནོ། །ཡང་བདེ་བས་བདེ་བ་བསྐྱེད་པ་ཞེས་པ་ནི། གོང་དུ་བཤད་པའི་ཕྱག་རྒྱའི་ཡེ་ཤེས་བདེ་བ་དེ་ལ་མཉམ་པར་བཞག་པས། ཤིན་ཏུ་སྦྱངས་པའི་བདེ་བ་བསྐྱེད་པའམ། ཡང་ན་འདོད་ཡོན་གྱི་རོལ་པ་སྣ་ཚོགས་པས་བདེ་བའི་བོགས་འབྱིན་བྱས་པའི་དོན་ཡིན་ནོ། །དེས་ན་འདི་ལྟར་བྱ་སྟེ། ཕྱག་རྒྱའི་ཡེ་ཤེས་ལ་བརྟན་པ་ཐོབ་པའི་གང་ཟག་གིས། འཁོར་ལོས་བསྒྱུར་བའི་དཀྱིལ་འཁོར་བསྒོམ་ན། དཀྱིལ་འཁོར་ཡོངས་རྫོགས་སམ། འཇིག་རྟེན་འདས་པའི་དཀྱིལ་འཁོར་རམ། སྙིང་པོའི་དཀྱིལ་འཁོར་ལྷ་ལྔ་པ་གང་རུང་ཞིག་སྒོམ་ནས། ཐུགས་ཀར་ཟླ་བ་ལ་ས་བོན་མེ་ལྕེ་


TNT13_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བའི་རྣམ་པ་ཅན་བསྒོམས་ཏེ། དེའི་འོད་ཀྱི་རྡུལ་ཕྲ་རབ་ཀྱིས་མ་དག་པའི་གནས་ལུས་ལོངས་སྤྱོད་ཡང་ཡང་སྦྱངས། སྲོག་རྩོལ་སྡམས་ཏེ་རྩེ་གཅིག་པར་མཉམ་པར་བཞག་གོ །སྒྲ་གནས་དང་སྒྲ་མཐའི་ཏིང་ངེ་འཛིན་ཡང་སྒོམ་དགོས་ཏེ། སྦྱོང་རྒྱུད་སྤྱི་དང་འདྲའོ། དེ་དག་ལས་ལུས་སེམས་ཤིན་ཏུ་ཡངས་པ་དང༌། གསལ་སྣང་ཆེར་མཆེད་པ་དང༌། གཉིད་དང་བཤང་གཅི་དང་བཀྲེས་སྐོམ་དང་ངལ་དུབ་སོགས་སྤངས་པར་གྱུར་པ་དེའི་ཚེ། དབུགས་ཕྱིར་འགྲོ་བ་ན་སྙིང་གའི་ས་བོན་ཧཱུཾ་ལྟ་བུ་ལས་སྤྲོས་པའི་འོད་ཀྱིས། དག་མ་དག་གི་སྣོད་བཅུད་ཐམས་ཅད་སྦྱངས་ཏེ། ས་བོན་གྱི་ཡིག་འབྲུ་འབའ་ཞིག་ཏུ་གྱུར་པར་བསམ། ནང་དུ་འོང་བ་ན་དེ་ཐམས་ཅད་བ་སྤུའི་བུ་ག་ནས་ཞུགས་ཏེ། སྙིང་གའི་ཡི་གེ་ལ་ཐིམ། གནས་པ་ན་སྔགས་ཀྱི་འོད་དང་སྒྲས་རང་ལུས་དང་ཕྱི་རོལ་ཡིད་ཡུལ་དུ་འཆར་ཚད་ཁྱབ་པར་དམིགས་ཏེ་མཉམ་པར་བཞག་གོ །ཚུལ་འདི་བར་མ་ཆད་དུ་སྒོམས་པས། ཞག་བདུན་ཟླ་ཕྱེད་སོགས་ནས་ཟླ་བ་དྲུག་གི་བར་གྱིས་རྣམ་སྨིན་གྱི་ལུས་དག་ནས། ཡེ་ཤེས་ཀྱི་ལྷ་དང་རྣམ་པ་མཚུངས་པའི་རིག་འཛིན་དུ་འགྱུར་བས། འདི་ནི་རྒྱུད་སྡེ་འདི་རྣམས་ཀྱི་ལུགས་ལ་དངོས་གྲུབ་མཆོག་ཏུ་བཞེད་དོ། །མན་ངག་འདི་ནི་སྐབས་འདིར་ཀུན་ལ་སྦྱར་བར་བྱ་སྟེ། དཔལ་རྣམ་པར་སྣང་མཛད་དང༌། དཔལ་ཤཱཀྱ་ཐུབ་པ་དང༌། ཚེ་དཔག་མེད་ལ་སོགས་པ་ལའང་སྦྱར་བར་བྱ་རྒྱུ་ཡིན་ལ། འཁོར་ལོས་བསྒྱུར་བའི་དཀྱིལ་འཁོར་གྱི་སྐབས་སུ་བཤད་པ་


TNT13_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྡོར་སེམས། ཀུན་བཟང༌། བདེ་བ་ཆེན་པོ་གསུམ་གང་དུ་སྒོམས་ཀྱང་རུང་དམིགས་རྟེན་ཐུགས་ཀར་ཟླ་བ་ལ་ཧཱུཾ་ཁོ་ན་ཡིན་ལ། ཕྱག་ན་རྡོ་རྗེ་ལ་ནི། རང་ཉིད་བྷྲཱུཾ་ལས་བྱུང་བའི་རྣམ་སྣང་ཡོངས་སུ་གྱུར་པ་ལས། ཧཱུཾ་དང་དེ་ལས་བྱུང་བའི་ཕྱག་རྡོར་ཐུགས་ཀར་དམིགས་རྟེན་འཁོར་ལོའི་སྟེང་དུ་ཧཱུཾ་ངོ༌། ཁྲོ་བོ་སྒོམ་ན་ཐོག་མ་ཕྱག་རྡོར་ཞི་བ་ཡིན་པ་ལས། ཕྱིས་ཁྲོ་བོ་མེ་ལྟར་འབར་བ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པར་འགྱུར་ནས། དམིགས་རྟེན་སྙིང་གར་ཟླ་བ་ལ་ཕཊ་ཡིག་དང་མཐའ་བསྐོར་ཧཱུཾ་གི་ཕྲེང་བས་བསྐོར་བ་སྒོམ་མོ། །རྡོ་རྗེ་བརྟན་པ་སྟེ་ནམ་མཁའི་སྙིང་པོའམ། རྡོ་རྗེ་རིན་ཆེན་དུ་སྒོམས་ནས་སྙིང་གར་ཟླ་བའི་དབུས་སུ་ཧཱུཾ། ཧཱུཾ་གི་ཀླད་སྐོར་གྱི་ནང་དུ་ཏྲཾ་བསམ་པའམ། ཧཱུཾ་གི་མཐའ་སྐོར་དུ་ཏྲཱཾ་གི་ཕྲེང་བ་དང༌། དེའི་ཕྱི་རོལ་དུ་ཨོཾ་ཡིག་གི་འཕྲེང་བས་བསྐོར་བའོ། །ཡང་རྡོ་རྗེ་ཆོས་སུ་སྒོམས་ནས། ཐུགས་ཀར་ཟླ་བ་ལ་ཧ་ཡིག་གམ། ཧྲཱིཿཡིག་ཨོཾ་གྱི་ཕྲེང་བས་བསྐོར་བ་བསྒོམ། ཡང་རང་ཉིད་རྡོ་རྗེ་ལས་སུ་སྒོམ་ནས། སྙིང་གར་འཁོར་ལོའི་སྟེང་དུ་རྡོ་རྗེ་རྒྱ་གྲམ། དེའི་ལྟེ་བར་ཧཱུཾ། ཧཱུཾ་གི་ཀླད་སྐོར་གྱི་ནང་དུ་ཨ། ཧཱུཾ་གི་མཐའ་བསྐོར་དུ་ཨོཾ་གྱི་འཕྲེང་བས་བསྐོར་བ་བསྒོམ་མོ། །རྡོ་རྗེ་སེམས་དཔའ་ཕྱག་རྡོར་ཞི་བ། ཕྱག་རྡོར་ཁྲོ་བོ། རྡོ་རྗེ་རིན་ཆེན། རྡོ་རྗེ་ཆོས། རྡོ་རྗེ་ལས་ཏེ། དེ་ལྟར་ན་འཁོར་ལོས་བསྒྱུར་བ་དྲུག་གོ །འདིར་རྒྱུད་སྡེ་གོང་མ་དང་བསྟུན་ནས་རིག་ལྔའི་དབང་དུ་བྱས་ན། རྡོར་སེམས་སོགས་གསུམ་རྡོ་རྗེའི་རིགས་དང༌།


TNT13_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྡོར་དང་ཁྲོ་བོ་འཁོར་ལོའི་རིགས་སུ་བསྡུ། རིགས་བཞིའི་དབང་དུ་བྱས་ན། ལས་དང་རིན་ཆེན་གཅིག་ཏུ་བསྡོམ་པ་སོགས་ཡིན་མོད་ཀྱི། འདི་སྤྱོད་རྒྱུད་ཡིན་པའི་ཕྱིར། སྐབས་འདིར་རིགས་བཞི་རིགས་ལྔའི་དབྱེ་བ་རྩལ་འདོན་དུ་བཤད་མི་དགོས་ཤིང༌། འགོག་པར་ཡང་མི་བྱེད་དེ་དོན་སྒྲུབ་པའི་ཕྱིར་རོ། །གཉིས་པ་བྱ་བའི་རིམ་པ་ལ། རྒྱུད་འདིར་ལས་ཐོར་བུ་བ་མང་པོ་མ་གསུངས་ཤིང༌། འཁོར་ལོས་བསྒྱུར་བ་དང༌། མེ་ལྟར་འབར་བའི་ནང་ནས། སྦྱིན་སྲེག་ལ་སོགས་པའི་ལས་བཞི་སྒྲུབ་ཚུལ་གསལ་བར་གསུངས་ཏེ། རྒྱུད་ཉིད་དང་སྦྱིན་སྲེག་གི་ཆོ་ག་རྣམས་སུ་རྙེད་པར་སླའོ། །གཤིན་པོའི་དོན་གཙོ་བོར་གྱུར་པ་སྡིག་སྦྱོང་གི་ལས་ནི། སྐབས་འདིར་སྡིག་སྦྱོང་གི་སྒོ་ལ། ཤཱཀ་ཐུབ་སྐུའི་དཀྱིལ་འཁོར་གྱི་སྐབས་ནས། སྐྱེས་པ་བུད་མེད་དམ། ལྷ་ཀླུ་གནོད་སྦྱིན་སྲིན་པོ་སོགས་མི་དང་མི་མ་ཡིན་གང་ཡིན་ཀྱང་རུང༌། རོ་དང་གཟུགས་བརྙན་དང༌། མིང་བྱང་གསུམ་གང་ཡང་རུང་བ་ལ། སྔགས་བཟླས་པ་དང༌། དབང་བསྐུར་བ་དང༌། སྦྱིན་སྲེག་བྱེད་པ་གསུམ་གསུམ་གྱིས་དབྱེ་བས་སྡིག་སྦྱོང་མི་འདྲ་བ་དགུ་གསུངས་ལ། ཚེ་དཔག་མེད་དང༌། འཁོར་ལོས་བསྒྱུར་བའི་མཚམས་ཀྱི་བར་ཁོག་ལས། གསོན་པོ་ལ་དཀྱིལ་འཁོར་དུ་འཇུག་པས་དབང་བསྐུར་བ་དང༌། སྒོམ་བཟླས་བྱེད་པ་གཉིས་གསུངས་ཤིང༌། དེས་སྡིག་སྦྱོངས་སུ་མ་ཟད་ཚེ་དང་བསོད་ནམས་འཕེལ་བར་ཡང་བཤད་ལ། གཤིན་པོ་ལ་མིང་བྱང་དང༌། གཟུགས་བརྙན་དང༌།


TNT13_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྟེན་དང༌། ལྷ་སྐུ་དང༌། དེའི་བུ་དང༌། རུས་པ་སོགས་ལུས་ཀྱི་ཆ་ཤས་དང༌། མི་རིགས་རུས་གཅིག་པ་དང༌། བྲན་གཡོག་དང༌། མིང་གཅིག་པ་སྟེ། དབང་བསྐུར་བའི་ཡུལ་དགུ་ལ་དབང་བསྐུར་བར་བཤད་དོ། །འདི་སྐབས་ཀྱི་ལྷ་སྐུ་ནི་བསྒྲུབ་བྱ་དེས་བསྟན་པའི་འཇིག་རྟེན་འཇིག་རྟེན་འདས་པའི་ལྷ་གང་ཡང་རུང་བའི་སྐུ་གཟུགས་ཡིན་ལ། དེའི་གསལ་ཁ་མེད་ན། སྒྲུབ་པ་པོ་རང་ཉིད་ཀྱི་འདོད་པས། ཡེ་ཤེས་ལྷའི་སྐུ་འདྲ་བྱས་ནས། བསྒྲུབ་བྱ་དེའི་མིང་ནས་བརྗོད་ཅིང་དེའི་ངོ་བོར་བསམ་ནས་དབང་བསྐུར་བ་ཡིན་ནོ། །རིགས་རུས་མཐུན་པ་སྨོས་པས་ཉེ་དུ་ཐམས་ཅད་བསྡུ་ལ། བྲན་སྨོས་པས་གྲོགས་པོ་ཡང་བསྟན་པ་ཡིན་ནོ། །དེ་ཡང་དང་པོར་ཡི་དམ་ལ་གནང་བ་ཞུ་བའི་བསྙེན་པ་སྐྱར་མ་ཁ་གསོའི་ཚུལ་དུ་བྱས་ནས། རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ཏེ། ཐུན་རེ་བཞིན་མཆོད་པ་དང་བཟླས་བ་མང་དུ་བྱ་ཞིང༌། ཞག་བདུན་གྱི་བར་དུ་ཐུན་གསུམ་མམ། ཐུན་བཞིར་བསྟེན་དེ་དང་དེ་ལ་དབང་བསྐུར་བ་ཡིན་ལ། དབང་ཇི་ཙམ་བསྐུར་བའི་ཚད་ནི། འཇུག་པ་རྒྱས་པ་སྔོན་དུ་འགྲོ་བས། དངོས་གཞི་ཡོངས་རྫོགས་འགྲུབ་ན་ལེགས་ལ། བསྡུ་ན་སྔགས་དབང་དང༌། བུམ་པ་དང༌། ཕྱག་རྒྱའི་དབང་ཙམ་གྱིས་ཀྱང་ཆོག་གོ །འོག་ཏུ་འཆད་པར་འགྱུར་བ་ཀུན་རིག་གིས་སྐབས་ཀྱི་དབང་རྣམས་ཀྱང་འདིས་རིགས་འགྲེའོ། །ཡང་སྔགས་བཟླས་པས་སྡིག་སྒྲིབ་སྦྱོང་བའི་སྒོ་ཡང་གསུངས་ཏེ། དཀྱིལ་འཁོར་བྲིས་ཀྱང་རུང་མ་བྲིས་ཀྱང་རུང༌། བསྡུ་ན་བདག་བསྐྱེད་དཔའ་བོ་གཅིག་པས་


TNT13_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཆོག །སྔགས་རེ་རེའི་མཐར། བསྒྲུབ་བྱ་འདི་ཞེས་བྱ་བའི་སྡིག་པ་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱཧཱ། ཞེས་བཏགས་པ་འབུམ་ཕྲག་གཉིས་ནས། བྱེ་བ་དང༌། དུང་ཕྱུར་གྱི་བར་དུ་བཟླ་བར་ཡང་གསུངས་ཏེ། གྲངས་མང་ཉུང་སྡིག་པ་ཆེ་ཆུང་གི་ཁྱད་ཀྱིས་ཡིན་ནོ། །འདི་ནི་བཟླས་སྒོམ་ཙམ་ལ་བརྟེན་ནས་ཚེ་འདས་ཀྱི་སྡིག་པ་སྦྱོང་ཚུལ་ཡིན་ཏེ། གྲངས་མི་འདྲ་བ་རྣམས་ནི། ངན་སོང་དུ་སྐྱེས་ཟིན་པ་སྡིག་པ་ཆུང་འབྲིང་ཆེ་གསུམ་དང༌། མཚམས་མེད་གཅིག་བྱས་པ་ནས། མཚམས་མེད་མང་དུ་བྱས་པའི་བར་གྱི་སྡིག་སྦྱོང་ལ་དགོངས་པའོ། །དེ་ལྟར་ན་གསོན་པོ་ཁོ་ནའི་སྡིག་སྦྱོང་གཉིས་དང༌། དབང་བསྐུར་བའི་ཡུལ་དགུ་དང༌། སྒོམ་བཟླས་ཁོ་ནའི་སྡིག་སྦྱོངས་ཏེ། གཤིན་པོའི་སྡིག་སྦྱོང་བཅུ་ཡོད་ལ། གསོན་གཤིན་གཉིས་ཀར་ལ་ཞི་བའི་སྦྱིན་སྲེག་གསུངས་ཞིང༌། དེ་དག་ལའང་ལུས་དང་འབྲེལ་བ་དང༌། མིང་དང་འབྲེལ་བ་གཉིས་གཉིས་ཏེ་བཞི་ཡོད་དོ། །དེ་ལྟར་ན་འཁོར་ལོས་བསྒྱུར་བའི་སྐབས་ནས། སྡིག་སྦྱོང་གི་སྒོ་བཅུ་དྲུག་གསུངས་སོ། །ཡང་གཙོ་ཆེ་བའི་སྡིག་སྦྱོང་གི་སྒོ་རྣམས་ཀུན་རིག་གི་སྐབས་ནས་གསུངས་ཏེ། དེ་ཡང༌། དེ་བཞིན་དཀྱིལ་འཁོར་བྲིས་ནས་ཀྱང༌། ཞེས་སོགས་ཀྱི་དང་པོ་ཤི་བའི་རོ་ལ་དབང་བསྐུར་བ་སྟེ། ཆུ་དབང་བསྐུར་བའི་བུམ་པ་ལ་སྔགས་བརྒྱད་བརྒྱ་བཟླ་བར་གསུངས་སོ། །དེ་ཡང་མཆོད་རྟེན་གྱི་ཆོ་གས་མཆོད་རྟེན་བཞེངས་ནས། མཆོད་རྟེན་གྱི་ནང་ངམ་ཕྱི་ངོས་སུ་བྲིས་མའམ་འབུར་ལས་སངས་


TNT13_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་སྐུ་གཟུགས་བྱ། དེའི་ཐུགས་ཀར་ལྷ་དེ་ཉིད་དམ། རྩ་རིག་སོགས་རྒྱུད་འདིའི་ལྷའི་སྔགས་བྲིས། དེ་ལྟ་བུ་ལ་རབ་གནས་ཀྱི་དུས་སུ་ཀུན་རིག་གི་དཀྱིལ་འཁོར་བྲིས་ཤིང་དབང་བསྐུར་བ་རྒྱས་པར་བྱས་ནས། ལྷ་ཁང་ངམ། ཕྱུར་བུའམ། སྐྱེད་མོས་ཚལ་ལ་སོགས་པ་དབེན་པར་བཞག་ལ་ཉིན་རེ་བཞིན་མཆོད་པ་དང༌། བཟླས་པ་བྱ་སྟེ་བཟླས་པ་འབུམ་ལ་སོགས་པས་འགྲུབ་བོ། །དེ་ཡིས་མིང་ནས་སྨོས་ནས་སུ། ཞེས་སོགས་ཀྱིས་བཞི་པ་ཚ་ཚ་གདབ་པའི་སྒོ་ནས་སྡིག་པ་སྦྱོང་བ་སྟེ། གུར་གུམ་གྱི་རྩ་རིག་སོགས་ཀྱི་མཐར་སྒྲུབ་བྱའི་མིང་སྤེལ་བ་དང་བཅས་པ་བྲིས། གཟུངས་རིལ་དེ་ཚ་ཚའི་ནང་དུ་འཇུག་ཅིང༌། ཚ་ཚའི་ཆོ་ག་ནི་སྤྱི་དང་འདྲ། དེ་ལྟ་བུའི་མཆོད་རྟེན་འབུམ་འདེབས་ཏེ། རེ་རེ་བཞིན་ཡི་གེ་བྲི་བ་མ་གྲུབ་ནའང༌། ཇི་ལྟར་འོས་པས་མགོ་དྲངས་ནས་སྔགས་ངག་ནས་བཟླ་བ་དང༌། ཡིད་ཀྱི་དམིགས་པས་ཀྱང་རུང་ངོ༌། །ཚ་ཚ་ཟིན་པ་ན། སྙིང་པོ་བྱེ་བ་བཟླས་པས་ཐེ་ཚོམ་མེད་པར་ངན་སོང་ལས་ཐར་རོ། །དེ་ཡི་མིང་ནས་བརྗོད་ནས་ནི། ཇི་སྐད་གསང་པའི་སྔགས་བཟླས་ཤིང༌། ཞེས་སོགས་ཀྱིས་ལྔ་པ་སྒོམ་བཟླས་ཁོ་ནས་སྡིག་པ་སྦྱོང་བ་བསྟན། འདིར་ཡང་གྲངས་མང་མཐའ་དུང་ཕྱུར་དང༌། ཉུང་མཐའ་འབུམ་དུ་གསུངས་པར། ཁ་ཅིག་རྩ་རིག་དང་སྙིང་པོ་གང་ཡིན་གྱིས། རུང་བར་འཆད་ཀྱང་རྩ་རིག་ཉུང་མཐའ་འབུམ་གཅིག་དང༌། སྙིང་པོ་མང་མཐའ་དུང་ཕྱུར་ཡིན་པར་གསལ་ལོ། །དེ་ཡི་མིང་ནས་བརྗོད་ནས་ཀྱང༌། །མཁས་པས་འབུམ་ཕྲག་བརྒྱའམ་ནི། །ཞེས་སོགས་ནི་དྲུག་པ་སྦྱིན་སྲེག་གི་སྡིག་པ་སྦྱོང་བ་སྟེ། དེ་ཡང་བསྲེག་རྫས་ཉུང་མཐའ་


TNT13_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་ནས། མང་མཐའ་བྱེ་བ་དང་དུང་ཕྱུར་གྱི་བར་འབུལ་བར་བཤད་ལ། བསྲེག་རྫས་ཀྱང་ཏིལ། ཡུངས་ཀར། འབྲས། རའི་འོ་མ། དྲི་བཟང་གི་བྱུགས་པའི་ཡམ་ཤིང་སོགས་འབུལ་བ་ཡིན་ཞིང༌། མེ་ལྷ་ཉིད་ཀྱི་ཞལ་སྟོན་པའམ། མེ་དཀར་པོ་གཡས་སུ་འཁྱིལ་བ་སོགས་སྡིག་པ་འདག་པའི་རྟགས་ཀྱང་འབྱུང་བར་བཤད་དོ། །སྐུ་བཞི་པ་ཡི་ཚད་ཀྱི་ནི། ཞེས་སོགས་ཀྱི་བདུན་པ། །རོ་བསྲེག་གི་སྒོ་ནས་སྡིག་པ་སྦྱོང་བར་གསུངས་སོ། །ཕྱག་ན་རྡོ་རྗེ་པདྨ་ཞགས་པ་བསྣམས། ཞེས་སོགས་ཀྱིས་བརྒྱད་པ་ཁྲོ་བོའི་ལས་ཀྱི་སྡིག་སྦྱོང་སྟེ། གཤེད་འབྲེལ་དགོས་པའི་རིགས་ལ་འདི་བཟང་བར་འདོད་དོ། །དེ་ཡང་ཕྱག་རྡོར་དང་འཇིག་རྟེན་གསུམ་རྒྱལ་གྱིས་བྲིས་སྐུའི་མདུན་དུ། སྒྲུབ་བྱ་དེའི་ལུས་ཀྱི་རྫས་དང་འབྲེལ་བའི་སྦྱིན་སྲེག་འབུམ་ནས་བྱེ་བའི་བར་དུ་ཕུལ་ནས། ཐལ་བ་ལས་སྐུ་གཟུགས་བཞེངས་པའམ། ཚ་ཚ་བཏབ། དེ་ལ་སྔགས་འབུམ་ཕྲག་གཉིས་བཟླས་པས་འབར་བར་འགྱུར་བ་སོགས་བཤད་དོ། །འཕྲོས་དོན་གོང་འོག་ཀུན་དུ་སྦྱོར་རྒྱུ་ལ། ཡང་ན་གཟུགས་ཀྱི་འཛུམ་པའམ། ཞེས་སོགས་ནི། སྒྲུབ་བྱ་དེ་ལྷར་སྐྱེས་ཤིང་ཕྱིར་མི་ལྡོག་པ་ཐོབ་པའི་རྟགས་སོ། །ཡང་ན་མེད་པར་འགྱུར་ན་ཡང༌། ཞེས་སོགས་ཀྱི་ལུས་དང་འབྲེལ་བའི་རྫས་མེད་ཀྱང་མིང་བྱང་ངམ། ཚ་ཚའམ། གཟུགས་བྱང་ལ་དབང་བསྐུར་བ་དང༌། མིང་གཟུགས་ཀྱི་བྱང་བུ་སྦྱིན་སྲེག་ཏུ་བསྲེགས་པས་ཀྱང༌། སྡིག་པ་ཤས་ཆུང་བ་རྣམས་ངན་འགྲོ་ལས་གྲོལ་ནས་བདེ་འགྲོར་སྐྱེའོ་ཞེས་པའོ། །དེང་སང་མིང་བྱང་བསྲེག་པའང་འདི་ལ་


TNT13_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

བསམས་པར་སྣང་ལ། ཐལ་བ་ཡུངས་ཀར་བྱེ་མ་སོགས། ཞེས་པས་དགུ་པ་བྲབས་རྫས་ཀྱི་སྒོ་ནས་སྡིག་པ་སྦྱང་བ་སྟེ། མིང་ངམ་གཟུགས་སམ་ཚ་ཚའམ་མཆོད་རྟེན་ནམ། ལྷའི་སྐུ་གཟུགས་ཡིན་ཡང་རུང་སྟེ། སྐྱེད་མོས་ཚལ་ལམ་གཙང་ཁང་ངམ། ཡང་དོག་སོགས་སུ་བཞག་ནས། སྒོམ་བཟླས་སྔོན་དུ་འགྲོ་བའི། བྲབས་རྫས་ལ་གཟུངས་ཐག་བཞག །སྔགས་བཟླ་སྟེ། བུམ་བཟླས་ཀྱི་རིགས་བསྒྲེས་ན་སྔགས་ཐམས་ཅད་བརྒྱ་རྩ་རེ་བཟླ་བའམ། སྤྱིར་ནི་རྩ་རིག་དང་སྙིང་པོ་མང་དུ་བཟླ་ཞིང༌། བྲབས་སྔགས་གཞན་རྣམས་ཀྱང་ཇི་ལྟར་འོས་པ་བཟླ་སྟེ། སྔགས་བརྒྱ་རྩ་བརྒྱད་ལ་སོགས་པའི་བར་དུ་བྲབས་པར་བྱའོ། །རྫས་དམན་པ་དེ་རྣམས་ཕྱག་ཏེ། རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་དོར་ལ། རྟེན་དེ་ཉིད་ལྷར་བསྐྱེད་ཅིང་བཟླས་པ་དང༌། མཆོད་པ་ཅུང་ཟད་རེ་བྱའོ། །དེ་ལྟར་ཉིན་རེ་བཞིན་ཐུན་བཞིའམ་གསུམ་མམ། མ་མཐའ་ཡང་ཐུན་རེ་བྱ་ལ། དེ་འདྲ་ཟླ་བ་དྲུག་ལ་སོགས་པས་ངེས་པར་ངན་འགྲོ་ལས་ཐར་བར་འགྱུར་རོ། །དེ་ལྟར་མང་དུ་གསུངས་པ་དེ་ཐམས་ཅད་ཀྱི་དོན་བསྡུས་ན། སྡིག་སྦྱོང་བདུན་དུ་འདུ་སྟེ། དབང་བསྐུར་བ་དང༌། བཟླས་པ་དང༌། ཕྱིར་བཟློག་དང༌། སྦྱིན་སྲེག་དང༌། མཆོད་རྟེན་འདེབས་པ་དང༌། ཚ་ཚ་དང༌། རྟེན་མེད་ན་ཇི་ལྟར་བྱ་བ་སྟེ་བདུན་ནོ། །ཞེས་གོང་མ་རྣམས་གསུངས་ཡང༌། མཐའ་ཅིག་ཏུ་ངེས་པ་མེད་པ་འདྲའོ། །ཀུན་རིག་གི་སྐབས་འདི་ནས་ནི། ཤི་བའི་ལུས་དང༌། གཟུངས་བྱང་དང༌། མིང་བྱང་དང༌། མཆོད་རྟེན། ལྷ་ཅན། ཚ་ཚ་འདེབས་པ་དང༌། སྒོམ་བཟླས་རྐྱང་པ་དང༌། སྦྱིན་སྲེགས་དང༌། རོ་བསྲེགས་


TNT13_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཁྲོ་བོའི་ལས་དང༌། བྲབས་རྫས་ཀྱིས་སྦྱངས་བ་སྟེ། རྐང་ཚུགས་པའི་སྡིག་སྦྱོང་གི་སྒོ་བཅུའམ། གཟུགས་བྱང་མིང་བྱང་གཅིག་ཏུ་སྡོམས་ན་དགུར་འགྱུར་ལ། གཟུགས་མིང་ཚ་ཚ་གསུམ་ལ་དབང་བསྐུར་བ་དང༌། གཟུགས་མིང་གཉིས་སྦྱིན་སྲེག་ཏུ་བྱེད་པ་སྟེ། ཞོར་བྱུང་ཕྲ་མོ་ལྔ་བསྣན་པས་བཅུ་བཞིའམ་བཅོ་ལྔའོ། །འདི་དག་ཐམས་ཅད་ལ་ཡང་དཀྱིལ་འཁོར་དང་འབྲེལ་བ་རྣམས་དཀྱིལ་འཁོར་གྱི་ཆོ་ག་བཞིན་དང༌། མ་འབྲེལ་བ་རྣམས་ལའང་སྔོན་འགྲོ་གཏོར་མ་དང༌། མཆོད་པ་བྱིན་རླབས་དང༌། བསྲུང་འཁོར་ནས་བརྩམས་ཏེ་བདག་བསྐྱེད་དང༌། གཏོར་མ་དང༌། བགེགས་བསྐྲད་པ། བྱུར་བསལ་བ་རྣམས་སོ་སོའི་ལས་ཀྱི་སྔོན་ལ་འཇུག་ཅིང༌། སོ་སོའི་འཇུག་ཏུ་ཡང་སྐབས་དང་འཚམ་པའི་རྗེས་ཆོག་རྒྱས་པའམ། མཆོད་བསྟོད་སྨོན་ལམ་གདབ་པ་སོགས་ཇི་ལྟར་འོད་པ་བྱའོ། །རྒྱུད་ཀྱི་དགོངས་པ་དངོས་ནི། ཇི་སྐད་བཤད་པ་དེ་དག་ལས་གང་ཡང་རུང་བ་རེ་རེས་ཆོག་ལ། གལ་ཏེ་མི་འདྲ་བ་མང་དུ་བྱེད་ནའང་བྱེད་པ་པོ་སོ་སོས་སྒྲུབས་ཏེ། ལས་རེ་རེ་རྐང་ཚུགས་པར་བྱེད་པ་ཉིད་ཡིན་ལ། བྱེ་བ་དུང་ཕྱུར་སོགས་དང་ཚ་ཚ་མང་པོ་སོགས་ནི་ལས་གཅིག་ལའང་བྱེད་པ་པོ་དུ་མས་རུང་ངོ༌། །ད་ལྟའི་ལྷོ་སྒོའི་ཆོ་ག་ནི་སྦྱིན་སྲེག་དང་མཆོད་རྟེན་སོགས་སྐབས་དེར་མི་འགྲུབ་པ་འགའ་ཞིག་མ་གཏོགས། ཐམས་ཅད་ནས་སྣ་ཚང་ཙམ་འདུས་པ་སྡིག་སྦྱོང་གི་སྒོ་ཀུན་གྱི་འདྲ་འབག་ལམ་བྱེད། བོད་ཡུལ་གྱི་སྐྱེ་བོ་རྣམས་ཀྱི་མིག་སྔར་མཛེས་ཆོས་ཙམ་དུ་སྒྲིགས་པར་ནི་སྣང་ལ། འོན་ཀྱང་སྔགས་དང་ཚིག་གི་བྱིན་རླབས་འཇུག་པས་ཕན་


TNT13_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཡོད་ཅིང༌། ཁྲིགས་བཀོད་བྱེད་པ་པོ་རྣམས་ཀྱང༌། སྐྱེས་བུ་མཆོག་ཏུ་གྱུར་པ་ཡིན་པའི་ཕྱིར། མི་སྨད་ཅིང་ལག་ལེན་དུ་གདབ་པར་བྱ་བ་ནི་ཁོ་ནའོ། །དེ་ལྟར་ན་ད་ལྟ་ཐམས་ཅད་བྱེད་པའི་ལྷོ་སྒོའི་ཆོ་ག་ནི་རྒྱུད་ལས་གསུངས་པ་དེའི་འདྲ་འབག་ཙམ་ཡིན་པ་བཞིན་དུ། དེང་སང་གི་ཆོག་སྒྲིགས་བདག་བསྐྱེད་མདུན་བསྐྱེད་རྣམས་ཀྱང༌། སྒྲུབ་པའང་སྒྲུབ་ཆེན་གྱི་འདྲ་འབག་ཡིན་ལ། དབང་ལེན་པ་ཡང་ལས་ལ་སྦྱོར་བའི་འདྲ་འབག་གམ། གཤིན་པོའམ་སློབ་མའི་དོན་དུ་ཡིན་པར་ཡང་འདོད་དོ། །དེས་ན་དཀྱིལ་འཁོར་ཆེན་པོའི་ལས་རིམ་བསྙེན་སྒྲུབ་བཞི་པོ་མ་བཤད་པའི་རྒྱུད་ཀྱང་རེ་རེ་ཙམ་ཧལ་ཧོལ་རེ་ཐོས་པས་སྔགས་ལ་མཁས་སོ་སྙམ་མངོན་པའི་ང་རྒྱལ་ཅན་ཁ་ཅིག་བདག་ཅག་གི་བསྙེན་པ་རྒྱས་པའི་སྒྲུབ་མཆོད་བྱེད་དོ་ཞེས་སྨྲ་མོད། སྒྲུབ་མཆོད་སྐབས་ཀྱི་བདག་བསྐྱེད་རྒྱས་པ་དེ་བསྙེན་པ་དངོས་ཀྱང་མ་ཡིན། རྗེས་མཐུན་པ་ཡང་མ་ཡིན། འདྲ་འབག་ཀྱང་མ་ཡིན་པས་དེ་ལས་བསྙེན་རྒྱས་ཀྱི་ཐ་སྙད་སྦྱོར་བ་ཤིན་ཏུ་འཁྲུལ་ལ། གལ་ཏེ་བསྙེན་པ་ཡིན་ན་སྒྲུབ་པའི་ཐ་སྙད་མི་རུང་བ་ལ་སྒྲུབ་མཆོད་ཅེས་སྒྲུབ་པའི་མིང་ཡང་བཏགས་ནས། བསྙེན་རྒྱས་ཀྱི་སྒྲུབ་མཆོད་ཟེར་བ་འདི། བསྙེན་པའི་སྒྲུབ་པ་ཞེས་པར་སོང་བའི་ཕྱིར། བསྙེན་པ་དང་སྒྲུབ་པའི་དབྱེ་བ་ཙམ་ཡང་མ་བྱེད་པ། གསང་སྔགས་ཀྱི་བརྡ་ཆད་རགས་པ་ཙམ་ལ་ཡང་ཕྱོགས་མགོ་མ་ཐིང་པའི་བླུན་རྟགས་དབྱངས་སུ་གྱེར་བ་ཡིན་ནོ། །ད་ནི་སློབ་མ་ལ་དབང་བསྐུར་བའི་བྱ་བའི་རིམ་པ་ནི་འདི་ཙམ་ཞིག་སྟེ། ཁྱད་པར་ནི་ལྷ་སྟ་གོན་གྱི་སྐབས་བྲིས་སྐུ་དང་


TNT13_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེ་བ་མི་དགོས་ལ། ལྷ་དང་བུམ་པ་སྟ་གོན་ལ་སོགས་པའི་ཉིན་མོ་དེ་ཉིད་དམ། དུས་སྐབས་གཞན་ལ་ཡང་རུང་སྟེ། སློབ་མ་རྣམས་ཁྲུས་བྱས་ཏེ་འཁོད་པ་ལ། ཁ་ཅིག་གསང་སྔགས་གྲུབ་དོན་གཉེར། ཞེས་སོགས་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་བསྐྱེད། སྔར་སྐྱབས་འགྲོ་སེམས་བསྐྱེད་མ་བླངས་ན་ལྟ་ཅི་སྨོས། སྔར་བླངས་ཀྱང་གསོ་བ་དང་གསལ་འདེབས་པའི་དོན་དུ། སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཆོ་ག་རྒྱས་པ་ཕོག །མི་ནུས་པའམ་ལོང་མེད་ན་གོང་རྒྱུན་བཤགས་ཀྱི་སྐབས་སུ་འབྱུང་བར་ཙམ་བྱ། བུ་ཚུར་ཐེག་པ་ཆེན་པོ་ཡི། སོགས་སྔགས་ལ་སྤྲོ་བ་བསྐྱེད་བཛྲ་སཏྭ་ཀྲོ་དྷའི༴ སྔགས་བཟླས་པའི་སྤོས་ཆུ་སློབ་མ་ལ་བསངས་གཏོར་བྱེད་ཅིང༌། བསངས་ཆུས་སྦགས་པའི་ལག་པ་སློམ་མའི་མགོ་ལ་བཞག་ནས་སྔགས་དེ་ལན་བདུན་བཟླས། དེ་བཞིན་དུ་བདུད་རྩི་འཁྱིལ་བའི་སྔགས་ཀྱིས་ཀྱང་བྱ། དེ་ནས་སློབ་མ་ལ་དྲི་ཆབ་དང༌། སྤོས་དང༌། མར་མེ་རྣམས་འབུལ། །མཆོད་པའི་སྤྲིན་གྱིས་གཟུངས་ཀྱིས་བྱིན་གྱིས་རླབས། ལས་ཐམས་ཅད་པའི་སྔགས་གྱིས་སོ་ཤིང་སྦྱིན། ཧཱུཾ་བཞི་པའི་སྔགས་ཀྱི་མཎྜལ་བྱས། ཛི་ན་ཛི་ཀ ཞེས་མང་དུ་བཟླས་པས་སོ་ཤིང་དོར། ལས་ཐམས་ཅད་པའི་སྔགས་ཀྱི་ཁྱོར་ཆུ་སྦྱིན། སཏྭ་ཀྲོ་དྷའི་སྔགས་ཀྱིས་བསྔགས་པའི་དཔུང་སྐུད་ཀྱང་སྤྱི་དང་མཐུན་པར་བཅིངས་ནས། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཅེས་སོགས་ཟབ་མོའི་ཆོས་བཤད། ལས་ཐམས་ཅད་པས་བསྔགས་པའི་ཀུ་ཤ་སྔས་དང་གདན་གྱི་དོན་དུ་སྦྱིན།


TNT13_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སློབ་མ་ལྷ་ལ་ཕྱག་འཚལ་དུ་གཞུག་སྟེ། དེ་དག་ནི་སློབ་མ་སྟ་གོན་ནོ། །དེ་ནས་ནུབ་མོ་སློབ་མ་ལ་དབང་བསྐུར་བའི་དངོས་གཞིའི་ཉིན་མོ་གཏོར་མ་གཏོང་བ་ཡན་ཆད་ཟིན་ནས། སློབ་མའི་སྒྲིབ་པ་སྦྱངས་ཤིང་བསོད་ནམས་བསྐྱེད་པའི་དོན་དུ། དཀྱིལ་འཁོར་གྱི་ལྷ་རྣམས་སྦྱིན་སྲེག་གིས་མཉེས་པར་བྱ་ལ། དེ་ནས་མཚན་མོ་སློབ་མ་དཀྱིལ་འཁོར་ཁང་པའི་སྒོ་དྲུང་དུ་འདུག་པས། མཎྜལ་འབུལ་ཞིང༌། དགའ་ཆེན་ཁྱོད་བདག༴ སོགས་ཀྱི་གསོལ་བ་བཏབ། སླར་ཡང་རྒྱུན་བཤགས་བཞིན་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སྨོན་ལམ་འདེབས་སུ་བཅུག །ཟླ་བ་རྡོ་རྗེའི་སེམས་བསྐྱེད་སྤྱི་དང་མཐུན་པར་བྱ། ཐེག་པ་ཆེན་པོ་ཆེར་འབྱུང་བའི། སོགས་དང༌། ཡོད་དང་མེད་ལས་རྣམ་པར་འདས། །ནམ་མཁའ་བཞིན་དུ་དྲི་མ་མེད། །ཟབ་མོ་རྣམ་རྟོག་ཐམས་ཅད་ཀྱིས། །རབ་ཏུ་མི་རྟོག་གནས་མེད་པ། །སྤྲོས་པ་ཀུན་དང་བྲལ་བ་སྟེ། །སྤྲོས་པ་རྣམས་ཀྱི་རྣམ་པར་སྤྲོས། །ལས་དང་བྱ་བ་ལ་སོགས་བྲལ། །བདེན་པ་གཉིས་ལ་གནས་པ་ཡི། །ཐེག་པ་རབ་ཀྱི་མཆོག་འདི་ནི། །ཚུལ་ལ་གནས་ན་ཐོབ་པར་འགྱུར། །ཞེས་ཟབ་མོའི་ཆོས་བཤད། བཛྲ་སཏྭ་ཀྲོདྷའི་སྔགས་ཀྱི་བསྲུང་བ་བྱའོ། །དེ་རྗེས་རྒྱུད་ལས་བརྟུལ་ཞུགས་སྡོམ་པ་སྦྱིན་ཞེས་འབྱུང་བས། བསླབ་པའི་གནས་ལྔ་དང༌། མི་དགེ་བ་བཅུ་སྤོང་པ་ལ་སོགས་པ། སྔར་མ་བླངས་བའི་སྡོམ་པའི་ཁྱད་པར་ཡོད་ན་སྦྱིན་ཞིང༌། སྤྱིར་གཉིས་ཀའི་རྒྱུད་སྡེའི་ལུགས་ཙམ་ལ་དགོས་པ་མིན་ཡང༌། རྒྱུད་འདིར་དབང་དངོས་གཞི་རྣམས་ཕལ་ཆེར་རིགས་ལྔ་ལ་


TNT13_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ཏེ་བསྐུར་བར་སྣང་བས། རིགས་ལྔའི་སྡོམ་བཟུང་བྱས་ན་ཡང་མི་ལེགས་པ་མེད་པར་མངོན། དེ་ནས་སློབ་དཔོན་གྱི་རྩ་རིག་བཟློས་བཞིན་དུ། སློབ་མ་ལ་མིག་དར་བཏང༌། རྡོ་རྗེ་འཛིན་མའི་ཕྱག་རྒྱ་འཆར་བཅུག་ནས། ཨོཾ་བཛྲ་ཨ་དྷི་ཏིཥྛ་ཧཱུཾ། མེ་ཏོག་གཏད། ཨོཾ་བཛྲ་ས་མ་ཡ་ཧཱུཾ། ཞེས་ཁྲིད་ནས། ཨོཾ་བཛྲ་པྲ་བེ་ཤཱ་ཡ་ཧཱུཾ། ཞེས་ཡོལ་བའི་ནང་དུ་བཅུག ཨོཾ་ཨཾ་ས་མཻ་ཏྲི་ས་མེ་མཧཱ་ས་མ་ཡེ་སྭཱཧཱ། ཞེས་ལུས་ངག་ཡིད་གསུམ་དང༌། སྐུ་གསུང་ཐུགས་མཉམ་པ་ཉིད་དུ་མོས་པ་བྱེད་དུ་བཅུག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གི་སློབ་མ་བཞུགས་པར་བགྱི། སོགས་བདེན་སྟོབས་བརྗོད་དུ་གཞུག དེ་ནས། སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར། །བདག་ལ་ཐུགས་བརྩེར་དགོངས་ནས་ནི། །འགྲོ་ལ་ཕན་ཕྱིར་གཙོ་ཆེན་གྱིས། །སྨན་པར་དགོངས་ཏེ་བཞེས་སུ་གསོལ། ཨོཾ་བཛྲ་པྲ་ཏི་གྲྀཧྞ་ཧཱུཾ། ཞེས་མེ་ཏོག་གཏོར། ཨོཾ་པྲ་ཏིཥྟ་བཛྲ་ས་མ་ཡ་སྟྭཾ། ཞེས་མེ་ཏོག་མགོ་ལ་བཅིང༌། མིག་དར་བསལ། ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལ་ཧྲཱིཿཏྲཾ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས་སོགས་ཀྱིས་ལྟ་བར་བསྐུལ། ལྷ་ངོ་རྒྱས་པར་བསྟན་ནོ། །སློབ་མའི་སྙིང་གར། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ། ཨོཾ་བཛྲ་ས་མ་ཡ་ཧཱུཾ་ཕཊ། ལན་མང་དུ་བཟླས་སློབ་དཔོན་གྱི་རྡོ་རྗེའི་ཕྱག་རྒྱ་བཅས་པ་སློབ་མའི་སྙིང་གར་གཏུག་ལ། ཨོཾ་བཛྲ་ས་མ་ཡ་ཧྲཱི་ད་ཡ་མི། པྲ་བེ་ཤ་དྲྀ་ཌྷ་ཏིཥྛ་ཧཱུཾ་ཕཊ། ལན་གསུམ། འདི་


TNT13_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་འབེབས་པའི་དོད་ཡིན་མོད་ཀྱང༌། ཡེ་ཤེས་དབབ་པ་དངོས་སྤྱོད་རྒྱུད་ལ་མི་དགོས་སོ། །མནའ་ཆུ་བླུད་དོ། །འདི་ནི་ཁྱོད་ཀྱིས་དམྱལ་བའི་ཆུ། སོགས། ཤོ་ལོ་ཀ་གསུམ་གྱིས་དམ་ལ་བཞག །ཁྱོད་ཀྱི་སྲོག་ཆགས་བསད་མི་བྱ༴ ནས། སྔགས་སོགས་དེ་བཞིན་ནོ། ཡིས་བར་གྱིས་དམ་ཚིག་སྒྲགས་སོ། །དེ་ནས་དབང་གི་དངོས་གཞི་ལ། སརྦ་བིད་ཀྱིས་ཇི་བཞིན་དབང་བསྐུར་ཏེ། ཞེས་གསུངས་པའི་དོན། འོག་ནས་འབྱུང་བའི་དབང་རྣམས་ཀུན་རིག་ཉིད་ཀྱིས་དབང་བསྐུར་བའི་དམིགས་པ་བྱེད་པར་འཆད་པའང་ཡོད་མོད་ཀྱི། བླ་མ་གོང་མ་རྣམས་སྔགས་དབང་གི་དོན་དུ་མཛད་ལ། རྒྱུད་བསྒྱུར་བ་པོས་ཀྱང་སྔགས་དབང་ཡིན་པར་བསམ་ནས། སརྦ་བིད་ཅེས་པ་བོད་སྐད་དུ་མ་བསྒྱུར་བར། རྒྱ་སྐད་རང་སོར་བཞག་པ་ཡིན་ནོ། །དེས་ན་གྲོ་ག་ལ་སོགས་པའི་ཤོག་ཤོག་ལ་གུར་གུམ་མམ་གྷི་ཧཾ་གིས། རྩ་རིག་བརྒྱད་པའམ་སྔགས་བཅུ་གསུམ་བྲིས། དཀྱིལ་འཁོར་སྒྲུབ་པའི་སྐབས། དཀྱིལ་འཁོར་གྱི་སྒོ་ནང་དུ་བཞག་ཅིང༌། བཟླས་པ་རྣམས་ཀྱང་དེ་ལ་ཟུར་གྱི་དམིགས་ནས་བྱ་བ། སྐབས་འདིར་དེ་བླངས་ཏེ་བླ་མས་ཚར་གསུམ་ཀློག །སློབ་མས་ཀྱང་ཚར་གསུམ་ཀློག་དུ་བཅུག།དེ་ནས་དྲི་བཟང་གི་ཆུས་དཀྲུས་ལ་བུམ་པར་བླུག །རྩ་རིག་གམ་སྙིང་པོ་བརྒྱ་རྩ་བཟླས། སྔགས་གཞན་རྣམས་ཀྱང་ཅུང་ཟད་བཟླས་ནས། སློབ་མའི་སྤྱི་བོ་ནས་བླུག་འཐུང་དུ་གཞུག་ཅིང༌། སློབ་དཔོན་གྱིས་སྔགས་རྣམས་བཟློས། །དེ་ནས་བཟླས་ལུང་སྤྱི་དང་མཐུན་པར་སྦྱིན་པ་ནི་སྔགས་ཀྱི་དབང་བསྐུར་བ་སྟེ། བྱིན་རླབས་གནད་ཤིན་ཏུ་ཆེ་བའི་ཟབ་མོ་ཡིན་ནོ། །དེ་ནས་དབང་བུམ་ལྔ་པོས་རིམ་བཞིན་


TNT13_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་ཏེ། ཨོཾ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ། ཞེས་པ་ལ་སོགས་པ་སྟེ་བུམ་པའི་དབང་ངོ༌། །རིགས་ལྔའི་ཕྱག་རྒྱ་སྤྱི་འགྲོ་དེ། །སྤྱི་བོ་དང་དཔྲལ་བ་ལ་སོགས་པའི་གནས་ལྔར་གཏུགས་ཏེ། ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ། སོགས་ཅོད་པན་གྱི་དབང་སྟེ། འདི་ལ་དབུ་རྒྱན་མི་དགོས། རིན་པོ་ཆེ་དང༌། མེ་ཏོག་གི་ཕྲེང་བ་མགོ་ལ་བཅིངས། ཨོཾ་རཏྣ་མཱ་ལ་ཡ་ཨ་བྷི་ཥིཉྩ་ཏྲཾ་ཏྲཾ་ཏྲཾ་ཏྲཾ་ཏྲཾ། ཕྲེང་བའི་དབང་ངོ༌། དར་རམ་རས་སྐྲ་མཚམས་སུ་བཅིངས། ཨོཾ་བཛྲ་པཊྚ་ཧོ་ཨ་བ་ལཾ་བྷི་ནི་ཨ་བྷི་ཥིཉྩ་ཏྲཾ། རིགས་ལྔའི་ཕྱག་མཚན་ལག་ཏུ་གཏད་ལ། ཨོཾ་བུདྡྷ་མུ་དྲ་ཨ་བྷི་ཥིཉྩ་ཨོཾ། སོགས་ཕྱག་རྒྱའི་དབང་ངོ༌། ཨོཾ་བུདྡྷ་ནཱ་མ་ཨ་བྷི་ཥིཉྩ་ཨོཾ། སོགས་དང༌། མེ་ཏོག་གང་ལ་ཕོག་པའི་ལྷའམ་རྡོ་རྗེ་སེམས་དཔའ་ཞེས་བརྟགས། མིང་གི་དབང་ངོ༌། །སྣ་ཚོགས་རྡོ་རྗེ་གཏད་ལ། ཨོཾ་བཛྲ་ཀརྨ་ཨ་བྷི་ཥིཉྩ་མཾ། ལས་བཞིའི་དབང་ངོ༌། །འཁོར་ལོ་གཏད་ལ། ཨོཾ་བཛྲ་ཙཀྲ་ཨ་བྷི་ཥིཉྩ་ཧཱུཾ་བྷྲཱུཾ། ཆོས་འཁོར་བསྐོར་བའི་དབང་ངོ༌། །དེ་ནས་རྣམ་རྒྱལ་བུམ་པའི་ཆུ་ནས་བཅུས་ཏེ། བུམ་པ་གཞན་ནམ་དུང་ཆོས་ལ་སོགས་པས་དབང་བསྐུར། ཨོཾ་བུདྡྷ་ཙཀྲ་ཨདྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཨོཾ་ཨོཾ་ཨོཾ། སོགས་བདག་པོའི་དབང་ངོ༌། །ལྷ་མོ་ལྔའི་སྐུ་གཟུགས་སམ་ཕྱག་མཚན་མགོ་བོར་གཏུགས་པའམ་ལག་ཏུ་གཏད་ལ། ཨོཾ་བུདྡྷ་དྷ་ར་ཎི་ཨ་བྷི་ཥིཉྩ་ཨོཾ། ལ་སོགས་པ། གཟུངས་ཀྱི་དབང་སྟེ། སྔགས་ཀྱི་སྟོབས་ལས་འདོད་པའི་ཡོན་ཏན་ལ་ལོངས་སྤྱོད་ཅིང༌། །ལྷ་ཡབ་ཡུམ་གྱི་སྔགས་ཕན་ཚུན་གཅིག་གིས་གཅིག་ལ་བོགས་འབྱིན་པར་བྱེད་པའི་དོན་ནོ། ཨོཾ་བུདྡྷ་གུ་ཧྱ་ཨ་བྷི་ཥིཉྩ་ཨོཾ་སོགས། འདི་ལ་དབང་རྫས་མི་དགོས། གལ་ཏེ་བྱེད་ན་རིགས་


TNT13_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི་སྐུ་གཟུགས་བསྟན་ནོ། །འདི་ནི་གསང་བའི་དབང་བསྐུར་བ་སྟེ། ལྷ་དང་སྣང་བ་ཐམས་ཅད་ཡེ་ཤེས་ཀྱི་རྣམ་རོལ་དུ་ཤེས་དགོས་པའི་ཕྱིར་རོ། །དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས། སོགས་དང༌། ཨོཾ་པྲཛྙཱ་ཨུ་པ་ཡ་ས་མ་ཡོ་ག་ཨ་བྷི་ཥིཉྩ་ཧཱུཾ། ཞེས་རྡོ་རྗེ་དང་རྡོ་རྗེས་མཚན་པའི་དྲིལ་བུ་གཏད་དོ། །དེ་ནི་སྔགས་ཀྱི་སྤྱོད་པ་ཐམས་ཅད་སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་ཟུང་དུ་འབྲེལ་བར་སྒོམ་དགོས་པའི་དོན་ཏེ། རྡོ་རྗེ་དྲིལ་བུའི་དབང་བསྐུར་རོ། །དེ་ནས་རྒྱལ་སྲིད་སྣ་བདུན་གྱི་གཟུགས་བརྙན་སྟེར་ཏེ་ཤིས་པ་བརྗོད། སློབ་མའི་སྤྱི་བོར་རྡོ་རྗེ་བཞག་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ཛྙཱ་དྱ་དཱ་སྱ་མི་གྲྀཧྞ་བཛྲ་སུ་སིདྡྷི་ཡེ། ཨོཾ་བཛྲ་ཏིཥྟ་ཧཱུཾ། སྔགས་དང་རྒྱུད་རྣམས་འཛིན་འགྱུར་པའི། །སློབ་མ་འདི་ནི་འབུལ་བ་ལགས། ཞེས་སློབ་མ་ལྷ་ལ་གཏད། དེ་རིང་དཀྱིལ་འཁོར་སློབ་དཔོན་འགྱུར། སོགས་བཀའ་བསྒོ། བཀའི་དབང་ངོ༌། །དེ་ནས་སློབ་མས་སློབ་དཔོན་ལ་ཡོན་རྒྱ་ཆེར་འབུལ། དཀྱིལ་འཁོར་ལའང་མཆོད་པ་བྱའོ། །སྐབས་དེར་མི་ནུས་ན་དམིགས་པས་འབུལ་ཞིང༌། མཆོད་སྟོད་བྱའོ། དེ་ནས་ཚེ་འདིའི་བདེ་བ་མ་ལུས་དང༌། ཞེས་སོགས་སློབ་དཔོན་གྱིས་སློབ་མ་ལ་གདམས་ངག་བྱའོ། །དེ་ཙམ་གྱིས་ནི་སློབ་མ་ལ་དབང་བསྐུར་བའི་ཆོ་ག་མ་ཚང་བ་མེད་ཅིང་མ་ལྷག་ལ་ཅུང་ཟད་ཀྱང་མ་ནོར་བའོ། །རྒྱུད་རྒྱལ་གཟི་བརྗིད་རྟག་པ་འོ་མའི་ཆུ་གཏེར་སྣ་ཚོགས་བཅུད་ལྡན་དེ། །རྣམ་དཔྱོད་ནོར་རྒྱས་སྲུབ་ཐག་དག་གིས་རྒྱལ་བའི་སྨོན་ལམ་རི་དབང་གང༌། །བརྩོན་འགྲུས་སྟོབས་ཀྱི་སྒྲིལ་ཞིང་སྲུབས་ལས་ལེགས་བཤད་སྟོབས་


TNT13_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

འབར་ཉིན་བྱེད་འཁྲུངས། །དེ་ལས་སྲིད་འདིར་མུན་ཚོགས་དྲུང་ནས་ཕྱུངས་ཤིང་རབ་དགའི་སྣང་བར་གྱུར། །ཞེས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་རྟོག་པའི་རྒྱུད་དོན་མངོན་རྟོགས་དོན་འགྲེལ་ཁྱད་འཕགས་འདི་ཡང༌། ཏཱ་ར་ནཱ་ཐས་བར་སྐབས་སུ་ཅུང་ཟད་བརྗོད་པའོ།། །།ཞུ་དག མངྒ་ལཾ། །དུས་ཀྱི་འཁོར་ལོ་བླ་མ་དབྱེར་མེད་ལ། །གུས་པས་སྐྱབས་གསོལ་འདིར་བསགས་རབ་དཀར་མཐུས། ཤམྦྷ་ལ་རུ་རིགས་ལྡན་སྲས་གྱུར་ཏེ། །བསྟན་འགྲོ་ཡོངས་ལ་རླབས་ཆེན་ཕན་ཐོགས་ཤོག །ཅེས་པའང་མ་ཏིས་སོ། །


previousསྦྱོང་རྒྱུད་ཀྱི་སྙིང་པོའི་དོན་ཉི་མའི་སྟོབས་འབར།next