ཕམ་པར་འགྱུར་བ་གསུམ་པ་བཤད་པ།
འདུལ་བ་རྣམ་པར་འབྱེད་པ། བམ་པོ་བརྒྱད་པ། ཕམ་པར་འགྱུར་བ་གསུམ་པའི་སྤྱི་སྡོམ་ལ། བྲན་པ་དང་ནི་བདག་ཉིད་དང་། །དུག་དང་རོ་ལངས་བསྲོ་ཁང་ངོ་། །སྡོམ་ལ། བྲན་པ་དང་ནི་སྐྱོང་བ་དང་། །མཆུ་ཅན་དང་ནི་ཤི་རི་ཀ། ལྷུང་བཟེད་དང་ནི་ཆོས་གོས་དང་། །མངལ་ན་གནས་དང་ཚོང་དཔོན་ནོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་
བཞུགས་སོ། །མཉན་ཡོད་ན་དགེ་སློང་བྲན་པ་དང་སྐྱོང་བ་ཞེས་བྱ་བ་ཕན་ཚུན་གཏམ་འདྲེས་པ། ཕེབས་པར་སྨྲ་བ། འགྲོགས་བཤེས་སྨོས་འདྲིན་མཐུན་པར་བརྗོད་པ་གཉིས་ཤིག་འཁོད་དོ། །ཇི་ཙམ་དུས་གཞན་ཞིག་ན་སྐྱོང་བ་ན་བར་གྱུར་ནས་དེའི་ནད་གཡོག་བྲན་པ་བྱེད་པ་ན། སྐྱོང་བས་མཚན་མོ་སྒྲ་བསྒྲག་པར་བརྩམས་པ་དང་། བྲན་པས་སྨྲས་པ། ཚེ་དང་ལྡན་པ་སྐྱོང་བ་ཅིའི་ཕྱིར་སྒྲ་སྒྲོགས་པར་བྱེད། སྐྱོང་བས་སྨྲས་པ། ཁོ་བོ་བཀྲེས་སོ། །སྐོམ་མོ། བྲན་པས་སྨྲས་པ། ཚེ་དང་ལྡན་པ་སྐྱོང་བ་རབ་ཏུ་བྱུང་བའི་སེམས་ཉེ་བར་གཞག་པར་གྱིས་ཤིག །གལ་ཏེ་ད་ལྟར་སྨན་ཡོད་དུ་ཟིན་ཀྱང་རེ་ཞིག་བྱིན་ལེན་སྟོབས་པ་ཡང་མེད་ན། ཁྱོད་ལ་སྨན་ལྟ་སྨོས་ཀྱང་ཅི་དགོས་ཏེ་མེད་དོ། །སྐྱོང་བ་དེ་སོ་སོར་རྟོག་པ་མི་མངའ་བ་ཡིན་པས་དེ་ཁོ་བོ་སྐོམ་མོ། །བཀྲེས་སོ། །ཞེས་སྒྲ་སྒྲོགས་བཞིན་པ་ལས་ནམ་ནངས་པ་དང་། བྲན་པས་སྨྲས་པ། ཚེ་དང་ལྡན་པ་སྐྱོང་བ་ཁོ་བོས་སྨན་པ་ལ་དྲིས་ཏེ་འོང་གི་བར་དུ་ཁྱོད་ཀྱིས་རེ་ཞིག་སོ་ཤིང་འོར་ཅིག །བྲན་པས་སྨན་པའི་གན་དུ་སོང་ཏེ་སྨྲས་པ། བཞིན་བཟང་གཞོན་ནུ་ཞིག་ན་ན་དེ་ལ་འཕྲོད་པའི་སྨན་སྟོན་ཅིག །སྨན་པས་སྨྲས་པ། འཕགས་པ་དགེ་སློང་དེའི་སྨན་ནི་འདི་དང་འདི་ལྟ་བུ་ལགས་སོ། །བྲན་པ་སྨན་པའི་གན་དུ་ཇི་སྲིད་སོང་བ་དེའི་ཚེ་ན། ཚེ་དང་ལྡན་པ་སྐྱོང་བ་ཁྲི་ལས་ལངས་ཏེ། ཤམ་ཐབས་གྱོན་ནས་འདག་རྫས་དང་རི་ལ་བ་སྤྱི་བླུགས་དང་སོ་ཤིང་ཐོགས་ཏེ་བང་རིམ་དུ་བྱུང་ནས། སོ་ཤིང་དོར་པར་བརྩམས་པ་དང་། དེ་ལ་དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་སྐྱོང་བ་ཅིའི་ཕྱིར་མཚན་མོ་ཏེ་བོར་སྒྲ་སྒྲོགས་པར་བྱེད། སྐྱོང་བས་སྨྲས་པ། ཚེ་དང་ལྡན་པ་དག་ཁོ་བོ་ཏེ་བོར་སྐོམ་པ་དང་། བཀྲེས་པར་གྱུར་ཏོ། །དེ་ནས་དགེ་སློང་ཞིག་གིས་སྨྲས་པ། ཚེ་དང་ལྡན་པ་སྐྱོང་བ་ཁོ་བོ་ལ་ཆུའི་ཐུག་པ་ཡོད་ན་ཅི་མི་འཐུང་ངམ། སྐྱོང་བས་སྨྲས་པ། མ་ནོངས་ཀྱིས་བཏུང་ངོ་ཞེས་དེས་དེ་འཐུངས་སོ། །དགེ་སློང་གཞན་དག་གིས་སྨྲས་པ། ཁོ་བོ་ཅག་ལ་འོ་ཐུག་དང་། ཞོ་ཐུག་དང་། འཁུར་བ་དང་། ཤ་དང་། སྤྱན་གཟིགས་དག་ཡོད་ན་
ཅི་མི་ཟའམ། སྐྱོང་བས་དགེ་སློང་དེ་དག་ལས་ཚངས་པ་མཚུངས་པར་སྤྱོད་པ་རྗེས་སུ་བསྲུང་བ་དང་བརྐམ་ཆགས་ཉིད་ཀྱིས་ཅུང་ཟད་ཅུང་ཟད་ལོངས་སྤྱོད་པ་དང་། ཧ་ཅང་ཟས་དྲགས་ནས་དེ་གློས་ཕབ་སྟེ་ཉལ་ལོ། །བྲན་པ་ཡང་སྨན་པ་ལ་དྲིས་ནས་མྱུར་བ་མྱུར་བར་འོངས་ཏེ་དེ་ནས་སྨན་པས། ཇི་སྐད་བསྟན་པའི་སྨན་སྦྱར་ཏེ་སྨྲས་པ། ཚེ་དང་ལྡན་པ་སྐྱོང་བ་ལོངས་ལ་སོ་ཤིང་འོར་ཅིག །སྐྱོང་བས་སྨྲས་པ། བོར་ཟིན་ཏོ། །བྲན་པས་སྨྲས་པ། མ་ཉེས་སོ་ཞེས་དེས་དཀྱིལ་འཁོར་བྱུགས་ཤིང་སྣོད་དང་ཁ་གཟར་བྱི་དོར་བྱས་ཏེ། ལོངས་ལ་ཟོ་ཞིག་ཅེས་སྨྲས་པ་དང་། སྐྱོང་བས་དེ་རྗེས་སུ་བསྲུང་བས་ལངས་སོ། །བྲན་པས་སྨན་བྱིན་ལེན་བྱེད་དུ་བཅུག་སྟེ་ཕུལ་བ་དང་། སྐྱོང་བས་ཁ་གཟར་དོའམ་གསུམ་བཀང་སྟེ་ཟོས་ནས། གློས་ཕབ་སྟེ་ཉལ་ལོ། །བྲན་པས་སྨྲས་པ། ཚེ་དང་ལྡན་པ་སྐྱོང་བ་ཅིའི་ཕྱིར་མི་ཟ། སྐྱོང་བས་སྨྲས་པ། ཁོ་བོ་མི་འདོད་དོ། །བྲན་པས་སྨྲས་པ། ཁྱོད་ཀྱིས་མཚན་ཐོག་ཐག་ཏུ་ཁོ་བོ་བཀྲེས་སོ། །སྐོམ་མོ་ཞེས་ཁོ་བོ་ལ་མཐོ་བཙམས་ན། ད་ནི་ཁྱོད་མི་འདོད་དོ་ཞེས་ཟེར་ན། ད་ཁྱོད་དུས་ལ་བབ་བོ། །དགེ་སློང་རྣམས་ཀྱིས་བྲན་པ་ལ་སྨྲས་པ། ཚེ་དང་ལྡན་པ་བྲན་པ་འདི་ལ་བག་བྱོས་ཤིག །འདིས་ཁོ་བོ་ཅག་ལས་ཆུའི་ཐུག་པ་དང་། འོ་ཐུག་དང་ཞོ་ཐུག་དག་འཐུངས་ཤིང་། འཁུར་བ་དང་། ཤ་དང་སྤྱན་གཟིགས་དག་ཟོས་སོ། །བྲན་པས་སྨྲས་པ། ཚེ་དང་ལྡན་པ་སྐྱོང་བ་ཁྱོད་ཀྱིས་དེ་ལྟ་བྱས་པ་བདེན་ནམ། སྐྱོང་བ་ཉེས་པ་དང་བཅས་པས་ཡིད་བསྒྱངས་ཏེ་སྨྲས་པ། བྱས་སོ། །བྲན་པས་སྨྲས་པ། ཁོ་བོ་ལྷུང་བཟེད་ཟད་ཟད། ཆོས་གོས་དེངས་དེངས། དགེ་བའི་ཕྱོགས་ཉམས་ཉམས་སུ་ཁྱོད་ཀྱི་ནད་གཡོག་བྱེད་ན། ཁྱོད་དེ་ལྟར་མི་མཐུན་པ་བྱེད་པས་ཁྱོད་ཀྱིས་དུག་ཟོས་པར་གྱུར་པ་ནི་བླའི། དེ་ལྟར་མི་མཐུན་པ་ཟོས་པ་ནི་མ་ཡིན་ནོ། །སྐྱོང་བ་ངོ་ཚ་ནས། བདག་གི་ཚངས་པ་མཚུངས་པར་སྤྱོད་པ་ཟེར་བ་བཟང་སྟེ། འདི་ལྷུང་བཟེད་ཟད་ཟད། ཆོས་གོས་དེངས་དེངས། དགེ་བའི་ཕྱོགས་ཉམས་ཉམས་སུ་བདག་གི་ནད་གཡོག་བྱེད་ན། བདག་དེ་ལྟར་མི་མཐུན་པ་བྱེད་པས་བདག་
གིས་དུག་ཟོས་པ་ནི་བླའི། དེ་ལྟར་མི་མཐུན་པ་བྱེད་པ་ནི་མ་ཡིན་པས། བདག་གིས་དུག་ཟའོ་སྙམ་དུ་བསམས་ནས། དེ་ལངས་ཏེ་སྣོད་དུ་བརྟགས་པར་བརྩམས་པ་དང་། དེས་པར་བུར་སྣོད་ན་དུག་གི་དུམ་བུ་མཐོང་ནས། དེས་དེ་ཟོས་པ་དང་། དེ་དུག་གིས་ཡོངས་སུ་འཁྲུགས་པར་གྱུར་པའི་སེམས་ཀྱིས་འཆི་བར་བརྩམས་ཏེ། ཁ་ཆུ་འཛག །མིག་འགྱུར། བཞིན་བསྒྱུར་ཞིང་འདི་སྐད་ཅེས་བྲན་པ་ཁོ་བོ་ཤིའོ། །ཁོ་བོ་ཤིའོ་ཞེས་ཀྱང་ཟེར་རོ། །བྲན་པས་ཐོས་ནས། དེ་བརྟན་ཅིང་མྱུར་བ་མྱུར་བར་སྨྲས་པ། ཚེ་དང་ལྡན་པ་སྐྱོང་བ་ཅིའི་ཕྱིར་དེ་སྐད་དུ་ཅོ་འདོན་པར་བྱེད། སྐྱོང་བས་སྨྲས་པ། ཁྱོད་ན་རེ། ཚེ་དང་ལྡན་པ་སྐྱོང་བ་ཁོ་བོ་ལྷུང་བཟེད་ཟད་ཟད། ཆོས་གོས་དེངས་དེངས། དགེ་བའི་ཕྱོགས་ཉམས་ཉམས་སུ་ཁྱོད་ཀྱི་ནད་གཡོག་བྱེད་ན། ཁྱོད་དེ་ལྟར་མི་མཐུན་པ་བྱེད་པས་ཁྱོད་ཀྱིས་དུག་ཟོས་པར་གྱུར་པ་ནི་བླའི། ཁྱོད་ཀྱིས་དེ་ལྟར་མི་མཐུན་པ་ཟོས་པ་ནི་མ་ཡིན་ནོ་ཞེས་ཟེར་བས། བདག་ལ་བདག་གི་ཚངས་པ་མཚུངས་པར་སྤྱོད་པ་ཟེར་བ་བཟང་སྟེ། འདི་ལྷུང་བཟེད་ཟད་ཟད། ཆོས་གོས་དེངས་དེངས། དགེ་བའི་ཕྱོགས་ཉམས་ཉམས་སུ་བདག་གི་ནད་གཡོག་བྱེད་ན། བདག་དེ་ལྟར་མི་མཐུན་པ་བྱེད་པས་བདག་གིས་དུག་ཟོས་པར་གྱུར་པ་ནི་བླའི། དེ་ལྟར་མི་མཐུན་པ་ཟོས་པ་ནི་མ་ཡིན་པས། བདག་གིས་དུག་ཟའོ་སྙམ་པའི་བློ་སྐྱེས་ནས། བདག་གི་སྣོད་དུ་བརྟག་པར་བརྩམས་པ་དང་། བར་བུར་སྣོད་ན་དུག་གི་དུམ་བུ་མཐོང་ནས་བདག་གིས་དེ་ཟོས་སོ། །བྲན་པས་ཡི་ཆད་པའི་བཞིན་གྱིས་སྨྲས་པ། ཚེ་དང་ལྡན་པ་ཁྱོད་ཀྱིས་མ་ལེགས་པ་བྱས་སོ་ཞེས་སྨྲས་ཏེ། སྨན་པའི་དྲུང་དུ་སོང་བ་དང་། དུག་དེ་རྣོན་པོ་ཞིག་ཡིན་པས་གཟུང་བར་མ་ནུས་ཏེ་དེ་དུས་ལ་བབ་བོ། །བྲན་པས་སྨན་པ་ཁྲིད་དེ་འོངས་པ་ན། དེ་དུས་ལ་བབ་པ་མཐོང་ནས། བྲན་པ་བདག་གིས་འཆིར་བཅུག་པར་མ་གྱུར་ཏམ་སྙམ་དུ་འགྱོད་པ་སྐྱེས། དེས་སྐབས་དེ་དགེ་སློང་རྣམས་ལ་བརྗོད་དོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་དེ་ལ་ནི་ལྟུང་བ་མེད་དེ། ཡང་དགེ་སློང་
གིས་ནད་པ་ལ་གང་ཐོས་ན་ནད་པ་འཆི་བའི་ཕྱིར་རྩོལ་བར་བྱེད་པ་དེ་ལྟ་བུའི་གཏམ་ཉེ་བར་བརྗོད་པས་ཉེ་བར་བརྗོད་པར་མི་བྱའོ། །དགེ་སློང་གིས་ནད་པ་ལ་གང་ཐོས་ན། ནད་པ་འཆི་བའི་ཕྱིར་རྩོལ་བར་འགྱུར་བ་དེ་ལྟ་བུའི་གཏམ་ཉེ་བར་བརྗོད་པ་ཉེ་བར་རྗོད་པར་བྱེད་ན། འགལ་ཚབས་ཅན་དུ་འགྱུར་རོ། །འདི་ནི་རེ་ཞིག་བྱུང་བ་ཡིན་གྱི། སངས་རྒྱས་བཅོམ་ལྡན་འདས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བ་མི་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་དགེ་སློང་མཆུ་ཅན་དང་ཤི་རི་ཀ་ཞེས་བྱ་བ། གཏམ་འདྲེས་པ། ཕེབས་པར་སྨྲ་བ་འགྲོགས་བཤེས་སྨོས་འདྲིན་མཚུངས་པར་བརྗོད་པ་གཉིས་ཤིག་འཁོད་དོ། །མཆུ་ཅན་ནི་རྔོན་པ་ལས་རབ་ཏུ་བྱུང་བ་ཡིན་ལ། ཤི་རི་ཀ་ནི་ཁྱིམ་བདག་ལས་རབ་ཏུ་བྱུང་བ་ཡིན་ནོ། །ཇི་ཙམ་དུས་གཞན་ཞིག་ན་མཆུ་ཅན་གྱི་ཚ་བོ་གཉིས་ཤིག་ཕ་མ་དང་བྲལ་བས་དེ་དང་དེར་འཁྱམ་པ་ན། རྒྱལ་བྱེད་ཀྱི་ཚལ་དུ་ཕྱིན་ཏེ་སྒོ་ན་སྡོད་དོ། །མཆུ་ཅན་ཕྱིར་བྱུང་བ་དང་། དེས་དེ་གཉིས་བཞིན་གཟུགས་ལས་ངོ་ཤེས་ནས། དེས་དེ་གཉིས་ལ་སྨྲས་པ། ཁྱེད་གཉིས་ཀྱི་ཕ་མ་དག་གར་དོང་། དེ་གཉིས་ཀྱིས་སྨྲས་པ། དུས་ལ་བབ་བོ། །དེ་ཉེ་དུ་ལ་མཉེས་གཤིན་པས་ཐོས་ནས། མཆི་མ་དང་བཅས་པའི་སྐད་ཀྱིས་འདུག་པ་དང་། དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་མཆུ་ཅན། ཁྱེའུ་འདི་གཉིས་སུའི། མཆུ་ཅན་གྱིས་སྨྲས་པ། བདག་གི་ཚ་བོ་གཉིས་ཡིན་ནོ། །དགེ་སློང་རྣམས་ཀྱིས་སྨྲས་པ། ཅིའི་ཕྱིར་འདི་གཉིས་སྡུད་པར་མི་བྱེད། མཆུ་ཅན་གྱིས་སྨྲས་པ། བདག་ཀྱང་རེ་ཞིག་དཀའ་བས་བསོད་སྙོམས་སྒྲུབ་པར་བྱེད་ན། འདི་གཉིས་ཅི་ཞིག་གིས་བསྡུ་བར་བྱ། དགེ་སློང་དག་གིས་སྨྲས་པ། འདི་གཉིས་འདོད་ན་དགེ་སློང་རྣམས་ལ་འཇབ་མ་དང་མེ་ཏོག་དང་འབྲས་བུ་དང་སོ་ཤིང་དག་འབུལ་དུ་ཆུག་ཅིག་དང་། དགེ་སློང་དག་གིས་ཀྱང་འདི་གཉིས་ལ་ལྷུང་བཟེད་ཀྱི་ལྷག་མ་སྦྱིན་
པར་འགྱུར་རོ། །མཆུ་ཅན་གྱིས་དེ་གཉིས་བླངས་ནས། དེ་གཉིས་ཀྱང་གྲིམས་པ་ལེ་ལོ་མེད་པ་སྒྲུབ་ཕོད་པ་ཡིན་པས་དགེ་སློང་རྣམས་ལ་འདབ་མ་དང་མེ་ཏོག་དང་འབྲས་བུ་དང་། སོ་ཤིང་དག་འབུལ་བར་བྱེད་ནས། དགེ་སློང་རྣམས་ཀྱིས་ཀྱང་དེ་གཉིས་ལ་ལྷུང་བཟེད་ཀྱི་ལྷག་མ་སྦྱིན་པར་བྱེད་དོ། །དེ་གཉིས་གོས་དང་ཟས་བཟང་པོ་དུས་ཡུན་མི་རིང་བས་པགས་པ་དང་ཤ་དང་ཁྲག་རྟས་ཤིང་དེ་གཉིས་སྟོབས་དང་སྙེམས་པ་དང་ལྡན་པར་གྱུར་ཏོ། །དེ་གཉིས་དུས་གཞན་ཞིག་ན་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་ན་རྩེ་ཞིང་འཁོད་པ་དང་། དེ་གཉིས་ཀྱི་ཉེ་དུ་དག་ལག་ན་མདའ་གཞུ་ཐོགས་ཤིང་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་ནས། རི་དྭགས་ཤོར་དུ་འདོང་བ་དེ་དག་གིས་དེ་གཉིས་མཐོང་ནས་དེ་དག་གིས་སྨྲས་པ། ཁྱེའུ་གཉིས། ཁྱེད་གཉིས་ག་ལས་འདིར་འོངས། ཁྱེའུ་གཉིས་ཀྱིས་སྨྲས་པ། ཤཱཀྱའི་སྲས་ཀྱི་དགེ་སྦྱོང་གི་ནང་འདི་ན་བདག་ཅག་གཉིས་ཀྱི་ཞང་པོ་རབ་ཏུ་བྱུང་བ་དེའི་གནས་ན་འཁོད་དོ། །དེ་དག་གིས་སྨྲས་པ། ཁྱེད་གཉིས་ཀྱི་ཞང་པོ་དེ་ཡང་རེ་ཞིག་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་ལས་མེད་པའི་ངང་ཚུལ་ཅན་རྣམས་ཀྱི་ནང་དུ་རབ་ཏུ་བྱུང་བ་ཡིན་ན། ཅི་ཁྱེད་གཉིས་ཀྱང་ལས་མེད་པའི་ངང་ཚུལ་ཅན་དུ་བྱེད་དམ། ཚུར་ཤོག །ཕའི་ལས་རྗེས་སུ་སྒྲུབས་ཤིག །དེ་གཉིས་ཀྱིས་སྨྲས་པ། ཁོ་བོ་ཅག་གཉིས་ལ་ཞང་པོས་ཕན་བཏགས་པས་ཇེ་དེ་ལ་དྲི་བར་བྱའོ། །ཞེས་དེ་གཉིས་ཚེ་དང་ལྡན་པ་མཆུ་ཅན་ག་ལ་བ་དེར་དོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་མཆུ་ཅན་ལ་འདི་སྐད་ཅེས་སྨྲས་སོ། །ཞང་པོ་བདག་ཅག་གཉིས་ཕའི་ལས་རྗེས་སུ་སྒྲུབ་ཏུ་མཆིའོ། །མཆུ་ཅན་གྱིས་སྨྲས་པ། ཁོ་བོས་ཁྱེད་གཉིས་དད་པས་སྦྱིན་པར་བྱས་པས་བསྐྱེད་བསྐྱེད་ན། ད་ཅིའི་ཕྱིར་ཉེས་པར་སྤྱོད་པའི་ལས་འདི་ལྟ་བུ་བྱེད། དེ་གཉིས་ཀྱིས་སྨྲས་པ། ཞང་པོ་བདག་ཅག་གཉིས་མགོ་ལ་གསེར་གྱི་ཕྲེང་བས་བཅིངས་པ་ནི་ངོ་ཚའི། ཕའི་ལས་རྗེས་སུ་སྒྲུབ་པས་ནི་དེ་ལྟ་མ་ལགས་ཀྱིས་མཆིའོ་ཞེས་དེ་གཉིས་ཀྱིས་དེའི་ཚིག་ཚིག་མ་ཡིན་པར་བྱས་ཏེ་དོང་ནས། དེ་གཉིས་རི་དྭགས་གསོད་ཅིང་འཚོ་བར་བྱེད་དོ། །ཇི་ཙམ་དུས་གཞན་ཞིག་ན་ཤི་རི་ཀ་ན་བར་གྱུར་ནས་མཆུ་
ཅན་དེའི་ནད་གཡོག་བྱེད་པ་ན་ཤི་རི་ཀ་སྡུག་བསྔལ་གྱི་ཚོར་བ་དག་གིས་ཉེན་ནས། བདག་རེ་ཞིག་ཚུལ་ཁྲིམས་དང་ལྡན་པས། བདག་ཡུལ་གཞན་དུ་སོང་ན་ལོ་ལེགས་ཤིང་། མཐོ་རིས་ནི་དར་གྱིས་ཆོད་པ་ཙམ། ཐར་པ་ནི་ཡོལ་བས་བསྒྲིབས་པ་ཙམ་སྟེ། ལུས་ཞིག་ན་ཡང་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བས་རྣམ་པ་ཐམས་ཅད་དུ་བདག་ཉིད་གསད་པར་བྱའོ་སྙམ་དུ་སེམས་སོ། །ཡང་བདག་ཉིད་གསོད་པར་བྱེད་པ་ནི། སྡུག་བསྔལ་བ་ཡིན་གྱིས་གསོད་པར་བྱེད་པ་ཞིག་བཙལ་ལོ་སྙམ་དུ་སེམས་ཤིང་། དེ་བདག་གི་སྲོག་གཅོད་བར་བྱེད་པ་སུ་ཡོད་སྙམ་དུ་དཔྱོད་པ་ལ་ཞུགས་པ་དང་། དེ་ལ་མཆུ་ཅན་གྱི་ཚ་བོ་གཉིས་དྲག་ཤུལ་ཅན་ལག་པ་དམར་པ། བསྣུན་པ་དང་རབ་ཏུ་བསྣུན་པ་ལ་ཞུགས་པ། གཞན་གྱི་སྲོག་འཕྲོག་པ་གཞན་གྱི་སྲོག་གཅོད་དུ་འཇུད་པ། གཞན་གྱི་སྲོག་གཅོད་པས་འཚོ་བར་བྱེད་པ་ཡིན་པས་དེ་གཉིས་ཀྱི་བདག་གསོད་པར་ནུས་ཀྱི། གཞན་སུས་ཀྱང་མི་ནུས་སོ་སྙམ་པའི་བློ་སྐྱེས་ཤིང་རིག་ནས། ཚེ་དང་ལྡན་པ་མཆུ་ཅན་ལ་སྨྲས་པ། ཚེ་དང་ལྡན་པ་མཆུ་ཅན་ཁྱོད་ཀྱི་ཚ་བོ་དེ་གཉིས་མི་སྣང་ན་གར་དོང་། མཆུ་ཅན་གྱིས་སྨྲས་པ། ཁྱོད་དེ་གཉིས་ཀྱི་མིང་མ་འཛིན་ཅིག །དེ་གཉིས་ནི་འདི་ལྟ་བུའི་སྡིག་པ་བྱེད་པ་ཡིན་ཏེ། དེ་གཉིས་ཁོ་བོས་དད་པས་སྦྱིན་པར་བྱ་བས་བསྐྱེད་བསྐྱེད་ན་དེ་གཉིས་ད་ཉེས་པར་སྤྱོད་པའི་ལས་བྱ་བ་ལ་ཞུགས་ཤིང་ཕའི་ལས་རྗེས་སུ་སྒྲུབ་པར་བྱེད་དེ། གཞན་གྱི་སྲོག་འཕྲོག་པར་བྱེད། གཞན་གྱི་སྲོག་གཅོད་པས་འཚོ་བར་བྱེད་དོ། །ཤི་རི་ཀས་སྨྲས་པ། དེ་གཉིས་ལ་ཀུན་ནས་མནར་སེམས་མ་སྐྱེད་ཅིག །དེ་ནི་འདུ་འཛིའི་རིགས་པ་ཡིན་ཏེ། གང་གི་ཚེ་དེ་གཉིས་རྒྱལ་བྱེད་ཀྱི་ཚལ་ན་འཁོད་པ་དེའི་ཚེ་ན། དེ་གཉིས་ཀྱིས་གྲོག་སྤུར་ཕྲ་མོའི་སྲོག་ཀྱང་མ་བཅད་དོ། །དེ་གཉིས་དེ་ལྟ་བུ་དག་དང་ལྷན་ཅིག་གནས་པས་དེ་ལྟ་བུའི་ཉེས་པར་སྤྱོད་པ་དག་བྱེད་ན། དེ་གཉིས་དེ་དག་དང་ཤིན་ཏུ་དབྲལ་བར་བྱ་ཞིང་འདི་ལྟར་གང་གི་ཚེ་ཁྱོད་ག་ཤེད་དུ་འགྲོ་བ་དེའི་ཚེ་ན་ཁོ་བོ་སྲུང་བར་བྱེད་པ་འགའ་ཡང་མེད་པས་གལ་ཏེ་དེ་གཉིས་སྣང་ན་
ཁོ་བོའི་གན་དུ་ཐོང་ལ་དེ་གཉིས་ཁོ་བོ་སྲུང་དུ་ཆུག་ཅིག །ཇི་ཙམ་ན་མཆུ་ཅན་བསོད་སྙོམས་ལ་ཞུགས་པ་ན། དེའི་ཚ་བོ་དེ་གཉིས་ཚོང་འདུས་ན་ཤ་འཚོང་ཞིང་འདུག་པ་དེས་མཐོང་ནས། དེ་གཉིས་ལངས་ཏེ་དེའི་རྐང་པ་གཉིས་ལ་གཏུགས་པ་དང་། དེས་སྨྲས་པ། ཁྱེའུ་གཉིས་ཁོ་བོ་ཁྱེད་གཉིས་ཀྱི་ཅིར་འོངས། ཞང་པོར་མཆིའོ། །ཤི་རི་ཀ་ཅིར་འོང་། དེ་ཡང་ཞང་པོར་མཆིའོ། །དེ་དུས་དེ་སྲིད་དུ་ན་ན་ཁྱེད་གཉིས་དེ་ལ་ལྟར་མ་དོང་ངམ། ཞང་པོ་བདག་ཅག་གིས་མ་འཚལ་ཏོ། །ད་དེང་ཞིག །བདག་ཅག་གཉིས་ཀྱིས་བགྱི་བ་ཅི་མཆིས། དེ་ཅི་ཟེར་བ་དེ་བཞིན་དུ་གྱིས་ཤིག །དེ་གཉིས་ཚེ་དང་ལྡན་པ་ཤི་རི་ཀ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། དེའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འཁོད་དོ། །ཤི་རི་ཀས་སྨྲས་པ། ཁྱེའུ་གཉིས་མཆུ་ཅན་ཁྱེད་གཉིས་ཀྱི་ཅིར་འོང་། ཞང་པོར་མཆིའོ། །ཁོ་བོ་ཅིར་འོང་། ཞང་པོར་མཆིའོ། །ཁོ་བོ་དུས་དེ་སྲིད་དུ་ན་ན་ཁྱེད་གཉིས་ཀྱིས་ཁོ་བོ་ལན་འགའ་ཡང་མ་བལྟས་སོ། །ཞང་པོ་བདག་ཅག་གཉིས་ཀྱིས་མ་འཚལ་ཏེ། བདག་ཅག་གཉིས་ཀྱིས་ད་གཟོད་ཐོས་ནས། དེའི་སླད་དུ་བདག་ཅག་གཉིས་མཆིས་སོ། །ཚ་བོ་གཉིས་ཁྱེད་གཉིས་ཁོ་བོ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འདོད་དམ། ཞང་པོ་བདག་ཅག་གཉིས་གཞན་ཡང་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འཚལ་ན། ཞང་པོ་ལྟ་སྨོས་ཀྱང་ཅི་འཚལ། ཚ་བོ་གཉིས་གལ་ཏེ་དེ་ལྟ་ན་ཁོ་བོ་ཡུལ་གཞན་དུ་སོང་ན་ལོ་ལེགས་ཤིང་། མཐོ་རིས་ནི་དར་གྱིས་ཆོད་པ་ཙམ། ཐར་པ་ནི་ཡོལ་བས་བསྒྲིབས་པ་ཙམ་སྟེ། ལུས་ཞིག་ན་ཡང་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ན་བདག་ལ་རྩོམ་པར་བྱེད་པ་སྡུག་བསྔལ་བ་ཡིན་གྱིས་ཁྱེད་གཉིས་ཀྱི་ཁོ་བོ་སོད་ཅིག །ཞང་པོ་གལ་ཏེ་གཞན་འགའ་ཞིག་གིས་ཁྱོད་དགྲོངས་པར་བགྱིད་ན་ཡང་བདག་ཅག་གཉིས་ཀྱིས་དེ་དགུམ་པར་བགྱི་ན། བདག་ཅག་གཉིས་ཀྱིས་ཞང་པོ་དགྲོངས་པ་ལྟ་སྨོས་ཀྱང་ཅི་འཚལ། མཆུ་ཅན་གྱིས་ཁྱེད་གཉིས་ལ་ཇི་སྐད་བསྒོ། ཞང་པོ་ཅི་གསུང་བ་དེ་བཞིན་གྱིས་ཤིག་ཅེས་སོ། །ཚ་བོ་གཉིས་གལ་ཏེ་དེ་ལྟ་ན་ཁོ་བོ་འདི་སྐད་ཟེར་ཏེ།
ཁོ་བོ་སྡུག་བསྔལ་གྱི་ཚོར་བས་ཉེན་གྱིས་ཁོ་བོ་སོད་ཅིག །དེ་གཉིས་ཀྱིས་འདི་དང་ཞང་པོ་སྔར་བགྲོས་པར་གྱུར་གོར་མ་ཆག་སྟེ། དེས་ན་ཞང་པོས་བདག་ཅག་གཉིས་འདིའི་གན་དུ་བཏང་ངོ་སྙམ་དུ་བསམས་ནས། དེ་གཉིས་ལས་གཅིག་ཆེས་དྲག་ཤུལ་ཅན་ཡིན་པས་མཚོན་རྣོན་པོས་དེའི་མགོ་བཅད་ནས་དེའི་འོག་ཏུ་རས་ཀྱིས་གཡོགས་ཏེ་འཁོད་དོ། །མཆུ་ཅན་ཡང་སྤྱོད་ཡུལ་ནས་ཕྱིར་འོངས་ཏེ་དེས་དེ་རས་ཀྱིས་གཡོགས་པ་མཐོང་ནས་དེས་སྨྲས་པ། ཚ་བོ་གཉིས་ཁྱེད་གཉིས་འཁོད་བཞིན་དུ་ཡང་འདི་ཉལ་ལམ། ཞང་པོ་འདི་ལྟར་ནམ་ཡང་ལྡང་པར་མི་འགྱུར་བ་དེ་ལྟར་ཉལ་ལོ། །མཆུ་ཅན་གྱིས་འདི་གཉིས་སྔོན་མ་བྱུང་བའི་ཚིག་སྨྲ་ན་དྲིའོ་སྙམ་དུ་བསམས་ནས། དེས་དེ་གཉིས་ལ་དྲིས་པ་དང་། དེ་གཉིས་ཀྱིས་སྐབས་དེ་རྒྱས་པར་མཆུ་ཅན་ལ་བརྗོད་དོ། །མཆུ་ཅན་ཡིད་མི་བདེ་བ་སྐྱེས། ནས་རས་དེ་བཤུས་པ་དང་། དེ་མཐོང་ནས་དེ་བདག་གིས་མཚོ་ཐོགས་པ་གཉེར་བར་མ་གྱུར་ཏམ་སྙམ་དུ་འགྱོད་པ་ཡང་སྐྱེས། བཤེས་པ་དང་བྲལ་བས་འགྱོད་པས་གདུངས་པའི་སེམས་ཀྱིས་ཡིད་མི་བདེ་བར་གྱུར་ནས། དེས་སྐབས་དེ་དགེ་སློང་རྣམས་ལ་རྒྱས་པར་བརྗོད་དོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་དེ་ལ་ནི་ལྟུང་བ་མེད་དེ། ཡང་དགེ་སློང་གིས་ནད་པའི་ནད་གཡོག་མི་མཁས་པ་བཞག་སྟེ་འགྲོ་བར་མི་བྱའོ། །གལ་ཏེ་འགྲོ་དགོས་པའི་རྐྱེན་དེ་ལྟ་བུ་ཞིག་བྱུང་ན་ནད་གཡོག་མི་མཁས་པ་ལ་གལ་ཏེ་འདི་མེར་མཆོད་དམ། དུག་ཟའམ། མཚོན་འབྱིན་ཏམ། བདག་ཉིད་གཡང་སར་མཆོང་ངམ། ཐག་པས་འཆིང་ངམ། གཞན་ཡང་མི་འཕྲོད་པ་ཟ་བར་བྱེད་ན་བཟློག་པར་བྱའོ་ཞེས་བསྒོ་སྟེ་འགྲོ་བར་བྱའོ། །དགེ་སློང་གིས་ནད་གཡོག་མི་མཁས་པ་ལ་མ་བསྒོ་བར་དེ་བཞིན་དུ་འགྲོ་ན་འགལ་ཚབས་ཅན་དུ་འགྱུར་རོ། །འདི་ཡང་བྱུང་བ་ཡིན་གྱི་རེ་ཞིག་སངས་རྒྱས་བཅོམ་ལྡན་འདས་འདུལ་བ་ལ་ཉན་ཐོས་
རྣམས་ཀྱི་བསླབ་པའི་གཞི་འཆའ་བར་ནི་མི་མི་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་དགེ་སློང་ཞིག་འདུག་པ་དེའི་ལྷུང་བཟེད་ལ་བཙའ་ཞུགས་ནས། དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་ཁྱོད་ཀྱི་ལྷུང་བཟེད་འདི་བཙའ་ཞུགས་ན། ཅིའི་ཕྱིར་མི་སྲེག །དེས་སྨྲས་པ། འདི་ལ་རྫ་བོ་དང་། ལྕི་བ་དང་། ཏི་གྱི་ཚིགས་མ་དང་། ཡོ་བྱད་གཞན་ཡང་མང་དུ་དགོས་སོ། །དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཅི། ལྷུང་བཟེད་མེད་པས་འགྲུབ་པར་འགྱུར་རམ། དེས་སྨྲས་པ། ཁོ་བོ་ལྷུང་བཟེད་མེད་པས་འགྲུབ་པར་མི་འགྱུར་ཏེ། འདི་ལྟར་ཁང་ཁྱིམ་ཆེ་གེ་མོ་ཞིག་ན། དགེ་སློང་ཞིག་ནད་ཀྱིས་བཏབ་ཅིང་སྡུག་བསྔལ་བ། ན་ཚབས་ཆེ་བ་ཡུན་མི་རིང་བར་དུས་བྱེད་པར་འགྱུར་བ་དེའི་ལྷུང་བཟེད་གསལ་བ་ཟླུམ་པ་ལོངས་སྤྱད་པར་བཟོད་པ་དེ་བླང་བར་བྱའོ། །དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཁྱོད་ལྷུང་བཟེད་ཀྱི་ཕྱིར་གདོལ་བ་དང་འདྲ་བར་དྲག་ཤུལ་གྱི་སེམས་འདི་ལྟ་བུ་བསྐྱེད་དུ་རུང་ངམ། དགེ་སློང་དེ་ངོ་ཚ་བར་གྱུར་ནས། ཅང་མི་སྨྲ་བར་འདུག་གོ་།སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་དེ་ལ་ནི་ལྟུང་བ་མེད་དེ། ཡང་དགེ་སློང་གིས་ལྷུང་བཟེད་ཀྱི་ཕྱིར་གདོལ་བ་དང་འདྲ་བར་དྲག་ཤུལ་གྱི་སེམས་དེ་ལྟ་བུ་བསྐྱེད་པར་མི་བྱའོ། །དགེ་སློང་གིས་ལྷུང་བཟེད་ཀྱི་ཕྱིར་གདོལ་པ་དང་འདྲ་བར་དྲག་ཤུལ་གྱི་སེམས་དེ་ལྟ་བུ་སྐྱེད་པར་བྱེད་ན། འགལ་ཚབས་ཅན་དུ་འགྱུར་རོ། །གཞན་ཡང་དགེ་སློང་གིས་ལྷུང་བཟེད་མིག་བཞིན་དུ་ཡོངས་སུ་བཅང་བར་བྱ་སྟེ། གླན་པར་འོས་པ་ནི་གླན་པར་བྱ། བསྲེག་པར་འོས་པ་ནི་བསྲེག་པར་བྱའོ། །དགེ་སློང་གིས་ལྷུང་བཟེད་གླན་པར་འོས་པ་གློན་པར་མི་བྱེད་དམ། བསྲེག་པར་འོས་པ་སྲེག་པར་མི་བྱེད་ན། འགལ་ཚབས་ཅན་དུ་འགྱུར་རོ། །འདི་
ཡང་བྱུང་བ་ཡིན་གྱི་རེ་ཞིག་སངས་རྒྱས་བཅོམ་ལྡན་འདས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་ནི་མི་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་དགེ་སློང་ཞིག་འདུག་པ་དེའི་སྣམ་སྦྱར་རྙིངས་ཤིང་དྲི་མས་གོས་ལ་རྡོལ་བར་གྱུར་ནས། དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་ཁྱོད་ཀྱི་སྣམ་སྦྱར་འདི་རྙིངས་ཤིང་དྲི་མས་གོས་ལ་རྡོལ་བར་གྱུར་ན། ཅིའི་ཕྱིར་འདི་མི་འཁྲུ་མི་འཚེམ། ཁ་བསྒྱུར་བར་མི་བྱེད། དེས་སྨྲས་པ། འདི་ལ་ཟངས་དང་། ཆུ་དང་། ཤིང་དང་། སྐུད་པ་དང་། ཚོན་དང་། ཡོ་བྱད་གཞན་ཡང་མང་དུ་དགོས་སོ། །དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཅི། སྣམ་སྦྱར་མེད་པས་འགྲུབ་པར་འགྱུར་རམ། དེས་སྨྲས་པ། ཁོ་བོ་སྣམ་སྦྱར་མེད་པས་འགྲུབ་པར་མི་འགྱུར་ཏེ། འདི་ལྟར་ཁང་ཁྱིམ་ཆེ་གེ་མོ་ཞིག་ན་དགེ་སློང་ཞིག་ནད་ཀྱིས་བཏབ་ཅིང་སྡུག་བསྔལ་བ་ནད་ཚབས་ཆེ་བ་ཡུན་མི་རིང་བར་དུས་བྱེད་པར་འགྱུར་བ་དེའི་སྣམ་སྦྱར་ཉིས་རིམ་དམར་སེར་ཚོན་སར་པས་ཁ་བསྒྱུར་བ་ལོངས་སྤྱོད་པར་བཟོད་པ་དེ་བླང་བར་བྱའོ། །དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཁྱོད་སྣམ་སྦྱར་གྱི་ཕྱིར་གདོལ་བ་དང་འདྲ་བར་དྲག་ཤུལ་གྱི་སེམས་འདི་ལྟ་བུ་བསྐྱེད་དུ་རུང་ངམ། དེ་ངོ་ཚ་བར་གྱུར་ནས་ཅང་མི་སྨྲ་བར་འདུག་གོ་།སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་དེ་ལ་ནི་ལྟུང་བ་མེད་དེ། ཡང་དགེ་སློང་གིས་སྣམ་སྦྱར་གྱི་ཕྱིར་གདོལ་བ་དང་འདྲ་བར་དྲག་ཤུལ་གྱི་སེམས་དེ་ལྟ་བུ་བསྐྱེད་པར་མི་བྱའོ། །དགེ་སློང་གིས་སྣམ་སྦྱར་གྱི་ཕྱིར་གདོལ་པ་དང་འདྲ་བར་དྲག་ཤུལ་གྱི་སེམས་དེ་ལྟ་བུ་སྐྱེད་པར་བྱེད་ན། འགལ་ཚབས་ཅན་དུ་འགྱུར་རོ། །གཞན་ཡང་དགེ་སློང་གིས་སྣམ་སྦྱར་པགས་པ་བཞིན་དུ་ཡོངས་སུ་བཅང་བར་བྱ་སྟེ། བཀྲུ་བར་འོས་པ་ནི་བཀྲུ་བར་བྱ། བཙེམ་པར་འོས་པ་ནི་བཙེམ་པར་བྱ། ཁ་བསྒྱུར་བར་འོས་པ་ནི་
ཁ་བསྒྱུར་བར་བྱའོ། །དགེ་སློང་གིས་སྣམ་སྦྱར་བཀྲུ་བར་འོས་པ་འཁྲུ་བར་མི་བྱེད་དམ། བཙེམ་པར་འོས་པ་འཚེམ་པར་མི་བྱེད་དམ། ཁ་བསྒྱུར་བར་འོས་པ་ཁ་བསྒྱུར་བར་མི་བྱེད་ན། འགལ་ཚབས་ཅན་དུ་འགྱུར་རོ། །འདི་ཡང་བྱུང་བ་ཡིན་གྱི་རེ་ཞིག་སངས་རྒྱས་བཅོམ་ལྡན་འདས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་ནི་མི་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་སྟོབས་སྡེ་ཞེས་བྱ་བ་ཕྱུག་པ་ནོར་མང་བ་ལོངས་སྤྱོད་ཆེ་བ་ཞིག་འདུག་པ་དེས། རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །རྩེ་བར་བྱེད་དགའ་བར་བྱེད་དགའ་མགུར་སྤྱོད་པར་བྱེད་པ་དེའི་ཆུང་མ་ལ་དུས་གཞན་ཞིག་ན། སེམས་ཅན་ཞུགས་པར་གྱུར་ནས། དེ་ཟླ་བ་བརྒྱད་དམ་དགུ་འདས་ཏེ། བཙས་པ་ལས་ཁྱེའུ་གཟུགས་བཟང་བ་བལྟ་ན་སྡུག་པ་མཛེས་པ་ཞིག་བྱུང་ངོ་། །ཉི་མ་བདུན་གསུམ་ཉི་ཤུ་གཅིག་ཏུ་དེའི་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས། ཁྱེའུའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་པ་ན། ཉེ་དུ་རྣམས་ཀྱིས་སྨྲས་པ། གང་གི་ཕྱིར་ཁྱེའུ་འདི་ཁྱིམ་བདག་སྟོབས་སྡེའི་བུ་ཡིན་པ་དེའི་ཕྱིར། ཁྱེའུ་སྡེ་པ་ཞེས་བྱའོ་ཞེས་དེའི་མིང་སྡེ་པ་ཞེས་བྱ་བར་བཏགས་སོ། །ཁྱིམ་བདག་སྟོབས་སྡེ་དེ་ཡང་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་བུ་ཞིག་བཙས་ནས་དེའི་མིང་ནི་ཉེ་སྡེ་ཞེས་བྱ་བར་བཏགས་སོ། །ཇི་ཙམ་དུས་གཞན་ཞིག་ན་ཁྱིམ་བདག་སྟོབས་སྡེའི་ཆུང་མ་དུས་ལ་བབ་ནས་དེ་དེ་དག་གིས་གོས་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དག་གིས་ཁྱོགས་བརྒྱན་ཏེ་དུར་ཁྲོད་དུ་བསྐྱལ་ནས། བསྲེགས་ཏེ་མྱ་ངན་བསངས་བ་བྱས་ཏེ་འཁོད་དོ། །ཁྱིམ་བདག་སྟོབས་སྡེས་དེའི་ཤིད་དག་བྱས་ནས། གལ་ཏེ་བདག་གིས་ཆུང་མ་གཞན་ཞིག་བླངས་པར་གྱུར་ན། ཁྱེའུ་གཉིས་སྡུག་བསྔལ་བར་འགྱུར་གྱིས། བདག་གིས་སྡེ་པའི་ཕྱི་མ་དབུབ་པར་བྱའོ་སྙམ་དུ་
བསམས་ནས། དེས་དེའི་ཁྱིམ་ཕུབ་བོ། །ཇི་ཙམ་དུས་གཞན་ཞིག་ན་ཁྱིམ་བདག་སྟོབས་སྡེ་ན་བར་གྱུར་ནས། དེ་ལ་རྩ་བ་དང་སྡོང་བུ་དང་འདབ་མ་དང་མེ་ཏོག་དང་འབྲས་བུའི་སྨན་དག་གིས་བསྙེན་བཀུར་བྱས་ཀྱང་ནད་དེ་ཉེ་བར་ཞི་བར་མ་གྱུར་ཅིང་ཉམ་དམས་ནས། དེས་སྡེ་པ་དང་ཉེ་སྡེ་གཉིས་ལ་སྙིང་བཞོས་ནས། བསགས་བ་ཀུན་གྱི་མཐའ་འཛད་ཅིང་། །མཐོན་པོ་རྣམས་ཀྱི་མཐའ་ལྟུང་འགྱུར། །ཕྲད་པའི་མཐའ་ནི་འབྲལ་པ་སྟེ། །གསོན་པོའི་མཐའ་ནི་འཆི་བ་ཡིན། །ཞེས་བྱ་བ་ཡིན་པས་དུས་ཀྱི་ཆོས་དང་ལྡན་པར་གྱུར་ཏོ། །དེ་ཁྱེའུ་གཉིས་ཀྱིས་གོས་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དག་གིས་ཁྱོགས་སྤྱིལ་བརྒྱན་ཏེ་དུར་ཁྲོད་དུ་བསྐྱལ་ནས། བསྲེགས་ཏེ་དེའི་འོག་ཏུ་མྱ་ངན་བསངས་པ་བྱས་ནས་ཤིད་དག་བྱས་ཏེ་འཁོད་དོ། །སྡེ་པས་བསམས་པ། གང་གི་ཚེ་བདག་ཅག་ཕ་གསོན་པ་དེའི་ཚེ་ན་ནི་གཞན་གྱིས་སྲོག་གསོ་བ་བྱེད་ན། ད་ནི་དེའི་དུས་ལ་བབ་པས་ཁྱིམ་གྱི་བྱ་བ་སྦྱང་བར་བྱ་དགོས་ཏེ། གལ་ཏེ་ཁྱིམ་གྱི་བྱ་བ་དམས་པ་ཡལ་བར་བོར་ན་ཉེ་དུ་རྣམས་ཀྱིས་ཁྲེལ་བར་འགྱུར་བས་བདག་ཟོང་ཐོགས་ཏེ་ཡུལ་གཞན་དུ་འགྲོའོ་སྙམ་དུ་རིག་ནས། ཉེ་སྡེ་ལ་སྨྲས་པ། ནུ་བོ་གང་གི་ཚེ་བདག་ཅག་ཕ་གསོན་པ་དེའི་ཚེ་ན་ནི་གཞན་གྱིས་སྲོག་གསོ་བར་བྱེད་ན་ད་ནི་དེའི་དུས་ལ་བབ་པས་ཁྱིམ་གྱི་བྱ་བ་སྦྱང་བར་བྱ་དགོས་ཏེ། གལ་ཏེ་ཁྱིམ་གྱི་བྱ་བ་དམས་པ་ཡལ་བར་བོར་ན། ཉེ་དུ་རྣམས་ཀྱིས་ཁྲེལ་བར་འགྱུར་གྱིས། ཁྱོད་ནི་འདི་ཉིད་ན་ཁྱིམ་གྱི་བྱ་བ་གྱིས་ཤིག །ཁོ་བོ་ནི་ཟོང་ཐོགས་ཏེ་ཡུལ་གཞན་དུ་འགྲོའོ། །ཉེ་སྡེས་སྨྲས་པ། དེ་ལྟར་མཛོད་ཅིག །སྡེ་བ་ཟོང་མང་པོ་ཐོགས་ཏེ། ཡུལ་གཞན་དུ་སོང་བ་དང་། དེས་དེར་ཁེ་སྤོགས་མང་པོ་གྲུབ་ནས། སྡེ་པས་ནུ་བོ་ཉེ་སྡེ་ལ་ནུ་བོ་ཁོ་བོས་ཁེ་སྤོགས་མང་པོ་གྲུབ་སྟེ། རིང་པོར་མི་ཐོགས་པར་འོང་གིས་བརྟན་པ་དང་། སྤུངས་དང་། སྤྲོ་བ་ཆེན་པོར་གྱིས་ཤིག་ཅེས་སྤྲིང་ཡིག་བསྐུར་རོ། །ཡང་སྡེ་པས་
ཕྱིར་ཞིང་ཡང་ཁེ་སྔོགས་མང་པོ་གྲུབ་ནས་དེས་ཕྱིས་ཀྱང་དེ་ཁོ་ན་བཞིན་དུ་སྤྲིང་ཡིག་བསྐུར་རོ། །ཡང་སྡེ་པས་ཕྱི་ཕྱིར་ཞིང་ཡང་ཁེ་སྤོགས་མང་པོ་གྲུབ་ནས། དེས་ཡང་དེ་ཁོ་ན་བཞིན་དུ་སྤྲིང་ཡིག་བསྐུར་ཏེ་སྡེ་པ་དེ་དེ་བཞིན་དུ་དུས་དང་མཐུན་ པའི་དུས་སུ་སྤྲིང་ཡིག་སྐུར་བར་བྱེད་དོ། །ཆོས་ཉིད་ཀྱིས་ན། གང་ཕྱིར་རྙེད་པ་དེ་ཕྱིར་ཆགས། །རྙེད་ལས་ཆགས་པ་སྐྱེ་བར་འགྱུར། །ཆགས་པས་ཟིལ་ནོན་མི་ཡིས་ནི། །བྱ་དང་བྱ་མིན་རྟོགས་མི་འགྱུར། །ཞེས་བྱ་བ་ཡིན་པས་སྡེ་པ་ཤིན་ཏུ་ཐག་རིང་པོར་སོང་ནས། ཕྱིན་ཆད་སྤྲིང་ཡིག་སྐུར་བར་མི་བྱེད་དོ། །དེ་ནས་སྡེ་པའི་ཆུང་མ་གོས་དང་ཟས་བཟང་བས་ཉོན་མོངས་པ་དག་གིས་གནོད་པར་གྱུར་ནས། དེས་ཉེ་སྡེ་ལ་མཚན་མ་སྟོན་པར་བྱེད་པ་དང་། ཉེ་སྡེས་དབང་པོ་རྣམས་ཕྱིར་བསླན་ཏེ་འདུག །སྡེ་པའི་ཆུང་མ་དེ་ངོ་ཚ་མེད་པར་གྱུར་ནས། ཡང་སྨྲས་པ། ཉེ་སྡེ་ཚུར་སྤྱོན། འདི་དང་འདི་ལྟ་བུ་བགྱིའོ། །ཉེ་སྡེས་རྣ་བ་བཀབ་སྟེ་སྨྲས་པ། ཁྱོད་ཁོ་བོའི་མ་དང་འདྲས་ཕྱིན་ཆད་དེ་སྐད་མ་ཟེར་ཅིག །བུད་མེད་ཀྱི་ཡུལ་ནི་མ་བསླབས་པར་མཁས་པ་ཡིན་པས། སྡེ་པའི་ཆུང་མ་དེ་ཉེ་དུའི་ཁྱིམ་དུ་སོང་ནས། གོས་དྲི་མ་ཅན་དག་བགོས་ཏེ་ཁྲི་ཞིག་པ་ལ་འདུག་ཅིང་འདུག་གོ། དེ་ལ་མ་དང་ནང་མི་དག་གིས་སྨྲས་པ། ཁྱོད་ཅིའི་ཕྱིར་འདི་ལྟར་འདུག །སྡེ་པའི་ཆུང་མས་སྨྲས་པ། ཅི་བུད་མེད་ཀྱི་ཡུལ་ལ་གང་གནོད་པ་དེ་མི་ཤེས་སམ། ཁོ་མོ་ཉོན་མོངས་པ་དག་གིས་ཤིན་ཏུ་གནོད་པར་གྱུར་ཏོ། །དེ་དག་གིས་སྨྲས་པ་ཁྱོད་ཀྱི་སྐུད་པོ་ཉེ་སྡེ་གཟུགས་བཟང་བ་བལྟ་ན་སྡུག་པ་མཛེས་པ་ཡིན་ན་ཅིའི་ཕྱིར་དེ་ལ་འཆོལ་བར་མི་བྱེད། སྡེ་པའི་ཆུང་མས་སྨྲས་པ། བདག་གིས་དེ་ལ་བཅོལ་ན་མ་གྲུབ་བོ། །དེ་དག་གིས་སྨྲས་པ། བུད་མེད་གཞན་གང་དག་ཁྱིམ་ཐབ་དག་ཆེས་ཡུན་རིང་ནས་དོང་སྟེ། དུས་སུ་མ་འཁོར་བ་དེ་དག་ཆེས་དཀའ་བ་བྱེད་པ་ཡིན་ནོ། །སྡེ་པའི་ཆུང་མས་སྨྲས་པ། དེ་དག་ལ་ནི་ཁྱིམ་ཐབ་དག་གིས་དུས་དང་མཐུན་པའི་དུས་སུ་གཏམ་རྨེད་པར་བྱེད་དེ། ཁོ་མོ་ལ་ཡང་གང་གི་ཚེ་ཁྱིམ་ཐབ་གསོན་པར་གྱུར་པ་དེའི་ཚེ་ན་ནི་དུས་དང་མཐུན་པའི་དུས་སུ་སྤྲིང་ཡིག་བསྐུར་བར་ཡང་གྱུར་ན། ད་སྐུར་
བར་མི་བྱེད་པས་དུས་ལ་བབ་གོར་མ་ཆག་གོ་།དེ་དག་གིས་སྡེ་པའི་ཆུང་མ་དེ་ལ་ཐབས་དུ་མ་དག་གིས་ཡིད་བཞོས་ཀྱང་ཁྲི་ལས་ལྡང་བར་མི་བྱེད་ཅིང་དེས་སྨྲས་པ། གལ་ཏེ་ཁོ་མོ་གཞན་ལ་མི་སྦྱིན་ན། ཁོ་མོས་ངེས་པར་རིགས་གཉི་ག་ལ་མི་སྙན་པ་འབྱུང་བར་བྱའོ། །དེ་ནས་སྡེ་པའི་ཆུང་མའི་ཕ་མ་དང་ཉེ་དུ་དང་རྩ་ལག་གི་ཚོགས་དག་གིས་གྲོས་བྱ་བར་བརྩམས་ཏེ། འདི་དེ་ལྟར་ཟློག་ཏུ་མ་བཏུབ་པས་ངེས་པར་རིགས་གཉི་ག་ལ་མི་སྙན་པ་འབྱུང་བར་བྱེད་ཀྱིས། ཉེ་སྡེ་མགྲོན་དུ་བོས་ཏེ། ཟན་བྱིན་ལ་དེ་ལ་འདི་སྦྱིན་པར་བྱ་བ་ནི་འདིར་དུས་ལ་བབ་པ་ཡིན་ནོ་ཞེས་གྲོས་བྱས་ནས། དེ་དག་གིས་ཉེ་སྡེ་མགྲོན་དུ་བོས་ཏེ། ཟན་བྱིན་ནས་སྨྲས་པ། ཉེ་སྡེ་ཁྱོད་ཀྱི་ཕུ་བོའི་ཆུང་མ་འདི་ཉོན་མོངས་པ་ཀུན་ཏུ་སྦྱོད་པས་ཤིན་ཏུ་གཡེན་སྤྱོ་བར་གྱུར་པས་ངེས་པར་རིགས་གཉི་ག་ལ་མི་སྙན་པ་འབྱིན་པར་བྱེད་ན། གལ་ཏེ་ཁྱོད་འདི་དང་ལྷན་ཅིག་ཏུ་སྤྱོད་པར་བྱེད་ན། དེ་ལྟ་ན་ལེགས། གལ་ཏེ་མི་བྱེད་ན་བདག་ཅག་གིས་འདི་གཞན་ལ་སྦྱིན་པར་བྱའོ། །ཉེ་སྡེས་བསམས་པ། འདི་བདག་ཅག་གིས་བྱིས་པ་ནས་བསྐྱེད་པ་ཡིན་པས། གལ་ཏེ་གཞན་དུ་འགྲོ་བར་འགྱུར་ཞིང་རིགས་གཉི་ག་ལ་མི་སྙན་པ་འབྱིན་པར་འགྱུར་ན། མ་ལགས་ཀྱིས་བདག་གིས་འདི་བདག་གིར་བྱའོ་སྙམ་དུ་རིག་ནས། དེས་དང་དུ་བླངས་པར་ཁས་བླངས་སོ། །དེ་ནས་ཉེ་སྡེས་སྡེ་པའི་ཆུང་མ་རང་གི་ཁྱིམ་དུ་ཁྲིད་ནས་དེ་དེ་དང་ལྷན་ཅིག་ཏུ་རྩེ་བར་བྱེད་དགའ་བར་བྱེད་དགའ་མགུར་སྤྱོད་པར་བྱེད་དོ། །དེ་ལ་མངལ་ན་གནས་པའི་མཚན་མ་དག་བྱུང་བར་གྱུར་ནས། དེ་ལ་ན་ཟླ་དག་གིས་སྨྲས་པ། འདི་ག་ལས་འོངས། སྡེ་པའི་ཆུང་མས་སྨྲས་པ། ཁོ་མོ་ཚུལ་ཁྲིམས་དང་ལྡན་པ་ཁོ་ན་ཡིན་གྱིས་ཁྱེ་ཅག་རྫུན་གྱི་སྐུར་བས་ཁོ་མོ་ལ་ཀུན་ཏུ་མ་སྤྱོད་ཅིག །དེའི་གྲོགས་མོ་ཆེས་མཛའ་བ་ཞིག་ཡོད་པ་དེས་སྨྲས་པ། ཅིའི་ཕྱིར་གསང་བར་བྱེད། འདི་གདོན་མི་ཟ་བར་གྲགས་པར་འགྱུར་གྱིས་སྨྲོས་ཤིག །སྡེ་པའི་ཆུང་མས་སྨྲས་པ། ཉེ་སྡེ་ལས་སོ། །ལེགས་ཏེ་ཁྱིམ་ཐབ་ལས་སམ། སྐུད་པོ་ལས་ཀྱང་རུང་
འདི་ལ་ཉེས་པ་འགའ་ཡང་མེད་དོ། །སྡེ་པའི་ཆུང་མ་དེ་སེམས་ཅན་དང་ལྡན་པར་གྱུར་པ་ན། སྡེ་པས་ཉེ་སྡེ་ལ་ནུ་བོ་བརྟན་པ་དང་སྤུངས་དང་སྤྲོ་བ་ཆེར་གྱིས་ཤིག །ཁོ་བོ་ཡང་ཡི་གེའི་རྗེས་བཞིན་ཁོ་ནར་འོང་ངོ་ཞེས་སྤྲིང་ཡིག་བསྐུར་རོ། །ཉེ་སྡེས་ཐོས་ནས་ཉམ་ང་བར་གྱུར་ཏེ་བསམས་པ། གང་གི་ཚེ་བདག་ཕུ་བོ་དེ་ལ་སྤྲིན་བཞིན་དུ་ལྟ་བར་འདོད་པ་དེའི་ཚེ་ན་ནི་དེ་མ་འོངས་ལ། ད་བདག་གིས་ཉེས་པར་སྤྱོད་པ་འདི་ལྟ་བུ་བྱས་ན་དེ་འོང་བར་གྱུར་ཏེ། འཁོན་རྣམས་ཀྱི་ནང་ན་འདི་ལྟ་སྟེ། བུད་མེད་ཀྱི་འཁོན་ཐ་ཆད་ཡིན་པས། བདག་ལ་གནོད་པ་བྱེད་པར་གྱུར་པ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་ཀྱིས་བྲོས་ཏེ་འགྲོའོ་སྙམ་མོ། །ཡང་བསམས་པ། ཡུལ་ཡོངས་སུ་གཏོང་བར་བྱེད་པ་ནི་སྡུག་བསྔལ་བ་ཡིན་ཏེ། ཤཱཀྱའི་སྲས་ཀྱི་དགེ་སྦྱོང་འདི་དག་གིས། ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ལས་གཞོན་ནུའི་ཡོངས་སུ་སྤང་བ་ཐོབ་པས་དེ་དག་གི་ནང་དུ་རབ་ཏུ་བྱུང་ན་དེས་དེར་ཅི་ཞིག་བྱ་བར་འགྱུར་སྙམ་ནས། ཉེ་སྡེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་སྟེ་དགེ་སློང་ཞིག་གི་གན་དུ་ཕྱིན་ནས་སྨྲས་པ། འཕགས་པ་དག་རབ་ཏུ་འབྱུང་བར་འཚལ་ལོ། །དགེ་སློང་དེས་སྨྲས་པ། བཞིན་བཟང་ལེགས་ཏེ་ལོངས་སྤྱོད་དག་ནི་འགྱུར་བ་ཡིན་གྱིས་རབ་ཏུ་ཕྱུང་ཞིག །དགེ་སློང་དེ་ཉེ་སྡེ་རབ་ཏུ་ཕྱུང་། རྫོགས་པར་བསྙེན་པར་བྱས་ནས་། དེའི་འོག་ཏུ་ཉི་མ་གཉིས་སམ་གསུམ་ཀུན་ཏུ་སྤྱོད་པའི་ཆོས་དག་སློབ་ཏུ་བཅུག་ནས་སྨྲས་པ། བཞིན་བཟང་རི་དྭགས་ཀྱིས་རི་དྭགས་མི་སོས། མཉན་ཡོད་རྒྱ་ཆེ་ལ་རང་གི་སྤྱོད་ཡུལ་དང་ཡབ་ཀྱི་ཡུལ་ཡིན་གྱིས་བསོད་སྙོམས་རྒྱུས་ལ་འཚོ་བར་གྱིས་ཤིག །ཉེ་སྡེ་མཁན་པོས་དེ་སྐད་བསྒོ་ནས་མཁན་པོ་བཀའ་བཞིན་འཚལ་ཞེས་སྨྲས་ཏེ། སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་སོ། །དེ་སྤྱོད་ཡུལ་ལ་མི་མཁས་པས་གྲོང་རིམས་ཀྱིས་རང་གི་ཁྱིམ་དུ་ཞུགས་པ་དང་། སྡེ་པའི་ཆུང་མས་ཉེ་སྡེ་མཐོང་ནས་དེས་བྲང་བརྡུངས་ཏེ་སྨྲས་པ། ཉེ་སྡེ་ཅིའི་སླད་དུ་ཁྱོད་ཀྱིས་ཁོ་མོ་སྤངས་
ཏེ་རབ་ཏུ་བྱུང་། ཉེ་སྡེས་སྨྲས་པ། ཁྱོད་ཀྱང་དེ་སྐད་ཅེས་ཅིའི་སླད་དུ་ཁྱོད་ཀྱིས་ཁོ་མོ་སྤངས་ཏེ་རབ་ཏུ་བྱུང་ཞེས་ཟེར་རམ། གང་གི་ཚེ་བདག་ཕུ་བོ་དེ་ལ་སྤྲིན་བཞིན་དུ་ལྟ་བར་འདོད་པ་དེའི་ཚེ་ན་ནི་དེ་མ་འོངས་ལ། བདག་གིས་ཉེས་པར་སྤྱོད་པ་འདི་ལྟ་བུ་བྱས་ན་དེ་འོང་བར་འགྱུར་ཏེ། འཁོན་རྣམས་ཀྱི་ནང་ན་འདི་ལྟ་སྟེ་བུད་མེད་ཀྱི་འཁོན་ཐ་ཆད་ཡིན་པས། བདག་ལ་གནོད་པར་བྱེད་པར་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་དོ། །སྡེ་པའི་ཆུང་མས་སྨྲས་པ། ཁྱོད་ཀྱིས་ནི་རེ་ཞིག་བདག་ཉིད་ཐར་བར་བགྱིས་ན། ཁོ་མོས་ཇི་ལྟར་བསྒྲུབ་པར་བགྱི། ཉེ་སྡེས་སྨྲས་པ། དེ་ནི་ཁྱོད་ཉིད་ཀྱིས་ཉོན་མོངས་པའི་དབང་གིས་རྣམ་པར་བསམས་པ་ཡིན་གྱི་ཁོ་བོ་ནི་མི་འདོད་བཞིན་བྱེད་དུ་བཅུག་པ་ཡིན་པས་ཁྱོད་ཉིད་ཤེས་སོ་ཞེས་སྨྲས་ཏེ་སོང་ངོ་། །ཉེ་སྡེའི་ཆུང་བོ་གྲོགས་སྔོན་སྨན་པ་སྤོས་འཚོང་གི་ཁྱེའུ་ཞིག་ཡོད་པ་དེ། སྡེ་པའི་ཆུང་མའི་ཁྱིམ་དུ་སོང་སྟེ། ཉེ་སྡེ་གར་སོང་ཞེས་དྲིས་པ་དང་། སྡེ་པའི་ཆུང་མས་སྨྲས་པ། ཉེ་སྡེས་ལམ་ལམ་པོར་བྱས་ཏེ་རབ་ཏུ་བྱུང་། གང་དུ་ཤཱཀྱ་སྲས་ཀྱི་དགེ་སྦྱོང་རྣམས་ཀྱི་ནང་དུའོ། །གལ་ཏེ་ཡིད་མི་ཆེས་ན་རྒྱལ་བྱེད་ཀྱི་ཚལ་དུ་སོང་ལ་ལྟོས་ཤིག །དེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་ན་རབ་ཏུ་བྱུང་བ་ཐམས་ཅད་ཆ་ལུགས་འདྲ་བས་དེ་གང་ཡིན་མི་ཤེས་ནས། དེས་དགེ་སློང་ཞིག་ལ་དྲིས་པ། འཕགས་པ་མཉན་ཡོད་པའི་ཁྱིམ་བདག་གི་བུ་ཉེ་སྡེ་ཞེས་བགྱི་བ་འདིར་རབ་ཏུ་བྱུང་ན་ག་ལ་མཆིས། དགེ་སློང་དེས་བསྟན་ནས། སྤོས་འཚོང་གི་ཁྱེའུ་དེ་ཉེ་སྡེའི་དྲུང་དུ་སོང་སྟེ་སྨྲས་པ། ཉེ་སྡེ་ཁྱོད་ཀྱིས་ཅི་ཞིག་རྗེས་སུ་བསྒྲུབས་ན། ཁོ་བོ་ལ་ཡང་མ་དྲིས་པར་རབ་ཏུ་བྱུང་། ཉེ་སྡེས་སྨྲས་པ། ཁྱོད་ཀྱང་དེ་སྐད་ཅེས་ཁྱོད་ཀྱིས་ཅི་ཞིག་རྗེས་སུ་བསྒྲུབས་ན། ཁོ་བོ་ལ་ཡང་མ་དྲིས་པར་རབ་ཏུ་བྱུང་ཞེས་ཟེར་རམ། གང་གི་ཚེ་བདག་ཕུ་བོ་དེ་ལ་སྤྲིན་བཞིན་དུ་བལྟ་བར་འདོད་པ་དེའི་ཚེ་ན་ནི་དེ་མ་འོངས་ལ། ད་བདག་གིས་ཉེས་པར་སྤྱད་པ་འདི་ལྟ་བུ་བྱས་ན་དེ་འོང་བར་འགྱུར་ཏེ། འཁོན་རྣམས་ཀྱི་ནང་ན་འདི་ལྟ་སྟེ། བུད་མེད་ཀྱི་འཁོན་
ཐ་ཆད་ཡིན་པས། བདག་ལ་གནོད་པར་བྱེད་པར་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་དོ། །སྤོས་འཚོང་གི་ཁྱེའུས་སྨྲས་པ། ཁོ་བོ་ཅག་སྤོས་འཚོང་གི་ཁྱེའུ་དག་ནི་སྨན་པའི་ཕྱེད་ཡིན་པས་ཁོ་བོས་རེ་ཞིག་མངལ་ན་གནས་པ་རླུགས་པར་བྱ་བ་དེ་ལྟ་བུ་དག་བྱིན་པར་གྱུར་ན། དེས་མངལ་ན་གནས་པ་དེ་དུམ་བུ་དུམ་བུར་ཞིག་པར་འགྱུར་བ་ཞིག་ན་ཁྱོད་ཀྱིས་ཁོ་བོ་ལ་ཅིའི་ཕྱིར་མ་སྨྲས། འདི་ལྟར་ད་ཡང་སྦྱིན་པར་བྱའོ། །ཉེ་སྡེས་དང་དུ་བླངས་སོ། །དེ་ནས་སྤོས་འཚོང་གི་ཁྱེའུ་དེས་རྫས་རྣོན་པོ་དག་ཕྱེ་མར་བྱས་ཏེ་བུ་མོ་ཞིག་གི་ལག་ཏུ་བྱིན་ནས་སྨྲས་པ། ཁྱོད་སོང་ལ་སྡེ་པའི་ཁྱིམ་དུ་སོང་སྟེ། སྡེ་པའི་ཆུང་མ་ལ་ཉེ་སྡེ་ན་རེ་ཕྱེ་མ་འདི་ཆུ་དྲོན་མོ་དང་སྦྱོར་ལ་འཐུང་ཞིག་དང་། ཁྱོད་སོས་པར་འགྱུར་ཞེས་ཟེར་རོ་ཞེས་གྱིས་ཤིག །བུ་མོ་དེས་ཇོ་བོ་བཀའ་བཞིན་འཚལ་ཞེས་སྤོས་འཚོང་གི་ཁྱེའུ་ལས་མཉན་ནས། སྡེ་པའི་ཁྱིམ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། སྡེ་པའི་ཆུང་མ་ལ་སྨྲས་པ། ཉེ་སྡེའི་ཞལ་ནས་ཕྱེ་མ་འདི་ཆུང་དྲོན་མོ་དང་སྦྱོར་ལ་འཐུང་ཞིག་དང་། ཁྱོད་སོས་པར་འགྱུར་ཞེས་གསུང་ངོ་། །སྡེ་པའི་ཆུང་མ་དེས་ཕྱེ་མ་དེ་ཆུ་དྲོན་པོ་དང་སྦྱར་ཏེ་འཐུངས་པ་དང་། དེ་ནས་དེའི་མངལ་ན་གནས་པ་དེ་དུམ་བུ་དུམ་བུར་ཞིག་པར་གྱུར་ཅིང་མངལ་ན་གནས་པའི་མཚན་མ་དག་ཀྱང་མེད་པར་གྱུར་ཏོ། །ཡང་ན་ཟླ་དག་གིས་མཐོང་ནས་དེ་དག་གིས་སྨྲས་པ། ཁྱོད་ཀྱི་མངལ་ན་གནས་པ་དེ་གར་སོང་། སྡེ་པའི་ཆུང་མས་སྨྲས་པ། ཁོ་མོས་དང་པོ་ཉིད་ནས་ཁོ་མོ་ཚུལ་ཁྲིམས་དང་ལྡན་པ་ཉིད་ཡིན་གྱིས་ཁྱེད་ཅག་རྫུན་གྱི་སྐུར་བས་ཁོ་མོ་ལ་ཀུན་ཏུ་མ་སྤྱོད་ཅིག་ཅེས་མ་སྨྲས་སམ། དེའི་གྲོགས་མོ་ཆེས་མཛའ་བ་དེ་དེའི་གན་དུ་སོང་སྟེ་སྨྲས་པ། ཁྱོད་ཀྱིས་སྔར་འདི་སྐད་ཅེས་ཉེ་སྡེ་ལས་སོ་ཞེས་ཁོ་མོ་ལ་སྨྲས་པའི་མངལ་ན་གནས་པ་དེ་ད་གར་སོང་། སྡེ་པའི་ཆུང་མས་སྨྲས་པ། གང་ཁོ་ན་ལས་འོངས་པ་དེ་ཁོ་ནར་སོང་ངོ་། །ཇི་ལྟར་གྱུར། ཉེ་སྡེས་ཕྱེ་མ་རྣོན་པོ་དེ་ལྟ་བུ་བྱིན་པས་དེས་ན་མངལ་ན་གནས་པ་དེ་དུམ་བུ་དུམ་བུར་ཞིག་པ་འགྱུར་ཏོ། །དེ་ཤཱཀྱའི་
སྲས་ཀྱི་དགེ་སྦྱོང་རྣམས་བྱེད། ཕར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་དོ། །ཉེ་སྡེས་འདི་ལྟར་མངལ་ན་གནས་པ་ཡང་རླུགས་པར་བྱེད་དོ་ཞེས་སྨོད་པར་བྱེད། ཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་དོ། །ཉེ་སྡེས་སྡིག་པའི་ལས་འདི་དང་འདི་ལྟ་བུ་བྱས་སོ་ཞེས་བྱ་བའི་སྒྲ་དེ་ཡང་མཉན་ཡོད་ཀུན་ཏུ་གྲགས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཉེ་སྡེ་ལ་རྨས་པ། ཉེ་སྡེ་ཁྱོད་ཀྱིས་སྡིག་པའི་ལས་དེ་ལྟ་བུ་དེ་བྱས་པ་བདེན་ནམ། བཙུན་པ་མ་བགྱིས་ཏེ། འདི་ལྟར་བདག་གིས་རྗེས་སུ་ཡི་རང་བར་ནི་བགྱིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་ཉེ་སྡེ་ལ་ནི་ལྟུང་བ་མེད་དོ། །ཡང་དགེ་སློང་གིས་གནས་དེ་ལྟ་བུ་ལ་རྗེས་སུ་ཡི་རང་བར་མི་བྱའོ། །དགེ་སློང་གནས་དེ་ལྟ་བུ་ལ་རྗེས་སུ་ཡི་རང་བར་བྱེད་ན། འགལ་ཚབས་ཅན་དུ་འགྱུར་རོ། །དེའི་བར་སྐབས་སུ་སྡེ་པ་དོན་ལེགས་པར་གྲུབ་སྟེ་མཉན་ཡོད་དང་ཉེ་བར་ཕྱིན་ཏོ། །འཇིག་རྟེན་ནི་འབྱོར་པ་འདོད་ལ་རྒུད་པ་དང་མི་མཐུན་པ་ཡིན་པས། ཁ་ཅིག་གིས་མྱུར་བ་མྱུར་བར་དོང་སྟེ། སྡེ་པའི་ཆུང་མ་ལ་སྨྲས་པ། ཁྱོད་ཀྱི་ཁྱིམ་ཐབ་དོན་ལེགས་པར་གྲུབ་སྟེ་མཉན་ཡོད་དང་ཉེ་བར་འོངས་ཀྱིས་སྤྲོ་བ་སྐྱེད་ཅིག །བུད་མེད་ཀྱི་ཡུལ་ནི་མ་བསླབས་པར་མཁས་པ་ཡིན་པས་སྡེ་པའི་ཆུང་མ་དེ་ཡི་ཆད་པའི་སེམས་ཀྱིས་གོས་དྲི་མ་ཅན་དག་བགོས་ཏེ། ཁྲི་ཞིག་པ་ལ་འདུག་ཅིང་འདུག་གོ་། ཇི་ཙམ་ན་སྡེ་པ་མཉན་ཡོད་དུ་ཞུགས་ནས་ཟོང་མཛོད་དུ་མཁོས་སུ་ཕབ་སྟེ། རང་གི་ཁྱིམ་དུ་འོངས་པ་དང་། ཁྱིམ་མ་བྱུགས། བྱི་དོར་མ་བྱས། གསལ་བ་མེད་པ་མཐོང་ནས། དེས་བུ་མོ་མོ་མངག་གཞུག་མ་ལ་དྲིས་པ། ཁྱིམ་བདག་གི་ཆུང་མ་གར་སོང་། བུ་མོས་སྨྲས་པ། རྗེའི་སྲས་སྤྱོད་ལམ་བཅད་དེ་ཁྲི་ཞིག་པ་ལ་མཆིས་ཤིང་མཆིས་སོ། །དེ་ནས་སྡེ་པ་ཡི་མི་བདེ་བ་སྐྱེས་ཏེ། ཆུང་མའི་གན་དུ་སོང་ནས་སྨྲས་པ། བཟང་མོ་ཁྱོད་ཁོ་བོ་འོངས་པས་མི་བདེ་བའམ།
རྗེའི་སྲས་བདག་ཁྱོད་བྱོན་པས་མི་བདེ་བ་མ་མཆིས་ཏེ། འདི་ལྟར་རྗེའི་སྲས་ཀྱིས་སྲུང་མ་གང་ལགས་པ་དེ་དག་ཉིད་རྐུན་མ་དག་ལགས་སོ། །ཅི་ཞིག་བྱས། བཀག་བཞིན་དུ་ཉེ་སྡེས་ནན་གྱིས་ཁོ་མོ་བདག་གིར་བགྱིས་སོ། །བཟང་མོ་དེ་ནི་དེས་ཁྱོད་ཟིལ་གྱིས་མནན་པ་མ་ཡིན་གྱི་ཁོ་བོ་ཟིལ་གྱིས་མནན་པ་ཡིན་གྱིས། ལོངས་ཤིག །ཁོ་བོས་དེ་ལ་མཚམས་གཅད་པར་བྱའོ། །བཟང་མོ་ཉེ་སྡེ་ག་ལ་འདུག །རྗེའི་སྲས་ཁྱོད་བྱོན་པ་ཐོས་ནས་རབ་ཏུ་བྱུང་ངོ་། །གང་དུ་རྒྱལ་བྱེད་ཀྱི་ཚལ་དུ་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་ཀྱི་ནང་དུའོ། །བཟང་མོ་ཅི་དེ་འཇིགས་པ་མེད་པའི་གྲོང་ཁྱེར་ཡིན་ནམ། ཁོ་བོ་དེར་ཡང་སོང་ལ་དེ་ལ་མཚམས་ཆེན་པོ་གཅད་པར་བྱའོ། །འཇིག་རྟེན་ནི་མཛའ་བཤེས་དང་དགྲ་བོ་དང་བར་མ་ཡིན་པས། ཁ་ཅིག་ཉེ་སྡེའི་དྲུང་དུ་སོང་སྟེ་སྨྲས་པ། ཉེ་སྡེ་ཁྱེད་ཀྱི་ཕུ་བོ་འོངས་སོ། །ཉེ་སྡེས་སྨྲས་པ། ཇི་སྐད་ཟེར། དེ་དག་གིས་སྨྲས་པ། ཅི་དེ་འཇིགས་པ་མེད་པའི་གྲོང་ཁྱེར་ཡིན་ནམ། ཁོ་བོ་དེར་ཡང་སོང་ལ། དེ་ལ་མཚམས་ཆེན་པོ་གཅད་པར་བྱའོ་ཞེས་ཟེར་རོ། །ཉེ་སྡེས་ཐོས་ནས་ཉམ་ང་བར་གྱུར་ཏེ། བསམས་པ། བདག་འཇིགས་པ་དག་གིས་རབ་ཏུ་བྱུང་བ་དེ། འདིར་ཡང་འབྱུང་བར་མི་འགྱུར་རམ། འདི་ལྟར་བདག་ཅག་རྒྱལ་པོས་གཞོན་ནུའི་ཡོངས་སུ་སྤང་བ་བྱིན་མོད་ཀྱི་འོན་ཀྱང་བདག་ཉེས་པ་དང་བཅས་པ་ཡིན་པས། གལ་ཏེ་ན་བདག་ལ་འདིར་ཡང་གནོད་པ་བྱེད་པར་འགྱུར་བའི་གནས་ཡོད་ཀྱིས་བྲོས་ཏེ་འགྲོའོ་སྙམ་ནས། དེས་མཁན་པོ་ལ་མཁན་པོ་བདག་འཇིགས་པ་གང་གིས་རབ་ཏུ་བྱུང་བ་དེ། འདིར་ཡང་རྗེས་སུ་འབྲེལ་བར་གྱུར་ཏོ་ཞེས་བྱུང་བའི་མཐའ་དེ་རྒྱས་པར་བརྗོད་དོ། །མཁན་པོས་སྨྲས་པ། བུ་ཅི་ཉེས། མཁན་པོ་བདག་གི་ཕུ་བོ་དེ་མཆིས་ནས་ཏེ་པོར་མཆིད་འབོ་ཞིང་། ཇི་དེ་འཇིགས་པ་མེད་པའི་གྲོང་ཁྱེར་ཡིན་ནམ། ཁོ་བོ་དེར་ཡང་སོང་ལ་དེ་ལ་མཚམས་ཆེན་པོ་གཅད་པར་བྱའོ་ཞེས་མཆིའོ། །འདི་ལྟར་བདག་ཅག་རྒྱལ་པོས་གཞོན་ནུའི་ཡོངས་སུ་སྤང་བ་སྩལ་མོད་ཀྱི་འོན་ཀྱང་བདག་ནོངས་པ་དང་བཅས་པ་ལགས་པས། གལ་ཏེ་ན་འདིར་ཡང་བདག་ལ་གནོད་
པ་བགྱིད་པར་འགྱུར་བའི་གནས་མཆིས་ཀྱིས། བྲོས་ཏེ་མཆིའོ། །བུ་གང་དུ་འགྲོ། མཁན་པོ་རྒྱལ་པོའི་ཁབ་ཏུའོ། །བུ་དེ་ན་ཁོ་བོ་མཛའ་བཤེས་དགེ་སློང་ཞིག་འདུག་གི་།དེ་ལ་སྤྲིང་ཡིག་བསྐུར་གྱིས། དེའི་དྲུང་ན་འདུག་ཅིག་དང་། དེ་ཁྱོད་ལ་བྱམས་པས་རྗེས་སུ་སྐྱོང་བར་འགྱུར་རོ། །མཁན་པོ་ལེགས་སོ། །དེས་དགེ་སློང་དེ་ལ་སྔར་བྲོ་རྨ་བ་དྲིས་ཏེ། བདག་གི་ལྷན་ཅིག་གནས་པ་བདག་གིས་ཁྱོད་ཀྱི་གན་དུ་གཏང་སྟེ་འོང་གིས། དེའི་སླད་དུ་ཇི་ལྟར་འདི་ནི་མངོན་པར་དགའ་བ་བཞིན་དུ་བྱམས་པས་རྗེས་སུ་སྐྱོངས་ཤིག་ཅེས་སྤྲིང་ཡིག་བྲིས་ནས། ཉེ་སྡེས་སྤྲིང་ཡིག་དེ་མནོས་ཏེ་བག་ཚ་བས་ཡིད་མི་བདེ་ཞིང་ཕྱོགས་སུ་རྣམ་པར་ལྟ་བ་བཞིན་དུ་རྒྱལ་པོའི་ཁབ་ཏུ་འཕགས་ཏེ་མཐར་གྱིས་རྒྱལ་པོའི་ཁབ་ཏུ་སོང་ནས། ཐོས་པ་བརྒྱུད་པས་དགེ་སློང་དེའི་གན་དུ་ཕྱིན་ནས་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། སྤྲིང་ཡིག་ཕུལ་ནས་མཐའ་གཅིག་ཏུ་འདུག་གོ། །དེ་ནས་དགེ་སློང་དེས་སྤྲིང་ཡིག་བཀླགས་ཏེ་སྨྲས་པ། ཚེ་དང་ལྡན་པ་འོངས་པ་ལེགས་སོ། །འོངས་པ་ལེགས་སོ། །ཇི་ལྟར་ཁྱོད་དེའི་ཉེ་གནས་ཡིན་པ་དེ་བཞིན་དུ། ཁོ་བོའི་ཡང་ཡིན་གྱིས་བསླབ་པ་ལ་གུས་པར་གྱིས་ཤིག་དང་། ཁོ་བོས་ཁྱོད་ལྷུང་བཟེད་དང་ཆོས་གོས་དང་དྲ་བ་དང་ཕོར་བུ་དང་སྐ་རགས་ཀྱིས་མི་བྲེལ་བར་བྱའོ། །གཞན་ཡང་དགེ་སློང་གི་ལས་ནི་གཉིས་ཏེ། བསམ་གཏན་དང་ཀློག་པ་ཡིན་ན། ཁྱོད་བསམ་གཏན་དང་ཀློག་པ་གང་འདོད། བསམ་གཏན་འཚལ་ལོ། །བུ་ལེགས་སོ། །དེས་དེ་ལ་གདམས་ངག་བྱིན་ནས་ཉེ་སྡེ་བསིལ་བ་ཚལ་གྱི་དུར་ཁྲོད་དུ་སོང་སྟེ། བརྩོན་པ་དང་འབད་པ་དང་། བརྩལ་བས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པ་ལས་འདོད་ཆགས་དང་བྲལ་བ། བོང་བ་དང་གསེར་དུ་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ། ཙན་དན་བཞག་པ་ལྟ་བུ། རིག་པས་སྒོ་ངའི་སྦུབས་དྲལ་བར་གྱུར་ཅིང་། རིག་པ་དང་མངོན་པར་
ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང་འདོད་པའི་རྙེད་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་པར་བྱ་བ་དང་། རྗེད་པར་བྱ་བ་དང་། མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ། །དེའི་བར་སྐབས་སུ་སྡེ་པ་ཡང་རྒྱལ་བྱེད་ཀྱི་ཚལ་དུ་སོང་སྟེ་དགེ་སློང་རྣམས་ལ་དྲིས་པ། འཕགས་པ་དག་འདི་ན་མཉན་ཡོད་པའི་ཁྱིམ་བདག་གི་བུ་རབ་ཏུ་བྱུང་བ་ཞིག་མཆིས་སམ། རབ་ཏུ་བྱུང་ངོ་། །དེ་ག་ལ་མཆིས། རྒྱལ་པོའི་ཁབ་ཏུ་སོང་ངོ་། །དེ་ཁྱེད་ཀྱི་ཅིར་འོང་ནུ་བོར་མཆིའོ། །སྡེ་པས་དགེ་སློང་དེ་དག་གི་རྐང་པ་ལ་ཕྱག་འཚལ་ཏེ་སོང་ནས་བསམས་པ། རྒྱལ་པོའི་ཁབ་ཀྱང་འཇིགས་པ་མེད་པའི་གྲོང་ཁྱེར་མ་ཡིན་གྱིས་བདག་དེར་ཡང་སོང་ལ། དེ་ལ་མཚམས་ཆེན་པོ་གཅད་པར་བྱའོ་སྙམ་ནས། དེ་ལམ་བརྒྱགས་མང་པོ་དང་ཀར་ཤ་པ་ཎ་དག་ཁྱེར་ཏེ་རྒྱལ་པོའི་ཁབ་ཏུ་སོང་ངོ་། །དེ་འོད་མའི་ཚལ་དུ་སོང་ནས་དགེ་སློང་རྣམས་ལ་དྲིས་པ། འཕགས་པ་དག་འདི་ན་མཉན་ཡོད་པའི་ཁྱིམ་བདག་གི་བུ་རབ་ཏུ་བྱུང་བ་ཞིག་མཆིས་སམ། འདིར་འོངས་སོ། །དེ་ཁྱོད་ཀྱི་ཅིར་འོང་། ནུ་བོར་མཆིའོ། །དེ་ག་ལ་མཆིས། བསིལ་བ་ཚལ་གྱི་དུར་ཁྲོད་ནའོ། །སྡེ་པ་དེ་བསིལ་བ་ཚལ་གྱི་དུར་ཁྲོད་དུ་སོང་བ་དང་། དེས་ཉེ་སྡེ་བྱིས་པའི་གནས་སྐབས་ན་མཐོང་བ་ཆེན་པོར་གྱུར་པས། མཁས་པ་དང་རྣམ་པར་གནོན་པ་ལས་ངོ་མ་ཤེས་མོད་ཀྱི་ཏེ་པོར་བརྟགས་པ་དང་བཞིན་གཟུགས་ལས་ངོ་ཤེས་པར་གྱུར་ནས། དེས་བསམས་པ། གལ་ཏེ་འདིས་བདག་ངོ་ཤེས་པར་གྱུར་ན། ངེས་པར་འདིས་བདག་གསོད་པར་བྱེད་པས་དེའི་ཐབས་སྦྱར་བར་བྱའོ་སྙམ་ནས། དེ་མཐའ་གཅིག་ཏུ་སོང་སྟེ་ཕྱོགས་སུ་རྣམ་པར་བལྟ་ཞིང་འདུག་གོ་།ཇི་ཙམ་ན་ལམ་དེར་རྔོན་པ་ལག་ན་མདའ་གཞུ་ཐོགས་པ་ཞིག་རི་དྭགས་བཤོར་བའི་ཕྱིར་འོངས་པ་དང་། སྡེ་པ་དེའི་གན་དུ་སོང་སྟེ་སྨྲས་པ། ཀྱེ་གྲོགས་པོ་ཁྱོད་ལག་ན་མདའ་གཞུ་ཐོགས་ཏེ་གར་འགྲོ་།དེས་སྨྲས་པ། གྲོགས་པོ་རི་དྭགས་ཤོར་དུའོ། །དེ་ལས་ཁྱོད་ཀྱི་རྙེད་པ་ཇི་ཙམ་
འགྲུབ། གྲོགས་པོ་ལན་འགའ་ནི་འགྲུབ། ལན་འགའ་ནི་མི་འགྲུབ་བོ། །གང་གི་ཚེ་འགྲུབ་པ་དེའི་ཚེ་ན་མང་ཉུང་ཇི་ཙམ། གྲོགས་པོ་ཀར་ཤ་པ་ཎི་ལྔ་བརྒྱ་ཙམ་མོ། །སྡེ་པས་སྨྲས་པ། གྲོགས་པོ་གལ་ཏེ་དེ་ལྟ་ན་རབ་ཏུ་བྱུང་བ་འདི་སོད་ཅིག་དང་། ཁོ་བོས་ཁྱོད་ལ་ཀར་ཤ་པ་ཎ་ལྔ་བརྒྱ་བྱིན་ནོ། །རྔོན་པ་དེ་འདོད་པས་དྲངས་པའི་ཡིད་དང་ལྡན་པས་དེས་སྡེ་པ་ལས་ཀར་ཤ་པ་ཎ་ལྔ་བརྒྱ་བླངས་ནས། དེའི་འོག་ཏུ་བསམས་པ། རབ་ཏུ་བྱུང་བ་འདི་དག་ནི་རྒྱལ་པོ་གཟུགས་ཅན་སྙིང་པོས་གཞོན་ནུའི་ཡོངས་སུ་སྤང་བ་བྱིན་པ་ཡིན་ལ། བདག་ནི་ཕྱོགས་འདིར་རྟག་ཏུ་རྒྱུ་བ་ཡིན་པས། གལ་ཏེ་བདག་གིས་རབ་ཏུ་བྱུང་བ་འདི་བསད་པར་གྱུར་ན། བདག་ཀྱང་བུ་དང་རྩ་ལག་དང་ཕྱུགས་དང་བཅས་ཏེ་ངེས་པར་བཙོན་རར་བཅུག་ཅིང་གསོད་པར་འགྱུར་རོ། །འདི་ལྟར་ཁྱིམ་བདག་འདི་ནི་ན་ལེ་ཤམ་དཀར་པོ་འབྱུང་བ་དང་འདྲ་བར་འདི་ག་ལས་འོངས་པ་སུས་ཀྱང་མི་ཤེས་པ་ཡིན་གྱིས། རྣམ་པ་ཐམས་ཅད་དུ་འདི་གསད་པར་བྱའོ་སྙམ་ནས། རྔོན་པ་དེས་མདའ་དུག་ཅན་གྱིས་གཞུ་རྔའི་དབྱིབས་འདྲ་བར་རྣ་དྲུང་དུ་ཐུག་པར་བཀང་སྟེ་སྡེ་པའི་གནད་དུ་བསྣུན་ཏོ། །སྡེ་པ་དེ་སྡུག་བསྔལ་གྱི་ཚོར་བ་དག་གིས་ཉེན་པས་བདག་བསད་པར་གྱུར་པ་གང་ཡིན་པ་དེ་ཐམས་ཅད་ངེས་པར་རབ་ཏུ་བྱུང་བ་འདིས་རྔོན་པ་འདི་དང་ལྷན་ཅིག་བརྡ་བྱས་པ་ཡིན་གྱི་གང་དུ་འདི་གསོད་པར་འགྱུར་བ་དེར་སྐྱེ་བ་བླང་ངོ་སྙམ་དུ་སེམས་དག་གསོ་བར་བྱེད་ཅིང་། དེས་སྨོན་ལམ་ལོག་པར་བཏབ་ནས། ཉེ་སྡེའི་གནས་ཁང་གི་སྒོ་གླེགས་འདྲུད་པའི་འོག་ཏུ་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པ་ཞིག་ཏུ་སྐྱེས་སོ། །དགྲ་བཅོམ་པ་དག་ནི་མ་བསམས་པར་ཤེས་པ་དང་། མཐོང་བ་མི་འཇུག་པས། ཉེ་སྡེས་སྒོ་ལེགས་ཕྱེ་བས་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པ་དེ་ཤི་བར་གྱུར་ཏོ། །དེ་ནས་སྒོ་གླེགས་འདྲུད་པའི་སྟེང་དུ་སྐྱེས་ནས་དེར་ཡང་ཤི་བར་གྱུར་ཏོ། །དེ་ནས་ཁྲིའི་རྐང་རྟེན་གཅིག་གི་འོག་ཏུ་སྐྱེས་ནས་དེར་ཡང་ཤི་བར་གྱུར་ཏོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་ལན་བཞིར་འོག་ཏུ་སྐྱེ་ནས་དེར་ཡང་ཤི་བར་གྱུར་
ཏོ། །ཇི་ལྟ་ཇི་ལྟར་འཆི་བར་འགྱུར་བ་དེ་ལྟ་དེ་ལྟར་དུག་ཤིན་དུ་རྣོ་བ་དང་། ལུས་ཤིན་ཏུ་ཕྲ་བས་ཉིང་མཚམས་སྦྱོར་བ་ལེན་པ་བྱེད་དོ། །ཇི་ཙམ་དུས་གཞན་ཞིག་ན་དེ་སྟེང་གི་སྤང་ལེབ་ཀྱི་བར་དུ་སྐྱེས་ནས། ཚེ་དང་ལྡན་པ་ཉེ་སྡེ་གཅིག་པུ་དབེན་པར་སོང་སྟེ་ནང་དུ་ཡང་དག་འཇོག་ལ་ཞུགས་པའི་ལུས་ལ་ལྟུང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཉེ་སྡེས་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག་ཁོ་བོའི་ལུས་ལ་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པ། འབར་བ་རྣོ་བ་དུག་དྲག་པ། འདི་ལྟ་སྟེ་དཔེར་ན་མིག་སྨན་གྱི་ཐུར་མ་ལྟར་ཕྲ་བ་ལྟུང་གིས། ཀྱེ་ཚེ་དང་ལྡན་པ་དག་ལུས་ཀྱི་ཐཎ་ཀོར་ནས་བཟུང་ལ། འདི་ཉིད་དུ་འདི་ལྟ་སྟེ་དཔེར་ན་སྦུན་པའི་ཆང་བུ་ལྟར་ཞིགས་པར་མི་འགྱུར་བར་གཙུག་ལག་ཁང་གི་ཕྱི་རོལ་དུ་ཕྱུང་ཞིག །དེའི་ཚེ་ན་ཚེ་དང་ལྡན་པ་ཤཱ་རིའི་བུ། ཚེ་དང་ལྡན་པ་ཉེ་སྡེ་དང་ཧ་ཅང་མི་རིང་བའི་ཤིང་དྲུང་ཞིག་ན་རྟེན་ཅིང་ཉིན་མོ་གནས་པའི་ཕྱིར་འདུག་གོ་།ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་ཉེ་སྡེའི་ཚིག་བརྗོད་པ་རྣམ་པ་དེ་ལྟ་བུ་དེ་ཐོས་སོ། །ཐོས་ནས་ཀྱང་ཚེ་དང་ལྡན་པ་ཉེ་སྡེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་ཉེ་སྡེ་ལ་འདི་སྐད་ཅེས་སྨྲས་སོ། །བདག་གིས་ཚེ་དང་ལྡན་པ་ཉེ་སྡེ་བཞིན་གཞན་དུ་གྱུར་པའམ། དབང་པོ་རྣམས་སྣ་ཚོགས་སུ་གྱུར་པ་མ་མཐོང་ན། འོན་ཀྱང་ཚེ་དང་ལྡན་པ་ཉེ་སྡེ་འདི་སྐད་ཅེས། ཚེ་དང་ལྡན་པ་དག་ཁོ་བོའི་ལུས་ལ་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པ། འབར་བ། རྣོ་བ། དུག་དྲག་པ། འདི་ལྟ་སྟེ་དཔེར་ན། མིག་སྨན་གྱི་ཐུར་མ་ལྟར་ཕྲ་བ་ལྷུང་གིས། ཀྱེ་ཚེ་དང་ལྡན་པ་དག་ལུས་ཀྱི་ཐན་ཀོར་ནས་བཟུང་ལ། འདི་ཉིད་དུ་འདི་ལྟ་སྟེ་དཔེར་ན། སྦུན་པའི་ཆང་བུ་ལྟར་ཞིགས་པར་མི་འགྱུར་བར་གཙུག་ལག་ཁང་གི་ཕྱི་རོལ་དུ་ཕྱུང་ཞིག་ཅེས་ཟེར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ལ་འདི་ལྟར་མིག་བདག་ཡིན་ནོ། །མིག་བདག་གི་ཡིན་ནོ། །རྣ་བ་དང་རྣ་དང་ལྕེ་དང་ལུས་དང་ཡིད་བདག་ཡིན་ནོ། །ཡིད་བདག་གི་ཡིན་ནོ། །གཟུགས་བདག་ཡིན་ནོ། །གཟུགས་བདག་གི་ཡིན་ནོ། །སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་བདག་ཡིན་
ནོ། །ཆོས་བདག་གི་ཡིན་ནོ། །སའི་ཁམས་བདག་ཡིན་ནོ། །སའི་ཁམས་བདག་གི་ཡིན་ནོ། །ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་བདག་ཡིན་ནོ། །རྣམ་པར་ཤེས་པའི་ཁམས་བདག་གི་ཡིན་ནོ། །གཟུགས་ཀྱི་ཕུང་པོ་བདག་ཡིན་ནོ། །གཟུགས་ཀྱི་ཕུང་པོ་བདག་གི་ཡིན་ནོ་།ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོ་བདག་ཡིན་ནོ། །རྣམ་པར་ཤེས་པའི་ཕུང་པོ་བདག་གི་ཡིན་ནོ་ཞེས་བྱ་བ་ཡོད་པ་དེ་ལ་ནི། བཞིན་གཞན་དུ་གྱུར་པའམ། དབང་པོ་རྣམས་སྣ་ཚོགས་སུ་གྱུར་པར་འགྱུར་གྱིས། ཚེ་དང་ལྡན་པ་ཤཱ་རིའི་བུ་ཁོ་བོ་ལ་ནི་འདི་ལྟར་མིག་བདག་ཡིན་ནོ། །མིག་བདག་གི་ཡིན་ནོ། །རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་བདག་ཡིན་ནོ། །ཡིད་བདག་གི་ཡིན་ནོ། །གཟུགས་བདག་ཡིན་ནོ། །གཟུགས་བདག་གི་ཡིན་ནོ། །སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་བདག་ཡིན་ནོ། །ཆོས་བདག་གི་ཡིན་ནོ། །སའི་ཁས་བདག་ཡིན་ནོ། །སའི་ཁམས་བདག་གི་ཡིན་ནོ། །ཆུའི་ཁམས་དང་མེའི་ཁམས་དང་རླུང་གི་ཁམས་དང་ནམ་མཁའི་ཁམས་དང་རྣམ་པར་ཤེས་པའི་ཁམས་བདག་ཡིན་ནོ། །རྣམ་པར་ཤེས་པའི་ཁམས་བདག་གི་ཡིན་ནོ། །གཟུགས་ཀྱི་ཕུང་པོ་བདག་ཡིན་ནོ། །གཟུགས་ཀྱི་ཕུང་པོ་བདག་གི་ཡིན་ནོ། །ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོ་བདག་ཡིན་ནོ། །རྣམ་པར་ཤེས་པའི་ཕུང་པོ་བདག་གི་ཡིན་ནོ་ཞེས་བྱ་བ་མེད་པས། ཁོ་བོའི་བཞིན་གཞན་དུ་གྱུར་པའམ། དབང་པོ་རྣམས་སྣ་ཚོགས་སུ་གྱུར་པ་ག་ལ་འགྱུར། ཚེ་དང་ལྡན་པ་ཉེ་སྡེ་ཡུན་རིང་པོ་ནས་བདག་ཏུ་འཛིན་པ་དང་། བདག་གིར་འཛིན་པ་དང་། ངའི་སྙམ་པའི་ང་རྒྱལ་དང་། མངོན་པར་ཞེན་པ་དང་། བག་ལ་ཉལ་བ་དག་སྤངས་ཤིང་ཡོངས་སུ་ཤེས་ལ་ཏཱ་ལའི་
མགོ་བཞིན་དུ་དྲུངས་ནས་བཅད་ཅིང་གཞི་མི་སྣང་ལ་ཕྱིས་ཀྱང་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པས། ཁྱོད་ལ་བཞིན་གཞན་དུ་གྱུར་པའམ། དབང་པོ་རྣམས་སྣ་ཚོགས་སུ་གྱུར་པར་ག་ལ་འགྱུར། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དགེ་སློང་རབ་ཏུ་མང་པོ་དག་དང་བཅས་པས། ཆེ་དང་ལྡན་པ་ཉེ་སྡེའི་ལུས་ཀྱི་ཐན་ཀོར་ནས་བཟུང་སྟེ། གཙུག་ལག་ཁང་གི་ཕྱི་རོལ་དུ་བསྐྱལ་ནས། ཚེ་དང་ལྡན་པ་ཉེ་སྡེའི་ལུས་འདི་ལྟ་སྟེ། དཔེར་ན་སྤུན་པའི་ཆང་བུ་ལྟར་རྣམ་པར་བརྒྱར་ཞིགས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་དེའི་ཚེ་ཚིགས་སུ་བཅད་པ་སྨྲས་པ། ཚངས་སྤྱོད་ལེགས་པར་སྤྱད་པ་དང་། ལམ་ཉིད་ལེགས་པར་བསྒོམས་པ་ནི། །ཚེ་ཟད་དགའ་བར་འགྱུར་བ་སྟེ། །ནད་དང་བྲལ་བ་ཇི་བཞིན་ནོ། །ཚངས་སྤྱོད་ལེགས་པར་སྤྱད་པ་དང་། །ལམ་ཉིད་ལེགས་པར་བསྒོམས་པ་ནི། །ཚེ་ཟད་དགའ་བར་འགྱུར་བ་སྟེ། །དུག་སྣོད་སྤངས་པ་ཇི་བཞིན་ནོ། །ཚངས་སྤྱོད་ལེགས་པར་སྤྱད་པ་དང་། །ལམ་ཉིད་ལེགས་པར་བསྒོམས་པ་ནི། །འབར་བའི་ཁྱིམ་ནས་ཐར་བ་ལྟར། །འཆི་བའི་མཐར་ནི་མྱ་ངན་མེད། །ཚངས་སྤྱོད་ལེགས་པར་སྤྱད་པ་དང་། །ལམ་ཉིད་ལེགས་པར་བསྒོམས་པ་ནི། །གང་ཚེ་འཇིག་རྟེན་ཤེས་རབ་ཀྱིས། །རྩྭ་དང་ཤིང་འདྲར་མཐོང་གྱུར་པ། །དེ་ཚེ་ཉིང་མཚམས་སྦྱོར་མེད་ལས། །གཞན་པ་འདོད་པར་མི་བྱེད་དོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་ཉེ་སྡེའི་ལུས་ལ་ལུས་ཀྱི་མཆོད་པ་བྱས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། མཐའ་གཅིག་ཏུ་འདུག་གོ་།མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཚེ་དང་ལྡན་པ་ཉེ་སྡེའི་ལུས་ལ་སྦྲུལ་དུག་མྱུར་དུ་ཁྱབ་པར་བགྱིད་པ། འབར་བ། རྣོ་བ། དུག་དྲག་པ་འདི་ལྟ་སྟེ་དཔེར་བགྱི་ན། མིག་སྨན་གྱི་ཐུར་མ་ལྟར་ཕྲ་བ་ལྷུང་ནས། དེའི་ལུས་འདི་ལྟ་སྟེ་དཔེར་བགྱི་ན། སྦུན་པའི་ཆང་བུ་ལྟར་ཞིགས་པར་གྱུར་ཏོ། །ཤཱ་རིའི་བུ་ཚེ་དང་ལྡན་པ་ཉེ་སྡེ་ལ་གལ་ཏེ་དེའི་
ཚེ་ཚིགས་སུ་བཅད་པ་འདི་དག་དང་། གསང་སྔགས་ཀྱི་ཚིག་འདི་དག་སྣང་བར་གྱུར་ན། དེའི་ལུས་ལ་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པ། འབར་བ། རྣོ་བ། དུག་དྲག་པས་ཚུགས་པར་མི་འགྱུར་ཞིང་། དེའི་ལུས་འདི་ལྟ་སྟེ་དཔེར་ན་སྤུན་པའི་ཆང་བུ་ལྟར་ཞིགས་པར་ཡང་མི་འགྱུར་རོ། །བཙུན་པ་ཚིགས་སུ་བཅད་པ་དེ་དག་དང་། གསང་སྔགས་ཀྱི་ཚིག་དེ་དག་གང་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་བཀའ་སྩལ་པ། ང་ནི་ཡུལ་འཁོར་སྲུང་ལ་བྱམས། །ས་སྲུང་བུ་ལ་བྱམས་པ་སྟེ། །ལ་བ་དང་ནི་མགྱོགས་མཆོག་དང་། །གཅོད་ལྡན་བུ་ལ་ང་བྱམས་སོ། །གོའུ་ཏ་མ་ནི་ནག་པོ་དང་། །མིག་མི་བཟང་ལ་ང་བྱམས་ཏེ། །ཀླུ་གང་དགའ་བོ་ཉེ་དགའ་བོ། །དེ་གཉིས་ལ་ནི་ང་རྟག་བྱམས། །རྐང་མེད་རྣམས་ལ་ད་བྱམས་ཏེ། །རྐང་གཉིས་རྣམས་ལའང་ང་བྱམས་སོ། །རྐང་བཞི་རྣམས་ལ་ང་བྱམས་ཏེ། །རྐང་མང་རྣམས་ལའང་ང་བྱམས་སོ། །གང་དག་རྒྱ་མཚོར་རྟེན་པ་ཡི། །ཀླུ་རྣམས་ཀུན་ལ་ང་བྱམས་སོ། །སེམས་ཅན་གང་དག་མགུལ་གནས་པའི། །སེམས་ཅན་ཀུན་ལ་ང་བྱམས་སོ། །སེམས་ཅན་ཀུན་དང་སྲོག་ཆགས་ཀུན། །འབྱུང་པོ་ཀུན་དང་མ་འདྲིས་ཤོག །ཐམས་ཅད་བདེ་བ་ཉིད་གྱུར་ཅིང་། །ཐམས་ཅད་ནད་ནི་མེད་གྱུར་ཅིག །ཀུན་གྱི་བཟང་པོ་མཐོང་གྱུར་ཅིང་། །གང་ལའང་སྡིག་པར་མ་གྱུར་ཅིག །སྦྲུལ་གྱིས་གང་བའི་བྱ་སྐྱིབས་སུ། །རྟག་ཏུ་བདག་གི་གནས་གྱུར་ཀྱང་། །དུག་མྱུར་ཁྱབ་དང་དུག་དྲག་པོས། །བདག་གི་སྲོག་ལ་གནོད་མི་འགྱུར། །བདག་གི་བདེན་ཚིག་གང་གིས་ནི། །སྟོན་པ་འཇིག་རྟེན་བླ་ན་མེད། །བདག་གི་བདེན་ཚིག་དེ་ཡིས་ནི། །བདག་གིས་ལུས་ལ་དུག་མ་འཇུག །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །དེ་དག་འཇིག་རྟེན་དུག་གསུམ་སྟེ། །སངས་རྒྱས་བཅོམ་ལྡན་དུག་མི་མངའ། །སངས་རྒྱས་བདེན་པས་དུག་བཅོམ་མོ། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །དེ་དག་འཇིག་རྟེན་དུག་གསུམ་སྟེ། །སངས་རྒྱས་ཆོས་ནི་དུག་མི་
མངའ། །ཆོས་ཀྱི་བདེན་པས་དུག་བཅོམ་མོ། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །དེ་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་དགེ་འདུན་དུག་མི་མངའ། །དགེ་འདུན་བདེན་པས་དུག་བཅོམ་མོ། །དུག་དང་དྲག་པོའི་དུག་བཅོམ་སྟེ། །བསྲུང་བས་ཡོངས་སུ་བསྲུང་བ་བྱས། །སངས་རྒྱས་ཐམས་ཅད་དུག་བཅོམ་པས། །བྲང་འགྲོ་ཁྱོད་ཀྱི་དུག་བཅོམ་མོ། །དེ་ལ་གསང་སྔགས་ཀྱི་ཚིག་རྣམས་འདི་དག་ཡིན་ཏེ། ཏཱདྱ་ཐཱ། ཨོཾ་ཏུ་མ་པི་ལེ། ཏུམ་པི་ལེ། ཏུམ་པེ། པྲ་ཏུམ་པེ། ནད་ཏེ། སུ་ན་ཊ་ཊེ། ཀེ་པ་ཊ་ཊེ། མུ་ན་ཡེ། ས་མ་ཡེ། དན་ཏེ། དན་ཏི་ལེ། ནི་ལེ། ནི་ལ་ཀེ་ཤེ། བཱ་ལེ། བཱ་ལ་ཀོ་པེ། ཨོ་ལེ། ནྱང་གོ་ལེ་སྭཱ་ཧཱ། ཤཱ་རིའི་བུ་གལ་ཏེ་དེའི་ཚེ་རིགས་ཀྱི་བུ་ཉེ་སྡེ་ལ་ཚིགས་སུ་བཅད་པ་དེ་དག་དང་། གསང་སྔགས་ཀྱི་ཚིག་དེ་དག་སྣང་བར་གྱུར་ན། དེའི་ལུས་ལ་དུག་མྱུར་དུ་ཁྱབ་པར་བྱེད་པས་ཚུགས་པར་མི་འགྱུར་ཞིང་དེའི་ལུས་ལ་འདི་ལྟ་སྟེ་དཔེར་ན། སྦུན་པའི་ཆང་བུ་ལྟར་རྣམ་པ་བརྒྱར་ཞིགས་པར་ཡང་མི་འགྱུར་རོ། །བཙུན་པ་དེའི་ཚེ་ན་ཚེ་དང་ལྡན་པ་ཉེ་སྡེས་ཚིགས་སུ་བཅད་པ་དེ་དག་དང་། གསང་སྔགས་ཀྱི་ཚིགས་དེ་དག་སྔོན་མ་ཐོས་པས་དེ་ལ་ད་ལྟར་བཅོམ་ལྡན་འདས་ལ་ཇི་ལྟར་བ་བཞིན་དུ་སྣང་བར་ག་ལ་འགྱུར། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའ་བ་དང་། རྗེས་སུ་ཡི་རང་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་དགུ་པ། དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་ཉེ་སྡེས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་པ་ནོར་མང་བ་ལོངས་སྤྱོད་ཆེ་བའི་ཁྱིམ་དུ་སྐྱེས། ལས་ཅི་ཞིག་བགྱིས་ན། དེས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས། ལས་ཅི་
ཞིག་བགྱིས་ན་དེས་དགྲ་བཅོམ་པ་ཉིད་ཐོབ་ཀྱང་དུག་གིས་གཟིར་བའི་སྙུན་གྱིས་ཡོངས་སུ་མྱ་ངན་ལས་འདས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རིགས་ཀྱི་བུ་ཉེ་སྡེ་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ་འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་བསགས་པས་ཉེ་སྡེ་ཉིད་ཀྱི་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི། འདི་ལྟར་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་པ་ཉིད། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། སངས་རྒྱས་རྣམས་འབྱུང་བ་མེད་པའི་ཚེ། རང་སངས་རྒྱས་དམན་པ་དང་། བཀྲེན་པ་ལ་རྗེས་སུ་སྙིང་བརྩེ་བ། བས་མཐའི་གནས་མལ་ལ་དགའ་བ་བསེ་རུ་ལྟ་བུ་གཅིག་པུ་འཇིག་རྟེན་གྱི་ཡོན་གནས་སུ་གྱུར་པ་དག་འཇིག་རྟེན་དུ་བྱུང་ངོ་། །ཅི་ཙམ་ན་རི་བྲགས་ཤིག་ན་རྔོན་པ་ཞིག་འདུག་སྟེ། རི་བྲགས་དེ་དང་ཧ་ཅང་མི་རིང་བ་ཞིག་ན་རི་དྭགས་དང་བྱ་མང་པོ་དག་གི་རྟེན་དུ་གྱུར་པ། མཚེའུ་ཞིག་ཡོད་པ་དེར་རྔོན་པ་དེ་ཉི་མ་རེ་རེ་ཞིང་རི་དྭགས་དང་བྱ་མང་པོ་དག་དྲུངས་དབྱུང་བའི་ཕྱིར་དང་། ཉམས་པར་བྱ་བའི་ཕྱིར་དང་། ཚུལ་མ་ཡིན་པས་སྡུག་བསྔལ་བར་བྱ་བའི་ཕྱིར་རྔོན་སྤྱད་དང་། རྙི་དང་རྙོང་མང་པོ་དག་འཇུག་པར་བྱེད་དོ། །དེའི་རྔོན་སྤྱད་དང་རྙི་དང་རྙིང་དེ་དག་ཀྱང་དོན་ཡོད་པ་ཡིན་ནོ། །ཇི་ཙམ་དུས་གཞན་ཞིག་ན་རང་སངས་རྒྱས་ཞིག་ལྗོངས་རྒྱུ་ཞིང་སོང་བ་ན། རི་བྲགས་དེར་ཕྱིན་ནས་ལྷའི་གནས་ཤིག་ཏུ་མཚན་མོ་གནས་པར་ཁས་བླངས་ནས། དེ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་
ཐོགས་ཏེ། རི་བྲགས་དེར་བསོད་སྙོམས་ལ་ཞུགས་སོ། །དེར་བསོད་སྙོམས་བརྒྱུས་ནས། བསམས་པ། ལྷའི་གནས་འདི་ཉིན་མོ་རྒྱུན་ལུགས་མང་བ་ཡིན་གྱིས། རི་བྲགས་ཀྱི་ཕྱི་རོལ་གྱི་གནས་ཞིག་བ་ཞིག་ཏུ་བསོད་སྙོམས་བཟའོ་སྙམ་ནས་དེ་རི་བྲགས་ནས་བྱུང་སྟེ། འདི་ནི་ཞི་བའོ་འདི་ནི་ཞི་བའོ་ཞེས་མཚེའུ་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ལྷུང་བཟེད་དང་ཆུ་ཚགས་མཐའ་གཅིག་ཏུ་བཞག་སྟེ། རྐང་བ་གཉིས་པ་བཀྲུས་ནས་ལག་པ་གཉིས་བསྙལ་ཏེ་ཆུ་བཙགས་ནས་ལོ་མ་ལྷགས་པ་དག་བླངས་ཏེ་འདུག་ནས་ཟས་ཀྱི་བྱ་བ་བྱས་ཏེ། ལག་པ་གཉིས་བསྙལ་ནས་ཁ་བཀྲུས་ཏེ། ལྷུང་བཟེད་དང་ཆུ་ཚགས་གནས་ཇི་ལྟ་བ་བཞིན་དུ་བཞག་ནས། རྐང་པ་གཉིས་བཀྲུས་ཏེ། ཤིང་དྲུང་ཞིག་ཏུ་བརྟེན་ནས། བྲང་འགྲོའི་རྒྱལ་པོ་ཉལ་བའི་ལུས་བསྐྱིལ་བ་ལྟར། སྐྱིལ་མོ་ཀྲུང་བཅས་ཏེ་སྤྱོད་ལམ་ཞི་བར་འདུག་པ་དང་། དེའི་ཉིན་མོ་མིའི་དྲིས་རི་དྭགས་གཅིག་ཀྱང་མ་ཟིན་ཏོ། །དེ་ནས་རྔོན་པ་དེ་ནང་པར་སྔར་ལངས་ཏེ། མཚེའུ་དེ་ག་ལ་བ་དེར་སོང་ནས། དེས་རྔོན་སྤྱད་དང་། རྙི་དང་རྙིང་དེ་དག་བྱུལ་བར་བརྩམས་པ་དང་། རི་དྭགས་གཅིག་ཀྱང་མ་མཐོང་ནས། དེ་འདི་སྙམ་དུ་སེམས་ཏེ། བདག་གི་རྔོན་སྤྱད་དང་། རྙི་དང་རྙིང་འདི་དག་དོན་ཡོད་པ་ཡིན་ན། གང་གི་ཕྱིར་དེང་རི་དྭགས་གཅིག་ཀྱང་མ་ཟིན་པ་འདིའི་རྒྱུ་གང་ཡིན་སྙམ་ནས། དེས་མཚེའུ་དེའི་ཐན་ཀོར་བྱུལ་བར་བརྩམས་པ་དང་། མིའི་རྗེས་མཐོང་ནས། དེ་རྗེས་དེའི་ཕྱི་བཞིན་དུ་སོང་བ་དང་། རང་སངས་རྒྱས་སྤྱོད་ལམ་ཞི་བར་འདུག་པ་དེ་མཐོང་ནས་དེས་བསམས་པ། རབ་ཏུ་བྱུང་བ་སེམས་ཞི་བ་འདི་དག་གནས་འདི་ལྟ་བུ་དག་ཏུ་མངོན་པར་དགའ་བར་བྱེད་པས། གལ་ཏེ་བདག་གིས་འདིའི་སྲོག་གཅད་པར་མ་བྱས་ན། འདི་དག་གིས་ངེས་པར་བདག་གི་འཚོ་བ་གཅོད་པར་བྱེད་ཀྱིས། རྣམ་པ་ཐམས་ཅད་དུ་འདི་གསད་པར་བྱའོ་སྙམ་ནས། སྙིང་རྗེ་མེད་པའི་སེམས་དང་ལྡན་པ། འཇིག་རྟེན་ཕ་རོལ་བཏང་བ་དེས། མདའ་དུག་ཅན་གྱིས་གཞུ་རྔའི་དབྱིབས་འདྲ་བ་རྣ་དྲུང་དུ་ཐུག་པར་བཀང་སྟེ། རང་སངས་རྒྱས་དེའི་གནད་དུ་བསྣུན་ཏོ། །རང་སངས་རྒྱས་བདག་ཉིད་ཆེན་པོ་དེས་བསམས་པ། རྔོན་པ་ཉོན་མོངས་པ་འདི་ཧ་ཅང་སྨས་པ་དང་། ཉམས་པར་གྱུར་ན་མི་
རུང་གིས་འདི་ལག་ནས་དྲང་བ་སྦྱིན་ནོ་སྙམ་ནས་དེས་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟར་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ནས། འབར་བ་དང་། གསལ་བ་དང་། ཆར་འབེབས་པ་དང་། གློག་འབྱིན་པའི་ཆོ་འཕྲུལ་དག་བྱ་བར་བརྩམས་སོ། །སོ་སོའི་སྐྱེ་བོ་ནི་རྫུ་འཕྲུལ་ལ་མྱུར་དུ་སེམས་གཏོད་པར་བྱེད་པ་ཡིན་པས། རྔོན་པ་དེ་ཤིང་ལྗོན་པ་རྩ་བ་ནས་བཅད་པ་བཞིན་དུ། རང་སངས་རྒྱས་དེའི་རྐང་པ་གཉིས་ཀྱི་དྲུང་དུ་འགྱེལ་ནས་སྨྲས་པ། ཡོན་གནས་ཡང་དག་པར་གྱུར་པ་མར་གཤེགས་སུ་གསོལ། མར་གཤེགས་སུ་གསོལ། ཉོན་མོངས་པའི་འདམ་དུ་བྱིང་བ་བདག་གི་སུག་པ་ནས་དྲང་བ་སྩལ་དུ་གསོལ། རང་སངས་རྒྱས་དེ་རྔོན་པ་དེ་ལ་རྗེས་སུ་སྙིང་བརྩེ་བའི་ཕྱིར། སྟེང་གི་ནམ་མཁའ་ལས་ཤོད་དུ་བབས་སོ། །དེ་ནས་རྔོན་པ་དེས་ཟུག་རྔུ་མེད་པར་བྱས་ཏེ་རྨ་ལྷན་གྱི་གླན་ནས་སྨྲས་པ། འཕགས་པ་སྡུག་པར་གཤེགས་སུ་གསོལ། གལ་ཏེ་འདིར་གསེར་གྱི་ལྷན་པ་ཀླན་པར་མཛད་ན། དེ་ཡང་བདག་གིས་སྦྱར་བར་བགྱིའོ། །རང་སངས་རྒྱས་ཀྱིས་བསམས་པ། བདག་གིས་རྣག་གི་ལུས་འདིས་ཐོབ་པར་བྱ་བ་གང་ཡིན་པ་ཐོབ་ཟིན་པས། དེའི་ཕྱིར་ད་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འཇུག་པར་བྱའོ་སྙམ་ནས། དེ་རྔོན་པ་དེ་ཉིད་ཀྱི་མདུན་དུ་ཡང་ནམ་མཁའི་དཀྱིལ་དུ་འཕགས་ཏེ། ཆོ་འཕྲུལ་རྣམ་པ་སྣ་ཚོགས་དག་རྣམ་པར་བསྟན་ནས། ཕུང་པོ་ལྷག་མ་མེད་པའི་ཕྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །རྔོན་བདེ་ནོར་དང་ལྡན་པ་ཡིན་པས་།དེས་སྤོས་ཀྱི་ཤིང་ཐམས་ཅད་ཀྱིས་ཕུང་པོར་གཅེར་ཏེ་བསྲེགས་ནས་ཕུང་པོ་དེ་འོ་མས་ཞི་བར་བྱས་ཏེ། རུས་པ་དེ་དག་གསེར་གྱི་བུམ་པར་བཅུག་ནས་ལམ་པོ་ཆེའི་བཞི་མདོར་ལུས་ཀྱི་མཆོད་རྟེན་བརྩིག་ཏུ་བཅུག་སྟེ། གདུགས་དང་རྒྱལ་མཚན་དང་། བ་དན་དག་བསྒྲེང་ཞིང་། དྲི་དང་ཕྲེང་བ་རྒྱུ་བ་དང་། བདུག་སྤོས་དང་། ཕྱེ་མ་དང་། སིལ་སྙན་དག་གིས་མཆོད་པ་བྱས་ནས། རྐང་པ་གཉིས་ལ་ཕྱག་འཚལ་ཏེ་སྨོན་ལམ་འདི་སྐད་ཅེས། བདག་ཡོན་གནས་ཡང་དག་པར་གྱུར་
པ་འདི་ལྟ་བུ་ལ་གནོད་པ་བྱས་པ་གང་ཡིན་པའི་ལས་དེའི་ཆ་དང་མཐུན་པར་མི་འགྱུར་བར། མཆོད་པ་བྱས་པ་གང་ཡིན་པའི་དགེ་བའི་རྩ་བ་འདིས། བདག་ཕྱུག་པ་ནོར་མང་བ། ལོངས་སྤྱོད་ཆེ་བའི་ཁྱིམ་དུ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པར་སྐྱེ་ཞིང་། འདི་བས་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་ཅིང་ཐུགས་བྱུང་བར་མི་བྱེད་པའི་ཡོན་ཏན་གྱི་རྣམ་པ་དེ་ལྟ་བུ་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དགེ་སློང་དག་དེའི་ཚེ་དེའི་དུས་ཀྱིས་རྔོན་པ་གང་ཡིན་པ་དེ་ནི་ཉེ་སྡེ་འདི་ཡིན་ཏེ། དེས་རང་སངས་རྒྱས་ཀྱི་གནད་དུ་མདའ་དུག་ཅན་གྱི་བསྣུན་པ་གང་ཡིན་པའི་ལས་དེའི་རྣམ་པར་སྨིན་པས་བསྐལ་པར་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་གདུངས་ནས། ལས་དེ་ཉིད་ཀྱི་ལྷག་མས་ཚེ་རབས་ལྔ་བརྒྱར་དུག་གིས་དུས་ལ་བབ་སྟེ། ད་ལྟར་གྱི་བར་དུ་ཡང་དག་བཅོམ་པ་ཐོབ་ཀྱང་། དེ་དུག་གིས་ཡོངས་སུ་མྱ་ངན་ལས་འདས་སོ། །མཆོད་པ་བྱས་ནས་སྨོན་ལམ་བཏབ་པ་གང་ཡིན་པ་དེས་ནི་ད་ལྟར་ཕྱུག་པ་ནོར་མང་བ་ལོངས་སྤྱོད་ཆེ་བའི་ཁྱིམ་དུ་གཟུགས་བཟང་བ་ལྟ་ན་སྡུག་པ་མཛེས་པར་སྐྱེས་ཤིང་། ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་པས། དགྲ་བཅོམ་པ་ཉིད་མངོན་དུ་བྱས་ཤིང་། འདིས་རང་སངས་རྒྱས་བྱེ་བ་ཕྲག་འབུམ་པས་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་ང་མཉེས་པར་བྱས་ཤིང་ཐུགས་བྱུང་བར་མ་བྱས་སོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ། ལས་གཅིག་ཏུ་དཀར་བ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་དཀར་པ་ཡིན། ལས་འདྲེན་མ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་འདྲེན་མ་ཡིན་ནོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་དང་འདྲེན་མ་རྣམས་སྤངས་ཏེ། ལས་གཅིག་ཏུ་དཀར་པ་རྣམས་ལ་བརྩལ་བར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །འདི་ཡང་རེ་ཞིག་བྱུང་བ་ཡིན་གྱི། སངས་རྒྱས་བཅོམ་ལྡན་འདས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་ནི་མི་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་
ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཚོང་དཔོན་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་རྩ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །རྩ་བར་བྱེད་དགའ་བར་བྱེད་དགའ་མགུར་སྤྱོད་པར་བྱེད་པ་དེ་ལ་བུ་བཙས་ནས། དེ་བཙས་པའི་རིམ་གྱིས་རིགས་དང་མཐུན་པའི་མིང་བཏགས་ཏེ། དེ་བསྲིངས་ཤིང་བསྐྱེད་ནས་ཆེན་པོར་གྱུར་ཏོ། །ཇི་ཙམ་ན་ཚོང་དཔོན་དེའི་ཆུང་མདུས་ལ་བབ་ནས། དེས་ཆུང་མ་གཞན་ཞིག་བླངས་ཏེ། ཚོང་དཔོན་དེས་ཆུང་མ་དེ་ལ་སྨྲས་པ་བཟང་ངོ་། །གཞན་ལས་སྐྱེས་པས་ནི་བྱ་བ་བྱེད་པར་ནུས་ཀྱི་མི་མཐུན་པར་སྐྱེས་པས་ནི་མི་ནུས་པས། ཁྱེའུ་འདི་ཁྱོད་ཀྱི་བུ་ཡིན་གྱིས། ཁྱོད་ཀྱིས་འདི་ལ་མཁོ་བ་བསྟབ་པར་བྱའོ། །ཇི་ཙམ་དུས་གཞན་ཞིག་ན་ཆུང་མ་གཉིས་པ་དེ་ལ་ཡང་སེམས་ཅན་ཞུགས་པར་གྱུར་ནས། དེས་བསམས་པ། བདག་ལ་ཡང་བུ་ཡོད་པར་གྱུར་པས་ཁྱེའུ་འདི་དེའི་ཟླ་བོར་འགྱུར་གྱིས་འདི་བསྟོད་པར་མི་བྱའོ་སྙམ་ནས། དེས་ཁྱེའུ་དེ་ཟས་ངན་པ་དང་། གོས་ངན་པ་བསྲེལ་དུ་འཇུག་ཅིང་ཁུ་ཚུར་དང་ཐལ་ལྕག་དག་གིས་ཀྱང་ཡང་དང་ཡང་དུ་རྡེག་པར་བྱེད་དོ། །ཁྱེའུ་དེ་ཕའི་གན་དུ་སོང་སྟེ་སྨྲས་པ། ཡབ་བདག་ལ་མ་ཡར་མོ་འདིས་ཟས་ངན་པ་དང་། གོས་ངན་པ་བསྲེལ་དུ་སྩོལ་ཅིང་། ཁུ་ཚུར་དང་ཐལ་ལྕག་དག་གིས་ཀྱང་ཡང་དང་ཡང་དུ་རྡེག་པར་བགྱིད་དོ། །ཚོང་དཔོན་དེས་སྨྲས་པ། བུ་ཅི་ནས་ཀྱང་ཕྱིན་ཆད་དེ་ལྟར་མི་བྱེད་པར་བཟློག་པར་བྱའོ། །ཚོང་དཔོན་དེས་ཆུང་མ་ལ་སྨྲས་པ། བཟང་མོ་ཁོ་བོས་ཁྱོད་ལ་དང་པོ་ཉིད་ནས་གཞན་ལས་སྐྱེས་པས་ནི་བྱ་བ་བྱེད་པར་ནུས་ཀྱིས། མི་མཐུན་པར་སྐྱེས་པས་ནི་མི་ནུས་པས་ཁྱེའུ་འདི་ཁྱོད་ཀྱི་བུ་ཡིན་གྱིས་ཁྱོད་ཀྱིས་འདི་ལ་མཁོ་བ་བསྟབ་པར་བྱའོ་ཞེས་མ་སྨྲས་སམ། ཅིའི་ཕྱིར་ཁྱོད་ཀྱིས་འདི་ལ་ཟས་ངན་པ་དང་། གོས་ངན་པ་བསྲེལ་དུ་འཇུད་ཅིང་། ཁུ་ཚུར་དང་ཐལ་ལྕག་དག་གིས་ཀྱང་ཡང་དང་ཡང་དུ་རྡེག་པར་བྱེད། ཆུང་མས་སྨྲས་པ། རྗེའི་སྲས་བདག་གིས་འདི་བསླབ་པར་བགྱི་སྟེ། འདི་ནི་ཚོང་དཔོན་གྱི་བུ་ལགས་པས། གལ་ཏེ་མ་བསླབས་ན་རྗེའི་སྲས་ཉིད་ལ་ཡང་
འཇིག་རྟེན་དག་ངེས་པར་སྨོད་པར་འགྱུར་རོ། །ཚོང་དཔོན་གྱིས་སྨྲས་པ། ཁྱོད་འདི་སློབ་པར་མ་བསྐོས་ཀྱིས། ཕྱིན་ཆད་འདི་ཟས་ངན་པ་དང་གོས་ངན་པ་བསྲེལ་དུ་མི་གཞུག་ཅིང་། ཁུ་ཚུར་དང་ཐལ་ལྕག་གིས་ཡང་དང་ཡང་དུ་མ་རྡེགས་ཤིག །ཆུང་མ་དེ་ཚོང་དཔོན་དེའི་ཤིན་ཏུ་གནང་ཆེན་ཡིན་པས། ཆུང་མ་དེས་ཁྱེའུ་དེ་ཕྱིར་ཞིང་ཤས་ཆེར་གོས་ངན་པ་དང་། ཟས་ངན་པ་བསྲེལ་དུ་འཇུད་ཅིང་། ཁུ་ཚུར་དང་ཐལ་ལྕག་གིས་ཀྱང་ཡང་དང་ཡང་དུ་རྡེག་པར་བྱེད་དོ། །ཁྱེའུ་དེས་བསམས་པ། བདག་གི་ཕས་མ་ཡར་མོ་འདི་དྲག་ཏུ་མ་བཟློག་པས། དེས་ན་མ་ཡར་མོ་འདི་བདག་ལ་ཕྱིར་ཞིང་ཤས་ཆེར་ཟས་ངན་པ་དང་། གོས་ངན་པ་བསྲེལ་དུ་འཇུད་ཅིང་། ཁུ་ཚུར་དང་ཐལ་ལྕག་དག་གིས་ཀྱང་ཡང་དང་ཡང་དུ་རྡེག་པར་བྱེད་ཀྱིས་བདག་རབ་ཏུ་འབྱུང་དུ་འགྲོའོ་སྙམ་ནས། ཁྱེའུ་དེས་ཕ་ལ་ཡབ་ཁྱོད་ཀྱིས་བདག་གི་མ་ཡར་མོ་འདི་བཟློག་ཀྱང་འདིས་སླར་ཞིང་ཤས་ཆེར་བདག་ཟས་ངན་པ་དང་གོས་ངན་པ་བསྲེལ་དུ་དུ་སྩལ་ཅིང་། ཁུ་ཚུར་དང་ཐལ་ལྕག་དག་གིས་ཀྱང་ཡང་དང་ཡང་དུ་རྡེག་པར་བགྱིད་ཀྱིས་བདག་རབ་ཏུ་འབྱུང་དུ་མཆིའོ་ཞེས་ཅི་ནས་ཅིར་བརྒྱུད་དེ་གསོལ་བ་བྱས་སོ། །ཚོང་དཔོན་དེ་ཆུང་མ་དེ་ལ་ཧ་ཅད་བྱམས་ཤིང་དེའི་སེམས་སྲུང་བས། དེ་དྲག་ཏུ་བཟློག་པར་མ་ནུས་ནས། དེས་སྨྲས་པ། བུ་ཁྱིམ་བདག་གི་ཆུང་མ་འདི་གཏུམ་པ་བརྟུན་ངས་པ་དྲག་ཤུལ་ཆེ་བ་ཡིན་གྱིས་སོང་ལ་རབ་ཏུ་བྱུང་ཞིག་དང་ཁྱོད་གསོན་པ་མཐོང་བར་ཡང་འགྱུར་གྱི། གལ་ཏེ་ན་ཁྱོད་ལ་གནོད་པ་བྱེད་པར་འགྱུར་བའི་གནས་ཀྱང་ཡོད་དོ། །ཁྱེའུ་དེ་ཕས་གནང་ནས་རྒྱལ་བྱེད་ཀྱི་ཚལ་དུ་སོང་སྟེ། དགེ་སློང་གི་དྲུང་དུ་སོང་ནས་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་སྨྲས་པ། འཕགས་པ་བདག་རབ་ཏུ་འབྱུང་བར་འཚལ་ལོ། །དགེ་སློང་དེས་སྨྲས་པ། བཞིན་བཟང་ཁྱོད་ཀྱིས་སེམས་བསྐྱེད་པ་ལེགས་ཏེ། ལོངས་སྤྱོད་དག་ནི་འགྱུར་བ་ཡིན་གྱིས་རབ་ཏུ་བྱུང་ཞིག །དགེ་སློང་དེས་ཁྱེའུ་དེ་རབ་ཏུ་ཕྱུང་རྫོགས་པར་བསྙེན་པར་བྱས་ནས་སྨྲས་པ། བཞིན་བཟང་དགེ་སློང་གི་ལས་ནི་གཉིས་ཏེ། བསམ་གཏན་དང་། ཀློག་པ་ཡིན་ནོ། །ཁོ་བོ་ནི་བསམ་གཏན་པ་ཡིན་ན། ཁྱོད་བསམ་གཏན་དང་། ཀློག་
པ་གང་བྱེད་དེས་སྨྲས་པ། མཁན་པོ་ཀློག་པའོ། །བུ་ལེགས་ཀྱིས་ཁྱོད་ཀྱིས་སྡེ་སྣོད་གསུམ་པོ་དག་བཀླག་པར་བྱའོ། །དེས་བསམས་པ། གཞུང་མ་ལ་མཁན་པོ་རྗེས་སུ་བསྲུང་དགོས་པས་འདི་ན་བདག་ལ་ཀློག་ཏུ་འཇུད་པ་མེད་ཀྱིས། ཡུལ་གཞན་དུ་འགྲོའོ་སྙམ་ནས་དེ་ཡུལ་གཞན་དུ་སོང་ངོ་། །དེས་དེར་སྡེ་སྣོད་གསུམ་པོ་དག་བཀླགས་ཤིང་སྡེ་སྣོད་གསུམ་དང་ལྡན་པ་ཆོས་སྒྲོགས་པ། རིག་པ་དང་གྲོལ་བའི་སྤོབས་པ་ཅན་དུ་གྱུར་ཏོ། །དེས་བསམས་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་བུའི་ཕ་མ་སྙོད་པར་བྱེད་པ། གསོ་བར་བྱེད་པ། སྐྱེད་པར་བྱེད་པ། ནུ་མ་སྣུན་པར་བྱེད་པ། འཛམ་བུའི་གླིང་སྣ་ཚོགས་སྟོན་པར་བྱེད་པ་གཉིས་ནི་དཀའ་བ་བྱེད་པ་དག་ཡིན་ཏེ། བུས་ཕྲག་པ་གཅིག་གིས་ནི་ཕ། ཅིག་ཤོས་ཀྱིས་ནི་མ་ལོ་བརྒྱ་ཐམ་པར་ཡོངས་སུ་པང་བ་བྱས་སམ། ས་ཆེན་པོ་འདིར་ནོར་བུ་དང་། མུ་ཏིག་དང་། བཻཌཱུརྱ་དང་། མན་ཤེལ་དཀར་པོ་དང་། བྱི་རུ་དང་། དངུལ་དང་། ས་ལེ་སྦྲམ་དང་། རྡོའི་སྙིང་པོ་དང་། སྤུག་དང་། དམར་པོ་དང་། གཡས་སུ་འཁྱིལ་དང་། དེ་ལྟ་བུའི་དབང་ཕྱུག་གི་བདག་པོ་ལ་བཀོད་པར་གྱུར་པ་གང་ཡིན་པ་དེ་ཙམ་གྱིས་ནི་བུས་ཕ་མ་གཉིས་ལ་བྱས་པ་དང་། ཉེ་བར་བྱས་པར་མི་འགྱུར་གྱི། དེ་ཕ་མ་མ་དད་པ་གཉིས་དད་པ་ཕུན་སུམ་ཚོགས་པ། ཡང་དག་པར་འཛིན་དུ་བཇུད་འདུལ་བར་བྱེད། འཛུད་པར་བྱེད། རབ་ཏུ་འགོད་པར་བྱེད། ཚུལ་ཁྲིམས་འཆལ་པ་གཉིས་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་། སེར་སྣ་ཅན་གཉིས་གཏོང་བ་ཕུན་སུམ་ཚོགས་པ་དང་། ཤེས་རབ་འཆལ་བ་གཉིས་ཤེས་རབ་ཕུན་སུམ་ཚོགས་པ་ཡང་དག་པར་འཛིན་དུ་འཇུད། འདུལ་བར་བྱེད། འཛུད་པར་བྱེད། རབ་ཏུ་འགོད་པར་བྱེད་ན། དེ་ཙམ་གྱིས་ནི་བུས་ཕ་མ་གཉིས་ལ་བྱས་པ་དང་། ཉེ་བར་བྱས་པར་འགྱུར་རོ་ཞེས་གསུངས་པས་བདག་གི་ཕ་དེ་ཡང་མ་དད་པ་ཡིན་གྱིས་བདག་སོང་ལ་དེ་ལ་ཆོས་བསྟན་པར་བྱའོ་སྙམ་ནས་དེ་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། མཉན་ཡོད་ག་ལ་བ་དེར་རྒྱུ་ཞིང་སོང་བ་ན་མཐར་གྱིས་མཉན་ཡོད་
དུ་ཕྱིན་ནས། དེ་མཉན་ཡོད་དུ་འཇུག་པ་ཉིད་ན་རྒྱལ་བྱེད་ཀྱི་ཚལ་དུ་སོང་ངོ་། །མཉན་ཡོད་ཀུན་ཏུ་ཚོང་དཔོན་ཆེ་གེ་མོའི་བུ་ཞིག་ལྗོངས་ནས་སྡེ་སྣོད་གསུམ་བཀླགས་ཏེ་རྒྱལ་བྱེད་ཀྱི་ཚལ་དུ་འོངས་སོ་ཞེས་བྱ་བའི་སྒྲས་ཁྱབ་པར་གྱུར་པ་དེ་ཚོང་དཔོན་དེས་ཐོས་ནས་བདག་གི་བུ་སྡེ་སྣོད་གསུམ་བཀླགས་ཏེ་ལྗོངས་ནས་རྒྱལ་བྱེད་ཀྱི་ཚལ་དུ་འོངས་ཀྱིས། དེ་ཡང་དག་པར་རབ་ཏུ་དགའ་བར་བྱེད་དུ་འགྲོའོ་སྙམ་ནས། ཚོང་དཔོན་དེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དང་། དེས་བུ་དེ་མཐོང་ནས་སྨྲས་པ། བུ་ཁྱོད་ཀྱིས་ཁོ་བོ་སྤངས་ཏེ་རབ་ཏུ་བྱུང་མོད་ཀྱི། ཁྱོད་དགེ་སློང་དུ་རེད་ཅིང་མང་དུ་ཐོས་པར་གྱུར་པ་ལེགས་ཏེ་བདག་ཀྱང་ཡོངས་སུ་དགའོ་ཞེས་སྨྲས་ནས་དེའི་མདུན་དུ་འདུག་གོ་།དགེ་སློང་དེས་ཚོང་དཔོན་དེ་ལ་གང་གིས་ཚོང་དཔོན་དེ་དད་པ་སྐྱེས་པས་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་དག་གཟུང་བར་གྱུར་པ་དེ་འདྲ་བའི་ཆོས་བསྟན་པར་བྱས་སོ། །ཚོང་དཔོན་དེས་བུའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ། ཕྱི་དེ་ཉིན་པར་ཟན་ལ་མགྲོན་དུ་བོས་པ་དང་། བུ་དེས་ཀྱང་ཅང་མི་སྨྲ་བས་དང་དུ་བླངས་སོ། །དེ་ནས་ཚོང་དཔོན་དེས་བུའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་སོང་པ་དང་། དེ་ལ་ལམ་ཁར་བློ་སྐྱེས་པ། བདག་གིས་བུ་དེ་མ་བགྲོས་པར་གྱ་ཚོམ་དུ་མགྲོན་དུ་བོས་ན། བདག་གི་ཆུང་མ་དེ་ཡང་གཏུམ་པ་བརྟུན་ངས་པ་དྲག་ཤུལ་ཆེ་བ་ཡིན་པས་བུ་དེ་ལ་བསྙེན་བཀུར་བྱེད་པར་མི་འགྱུར་ན། དེ་ལ་ཇི་ལྟར་བསྒྲུབ་པར་བྱ་སྙམ་མོ། །ཡང་བསམས་པ། ད་ནི་དེ་མགྲོན་དུ་བོས་ཟིན་པས་ཅི་བྱར་ཡང་མེད་ཀྱིས། བདག་གིས་གང་གིས་ཆུང་མ་དེ་འཁྲུགས་པར་མི་འགྱུར་བར་རྣམ་པ་ཐམས་ཅད་དུ་དགའ་བ་དང་སྙན་པའི་ཚིག་དག་གིས་ཐབས་བཤམས་པར་བྱའོ་སྙམ་ནས། དེ་ཁྱིམ་དུ་སོང་སྟེ་ཆུང་མ་ལ་སྨྲས་པ། བཟང་མོ་འཁྱམས་པ་དང་། ཤི་བ་དང་། རབ་ཏུ་བྱུང་བ་ཞེས་བྱ་བ་དག་དོན་གཅིག་གམ། འོན་ཏེ་ཐ་དད་དུ་བྱ་བ་ཅུང་ཟད་ཡོད། ཆུང་མས་སྨྲས་པ། རྗེའི་སྲས་ཐ་དད་དུ་བགྱི་བ་ཅུང་ཟད་ཀྱང་མ་མཆིས་སོ། །ཚོང་དཔོན་གྱིས་སྨྲས་པ། བཟང་མོ་གཞན་དག་ན་རེ། ཁྱོད་ཀྱི་བུ་ཡར་པོ་དེ་དགེ་སློང་བཟང་པོར་རེད་དེ་ལྗོངས་ནས་སྡེ་སྣོད་གསུམ་བཀླགས་ནས་རྒྱལ་བྱེད་ཀྱི་ཚལ་དུ་འོངས་ཏེ། སྡེ་སྣོད་གསུམ་དང་ལྡན་པ་འབའ་
ཞིག་ཏུ་ཡང་མ་ཟད་ཀྱི། ཆོས་སྒྲོགས་པ། རིག་པ་དང་གྲོལ་བའི་སྤོབས་པ་ཅན་དུ་ཡང་གྱུར་ཅེས་ཟེར་རོ། །ཆུང་མས་སྨྲས་པ། རྗེའི་སྲས་གལ་ཏེ་དེ་ལྟ་ན་ཅིའི་སླད་དུ་འཚལ་མ་ལ་གཡར་མི་དྲང་། བཟང་མོ་མགྲོན་དུ་བོས་ཀྱིས་ཟས་སྟ་གོན་གྱིས་ཤིག །ཆུང་མ་དེ་དེ་ལ་ཞེ་སྡང་གི་ཀུན་ནས་དཀྲིས་པ་དང་བྲལ་ནས་དེས་ཟས་བསིལ་བའི་རོ་དང་ལྡན་པ་གང་དག་ཡིན་པ་དེ་དག་ནི་དེ་ཉིད་ཀྱི་ཉིན་མོ་སྟ་གོན་བྱས། ཟས་དྲོ་བའི་རོ་དང་ལྡན་པ་གང་དག་ཡིན་པ་དེ་དག་ནི་ཕྱི་དེ་ཉིན་པར་སྟ་གོན་བྱས་ནས། བཙུན་པ་གདུགས་ཚོད་གཡར་གོང་འཚལ་ལགས་ན་དེའི་དུས་ལགས་པར་དགོངས་སུ་གསོལ་ཞེས་གཡར་འདྲེན་པའི་མི་བཏང་ངོ་། །དགེ་སློང་དེ་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ནས་ཕའི་ཁྱིམ་ག་ལ་བ་དེར་སོང་སྟེ། ཕྱིན་ནས་སྟན་བཤམས་པ་ཉིད་ལ་འདུག་གོ་།དེ་ནས་ཚོང་དཔོན་དེ་ཆུང་མ་དང་བཅས་པས་རང་གི་ལག་ནས་ཟས་བསོད་བས་དགེ་སློང་དེ་ཆིམ་པར་བྱས་ཤིང་རང་གི་ལག་ནས་བསྟབས་སོ། །ཚིམ་པར་བྱས་ཤིང་བསྟབས་ཏེ་ཟོས་ཟིན་པར་རིག་ནས། ལག་པ་བསྙལ་ཅིང་ལྷུང་བཟེད་བཞག་པ་ན་རྐང་པ་ལ་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་མདུན་དུ་འདུག་གོ་།དེས་མ་ཡར་མོ་དེ་ལ་ཡང་གང་ཐོས་ནས་དེས་ཀྱང་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་དག་གཟུང་བར་གྱུར་པའི་རྣམ་པ་དེ་ལྟར་ཆོས་བསྟན་པར་བྱས་སོ། །དེས་ཁྱིམ་དེ་ཇི་ལྟར་དགེ་སློང་རྣམས་དང་། དགེ་སློང་མ་རྣམས་ཀྱིས་ཁྲོན་པ་ལྟ་བུར་གྱུར་པ་དེ་ལྟར་བཏུལ་ནས། དེ་དག་སྦྱིན་པ་དང་བྱ་བར་སེམས་པ་གང་ཡིན་པ་ཅི་ཡང་རུང་སྟེ། དེ་ཐམས་ཅད་དགེ་སློང་རྣམས་དང་དགེ་སློང་མ་རྣམས་ལ་སེམས་སོ། །ཇི་ཙམ་དུས་གཞན་ཞིག་ན་ཚོང་དཔོན་དེའི་འབྱུང་བ་ཆེན་པོ་མ་སྙོམས་པས་ན་བར་གྱུར་ནས། དེའི་བུས་བདག་གི་ཕན་པར་གྱུར་ཏོ་ཞེས་ཐོས་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་སོང་ལ་ཕ་དེ་ལ་མཆོག་ཏུ་དགའ་བར་འགྱུར་བའི་ཆོས་བསྟན་པར་བྱའོ་སྙམ་ནས། དགེ་སློང་དེ་དེའི་དྲུང་དུ་དུས་དང་མཐུན་པའི་དུས་སུ་སོང་ནས་འདི་སྐད་ཅེས། ཡབ་ཁྱོད་ཀྱིས་མི་བགྱིས་པར་མི་བགྱི་སྟེ། འདི་ལྟར་ཁྱོད་
ཀྱིས་དགེ་བའི་བཤེས་གཉེན་བདག་ལ་བརྟེན་ནས་སངས་རྒྱས་ལ་སྐྱབས་སུ་སོང་། ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་ཞིང་བསླབ་པའི་གཞི་དག་བླངས། སྦྱིན་པ་དག་བྱིན། བསོད་ནམས་དག་བྱས་པས། ཁྱོད་ཡུལ་གཞན་དུ་སོང་ན་ལོ་ལེགས་ཤིང་། མཐོ་རིས་ནི་དར་གྱིས་ཆོད་པ་ཙམ། ཐར་པ་ནི་ཡོལ་བས་བསྒྲིབས་པ་ཙམ་སྟེ། ལུས་ཞིག་ནས་ཡང་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ་ཞེས་ཆོས་སྟོན་པར་བྱེད་དོ། །ཚོང་དཔོན་གྱིས་སྨྲས་པ། བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བདག་གིས་དགེ་བའི་བཤེས་གཉེན་ཁྱོད་ལ་བརྟེན་ནས། སངས་རྒྱས་ལ་སྐྱབས་སུ་སོང་། ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་ཞིག་བསླབ་པའི་གཞི་དག་བླངས། སྦྱིན་པ་དག་བྱིན། བསོད་ནམས་དག་བྱས་པས། བདག་ཡུལ་གཞན་དུ་སོང་ན་ལོ་ལེགས་ཤིང་། མཐོ་རིས་ནི་དར་གྱིས་ཆོད་པ་ཙམ། ཐར་པ་ནི་ཡོལ་བས་བསྒྲིབས་པ་ཙམ་སྟེ། ལུས་ཞིག་ན་ཡང་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ཚོང་དཔོན་དེའི་བུ་དེས། ཕ་ལ་དེ་ལྟར་ཆོས་བསྟན་ནས་སོང་ངོ་། །ཚོང་དཔོན་དེ་ལ་བློ་སྐྱེས་པ་བདག་གི་བུ་སྡེ་སྣོད་གསུམ་དང་ལྡན་པ། ཆོས་སྒྲོགས་པ། རིག་པ་དང་གྲོལ་བའི་སྤོབས་པ་ཅན་དེ་གཞན་དུ་སྨྲ་བར་མི་འགྱུར་བས་བདག་སྡུག་བསྔལ་གྱི་ཚོར་བས་ཉེན་པ་ནི་ཐུན་མོང་མ་ཡིན་པས་བདག་གིས་བདག་ཉིད་གསད་པར་བྱའོ་སྙམ་མོ། །ཡང་བསམས་པ། བདག་ཉིད་ལ་རྩོམ་པར་བྱེད་པ་ནི་སྡུག་བསྔལ་བ་ཡིན་ན། དེའི་ཕྱིར་བདག་སྲོག་དང་བྲལ་བར་བྱེད་ནུས་པ་སུ་ཡོད་སྙམ་ནས། དེ་ལ་བྲན་མོ་མངག་གཞུག་མ་སྐྱོང་མ་ཞེས་བྱ་བ་སྦོམ་མོ་གླེན་མ་དམན་པ་ཞིག་ཡོད་ནས། ཚོང་དཔོན་དེས་བསམས་པ། སྐྱོང་མ་འདི་ནི་སྦོམ་མོ་གླེན་མ་དམན་པ་ཡིན་པས་འདིས་བདག་སྲོག་དང་བྲལ་བར་བྱེད་ནུས་ཀྱིས། གཞན་གྱིས་ནི་མི་ནུས་སྙམ་མོ། །ཚོང་དཔོན་དེའི་ཁྱིམ་དང་ཧ་ཅང་ཐག་མི་རིང་བ་ཞིག་ན། ཁྱིམ་བདག་ཅིག་གི་བུས་བག་མ་བླངས་པ་དེར། ཚོང་དཔོན་དེའི་ཆུང་མ་བྲན་མོ་མངག་གཞུག་མ་སྐྱོང་མ་དང་བཅས་ཤིང་མགྲོན་དུ་བོས་ཏེ་སོང་ངོ་། །བག་མ་བླངས་པ་དང་། སྟོན་མོ་ཟིན་ནས། ཚོང་དཔོན་གྱི་ཆུང་མས་སྐྱོང་མ་ལ་
སྨྲས་པ། སྐྱོང་མ་ཁྱོད་སོང་ལ་ཚོང་དཔོན་གཉིད་ལོག་པར་མི་འགྱུར་བར་སྲུང་ཤིག །ཁོ་མོ་ཡང་ཕྱི་བཞིན་འོང་ངོ་། །སྐྱོང་མས་ཇོ་མོའི་ཚིག་མཉན་ཏེ། ཁྱིམ་དུ་སོང་ནས་ཚོང་དཔོན་གྱི་དྲུང་དུ་ཕྱིན་པ་དང་། ཚོང་དཔོན་གྱིས་སྨྲས་པ། སྐྱོང་མ་ཁྱོད་ག་ལས་འདིར་འོངས། སྐྱོང་མས་སྨྲས་པ། རྗེའི་སྲས་ཁྱིམ་བདག་ཆེ་གེ་མོའི་བུས་བག་མ་བླངས་པ་དེ་བདག་གིས་བལྟས་ཏེ་འཚལ་མ་འཚལ་ནས་མཆིས་སོ། །སྐྱོང་མ་བག་མ་ལེན་པ་བཟང་ངམ། རྗེའི་སྲས་བཟང་ངོ་། །གལ་ཏེ་ངས་ཁྱོད་དེ་ལྟར་བག་མར་གཏང་བར་བྱ་ན་ཁྱོད་དགའམ། རྗེའི་སྲས་དགའོ། །གལ་ཏེ་དེ་ན་ཁོ་བོ་ཅི་ཟེར་བ་དེ་བཞིན་དུ་བྱེད་ན། ཁོ་བོ་ཁྱོད་དགའ་བར་འགྱུར་བ་ཤེས་སོ། །སྐྱོང་མས་སྨྲས་པ། རྗེའི་སྲས་དེ་བཞིན་དུ་བགྱིའོ། །སྐྱོང་མ་གལ་ཏེ་དེ་ལྟ་ན་ཁོ་བོའི་ལྟོར་མི་མ་ཡིན་པ་ཞིག་ཞུགས་ཀྱིས་དེ་སོད་ཅིག །རྗེའི་སྲས་གོ་རིམས་ཇི་ལྟར་བགྱི། སྐྱོང་མ་དང་པོར་ངའི་རྐང་པ་གཉིས་ཚིར་ཅིག །དེའི་འོག་ཏུ་བྱིན་པ་གཉིས། དེའི་འོག་ཏུ་པུས་མོ་གཉིས། དེའི་འོག་ཏུ་བརླ་གཉིས། དེའི་འོག་ཏུ་རྐེད་པ། དེའི་འོག་ཏུ་ལྟོ་བ། དེའི་འོག་ཏུ་བྲང་། དེའི་འོག་ཏུ་གྲེ་བར་ཚིར་ལ་གལ་ཏེ་ཁོ་བོ་མགུལ་ན་མ་བཏང་ཞིག །སྐྱོང་མ་གླེན་མ་དེས་དེ་བཞིན་དུ་བྱས་ཏེ་དེས་དམ་དུ་བཙིར་བ་དང་། ཚོང་དཔོན་གྱིས་བསམས་པ། ཀྱེ་མའོ་བདག་སྐྱོང་མ་འདིས་བཏང་ཡང་ཅི་མ་རུང་སྙམ་ན། སྐྱོང་མས་དེ་བས་ཀྱང་ཆེས་དམ་དུ་བཙིར་ཏོ། །ལྷས་ཚིགས་སུ་བཅད་པ་སྨྲས་པ། བློ་ངན་གྱིས་ནི་གང་འཛིན་པ། །རུས་སྦལ་གྱིས་ནི་གང་འཛིན་བཞིན། །སྐྱོང་མས་ཟིན་པར་གྱུར་པས་ན། །ཁྱོད་ནི་འཚོ་བར་མ་མཐོང་ངོ་། །ཚོང་དཔོན་དེ་དུས་ལ་བབ་ནས། །སྐྱོང་མས་རས་ཀྱིས་གཡོགས་ཏེ་བཞག་གོ། དེ་ནས་ཚོང་དཔོན་གྱི་ཆུང་མ་ཕྱི་བཞིན་འོངས་ནས་དེ་སྨྲས་པ། སྐྱོང་མ་ཁྱོད་འདུག་བཞིན་དུ་ཚོང་དཔོན་ཉལ་དུ་བཅུག་གམ་ཞེས་ཚོང་དཔོན་གྱི་ཆུང་མ་དེས་ཚོང་དཔོན་བསླང་བར་བརྩམས་པ་དང་། སྐྱོང་མས་སྨྲས་པ། ངན་བུས་འདིའི་ལྟོ་ན་དགྲ་བོ་མཆིས་པ་ཕྱུང་བས། དེས་ན་འདི་ཉལ་བར་གྱུར་གྱིས་འདི་མ་བསླངས་ཤིག །ཚོང་དཔོན་གྱི་ཆུང་མས་བསམས་པ།
འདིའི་དགྲ་བོ་ཅི་འདྲ་བ་ཞིག་ཡིན་པ་དེ་བལྟའོ་སྙམ་ནས། དེས་བརྟག་པར་བརྩམས་པ་དང་། དུས་ལ་བབ་པ་མཐོང་ངོ་། །ཚོང་དཔོན་གྱི་ཆུང་མ་དེ་ལ་བློ་སྐྱེས་པ། འདི་ནི་སྐྱོང་མའི་སྤོབས་པ་མ་ཡིན་གྱི་འདི་ནི་བུ་ཟན་མོའི་བུ་སྡེ་སྣོད་གསུམ་དང་ལྡན་པ་དེའི་སྤོབས་པ་ཡིན་ཏེ། དེས་སྡེ་སྣོད་གསུམ་བཀླགས་ན་ཆོས་གཞན་འགའ་ཡང་བསྟན་པ་མ་བྱས་པར་ཡབ་ཁྱོད་ཀྱིས་མི་དགྱེས་པར་མི་བགྱི་སྟེ། ཁྱོད་ཡུལ་གཞན་དུ་སོང་ན་ལོ་ལེགས་ཤིང་མཐོ་རིས་ནི་དར་གྱིས་ཆོད་པ་ཙམ། ཐར་པ་ནི་ཡོལ་བས་བསྒྲིབས་པ་ཙམ་སྟེ། ལུས་ཞིག་ན་ཡང་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ་ཞེས་བསྟན་པས། ད་ནི་འདིའི་ལུས་ཀྱང་ཞིག །ལྷ་རྣམས་ཀྱི་ནང་དུ་ཡང་སྐྱེས་ཟིན་གྱིས་ཁྱོད་ཚུར་ཤོག །ཁོ་མོ་དང་ལྷན་ཅིག་དགའ་མགུར་སྤྱོད་ཅིག །ཁྱིམ་གྱི་བྱ་བ་ཡང་རྗེས་སུ་སྒྲུབས་ཤིག །ཅེས་ཆུང་མ་སྡུག་བསྔལ་གྱི་ཚོར་བས་ཉེན་པ་ངེས་ཚིག་ཏུ་བརྗོད་ནས། དེའི་འོག་ཏུ་གོས་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དག་གིས་ཁྱོགས་བརྒྱན་ནས་མཉན་ཡོད་ཀྱི་ཕྱི་རོལ་གྱི་དུར་ཁྲོད་དུ་བསྲེགས་ཏེ། དེ་ནས་མྱ་ངན་བསངས་པ་བྱས་ཏེ་འདུག་གོ་།ཆུང་མ་དེ་བར་བར་དུ་ཡང་དེ་སྐད་ཤ་སྟག་ཟེར་བས་དགེ་སློང་སྡེ་སྣོད་གསུམ་པ་དེས་བདག་གི་ཕ་དུས་ལ་བབ་པར་ཐོས་ནས། དེས་བསམས་པ། འདི་ནི་འདུས་བྱས་རྣམས་ཀྱི་ཆོས་ཉིད་ཡིན་མོད་ཀྱི་འོན་ཀྱང་མ་ཡར་མོ་དེའི་མྱ་ངན་བསང་བ་བྱར་འགྲོའོ་སྙམ་ནས། དེ་སོང་བ་དང་། མ་ཡར་མོ་དེས་ཐག་རིང་པོ་ཁོ་ན་ནས་དགེ་སློང་དེ་མཐོང་ངོ་། །མཐོང་ནས་ཀྱང་ཡང་བུ་ཟན་མོའི་བུ་སྡེ་སྣོད་གསུམ་དང་ལྡན་པས་སྡེ་སྣོད་གསུམ་བཀླགས་ན་ཆོས་གཞན་འགའ་ཡང་བསྟན་པ་མ་བྱས་པར་ཡབ་ཁྱོད་ཀྱིས་མི་དགྱེས་པར་མི་བགྱི་སྟེ། ཁྱོད་ཡུལ་གཞན་དུ་སོང་ན་ལོ་ལེགས་ཤིང་མཐོ་རིས་ནི་དར་གྱིས་ཆོད་པ་ཙམ། ཐར་པ་ནི་ཡོལ་བས་བསྒྲིབས་པ་ཙམ་སྟེ། ལུས་ཞིག་ན་ཡང་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ་ཞེས་བསྟན་པས་ད་ནི་འདིའི་ལུས་ཀྱང་ཞིག །ལྷ་རྣམས་ཀྱི་ནང་དུ་ཡང་སྐྱེས་ཟིན་གྱིས་ཁྱོད་ཚུར་ཤོག་ཁོ་མོ་དང་ལྷན་ཅིག་དགའ་མགུར་སྤྱོད་ཅིག །ཁྱིམ་གྱི་བྱ་བ་ཡང་རྗེས་སུ་སྒྲུབས་ཤིག་ཅེས་སྨྲ་བར་བརྩམས་པ་དང་།
དགེ་སློང་དེ་ཉམ་ང་ནས་དེ་ཉིད་ནས་ཕྱིར་ལོག་གོ་།དེ་བདག་གིས་འཆིར་བཅུག་པར་མ་གྱུར་ཏམ་སྙམ་དུ་འགྱོད་པ་སྐྱེས་ནས། དེས་སྐབས་དེ་དགེ་སློང་རྣམས་ལ་བརྗོད་ནས། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་དེ་ལ་ནི་ལྟུང་བ་མེད་དོ། །ཡང་དགེ་སློང་གིས་ནད་པ་ལ་གང་ཐོས་ན་ནད་པ་འཆི་བར་སེམས་པ་དེ་འདྲ་བའི་ཆོས་བསྟན་པར་མི་བྱའོ། །དགེ་སློང་གིས་ནད་པ་ལ་གང་ཐོས་ན་ནད་པ་འཆི་བར་སེམས་པ་དེ་འདྲ་བའི་ཆོས་སྟོན་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །འདི་ཡང་རེ་ཞིག་བྱུང་བ་ཡིན་གྱིས་སངས་རྒྱས་བཅོམ་ལྡན་འདས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་ནི་མི་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་སྤོང་བྱེད་དག་ན་ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་ན་སྒྲོན་ཤིང་གི་ཚལ་གསེབ་ན་བཞུགས་སོ། །ད་ན་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་ལ། དགེ་སློང་དག་མི་སྡུག་པ་སྒོམས་ཤིག །མི་སྡུག་པ་བསྟེན་ཅིང་གོམས་པར་བྱས། ལན་མང་དུ་བྱས་ན་འབྲས་བུ་ཆེན་པོ་དང་ཕན་ཡོན་ཆེན་པོར་འགྱུར་རོ་ཞེས་མི་སྡུག་པ་སྟོན་པར་མཛད་ཅིང་མི་སྡུག་པ་སྒོམ་པའི་བསྔགས་པ་བརྗོད་པར་ཡང་མཛད་དོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་མི་སྡུག་བ་སྒོམས་ཤིག །མི་སྡུག་པ་བསྟེན་ཅིང་གོམས་པར་བྱས། ལན་མང་དུ་བྱས་ན་འབྲས་བུ་ཆེན་པོ་དང་ཕན་ཡོན་ཆེན་པོར་འགྱུར་རོ་ཞེས་གསུངས་པས་དེའི་ཚེ་ན་དགེ་སློང་དག་མི་སྡུག་པ་སྒོམ་པར་བྱེད་དེ། དེ་དག་མི་སྡུག་པ་སྒོམ་པར་བྱེད་པ་དེའི་ཚེ། རྣག་གི་ལུས་འདིས་སྒྱིད་ལུག་པ་དང་། མུས་བྱུང་བ་དང་། ཐེ་ཚོམ་ཟ་བ་དང་། སྨོད་པར་བྱེད་པ་ན་མཚོན་ཡང་འབྱིན་པར་བྱེད། དུག་ཀྱང་ཟ་བར་བྱེད། ཐག་པས་འཆིང་བར་བྱེད་འཆི་བར་བྱེད། གཡང་སར་ཡང་མཆོང་བར་བྱེད་ཅིང་འདི་ལྟར་དགེ་སློང་གིས་ཀྱང་དགེ་སློང་ལ་རྩོལ་བར་བྱེད་དོ། །དེ་ནས་དགེ་སློང་གཞན་ཞིག་རང་གི་ལུས་འདིས་སྒྱིད་ལུག་པ་དང་། མུས་བྱུང་བ་དང་། ཐེ་ཚོམ་ཟ་བ་དང་། སྨོད་པར་བྱེད་པ་ན་རི་དྭགས་ཟློག་དགེ་སྦྱོང་སྦེད་ག་ལ་བ་དེར་སོང་སྟེ་ཕྱིན་ནས་རི་དྭགས་ཟློག་དགེ་སྦྱོང་སྦེད་ལ་
འདི་སྐད་ཅེས་སྨྲས་སོ། །བཞིན་བཟང་ཚུར་ཤོག །ཁོ་བོ་སྲོག་དང་ཕྲོལ་ཅིག་དང་། ཁོ་བོའི་ལྷུང་བཟེད་དང་ཆོས་གོས་གང་ཡིན་པ་དེ་ཁྱོད་ཀྱིར་འགྱུར་རོ། །དེ་ནས་རི་དྭགས་ཟློག་དགེ་སྦྱོང་སྦེད་ཀྱིས་དགེ་སློང་དེ་སྲོག་དང་ཕྲལ་ནས་རལ་གྲི་ཁྲག་གིས་གོས་པ་ཁྱེར་ཏེ་ཆུ་ཀླུང་ཡིད་འོང་ལྡན་ག་ལ་བ་དེར་སོང་ནས་ཕྱིན་པ་དང་། ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་དུ་ཙོག་ཙོག་པོར་འདུག་སྟེ་རལ་གྲི་ཁྲག་གིས་གོས་པ་འཁྲུ་བར་བྱེད་དོ། །དེ་ནས་བདུད་ཀྱི་རིས་ཀྱི་ལྷ་ཞིག་ཆུ་ཀླུང་ཡིད་འོང་ལྡན་གྱི་རྒྱུན་མ་ཕྱེ་བར་འདུག་ནས། རི་དྭགས་ཟློག་དགེ་སྦྱོང་སྦེད་ལ་འདི་སྐད་ཅེས་སྨྲས་སོ། །བཞིན་བཟང་ལེགས་སོ་ལེགས་སོ། །འདི་ལྟར་ཁྱོད་དགེ་སྦྱོང་ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་དང་ལྡན་པ་དག་མ་རྒལ་བ་རྒལ་བར་བྱེད། མ་གྲོལ་བ་གྲོལ་བར་བྱེད། དབུགས་མ་ཕྱིན་པ་དབུགས་འབྱིན་པར་བྱེད། ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་ནི་ཁྱོད་ལ་བསོད་ནམས་མང་དུ་སྐྱེ་བར་འགྱུར་ཞིང་། དེ་དག་གི་ལྷུང་བཟེད་དང་ཆོས་གོས་གང་ཡིན་པ་དེ་ཁྱོད་ཀྱིར་འགྱུར་བ་འདི་ཡང་ཁྱོད་ཀྱི་རྙེད་པ་ལྷག་པ་ཡིན་ནོ། །དེ་ལྟར་དེ་ལ་རི་དྭགས་ཟློག་དགེ་སྦྱོང་སྦེད་འདི་སྙམ་དུ་འདི་ལྟར་བདག་དགེ་སྦྱོང་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་དག་མ་རྒལ་བ་རྒལ་བར་བྱེད། མ་གྲོལ་བ་གྲོལ་པར་བྱེད། དབུགས་མ་ཕྱིན་པ་དབུགས་འབྱིན་པར་བྱེད། ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་ནི་བདེན་མོད་བདག་ལ་བསོད་ནམས་མང་དུ་སྐྱེ་ཞིང་། དེ་དག་གི་ལྷུང་བཟེད་དང་ཆོས་གོས་གང་ཡིན་པ་དེ་བདག་གིར་འགྱུར་བ་འདི་ཡང་བདག་གི་རྙེད་པ་ལྷག་པ་ཡིན་ནོ་སྙམ་དུ་རྒྱ་ཆེར་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་ཐོབ་པར་གྱུར་ཏོ། །དེ་ནས་རི་དྭགས་ཟློག་དགེ་སྦྱོང་སྦེད་རལ་གྲི་རྣོན་པོ་མཆན་ཁུང་གིས་ཁྱེར་ཏེ། ཀུན་དགའི་ར་བ་ནས་ཀུན་དགའི་ར་བར། གཙུག་ལག་ཁང་ནས་གཙུག་ལག་ཁང་དུ། ཁང་ཁྱིམ་ནས་ཁང་ཁྱིམ་དུ། འཆག་ས་ནས་འཆག་སར་དང་། ལམ་གོལ་བར་རྗེས་སུ་རྒྱུ་བ་ན། དགེ་སློང་དེ་དང་དེ་དག་མཐོང་ནས་འདི་སྐད་ཅེས་སྨྲས་སོ། །དགེ་སྦྱོང་ཚུལ་ཁྲིམས་དང་
ལྡན་པ་ཡོན་ཏན་དང་ལྡན་པ། མ་རྒལ་བ་རྒལ་བར་བྱ་བ། མ་གྲོལ་བ་དགྲོལ་བར་བྱ་བ། དབུགས་མ་ཕྱིན་པ་དབུགས་དབྱུང་བར་བྱ་བ། ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བ་གང་ཡིན། དེས་ན་དགེ་སློང་ཞིག་རྣག་གི་ལུས་འདིས་སྒྱིད་ལུག་པ་དང་། མུས་བྱུང་བ་དང་། ཐེ་ཚོམ་ཟ་བ་དང་སྨོད་པ་ན་གནས་ནས་ཕྱིར་ཕྱུང་སྟེ་རི་དྭགས་ཟློག་དགེ་སྦྱོང་སྦེད་ལ་འདི་སྐད་ཅེས་སྨྲས་སོ། །བཞིན་བཟང་བདག་མ་རྒལ་བ་ཡིན་གྱིས་སྒྲོལ་ཅིག །བདག་མ་གྲོལ་བ་ཡིན་གྱིས་ཁྲོལ་ཅིག །བདག་དབུགས་མ་ཕྱིན་པ་ཡིན་གྱིས་དབུགས་ཕྱུང་ཞིག །བདག་ཡོངས་སུ་མྱ་ངན་ལས་མ་འདས་པ་ཡིན་གྱིས་ཡོངས་སུ་མྱ་ངན་ལས་ཟློས་ཤིག །དེ་ནས་རི་དྭགས་ཟློག་དགེ་སྦྱོང་སྦེད་ཀྱིས་དགེ་སློང་དེ་སྲོག་དང་བྲལ་བར་བྱས་ཏེ་དེ་བཞིན་དུ་གཉིས་དང་གསུམ་ནས་དགེ་སློང་དྲུག་ཅུའི་བར་དག་སྲོག་དང་བྲལ་བར་བྱས་སོ། །དེའི་ཚེ་དགེ་སློང་དག་ཉུང་ངུར་གྱུར། ཉམས་པར་གྱུར། རྔ་རྡོར་གྱུར་ཅིང་དགེ་སློང་གི་དགེ་འདུན་སྲབས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་ཉིད་ཀྱི་ཚེས་བཅོ་ལྔའི་གསོ་སྦྱོང་ལ་དགེ་སློང་གི་དགེ་འདུན་གྱི་གུང་དུ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་འཁོར་ཐམས་ཅད་ལ་རྣམ་པར་གཟིགས་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་གང་གིས་ད་ལྟར་དགེ་སློང་དག་ཉུང་ངུར་གྱུར། ཉམས་པར་གྱུར། རྔ་རྡོར་གྱུར་ཅིང་དགེ་སློང་གི་དགེ་འདུན་སྲབས་པར་གྱུར་པའི་རྒྱུ་ནི་གང་ཡིན། རྐྱེན་ནི་གང་ཡིན། བཙུན་པ་དུས་གཅིག་ན་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་ལ་དགེ་སློང་དག་མི་སྡུག་པ་སྒོམས་ཤིག །མི་སྡུག་པ་སྟེན་ཅིང་གོམས་པར་བྱས། ལན་མང་དུ་བྱས་ན་འབྲས་བུ་ཆེན་པོ་དང་ཕན་ཡོན་ཆེན་པོར་འགྱུར་རོ་ཞེས་མི་སྡུག་པ་སྟོན་པར་མཛད་ཅིང་མི་སྡུག་པ་སྒོམ་པའི་བསྔགས་པ་བརྗོད་པར་ཡང་མཛད་དོ། །དེའི་ཚེ་ན་དགེ་སློང་དག་མི་སྡུག་པ་སྒོམ་པར་བགྱིད་དེ། དེ་དག་མི་སྡུག་པ་སྒོམ་པར་བགྱིད་པའི་ཚེ་རྣག་གི་ལུས་འདིས་སྒྱིད་ལུག་པ་དང་། མུས་བྱུང་བ་དང་། ཐེ་ཚོམ་ཟ་བ་དང་། སྨོད་པར་བགྱིད་པ་ན་མཚོན་ཡང་འབྱིན་པར་བགྱིད། དུག་ཀྱང་འཚལ་བར་བགྱིད། ཐག་པས་འཆིང་བས་ཀྱང་འགུམ་པར་བགྱིད། གཡང་སར་ཡང་མཆོང་བར་བགྱིད་ཅིང་། དགེ་སློང་གིས་ཀྱང་དགེ་སློང་ལ་རྩོལ་བར་བགྱིད་དོ། །དེ་ནས་དགེ་སློང་གཞན་ཞིག་རྣག་གི་ལུས་འདིས་སྒྱིད་ལུག་པ་དང་། མུས་བྱུང་བ་དང་། ཐེ་ཚོམ་ཟ་བ་དང་། སྨོད་
པར་བགྱིད་པ་ན་རི་དྭགས་ཟློག་དགེ་སྦྱོང་སྦེད་ག་ལ་བ་དེར་མཆིས་ཏེ་ཕྱིན་ནས། རི་དྭགས་ཟློག་དགེ་སྦྱོང་སྦེད་ལ་འདི་སྐད་ཅེས། བཞིན་བཟང་ཚུར་ཤོག །ཁོ་བོ་སྲོག་དང་ཕྲོལ་ཅིག་དང་། ཁོ་བོའི་ལྷུང་བཟེད་དང་ཆོས་གོས་གང་ཡིན་པ་དེ་ཁྱོད་ཀྱིར་འགྱུར་རོ་ཞེས་མཆིའོ། །དེ་ནས་རི་དྭགས་ཟློག་དགེ་སྦྱོང་སྦེད་ཀྱིས་དགེ་སློང་དེ་སྲོག་དང་ཕྲལ་ནས་རལ་གྲི་ཁྲག་གིས་གོས་པ་འཚལ་ཏེ། ཆུ་ཀླུང་ཡིད་འོང་ལྡན་ག་ལ་བ་དེར་མཆིས་ནས་ཕྱིན་པ་དང་། ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་དུ་ཙོག་ཙོག་པོར་མཆིས་ཏེ། རལ་གྲི་ཁྲག་གིས་གོས་པ་འཁྲུ་བར་བགྱིད་དོ། །དེ་ནས་བདུད་ཀྱི་རིས་ཀྱི་ལྷ་ཞིག་ཆུ་ཀླུང་ཡིད་འོང་ལྡན་གྱི་རྒྱུན་མ་ཕྱེ་བར་མཆིས་ནས་རི་དྭགས་ཟློག་དགེ་སྦྱོང་སྦེད་ལ་འདི་སྐད་ཅེས་བཞིན་བཟང་ལེགས་སོ་ལེགས་སོ། །འདི་ལྟར་ཁྱོད་དགེ་སྦྱོང་ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་དང་ལྡན་པ་དག་མ་རྒལ་བ་རྒལ་བར་བྱེད། མ་གྲོལ་བ་གྲོལ་བར་བྱེད། དབུགས་མ་ཕྱིན་པ་དབུགས་འབྱིན་པར་བྱེད། ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་བ་ནི་ཁྱོད་ལ་བསོད་ནམས་མང་དུ་སྐྱེ་བར་འགྱུར་ཞིང་། དེ་དག་གི་ལྷུང་བཟེད་དང་ཆོས་གོས་གང་ཡིན་པ་དེ་ཁྱོད་ཀྱིར་འགྱུར་བ་འདི་ཡང་ཁྱོད་ཀྱི་རྙེད་པ་ལྷག་པ་ཡིན་ནོ་ཞེས་མཆི་ནས། དེ་ལྟར་དེ་ལ་རི་དྭགས་ཟློག་དགེ་སྦྱོང་སྦེད་འདི་སྙམ་དུ། ད་ལྟར་བདག་དགེ་སྦྱོང་ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་དང་ལྡན་པ་དག་མ་རྒལ་བ་རྒལ་བར་བྱེད། མ་གྲོལ་བ་གྲོལ་བར་བྱེད། དབུགས་མ་ཕྱིན་པ་དབུགས་འབྱིན་པར་བྱེད། ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་ནི་བདེན་མོད། བདག་ལ་བསོད་ནམས་མང་དུ་སྐྱེ་ཞིང་དེ་དག་གི་ལྷུང་བཟེད་དང་ཆོས་གོས་གང་ཡིན་པ་དེ་བདག་གིར་འགྱུར་བ་འདི་ཡང་བདག་གི་རྙེད་པ་ལྷག་པ་ཡིན་ནོ་སྙམ་དུ་རྒྱ་ཆེར་སྡིག་
པ་ཅན་གྱི་ལྟ་བའི་རྣམ་པ་ཐོབ་པར་གྱུར་ཏོ། །དེ་ནས་རི་དྭགས་ཟློག་དགེ་སྦྱོང་སྦེད་རལ་གྲི་རྣོན་པོ་མཆན་ཁུང་གིས་འཚལ་ཏེ། ཀུན་དགའི་ར་བ་ནས་ཀུན་དགའི་ར་བར། གཙུག་ལག་ཁང་ནས་གཙུག་ལག་ཁང་དུ། ཁང་ཁྱིམ་ནས་ཁང་ཁྱིམ་དུ། འཆག་ས་ནས་འཆག་སར་དང་། ཤུལ་གོལ་བ་རྗེས་སུ་རྒྱུ་བ་ན། དགེ་སྦྱོང་དེ་དང་དེ་དག་མཐོང་ནས་འདི་སྐད་ཅེས་དགེ་སྦྱོང་ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་དང་ལྡན་པ། མ་རྒལ་བ་རྒལ་བར་བྱ་བ། མ་གྲོལ་བ་གྲོལ་བར་བྱ་བ། དབུགས་མ་ཕྱིན་པ་དབུགས་དབྱུང་བར་བྱ་བ། ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བ་གང་ཡིན་ཞེས་མཆིའོ། །དེ་ནས་དགེ་སློང་ཞིག་རྣག་གི་ལུས་འདིས་སྒྱིད་ལུག་པ་དང་། མུས་བྱུང་བ་དང་། ཐེ་ཚོམ་ཟ་བ་དང་། སྨོད་པ་ན་གནས་ནས་སླར་བྱུང་སྟེ་རི་དྭགས་ཟློག་དགེ་སྦྱོང་སྦེད་ལ་འདི་སྐད་ཅེས། བཞིན་བཟང་བདག་མ་རྒལ་བ་ཡིན་གྱིས་སྒྲོལ་ཅིག །བདག་མ་གྲོལ་བ་ཡིན་གྱིས་ཁྲོལ་ཅིག །བདག་དབུགས་མ་ཕྱིན་པ་ཡིན་གྱིས་དབུགས་ཕྱུང་ཞིག །བདག་ཡོངས་སུ་མྱ་ངན་ལས་མ་འདས་པ་ཡིན་གྱིས་ཡོངས་སུ་མྱ་ངན་ལ་ཟློས་ཤིག་ཅེས་མཆིའོ། །དེ་ནས་རི་དྭགས་ཟློག་དགེ་སྦྱོང་སྦེད་ཀྱི་དགེ་སློང་དེ་སྲོག་དང་བྲལ་བར་བགྱིས་ཏེ། དེ་བཞིན་དུ་གཉིས་དང་གསུམ་ནས་དགེ་སློང་དྲུག་ཅུའི་བར་དག་སྲོག་དང་བྲལ་བར་བགྱིས་པས། བཙུན་པ་གང་གིས་ད་ལྟར་དགེ་སློང་དག་ཉུང་ངུར་གྱུར། ཉམས་པར་གྱུར། རྔ་རྡོར་གྱུར་ཅིང་དགེ་སློང་གི་དགེ་འདུན་སྲབས་པར་གྱུར་པའི་རྒྱུ་ནི་དེ་ལགས། རྐྱེན་ནི་དེ་ལགས་སོ། །ཀུན་དགའ་བོ་དགེ་སློང་ཡང་དགེ་སློང་ལ་རྩོལ་བ་བྱེད་དམ། བཙུན་པ་རྩོལ་བར་བགྱིད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ་ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་སྨད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་
རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ། འདི་ལྟ་སྟེ་དགེ་འདུན་བསྡུ་བའི་ཕྱིར་དང་། དགེ་འདུན་ལེགས་པར་བྱ་བའི་ཕྱིར་དང་། དགེ་འདུན་བདེ་བར་གནས་པར་བྱ་བའི་ཕྱིར་དང་། གནོང་མི་བཀུར་བའི་གང་ཟག་རྣམས་ཚར་གཅད་པར་བྱ་བའི་ཕྱིར་དང་། ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པར་བྱ་བའི་ཕྱིར་དང་། མངོན་པར་མ་དད་པ་རྣམས་མངོན་པར་དད་པར་བྱ་བའི་ཕྱིར་དང་། མངོན་པར་དད་པ་རྣམས་ཕྱིར་ཞིང་འབྱུང་བར་བྱ་བའི་ཕྱིར་དང་། ཚེ་འདིའི་ཟག་པ་རྣམས་བསྡམ་པར་བྱ་བའི་ཕྱིར་དང་། ཚེ་རབས་ཕྱི་མའི་རྣམས་བཟློག་པར་བྱ་བའི་ཕྱིར་དང་། ངའི་ཚངས་པར་སྤྱོད་པ་སྐྱེ་བོ་མང་པོ་ལ་ཕན་པ་ཡངས་པར་གྱུར་པ་ལྷ་དང་མིའི་བར་དག་ལ་ཡང་དག་པར་རབ་ཏུ་བསྟན་པ་ཡུན་རིང་དུ་གནས་པར་འགྱུར་བའོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་མིའམ་མིར་ཆགས་པ་ལ་བསམས་བཞིན་དུ་རང་གི་ལག་བདར་ཏེ་སྲོག་བཅད་དམ། དེ་ལ་མཚོན་བྱིན་ནམ། དེ་ལ་མཚོན་ཐོགས་པ་གཉེར་ཏམ། དེ་འཆིར་བཅུག་གམ། དེ་ལ་འཆི་བའི་བསྔགས་པ་བརྗོད་ཀྱང་རུང་སྟེ། དེ་ལ་འདི་སྐད་ཅེས་ཀྱེ་མི་ཁྱེད་འཚོ་བ་སྡིག་པ་མི་གཙང་བ་ངན་པ་འདིས་ཅི་ཞིག་བྱ། ཀྱེ་མི་ཁྱོད་གསོན་པ་བས་ཤི་བླའོ་ཞེས་ཟེར་ཞིང་སེམས་ཀྱི་འདོད་པ་དང་། སེམས་ཀྱི་ཀུན་ཏུ་རྟོག་པ་དག་གིས་རྣམ་གྲངས་དུ་མས་དེ་འཆིར་བཅུག་གམ། དེ་ལ་འཆི་བའི་བསྔགས་པ་བརྗོད་དེ། དེའང་རྩོམ་པ་དེས་དུས་བྱས་ན་དགེ་སློང་དེའང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི། དགེ་སློང་རྣམ་པ་བཞི་པོ་མིང་གི་དགེ་སློང་དང་། ཁས་འཆེ་བའི་དགེ་སློང་དང་། སློང་བའི་ཕྱིར་དགེ་སློང་དང་། ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་ལས། མིང་གི་དགེ་སློང་གང་ཞེ་ན། གང་གི་མིང་དང་མིང་དུ་བརྗོད་པ་དང་། ཚིག་གཉིས་པ་དང་། ཚིག་བླ་དྭགས་དང་། འདུ་ཤེས་དང་། བོད་པ་དང་། གདགས་པ་དང་ཐ་སྙད་དགེ་སློང་ཞེའམ། དགེ་སློང་གི་རིགས་ཤེའམ་དགེ་སློང་དང་འདྲ་བར་གྱུར་པ་ཞེས་བྱ་བ་དེ་ནི་མིང་གི་དགེ་སློང་
ཞེས་བྱའོ། །ཁས་འཆེ་བའི་དགེ་སློང་གང་ཞེ་ན། གང་དགེ་སློང་མ་ཡིན་བཞིན་དུ་བདག་ཉིད་དགེ་སློང་ངོ་ཞེས་ཁས་འཆེ་བར་བྱེད་པ་དང་། རྐུ་ཐབས་སུ་གནས་ཤིང་དགེ་སློང་དུ་དམ་འཆའ་བར་བྱེད་པ་དེ་ནི་ཁས་འཆེ་བའི་དགེ་སློང་ཞེས་བྱའོ། །སློང་བའི་ཕྱིར་དགེ་སློང་གང་ཞེ་ན། གང་ཆོས་དང་ལྡན་པས་སློང་མོ་སྤྱོད་པས་འཚོ་བར་བྱེད་པ་དེ་ནི་སློང་བའི་ཕྱིར་དགེ་སློང་ཞེས་བྱའོ། །ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་གང་ཞེ་ན། གང་གི་ཟག་པ་ཀུན་ནས་ཉོན་མོངས་པར་བྱེད་པ་ཡང་སྲིད་པར་བྱེད་པར་རིམས་ནད་དང་བཅས་པ་རྣམ་པར་སྨིན་པ་སྡུག་བསྔལ་བ་ཕྱི་མ་ལ་སྐྱེ་བ་དང་། རྒ་བ་དང་། འཆི་བར་འགྱུར་བ་གང་དག་ཡིན་པ་དེ་དག་སྤངས་པ་དང་། ཡོངས་སུ་ཤེས་པ་དང་། རྩ་བ་ནས་བཅད་པ་དང་། ཤིང་ཏཱ་ལའི་མགོ་བཞིན་དུ་གཞི་མི་སྣང་བ་དང་། ཕྱི་མ་ལ་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པ་དེ་ནི་ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་ཞེས་བྱའོ། །དོན་འདིར་ནི་གསོལ་བ་དང་གཞིའི་ལས་མི་གཡོ་བ་བཞག་པར་མི་འོས་པས་བསྙེན་པར་རྫོགས་པ་གང་ཡི་པ་དེ་དགེ་སློང་དུ་དགོངས་ཏེ། དེས་ན་ཡང་དགེ་སློང་གང་ཞེས་གསུངས་སོ། །མི་འམ་ཞེས་བྱ་བ་ནི། གང་གིས་མའི་ལྟོར་དབང་པོ་དྲུག་པོ་འདི་ལྟ་སྟེ། མིག་གི་དབང་པོ་དང་། རྣ་བའི་དབང་པོ་དང་། སྣའི་དབང་པོ་དང་། ལྕེའི་དབང་པོ་དང་། ལུས་ཀྱི་དབང་པོ་དང་། ཡིད་ཀྱི་དབང་པོ་ཐོབ་པར་གྱུར་པའོ། །མིར་ཆགས་པ་ལ་ཞེས་བྱ་བ་ནི། གང་གིས་མའི་ལྟོར་དབང་པོ་གསུམ་པོ་འདི་ལྟ་སྟེ། ལུས་ཀྱི་དབང་པོ་དང་། ཚོར་བའི་དབང་པོ་དང་། ཡིད་ཀྱི་དབང་པོ་ཐོབ་པར་གྱུར་པ་ལའོ། །བསམས་བཞིན་དུ་ཞེས་བྱ་བ་ནི་རྣམ་པར་བརྟགས་པ་ནས་སོ། །རང་གི་ལག་དར་ཏེ་ཞེས་བྱ་བ་ནི་ལག་པས་ལག་དར་ཏེའོ། །སྲོག་བཅད་དམ་ཞེས་བྱ་བ་ནི་དེའི་སྲོག་བཅད་པར་གྱུར་ནའོ། །དེ་ལ་མཚོན་བྱིན་ནམ་ཞེས་བྱ་བ་ནི། རལ་གྲིའམ་སྤུ་གྲིའམ་ཆུ་གྲིའོ། །དེ་ལ་མཚོན་ཐོགས་པ་གཉེར་ཏམ་ཞེས་བྱ་བ་ནི། སྐྱེས་པའམ། བུད་མེད་དམ། མ་ནིང་ངོ་། །དེ་འཆིར་བཅུག་གམ་ཞེས་བྱ་བ་ནི། འཆིར་གཞུག་པ་ནི་རྣམ་པ་གསུམ་སྟེ། ཚུལ་ཁྲིམས་འཆལ་བ་
དང་། ཚུལ་ཁྲིམས་དང་ལྡན་པ་དང་། ནད་པའོ། །ཚུལ་ཁྲིམས་འཆལ་བ་ལ་ཇི་ལྟར་ཞེ་ན། འདི་ལྟར་དགེ་སློང་ཚུལ་ཁྲིམས་འཆལ་བ་ལ་ལྷུང་བཟེད་དམ། ཆོས་གོས་སམ། དྲ་བའམ། ཕོར་བུའམ། སྐ་རགས་སམ། དགེ་སློང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་ཅུང་ཞིག་རག་ལུས་པ་ན། དེ་འདི་སྙམ་དུ་སེམས་ཏེ། ཇི་སྲིད་དུ་ཚེ་དང་ལྡན་པ་འདི་གསོན་པ་དེ་སྲིད་དུ་བདག་གིས་ཐོབ་པར་མི་འགྱུར་གྱིས། བདག་དེའི་དྲུང་དུ་སོང་ལ་འཆིར་གཞུག་གོ་སྙམ་ནས། དེ་དེའི་དྲུང་དུ་སོང་སྟེ་འདི་སྐད་ཅེས། ཚེ་དང་ལྡན་པ་ནི་ཚུལ་ཁྲིམས་འཆལ་བ་སྡིག་པའི་ཆོས་ཅན་ལུས་ཀྱིས་ཉེས་པར་སྤྱད་པ་དང་ལྡན་པ་ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པ་དང་ལྡན་པ་ཡིན་པས། ཚེ་དང་ལྡན་པ་ཇི་སྲིད་ཡུན་རིང་དུ་འཚོ་བར་འགྱུར་བ་དེ་སྲིད་དུ་བསོད་ནམས་མ་ཡིན་པ་མང་དུ་འཕེལ་བར་འགྱུར་ཞིང་། བསོད་ནམས་མ་ཡིན་པ་མང་དུ་འཕེལ་ན་ཡུན་རིང་དུ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ་ཞེས་སྨྲས་པ་ན། ཚུལ་ཁྲིམས་འཆལ་བ་དེ་དགེ་སློང་དེ་ལ་འདི་སྐད་ཅེས་ཚེ་དང་ལྡན་པའོ་ན་ཁོ་བོས་ཇི་ལྟར་བྱ་ཞེས་ཟེར་བའི་ཚེ། ཚེ་དང་ལྡན་པ་ཚུར་ཤོག་ཁྱོད་ཀྱིས་བདག་ཉིད་ཐོང་ཞིག །བདག་ཉིད་སོད་ཅིག །བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་ཆུག་ཅིག་ཅེས་སྨྲས་ན། གལ་ཏེ་ཚུལ་ཁྲིམས་འཆལ་བ་དེ་བདག་ཉིད་གཏོང་བར་བྱེད་དམ། བདག་ཉིད་གསོད་པ་བྱེད་དམ། བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་འཇུག་ན་དགེ་སློང་དེ་ཕམ་པར་འགྱུར་རོ། །གལ་ཏེ་ཚུལ་ཁྲིམས་འཆལ་བ་དེ་འདི་སྙམ་དུ་དེ་ལྟར་ཡིན་ནོ་སྙམ་མོད་ཀྱི། འོན་ཀྱང་འདི་སྐད་ཅེས་ཁོ་བོ་བདག་ཉིད་མི་གཏོང་ངོ་། །ཁོ་བོ་བདག་ཉིད་མི་གསོད་དོ། །ཁོ་བོ་བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་མི་འཇུད་དོ་ཞེས་ཟེར་ཞིང་གལ་ཏེ་དེ་བདག་ཉིད་གཏོང་བར་མི་བྱེད། བདག་ཉིད་གསོད་པར་མི་བྱེད། བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་མི་འཇུད་ན། དགེ་སློང་དེ་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་དགེ་སློང་དེ་དེ་སྐད་སྨྲས་ནས་འགྱོད་པར་གྱུར་ཅིང་དེ་ཚུལ་ཁྲིམས་འཆལ་བ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་
ཚེ་དང་ལྡན་པ་ཤེས་པར་གྱིས་ཤིག །འདི་ལྟ་སྟེ་བྱིས་པ་བླུན་པ། མི་གསལ་བ། མི་མཁས་པ་དག་གིས་ཏེ་བོར་གྱ་ཚོམ་དང་། བྱུང་རྒྱལ་གྱིས་སོ་སོར་མ་བརྟགས་པར་ཚིག་སྨྲས་ཏེ། འདི་ལྟར་ཚེ་དང་ལྡན་པས་དགེ་བའི་བཤེས་གཉེན་འགའ་ཞིག་མགུ་བར་བྱས་ན། དེས་ལུས་ཀྱི་ཀུན་དུ་སྤྱོད་པ་ཡོངས་སུ་མ་དག་པ་ཉིད་འདི་ལས་བསླང་སྟེ། ལུས་ཀྱི་ཀུན་དུ་སྤྱོད་པ་ཡོངས་སུ་དག་པ་ཉིད་ལ་འཇོག་པ་དང་ངག་དང་ཡིད་ཀྱི་ཀུན་དུ་སྤྱོད་པ་ཡོངས་སུ་མ་དག་པ་ཉིད་འདི་ལས་བསླང་སྟེ་ངག་དང་ཡིད་ཀྱི་ཀུན་དུ་སྤྱོད་པ་ཡོངས་སུ་དག་པ་ཉིད་ལ་འཇོག་པར་གྱུར་ན། དེ་ལྟར་ན་ཚེ་དང་ལྡན་པ་ལུས་ཀྱི་ཀུན་དུ་སྤྱོད་པ་ཡོངས་སུ་དག་པ་དང་ངག་དང་ཡིད་ཀྱི་ཀུན་དུ་སྤྱོད་པ་ཡོངས་སུ་དག་པ་ཡིན་པས་ལུས་ཞིག་ན་ཡང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ་ཞེས་སྨྲས་པ་ན། གལ་ཏེ་ཚུལ་ཁྲིམས་འཆལ་བ་དེ་དགེ་སློང་དེ་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་འོ་ན་ཁོ་བོས་ཇི་ལྟར་བྱ་ཞེས་ཟེར་བའི་ཚེ། དགེ་སློང་དེས་འདི་སྐད་ཅེས། ཚེ་དང་ལྡན་པ་ཁྱོད་བདག་ཉིད་མ་གཏོང་ཞིག །བདག་ཉིད་མ་གསོད་ཅིག །བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་མ་འཇུག་ཅིག་ཅེས་སྨྲས་ནས། གལ་ཏེ་ཚུལ་ཁྲིམས་འཆལ་བ་དེ་བདག་ཉིད་གཏོང་བར་མི་བྱེད། བདག་ཉིད་གསོད་པར་མི་བྱེད། བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་མི་འཇུག་ཀྱང་དགེ་སློང་དེ་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་ཚུལ་ཁྲིམས་འཆལ་བ་དེ་འདི་སྙམ་དུ་དེ་ལྟ་ཡིན་ནོ་སྙམ་མོད་ཀྱི་འོན་ཀྱང་འདི་སྐད་ཅེས་ཁོ་བོ་བདག་ཉིད་གཏོང་ངོ་། །ཁོ་བོ་བདག་ཉིད་གསོད་དོ། །ཁོ་བོ་བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་འཇུད་དོ་ཞེས་ཟེར་ཞིང་། གལ་ཏེ་དེ་བདག་ཉིད་གཏོང་བར་བྱེད། བདག་ཉིད་གསོད་པར་བྱེད། བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་འཇུད་ན། དགེ་སློང་དེ་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་ཏེ། རེ་ཞིག་ཚུལ་ཁྲིམས་འཆལ་བ་ལ་ནི་དེ་ལྟར་རོ། །ཚུལ་ཁྲིམས་དང་ལྡན་པ་ལ་ཇི་ལྟར་ཞེ་ན། འདི་ལྟར་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ལྷུང་བཟེད་དམ། ཆོས་གོས་སམ། དྲ་བའམ།
ཕོར་བུའམ། སྐ་རགས་སམ། དགེ་སློང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་ཅུང་ཞིག་རག་ལུས་པ་ན། དེ་འདི་སྙམ་དུ་སེམས་ཏེ་ཇི་སྲིད་དུ་ཚེ་དང་ལྡན་པ་འདི་གསོན་པ་དེ་སྲིད་དུ་བདག་གིས་ཐོབ་པར་མི་འགྱུར་གྱིས། བདག་དེའི་དྲུང་དུ་སོང་ལ་འཆིར་གཞུག་གོ་སྙམ་ནས་དེ་དེའི་དྲུང་དུ་སོང་སྟེ། འདི་སྐད་ཅེས་ཚེ་དང་ལྡན་པ་ནི་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་ལྷུག་པར་གཏོང་བ། ལག་རྐྱོང་བ། རྣམ་པར་གཏོང་བ་ལ་དགའ་བ། མཆོད་སྦྱིན་རྒྱུན་དུ་བྱེད་པ། གཏོང་བ་ཕུན་སུམ་ཚོགས་པ། སྦྱིན་པ་ལ་འགེད་པར་དགའ་བ་ཡིན་པས། ཚེ་དང་ལྡན་པ་ཡུལ་གཞན་དུ་སོང་ན་ལོ་ལེགས་ཤིང་མཐོ་རིས་ནི་དར་གྱིས་ཆོད་པ་ཙམ། ཐར་པ་ནི་ཡོལ་བས་བསྒྲིབས་པ་ཙམ་སྟེ། ལུས་ཞིག་ན་ཡང་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ་ཞེས་སྨྲས་པ་ན། ཚུལ་ཁྲིམས་དང་ལྡན་པ་དེ་དགེ་སློང་དེ་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་འོ་ན་ཁོ་བོས་ཇི་ལྟར་བྱ་ཞེས་ཟེར་བའི་ཚེ་ཚེ་དང་ལྡན་པ་ཚུར་ཤོག །ཁྱོད་ཀྱིས་བདག་ཉིད་ཐོང་ཞིག །བདག་ཉིད་སོག་ཅིག །བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་ཆུག་ཅིག་ཅེས་སྨྲས་ནས། གལ་ཏེ་ཚུལ་ཁྲིམས་དང་ལྡན་པ་དེ་བདག་ཉིད་གཏོང་བར་བྱེད་དམ། བདག་ཉིད་གསོད་པར་བྱེད་དམ། བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་འཇུད་ན། དགེ་སློང་དེ་ཕམ་པར་འགྱུར་རོ། །གལ་ཏེ་ཚུལ་ཁྲིམས་དང་ལྡན་པ་དེ་འདི་སྙམ་དུ་དེ་ལྟ་ཡིན་ནོ་སྙམ་མོད་ཀྱི། འོན་ཀྱང་འདི་སྐད་ཅེས་ཁོ་བོ་བདག་ཉིད་མི་གཏོང་ངོ་། །ཁོ་བོ་བདག་ཉིད་མི་གསོད་དོ། །ཁོ་བོ་བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་མི་འཇུད་དོ་ཞེས་ཟེར་ཞིང་། གལ་ཏེ་དེ་བདག་ཉིད་གཏོང་བར་མི་བྱེད། བདག་ཉིད་གསོད་པར་མི་བྱེད། བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་མི་འཇུད་ན། དགེ་སློང་དེ་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་དགེ་སློང་དེ་དེ་སྐད་སྨྲས་ནས་འགྱོད་པར་གྱུར་ཅིང་དེ་ཚུལ་ཁྲིམས་དང་ལྡན་པ་དེའི་གན་དུ་སོང་སྟེ་འདི་སྐད་ཅེས། ཚེ་དང་ལྡན་པ་ཤེས་པར་གྱིས་ཤིག །འདི་ལྟ་སྟེ་བྱིས་པ་བླུན་པ་མི་གསལ་བ་མི་མཁས་པ་དག་གིས་ཏེ་པོར་གྱ་ཚོམ་དང་། བྱུང་རྒྱལ་གྱིས་སོ་སོར་མ་བརྟགས་པར་ཚིག་སྨྲས་ཏེ། འདི་ལྟར་ཚེ་དང་ལྡན་པ་ནི་ཚུལ་
ཁྲིམས་དང་ལྡན་པ། དགེ་བའི་ཆོས་ཅན། ལྷུག་པར་གཏོང་བ། ལག་རྐྱོང་བ། རྣམ་པར་གཏོང་བ་ལ་དགའ་བ། མཆོད་སྦྱིན་རྒྱུན་དུ་བྱེད་པ། གཏོང་བ་ཕུན་སུམ་ཚོགས་པ། སྦྱིན་པ་ལ་འགེད་པར་དགའ་བ་ཡིན་པས། ཚེ་དང་ལྡན་པ་ཇི་སྲིད་དུ་ཡུན་རིང་དུ་འཚོ་བར་འགྱུར་བ་དེ་སྲིད་དུ་བསོད་ནམས་མང་དུ་འཕེལ་བར་འགྱུར་ཞིང་བསོད་ནམས་མང་དུ་འཕེལ་ན་ཡུན་རིང་དུ་མཐོ་རིས་དག་ཏུ་དགའ་བར་འགྱུར་རོ་ཞེས་སྨྲས་པ་ན། གལ་ཏེ་ཚུལ་ཁྲིམས་དང་ལྡན་པ་དེ་དགེ་སློང་དེ་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་འོ་ན་ཁོ་བོས་ཇི་ལྟར་བྱ་ཞེས་ཟེར་བའི་ཚེ། དགེ་སློང་དེས་འདི་སྐད་ཅེས། ཚེ་དང་ལྡན་པ་ཁྱོད་བདག་ཉིད་མ་གཏོང་ཞིག །བདག་ཉིད་མ་གསོད་ཅིག །བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་མ་འཇུག་ཅིག་ཅེས་སྨྲས་ནས། གལ་ཏེ་ཚུལ་ཁྲིམས་དང་ལྡན་པ་དེ་བདག་ཉིད་གཏོང་བར་མི་བྱེད། བདག་ཉིད་གསོད་པར་མི་བྱེད། བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་མི་འཇུད་ཀྱང་། དགེ་སློང་དེ་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་ཚུལ་ཁྲིམས་དང་ལྡན་པ་དེ་འདི་སྙམ་དུ་དེ་ལྟ་ཡིན་ནོ་སྙམ་མོད་ཀྱི། འོན་ཀྱང་འདི་སྐད་ཅེས་ཁོ་བོ་བདག་ཉིད་གཏོང་ངོ་། །ཁོ་བོ་བདག་ཉིད་གསོད་དོ། །ཁོ་བོ་བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་འཇུད་དོ་ཞེས་ཟེར་ཞིང་གལ་ཏེ་བདག་ཉིད་གཏོང་བར་བྱེད། བདག་ཉིད་གསོད་པར་བྱེད། བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་འཇུད་ན། དགེ་སློང་དེ་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་ཏེ། ཚུལ་ཁྲིམས་དང་ལྡན་པ་ལ་ནི་དེ་ལྟར་རོ། །ནད་པ་ལ་ཇི་ལྟར་ཞེ་ན། འདི་ལྟར་དགེ་སློང་ནད་པ་ལ་ལྷུང་བཟེད་དམ། ཆོས་གོས་སམ། དྲ་བའམ། ཕོར་བུའམ། སྐ་རགས་སམ། དགེ་སྦྱོང་[I]་འཚོ་བའི་ཡོ་བྱད་གང་ཡང་རུང་བ་ཅུང་ཞིག་རག་ལུས་པ་ན། དེ་འདི་སྙམ་དུ་སེམས་ཏེ། ཚེ་དང་ལྡན་པ་ནི་ན་བ་སྡུག་བསྔལ་བ་ནད་ཚབས་ཆེ་བ་འདི་སྲིད་དུ་གསོན་པ་དེ་སྲིད་དུ་བདག་ལ་མི་སྟེར་གྱིས། བདག་དེའི་དྲུང་དུ་སོང་ལ་འཆིར་གཞུག་གོ་སྙམ་ནས། དེ་དེའི་དྲུང་དུ་སོང་སྟེ་འདི་སྐད་ཅེས་ཚེ་དང་ལྡན་པ་ནི་ན་བ་སྡུག་བསྔལ་བ་ནད་ཚབས་ཆེ་བ་ཡིན་པས་ཚེ་དང་ལྡན་པ་ཇི་སྲིད་དུ་ཡུན་རིང་དུ་འཚོ་བ་དེ་སྲིད་དུ་ཚོར་བ་སྡུག་བསྔལ་བ། མི་བཟད་པ།
རྩུབ་པ། ཚ་བ་ཡིད་དུ་མི་འོང་བ་དག་ཉམས་སུ་མྱོང་བར་འགྱུར་རོ་ཞེས་སྨྲས་པ་ན། ནད་པ་དེ་དགེ་སློང་དེ་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་འོ་ན་ཁོ་བོས་ཇི་ལྟར་བྱ་ཞེས་ཟེར་བའི་ཚེ། ཚེ་དང་ལྡན་པ་ཚུར་ཤོག །ཁྱོད་ཀྱིས་བདག་ཉིད་ཐོང་ཞིག །བདག་ཉིད་སོད་ཅིག །བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་ཆུག་ཅིག་ཅེས་སྨྲས་ནས། གལ་ཏེ་ནད་པ་དེ་བདག་ཉིད་གཏོང་བར་བྱེད་དམ། བདག་ཉིད་གསོད་པར་བྱེད་དམ་བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་འཇུག་ན། དགེ་སློང་དེ་ཕམ་པར་འགྱུར་རོ། །གལ་ཏེ་ནད་པ་དེ་འདི་སྙམ་དུ་དེ་ལྟ་ཡིན་ནོ་སྙམ་མོད་ཀྱི། འོན་ཀྱང་འདི་སྐད་ཅེས་ཁོ་བོ་བདག་ཉིད་མི་གཏོང་ངོ་། །ཁོ་བོ་བདག་ཉིད་མི་གསོད་དོ། །ཁོ་བོ་བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་མི་འཇུད་དོ་ཞེས་ཟེར་ཞིང་། གལ་ཏེ་བདག་ཉིད་གཏོང་བར་མི་བྱེད། བདག་ཉིད་གསོད་པར་མི་བྱེད། བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་མི་འཇུད་ན། དགེ་སློང་དེ་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་དགེ་སློང་དེ་དེ་སྐད་སྨྲས་ནས། འགྱོད་པར་གྱུར་ཅིང་དེ་ནད་པ་དེའི་གན་དུ་སོང་སྟེ་འདི་སྐད་ཅེས། ཚེ་དང་ལྡན་པ་ཤེས་པར་གྱིས་ཤིག །འདི་ལྟ་སྟེ། བྱིས་པ་བླུན་པ་མི་གསལ་བ། མི་མཁས་པ་བདག་གིས་ཏེ་བོར་གྱ་ཚོམ་དང་། བྱུང་རྒྱལ་གྱིས་སོ་སོར་མ་བརྟགས་པར་ཚིག་སྨྲས་ཏེ། འདི་ལྟར་ཚེ་དང་ལྡན་པ་དགེ་བའི་བཤེས་གཉེན་འགའ་ཞིག་མགུ་བར་བྱས་ན། དེས་ཁྱོད་ལ་སྨན་མཐུན་པ་དང་། འཕྲོད་པ་དག་དང་། ཟས་སོ་སོར་བསྟེན་པར་བྱ་བ་དག་དང་། ནད་གཡོག་ཚུལ་དང་མཐུན་པ་དག་གིས་བསྙེན་བཀུར་བྱེད་པར་འགྱུར་ཏེ། དེ་ལྟར་ན་ཚེ་དང་ལྡན་པ་ཡུན་མི་རིང་བ་ཁོ་ནར་བདེ་བ་དང་། ནད་མེད་པ་དང་། སྟོབས་དང་ལྡན་པ་དང་། གང་དུ་དགའ་བར་འགྲོ་བར་འགྱུར་རོ་ཞེས་སྨྲས་པ་ན། གལ་ཏེ་ནད་པ་དེ་དགེ་སློང་དེ་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་འོ་ན་ཁོ་བོས་ཇི་ལྟར་བྱ་ཞེས་ཟེར་བའི་ཚེ། དགེ་སློང་དེས་འདི་སྐད་ཅེས། ཚེ་དང་ལྡན་པ་ཁྱོད་བདག་ཉིད་མ་གཏོང་ཞིག །བདག་ཉིད་མ་གསོད་ཅིག །བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་མ་འཇུད་ཅིག་ཅེས་སྨྲས་ནས། གལ་ཏེ་ནད་པ་དེ་བདག་ཉིད་གཏོང་བར་མི་བྱེད། བདག་ཉིད་གསོད་པར་མི་བྱེད། བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་མི་འཇུད་ཀྱང་། དགེ་སློང་དེ་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ། །
གལ་ཏེ་ནད་པ་དེ་འདི་སྙམ་དུ་དེ་ལྟ་ཡིན་ནོ་སྙམ་མོད་ཀྱི། འོན་ཀྱང་འདི་སྐད་ཅེས་ཁོ་བོ་བདག་ཉིད་གཏོང་ངོ་། །ཁོ་བོ་བདག་ཉིད་གསོད་དོ། །ཁོ་བོ་བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་འཇུད་དོ་ཞེས་ཟེར་ཞིང་། གལ་ཏེ་བདག་ཉིད་གཏོང་བར་བྱེད། བདག་ཉིད་གསོད་པར་བྱེད། བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་འཇུད་ན་དགེ་སློང་དེ་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་ཏེ། ནད་པ་ལ་ནི་དེ་ལྟར་རོ། །དེས་ན་འཆིར་བཅུག་གམ་ཞེས་གསུངས་སོ། །དེ་ལ་འཆི་བའི་བསྔགས་པ་བརྗོད་ཀྱང་རུང་སྟེ་ཞེས་བྱ་བ་ནི། འཆི་བར་མངོན་པར་དགའ་བའི་མདུན་དུ་འཆི་བའི་བསྔགས་པ་བརྗོད་པའོ། །དེ་ལ་འདི་སྐད་ཅེས། ཀྱེ་མི་ཁྱོད་ཅེས་བྱ་བ་ནི། བོད་པའི་ཚིག་བླ་དྭགས་ཡིན་ནོ། །འཚོ་བ་སྡིག་པ་མི་གཙང་བ་ངན་པ་འདིས་ཅི་ཞིག་བྱ། ཀྱེ་མི་ཁྱོད་གསོན་པ་བས་ཤི་བླའོ་ཞེས་བྱ་བ་དེ་དག་ནི་སྨད་པའི་ཚིག་ཡིན་ནོ་ཟེར་ཞིང་ཞེས་བྱ་བ་ནི་བརྗོད་པར་བྱེད་ཅིང་ངོ་། །སེམས་ཀྱི་འདོད་པ་དང་། སེམས་ཀྱི་ཀུན་ཏུ་རྟོག་པ་དག་གིས་ཞེས་བྱ་བ་ནི་། སེམས་ཀྱི་མངོན་པར་འདོད་པ་དང་། སེམས་ཀྱི་རྣམ་པར་རྟོག་པ་དག་གིས་སོ། །རྣམ་གྲངས་དུ་མས་ཞེས་བྱ་བ་ནི། རྣམ་པ་མང་པོས་སོ། །དེ་འཆིར་བཅུག་གམ། དེ་ལ་འཆི་བའི་བསྔགས་པ་བརྗོད་དེ་ཞེས་སྨོས་པ་ནི། འཆི་བར་མངོན་པར་དགའ་བའི་མདུན་དུ་རྣམ་གྲངས་དུ་མས་འཆི་བའི་བསྔགས་པ་བརྗོད་པ་བཟློག་པའི་ཕྱིར་རོ། །དེ་ཡང་རྩོམ་པ་དེས་དུས་བྱས་ན་ཞེས་བྱ་བ་ནི། དེ་ཉིད་ཀྱིས་ཡིན་གྱི་གཞན་གྱིས་མ་ཡིན་ནའོ། །དགེ་སློང་ཞེས་བྱ་བ་ནི། གང་ལ་དགེ་སློང་གི་དངོས་པོ་ཡོད་པ་གང་ཡིན་པའོ། །དགེ་སློང་གི་དངོས་པོ་གང་ཞེ་ན། བསྙེན་པར་རྫོགས་པ་གང་ཡིན་པའོ། །བསྙེན་པར་རྫོགས་པ་གང་ཞེ་ན། གསོལ་བ་དང་བཞིའི་ལས་ཀྱི་བྱ་བ་བྱེད་པ་ཉིད་དང་རྟོག་པ་ཉིད་དང་། ཡང་དག་པར་རྟོག་པ་ཉིད་དང་། མཐར་ཕྱིན་པར་བྱད་པ་ཉིད་དང་། ཡང་དག་པར་མཐར་ཕྱིན་པར་བྱེད་པ་ཉིད་གང་ཡིན་པ་དང་། གང་ཟག་དེ་ཁས་ལེན་པ་དང་། མངོན་པར་ཁས་ལེན་པ་དང་། ཕྱིར་མི་ལྡོག་པ་དང་། ངག་དང་ཚིག་དང་ཐ་སྙད་དང་སྐད་དང་། རྗོད་པ་དང་། ངེས་པའི་ཚིག་དང་། ཚིག་གི་ལམ་དང་། ཚིག་གི་སྒྲ་དང་། ངག་གི་ལས་དང་། ངག་གི་རྣམ་པར་རིག་བྱེད་གང་ཡིན་པའོ། །དེ་ཞེས་བྱ་བ་ནི་ཉེ་བར་བསྟན་
པ་དང་། ཀུན་ཏུ་བསྟན་པའི་ཚིག་བླ་དྭགས་དེའོ། །ཕམ་པར་གྱུར་པ་ཡིན་གྱིས་ཞེས་བྱ་བ་ནི། དེ་མཐར་གྱུར་པ་དང་། ལྟུང་བ་དང་། དམན་པ་དང་། མཇུག་ན་འདུག་པ་དང་། ཐ་ཆད་དང་། ཡིད་དང་མི་མཐུན་པ་ཡིན་པའོ། །ཡང་གང་གིས་ལྟུང་བ་དེ་བྱས་ན་བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར། །དགེ་སྦྱོང་དུ་མི་རུང་། ཤཱཀྱའི་སྲས་ཀྱིར་མི་རུང་། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང་ཉམས་པ་བཅོམ་པ་ལྟུང་བ་ཕམ་པར་གྱུར་པ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། །འདི་ལྟ་སྟེ་དཔེར་ན། ཤིང་ཏ་ལའི་མགོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ། འཕེལ་ཞིང་རྒྱས་པ་དང་། ཡངས་པར་འགྱུར་དུ་མི་རུང་བ་དེ་བཞིན་དུ་དགེ་སློང་གིས་གནས་དེ་ལྟ་བུ་བྱས་ན་བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང་། ཤཱཀྱའི་སྲས་ཀྱིར་མི་རུང་། དགེ་སྦྱོང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང་། ཉམས་པ་བཅོམ་པ། ལྟུང་བ་ཕམ་པར་གྱུར་པ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་བས། དེས་ན་ཕམ་པར་གྱུར་པ་ཡིན་གྱིས་ཞེས་གསུངས་སོ། །གནས་པར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་རྣམས་ཀྱིས་དེ་དང་། གསོ་སྦྱོང་དང་། དགག་དབྱེ་དང་། གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་ལ་གནས་པར་མི་བྱའོ། །གང་ཟག་བཅུ་གཉིས་པོ་དག་ཏུ་བསྐོ་བར་མི་བྱ་བ་སྟེ། དེས་ན་གནས་པར་མི་བྱའོ་ཞེས་གསུངས་སོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་བཅུ་པ། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། སྡོམ་ལ། བདག་ཉིད་ཀྱིས་ནི་ཟིན་པ་དང་། །ཕྱི་རོལ་ཏུ་ནི་འཕངས་པ་དང་། །གཉི་ག་དང་ནི་ལྡན་པ་ཡི། །སྡེ་ཚན་ཡང་དག་བསྡུས་པ་ཡིན། །ཇི་ལྟར་བདག་ཉིད་ཀྱིས་ཟིན་པས་ཤེ་ན། དགེ་སློང་གིས་སྐྱེས་པ་དང་། བུད་མེད་དང་། མ་ནིང་ལ་གསད་པའི་སེམས་ཀྱིས་འདི་ལྟར་རྩོམ་པ་འདིས་འདི་རུ་དུས་བྱེད་པར་གྱུར་ཅིག་སྙམ་པས་སོར་མོ་གཅིག་གིས་སྣུན་པར་བྱེད་ཅིང་དེ་ཡང་རྩོམ་པ་དེས་དུས་བྱེད་ན། དགེ་སློང་དེ་ཕམ་པར་འགྱུར་རོ། །དེས་དེའི་ཚེ་མ་ཡིན་ཡང་། དེས་དེའི་འོག་ཏུ་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་ཡང་མ་ཡིན་ལ། དེས་དེའི་འོག་ཏུ་ཡང་མ་ཡིན་ན། དགེ་སློང་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ། །སོར་མོ་གཅིག་གིས་ཇི་ལྟ་བ་དེ་བཞིན་དུ་འདི་ལྟར་རྩོམ་པ་འདིས་འདི་དུས་བྱེད་པར་གྱུར་ཅིག་སྙམ་པས་སོར་མོ་གཉིས་ཀྱིས་སམ། གསུམ་གྱིས་སམ། བཞིས་སམ། ལྔས་སམ། ཁུ་ཚུར་གྱིས་སམ། གྲུ་མོས་སམ། ཕྲག་པས་སམ། མགོ་བོས་སམ། གློས་སམ། རྐེད་པས་སམ། བརླས་སམ། པུས་མོས་སམ། རྗེ་ངར་གྱིས་སམ། ལོང་བུས་སམ། རྐང་མཐིལ་གྱིས་སམ། ཐ་ན་རྐང་པའི་མཐེ་བོང་སྣུན་པར་བྱེད་ཅིང་། དེ་ཡང་རྩོམ་པ་དེས་དུས་བྱེད་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་མ་ཡིན་ཡང་དེས་དེའི་འོག་ཏུ་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་མ་ཡིན་ལ། དེས་དེའི་འོག་ཏུ་ཡང་མ་ཡིན་ན། དགེ་སློང་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་ཏེ། དེ་ལྟར་བདག་ཉིད་ཀྱིས་ཟིན་པས་སོ། །ཇི་ལྟར་ཕྱིར་རོལ་དུ་འཕངས་པས་ཤེ་ན། དགེ་སློང་གིས་སྐྱེས་པ་དང་། བུད་མེད་དང་མ་ནིང་ལ་གསད་པའི་སེམས་ཀྱིས་འདི་ལྟར་རྩོམ་པ་འདིས་འདི་དུས་བྱེད་པར་གྱུར་ཅིག་སྙམ་པས་མདས་སྣུན་པར་བྱེད་ཅིང་། དེ་ཡང་རྩོམ་པ་དེས་དུས་བྱེད་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་མ་ཡིན་ཡང་དེས་དེའི་འོག་ཏུ་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་ཡང་མ་ཡིན་ལ་དེས་དེའི་འོག་ཏུ་
ཡང་མ་ཡིན་ན་དགེ་སློང་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ། །མདས་ཇི་ལྟ་བ་དེ་བཞིན་དུ་རྩོམ་པ་འདིས་འདི་དུས་བྱེད་པར་གྱུར་ཅིག་སྙམ་པས་ལྕགས་མདས་སམ། མདའ་ཕྱེད་ལྕགས་ལས་བྱས་པས་སམ། ཏེའུ་ཀ་མས་སམ། མདེའུ་བེའུ་སོ་ལྟ་བུས་སམ། མདེའུ་ཟུར་བཞི་མས་སམ། མདེའུ་ཀ་ར་བི་རའི་ལོ་མ་ལྟ་བུས་སམ། མདེའུ་བྱིའུ་སྙིང་མས་སམ། འཁོར་ལོས་སམ། རྡོ་རྗེ་རྩེ་གཅིག་པས་སམ། མདའ་བོ་ཆེས་སམ། མཚོན་རྩེ་གཅིག་པས་སམ། ཐ་ན་རྒྱ་ཤུག་གི་འབྲས་བུས་སྣུན་པར་བྱེད་ཅིང་། དེ་ཡང་རྩོམ་པ་དེས་དུས་བྱེད་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་མ་ཡིན་ཡང་དེས་དེའི་འོག་ཏུ་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་ཡང་མ་ཡིན་ལ་དེས་དེའི་འོག་ཏུ་ཡང་མ་ཡིན་ན། དགེ་སློང་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་བོར་འགྱུར་ཏེ། དེ་ལྟར་ཕྱི་རོལ་དུ་འཕངས་པས་སོ། །ཇི་ལྟར་གཉི་ག་དང་ལྡན་པས་ཤེ་ན། དགེ་སློང་གིས་སྐྱེས་པ་དང་བུད་མེད་དང་མ་ནིང་ལ་གསད་པའི་སེམས་ཀྱིས་འདི་ལྟར་རྩོམ་པ་འདིས་འདི་དུས་བྱེད་པར་གྱུར་ཅིག་སྙམ་པས་རལ་གྲིས་སྣུན་པར་བྱེད་ཅིང་། དེ་ཡང་རྩོམ་པ་དེས་དུས་བྱེད་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་མ་ཡིན་ཡང་དེས་དེའི་འོག་ཏུ་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་ཡང་མ་ཡིན་ལ་དེས་དེའི་འོག་ཏུ་ཡང་མ་ཡིན་ན། དགེ་སློང་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ། །རལ་གྲིས་ཇི་ལྟ་བ་དེ་བཞིན་དུ་འདི་ལྟར་རྩོམ་པ་འདིས་དུས་བྱེད་པར་གྱུར་ཅིག་སྙམ་པས། ཤང་ལང་གིས་སམ། རལ་གྲི་སོ་གཅིག་པས་སམ། རལ་གྲི་སོ་གཉིས་པས་སམ། མདུང་གིས་སམ། མདུང་ཐུང་གིས་སམ། འཕང་མདུང་གིས་སམ། ཀྱོ་བ་ཁ་བྲག་གིས་སམ། ཚ་ལྕགས་ཀྱིས་སམ། ཐ་ན་རྩྭ་མདས་སྣུན་པར་བྱེད་ཅིང་། དེ་ཡང་རྩོམ་པ་དེས་དུས་བྱེད་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་མ་ཡིན་ཡང་དེས་དེའི་འོག་ཏུ་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་ཡང་མ་ཡིན་ལ་དེས་དེའི་འོག་ཏུ་ཡང་མ་ཡིན་ན། དགེ་སློང་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་
ཏེ། དེ་ལྟར་ཕྱི་རོལ་དུ་འཕངས་པས་སོ། །ཇི་ལྟར་གཉི་ག་དང་ལྡན་པས་ཤེས་ཞེ་ན། དགེ་སློང་གིས་སྐྱེས་པ་དང་། བུད་མེད་དང་། མ་ནིང་ལ་གསད་པའི་སེམས་ཀྱིས་འདི་ལྟར་རྩོམ་པ་འདིས་འདི་དུས་བྱེད་པར་གྱུར་ཅིག་སྙམ་པས་རལ་གྲིས་སྣུན་པར་བྱེད་ཅིང་། དེ་ཡང་རྩོམ་པ་དེས་དུས་བྱེད་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་མ་ཡིན་ཡང་དེས་དེའི་འོག་ཏུ་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་ཡང་མ་ཡིན་ལ། དེས་དེའི་འོག་ཏུ་ན་ཡང་མ་ཡིན་ན་དགེ་སློང་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ། །རལ་གྲིས་ཇི་ལྟ་བ་དེ་བཞིན་དུ་འདི་ལྟར་རྩོམ་པ་འདིས་འདི་དུས་བྱེད་པར་གྱུར་ཅིག་སྙམ་པས་ཤང་ལང་གིས་སམ། རལ་གྲི་སོ་གཅིག་པས་སམ། རལ་གྲི་སོ་གཉིས་པས་སམ། མདུང་གིས་སམ། མདུང་ཐུང་གིས་སམ། འཕང་མདུང་གིས་སམ། ཀྱོ་བ་ཁ་བྲག་གིས་སམ། ཚ་ལྕགས་ཀྱིས་སམ། ཐ་ན་རྩྭ་མདས་སྣུན་པར་བྱེད་ཅིང་དེ་ཡང་རྩོམ་པ་དེས་དུས་བྱེད་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་མ་ཡིན་ཡང་དེས་དེའི་འོག་ཏུ་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་ཡང་མ་ཡིན་ལ་དེས་དེའི་འོག་ཏུ་ཡང་མ་ཡིན་ན་དགེ་སློང་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་ཏེ། དེ་ལྟར་གཉི་ག་དང་ལྡན་པས་སོ།། །།སྡོམ་ལ། དུག་དང་ཕྱེ་མའི་སྦྱོར་བ་དང་། ས་དང་ཤིང་ལ་འཆིང་བ་དང་། །མྱོས་པར་བྱེད་དང་བྲང་འདེབས་དང་། འཁྲུལ་འཁོར་དང་ནི་རྔོན་སྤྱད་དོ། །དགེ་སློང་གིས་སྐྱེས་པ་དང་བུད་མེད་དང་མ་ནིང་ལ་གསད་པའི་སེམས་ཀྱིས་འདི་ལྟར་རྩོམ་པ་འདིས་འདི་དུས་བྱེད་པར་གྱུར་ཅིག་སྙམ་པས། འདི་ལྟ་སྟེ་བཅའ་བར་རམ། བཟའ་བར་རམ། བལྡག་པར་རམ། བཞིབ་པར་རམ། བཏུང་བར་དུག་གི་སྦྱོར་བ་བྱེད་ཅིང་དེ་ཡང་རྩོམ་པ་དེས་དུས་བྱེད་ན། དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་མ་ཡིན་ཡང་དེས་དེའི་འོག་ཏུ་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་ཡང་མ་ཡིན་ལ་དས་དེའི་འོག་ཏུ་ཡང་མ་ཡིན་ན། དགེ་སློང་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་སྐྱེས་པ་དང་བུད་མེད་དང་མ་ནིང་ལ་གསད་པའི་སེམས་ཀྱིས་རྩོམ་པ་འདིས་འདི་དུས་བྱེད་པར་འགྱུར་ཅིག་སྙམ་པས། འདི་ལྟ་སྟེ་དྲིལ་ཕྱིར་རམ། ཁྲུས་སུའམ།
མཉེ་བར་རམ། ཕྲེང་བ་དང་། དྲི་དང་། བྱུག་པར་རམ། བདུག་སྤོས་སུ་དུག་གི་ཕྱེ་མའི་སྦྱོར་བ་བྱེད་ཅིང་། དེ་ཡང་རྩོམ་པ་དེས་དུས་བྱེད་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་མ་ཡིན་ཡང་། དེས་དེའི་འོག་ཏུ་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་ཡང་མ་ཡིན་ལ་དེས་དེའི་འོག་ཏུ་ཡང་མ་ཡིན་ན། དགེ་སློང་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ། །འཆིང་བ་ནི་གཉིས་ཏེ། ས་ལ་འཆིང་བ་དང་། ཤིང་ལ་འཆིང་བའོ། །དགེ་སློང་གིས་སྐྱེས་པ་དང་བུད་མེད་དང་མ་ནིང་ལ་གསད་པའི་སེམས་ཀྱིས་འདི་ལྟར་རྩོམ་པ་འདིས་འདི་དུས་བྱེད་པར་གྱུར་ཅིག་སྙམ་པས། སེང་གེ་དག་གམ། སྟག་དག་གམ། གུང་དག་གམ། མཚའ་དག་གམ། སྤྱང་གི་དག་གིས་ཟོས་པར་གྱུར་པས་སམ། རླུང་དང་ཉི་མ་དག་གིས་ཡོངས་སུ་སྐམ་པ་དང་། ཡོངས་སུ་ཟད་པ་དང་། ཡོངས་སུ་གཏུགས་པར་གྱུར་པས་སམ། བཀྲེས་པ་དང་སྐོམ་པའི་ཉམ་ཆུང་བས་དཀྲིས་པས་དུས་བྱེད་པར་གྱུར་ཅིག་སྙམ་པས། སའི་འཆིང་བར་འཇོག་པར་བྱེད་ཅིང་ལོང་བུ་མན་ཆད་འཇུད་པར་བྱེད་ལ། དེ་ཡང་རྩོམ་པ་དེས་དུས་བྱེད་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་མ་ཡིན་ཡང་དེས་དེའི་འོག་ཏུ་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་ཡང་མ་ཡིན་ལ་དེས་དེའི་འོག་ཏུ་ཡང་མ་ཡིན་ན། དགེ་སློང་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ། །ལོང་བུ་མན་ཆད་ཇི་ལྟ་བ་དེ་བཞིན་དུ། འདི་ལྟར་རྩོམ་པ་འདིས་འདི་དུས་བྱེད་པར་གྱུར་ཅིག་སྙམ་པས་སམ། སེང་གེ་དག་གམ། སྟག་དག་གམ། གུང་དག་གམ། མཚའ་དག་གམ། སྤྱང་གི་དག་གིས་ཟོས་པར་གྱུར་པས་སམ། རླུང་དང་ཉི་མ་དག་གིས་ཡོངས་སུ་སྐམ་པ་དང་། ཡོངས་སུ་ཟད་པ་དང་། ཡོངས་སུ་གཏུགས་པར་གྱུར་པས་སམ། བཀྲེས་པ་དང་། སྐོམ་པའི་ཉམ་ཆུང་བས་དཀྲིས་པས་དུས་བྱེད་པར་གྱུར་ཅིག་སྙམ་པས་བྱིན་པ་མན་ཆད་དམ། བརླ་མན་ཆད་དམ། རྐང་པ་མན་ཆད་དམ། བྲང་མན་ཆད་དམ། མགྲིན་པ་མན་ཆད་འཇུག་པར་བྱེད་ལ། དེ་ཡང་རྩོམ་པ་དེས་དུས་བྱེད་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་མ་ཡིན་ཡང་དེས་དེའི་འོག་ཏུ་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་ཡང་མ་ཡིན་ལ་དེས་དེའི་འོག་ཏུ་ཡང་
མ་ཡིན་ན། དགེ་སློང་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་སྐྱེས་པ་དང་བུད་མེད་དང་མ་ནིང་ལ་གསད་པའི་སེམས་ཀྱིས། འདི་ལྟར་རྩོམ་པ་འདིས་འདི་དུས་བྱེད་པར་གྱུར་ཅིག་སྙམ་པས་སམ། སེང་གེ་དག་གམ། སྟག་དག་གམ། གུང་དག་གམ། མཚའ་དག་གམ། སྤྱང་གི་དག་གིས་ཟོས་པར་གྱུར་པས་སམ། རླུང་དང་ཉི་མ་དག་གིས་ཡོངས་སུ་སྐམ་པ་དང་། ཡོངས་སུ་ཟད་པ་དང་། ཡོངས་སུ་གཏུགས་པར་གྱུར་པས་སམ། བཀྲེས་པ་དང་སྐོམ་པས་ཉམ་ཆུང་བའི་དཀྲིས་པས་དུས་བྱེད་པར་གྱུར་ཅིག་སྙམ་པས་ཤིང་ལ་འཆིང་བར་བྱེད། འཇོག་པར་བྱེད་ཅིང་། ཀ་བའམ་ཕུར་བ་བརྟན་པོ་ལ་འབྲེད་རློན་གྱིས་ལོང་བུ་མན་ཆད་འཆིང་བར་བྱེད་ལ། དེ་ཡང་རྩོམ་པ་དེས་དུས་བྱེད་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་མ་ཡིན་ཡང་དེས་དེའི་འོག་ཏུ་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་ཡང་མ་ཡིན་ལ་དེས་དེའི་འོག་ཏུ་ཡང་མ་ཡིན་ན། དགེ་སློང་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ། །ལོང་བུ་མན་ཆད་ཇི་ལྟ་བ་དེ་བཞིན་དུ་འདི་ལྟར་རྩོམ་པ་འདིས་འདི་དུས་བྱེད་པར་གྱུར་ཅིག་སྙམ་པས་སམ། སེང་གེ་དག་གམ། སྟག་དག་གམ། གུང་དག་གམ། མཚའ་དག་གམ། སྤྱང་ཀི་དག་གིས་ཟོས་པར་གྱུར་པས་སམ། རླུང་དང་ཉི་མ་དག་གིས་ཡོངས་སུ་སྐམ་པ་དང་། ཡོངས་སུ་ཟད་པ་དང་། ཡོངས་སུ་གཏུགས་པར་གྱུར་པས་སམ། བཀྲེས་པ་དང་སྐོམ་པའི་ཉམ་ཆུང་བས་དཀྲིས་པས་དུས་བྱེད་པར་གྱུར་ཅིག་སྙམ་པས་བྱིན་པ་མན་ཆད་དམ། བརླ་མན་ཆད་དམ། རྐེད་པ་མན་ཆད་དམ། བྲང་མན་ཆད་དམ། མགྲིན་པ་མན་ཆད་འཆིང་བར་བྱེད་ལ། དེ་ཡང་རྩོམ་པ་དེས་དུས་བྱེད་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་མ་ཡིན་ཡང་དེས་དེའི་འོག་ཏུ་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་ཡང་མ་ཡིན་ལ་དེས་དེའི་འོག་ཏུ་ཡང་མ་ཡིན་ན། དགེ་སློང་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་སྐྱེས་པ་དང་བུད་མེད་དང་མ་ནིང་ལ་གསད་པའི་སེམས་ཀྱིས་འདི་ལྟར་རྩོམ་པ་འདིས་འདི་དུས་བྱེད་པར་གྱུར་ཅིག་སྙམ་པས་སམ། སེང་གེ་དག་གམ། སྟག་དག་གམ། གུང་དག་གམ།
མཚའ་དག་གམ། སྤྱང་ཀི་དག་གིས་ཟོས་པར་གྱུར་པས་སམ། རླུང་དང་ཉི་མ་དག་གིས་ཡོངས་སུ་སྐམ་པ་དང་། ཡོངས་སུ་ཟད་པ་དང་། ཡོངས་སུ་གཏུགས་པར་གྱུར་པས་སམ། བཀྲེས་པ་དང་སྐོམ་པའི་ཉམ་ཆུང་བས་དཀྲིས་པས་དུས་བྱེད་པར་གྱུར་ཅིག་སྙམ་པས་ཆང་གིས་མྱོས་པར་བྱེད་དུ་འཇུད་ཅིང་། དེ་ཡང་རྩོམ་པ་དེས་དུས་བྱེད་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་མ་ཡིན་ཡང་དེས་དེའི་འོག་ཏུ་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་ཡང་མ་ཡིན་ལ་དེས་དེའི་འོག་ཏུ་ཡང་མ་ཡིན་ན། དགེ་སློང་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ། །ཆང་གིས་ཇི་ལྟ་བ་དེ་བཞིན་དུ་འདི་ལྟར་རྩོམ་པ་འདིས་འདི་དུས་བྱེད་པར་གྱུར་ཅིག་སྙམ་པས་སམ། རྒྱལ་པོའམ། བློན་པོའམ། ཆོམ་རྐུན་པ་དག་གིས་སམ། གཡོན་ཅན་དག་གིས་སམ། ཐོང་མི་པ་དག་གིས་སམ། དགྲ་བོ་དག་གིས་སམ། ཕས་ཀྱི་དགྲ་དག་གིས་དུས་བྱེད་པར་གྱུར་ཅིག་སྙམ་པས་བཅོས་པའི་ཆང་གིས་སམ། འབྲུའི་ཆང་གིས་སམ། བཅོས་པའི་ཆང་གིས་སམ། རྩ་བའི་བཏུང་བས་སམ། སྡོང་བུའི་བཏུང་བས་སམ། འདབ་མའི་བཏུང་བས་སམ། མེ་ཏོག་གི་བཏུང་བས་སམ། འབྲས་བུའི་བཏུང་བས་མྱོས་པར་བྱེད་དུ་འཇུད་དམ། གསང་སྔགས་དག་གམ། སྨན་དག་གམ། རིག་སྔགས་དག་གིས་སེམས་འཁྲུགས་པར་བྱེད་དམ། གཉིད་ལོག་པར་བྱེད་ཅིང་། དེ་ཡང་རྩོམ་པ་དེས་དུས་བྱེད་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་མ་ཡིན་ཡང་དེས་དེའི་འོག་ཏུ་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་ཡང་མ་ཡིན་ལ་དེས་དེའི་འོག་ཏུ་ཡང་མ་ཡིན་ན། དགེ་སློང་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་སྐྱེས་པ་དང་བུད་མེད་དང་མ་ནིང་ལ་གསད་པའི་སེམས་ཀྱིས། འདི་ལྟར་རྩོམ་པ་འདིས་འདི་དུས་བྱེད་པར་གྱུར་ཅིག་སྙམ་པས། བྲང་དུ་འདེབས་པ་སྦྱོར་བར་བྱེད་ཅིང་། སྐྱེས་པའམ། བུད་མེད་དམ། མ་ནིང་ཆེ་གེ་མོ་ཞིག་འོང་བར་འགྱུར་བ་དེའི་ལག་པའམ། རྐང་པའམ། གདོང་ངམ། ཡན་ལག་དང་ཉིང་ལག་གང་ཡང་རུང་བ་གཅོད་པར་གྱུར་ཅིག་སྙམ་
པའམ་ཐམས་ཅད་ཀྱི་ཐམས་ཅད་དུ་སྲོག་དང་བྲལ་བར་བྱེད་པར་གྱུར་ཅིག་སྙམ་པས་དེ་ལ་ཡང་རལ་གྲིའམ། སྤུ་གྲིའམ། ཆུ་གྲི་འདོགས་པར་བྱེད་ཅིང་། གལ་ཏེ་དེས་དེའི་ལག་པའམ། རྐང་པའམ། གདོང་ངམ། ཡན་ལག་དང་ཉིང་ལག་གང་ཡང་རུང་བ་གཅོད་པར་བྱེད་དམ། ཐམས་ཅད་ཀྱི་ཐམས་ཅད་དུ་སྲོག་དང་བྲལ་བར་བྱེད་ཅིང་དེ་ཡང་རྩོམ་པ་དེས་དུས་བྱེད་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་མ་ཡིན་ཡང་དེས་དེའི་འོག་ཏུ་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་ཡང་མ་ཡིན་ལ་དེས་དེའི་འོག་ཏུ་ཡང་མ་ཡིན་ན། དགེ་སློང་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ། །འཁྲུལ་འཁོར་དང་རྔོན་སྤྱད་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །སྡོམ་ལ། རོ་ལངས་དང་ནི་རོ་ལངས་ཕྱེད། །དཀུ་མཉེད་པ་དང་སྲོག་འགོག་དང་། གཡངས་ཆུ་དང་མེ་དང་ནི། །མངགས་པ་དང་ནི་གྲང་དྲོའོ། །དགེ་སློང་གིས་སྐྱེས་པ་དང་བུད་མེད་དང་མ་ནིང་ལ་གསད་པའི་སེམས་ཀྱིས་ཟླ་བ་མར་གྱི་ངོའི་ཚེས་བཅུ་བཞི་ལ་དུར་ཁྲོད་དུ་སོང་སྟེ། ཤི་བའི་རོ་ཐ་ན་སྲོག་ཆགས་གྲོག་བུར་ཕྲ་མོས་ཀྱང་མ་སྨས་མ་ཉམས་པ་ཚོལ་བར་བྱེད་ཅིང་རྙེད་ནས་ས་དཀར་གྱིས་དྲིལ་ཕྱི་བྱེད་ཅིང་། ས་དཀར་གྱིས་དྲིལ་ཕྱི་བྱས་ནས་སྤོས་ཆུས་འཁྲུ་བར་བྱེད་ལ། སྤོས་ཆུས་བཀྲུས་ནས་རས་སར་པ་སྐོན་པར་བྱེད་ཅིང་། དེའི་རྐང་པ་གཉིས་ཀྱང་སྐུད་པར་བྱེད། གསང་སྔགས་ཀྱང་རྗོད་པར་བྱེད་པ་ན། དེ་ལངས་པར་གྱུར་ཏེ་བྱ་སྨྱངས་བྱེད་པའི་ཚེ། དེས་དེ་འཁོར་ལོ་གཉིས་དང་ལྡན་པའི་ཤིང་རྟ་ལ་འཇོག་པར་བྱེད་ཅིང་། དེའི་མགུལ་དུ་དྲིལ་བུ་གཉིས་ཀྱང་འདོགས་པར་བྱེད། ལག་པར་རལ་གྲི་སོ་གཉིས་པ་ཡང་སྦྱིན་པར་བྱེད་པ་ན། དེ་ལངས་ཏེ་བླག་བླག་ཟེར་ཞིང་འདི་སྐད་ཅེས་ངས་གང་བཏང་བར་བྱ། ངས་གང་གསད་པར་བྱ། ངས་གང་སྲོག་དང་བྲལ་བར་བྱ་ཞེས་ཟེར་བའི་ཚེ། དགེ་སློང་དེས་རོ་ལངས་ད་ལ་འདི་སྐད་ཅེས་ཁྱོད་ཀྱིས་སྐྱེས་པ་དང་བུད་མེད་དང་མ་ནིང་ཆེ་གེ་མོ་ཞིག་ཤེས་སམ། ཞེས་སྨྲས་པ་ན། ཤེས་སོ་ཞེས་ཟེར་བའི་ཚེ། དེ་ཐོང་ཞིག །དེ་སོད་ཅིག །དེ་སྲོག་དང་བྲལ་བར་གྱིས་ཤིག་ཅེས་སྨྲས་ནས། གལ་ཏེ་རོ་ལངས་དེས་དེ་གཏོང་བར་བྱེད་དམ།
གསོད་པར་བྱེད་དམ། སྲོག་དང་བྲལ་བར་བྱེད་ན། དགེ་སློང་ཕམ་པར་འགྱུར་རོ། །གལ་ཏེ་དེ་ན་སྲུང་བར་བྱེད་པ་འདི་ལྟ་བུ་འདི་ལྟ་སྟེ་སྒོར་ནགས་ཀྱི་ཕྲེང་བ་བཏགས་པའམ། བུམ་པ་གང་བ་བཞག་པའམ། བ་དང་བེའུ་འདྲ་བ་བཏགས་པའམ། ལུག་བཏགས་པའམ། མཆིག་མཆིག་གུ་དང་བཅས་པ་བཞག་པའམ། སྒོར་འཁོར་གཏན་བསྙལ་བའམ། མེ་ཚུགས་སྦར་བའམ། རྒྱལ་བ་བཞུགས་པའམ། རྒྱལ་བས་བཀའ་སྩལ་པའམ། འཁོར་ལོས་སྒྱུར་བའམ། འཁོར་ལོས་སྒྱུར་བའི་མའི་མངལ་དུ་འཁོར་ལོས་སྒྱུར་བ་ཞུགས་པའམ། བྱང་ཆུབ་སེམས་དཔའ་མ། བྱང་ཆུབ་སེམས་དཔའི་མའི་མངལ་དུ་བྱང་ཆུབ་སེམས་དཔའ་ཞུགས་པ་འདུག་པའམ། སོ་སོར་ཐར་པའི་མདོ་མ་བཏོན་བར་འདོན་པར་བྱེད་པའམ། བཏོན་པ་རྒྱ་ཆེར་དབྱངས་ཀྱིས་ཁ་ཏོན་བྱེད་པའམ། མདོ་སྡེའི་སྡེ་ཚན་བཞི་པོ་གང་རུང་བ་མ་བཏོན་པ་འདོན་པར་བྱེད་པའམ། བཏོན་པ་རྒྱ་ཆེར་དབྱངས་ཀྱིས་ཁ་ཏོན་བྱེད་པའམ། མདོ་ཆེན་པོ་ཆེ་བ་འདི་ལྟ་སྟེ། ཆུང་ངུ་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། ལྔ་གསུམ་པ་དང་། སྒྱུ་མའི་དྲ་བ་དང་། གཟུགས་ཅན་སྙིང་པོས་བསུ་བ་དང་། རྒྱལ་མཚན་དམ་པ་དང་། ཀུན་ཏུ་རྒྱུ་བ་དང་། ཀུན་ཏུ་མི་རྒྱུ་བ་དང་། མཐུན་པའི་མདོ་དང་། འདུས་པ་ཆེན་པོའི་མདོ་དེ་དག་མ་བཏོན་པ་འདོན་པར་བྱེད་པ་དང་། བཏོན་པ་དག་རྒྱ་ཆེར་དབྱངས་ཀྱིས་ཁ་ཏོན་བྱེད་པ་བཞག་པར་གྱུར་ན། གཏང་ཉེས་པ་ཡིན་པས་རོ་ལངས་ཀྱིས་དགེ་སློང་བདག་ཉིད་གསོད་པར་སེམས་པ་གྱུར་པས། གལ་ཏེ་རོ་ལངས་ཀྱིས་དགེ་སློང་གསོད་པར་བྱེད་ན། དགེ་སློང་ལ་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་དགེ་སློང་གིས་རོ་ལངས་གསོད་པར་བྱེད་ན་དགེ་སློང་ལ་ཉེས་པ་སྦོམ་པོ་གཉིས་སུ་འགྱུར་ཏེ། གཅིག་ནི་རོ་ལངས་བསད་པ་ལས་སོ། །གཉིས་པ་ནི་སྦྱོར་བ་སྔ་མ་དེ་ཉིད་ལས་སོ། །རོ་ལངས་ལ་ཇི་ལྟ་བ་བཞིན་དུ་རོ་ལངས་ཕྱེད་ལ་ཡང་དེ་བཞིན་ཏེ། རོ་ལངས་དང་རོ་ལངས་ཕྱེད་ལ་བྱེ་བྲག་ནི་འདི་ཡོད་དེ། འཁོར་ལོ་གཅིག་དང་ལྡན་པའི་ཤིང་རྟ་ལ་འཇོག་པ་དང་། མགུལ་དུ་དྲིལ་བུ་གཅིག་འདོགས་པ་དང་། ལག་པར་རལ་གྲི་སོ་
གཅིག་པ་སྦྱིན་པ་ནི་རོ་ལངས་ཕྱེད་ཅེས་བྱའོ། །ལྟུང་བ་རྣམ་པར་གཞག་པ་ནི་ཐམས་ཅད་སྔ་མ་བཞིན་དུ་བརྗོད་པར་བྱའོ། །དགེ་སློང་གིས་བུད་མེད་གསད་པའི་སེམས་ཀྱིས་བུད་མེད་གསད་པར་བྱའི་མངལ་ན་གནས་པ་ནི་མི་བྱའོ་སྙམ་པས་སྦྲུམ་མའི་དཀུ་མཉེད་པར་བྱེད་ཅིང་། གལ་ཏེ་བུད་མེད་ཤི་བར་གྱུར་ལ་མངལ་ན་གནས་པ་མ་ཤི་ན། དགེ་སློང་ཕམ་པར་འགྱུར་རོ། །གལ་ཏེ་མངལ་ན་གནས་པ་ཤི་བར་གྱུར་ལ། བུད་མེད་མ་ཤི་ན་དགེ་སློང་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ། །གཉི་ག་ཤི་བར་གྱུར་ན་དགེ་སློང་ཕམ་པར་འགྱུར་རོ། །གཉི་ག་ཤི་བར་མ་གྱུར་ན་དགེ་སློང་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་མངལ་ན་གནས་པ་གསད་པའི་སེམས་ཀྱིས་མངལ་ན་གནས་པ་གསད་པར་བྱའི་བུད་མེད་ནི་མི་བྱའོ་སྙམ་པས་བུད་མེད་ཀྱི་དཀུ་མཉེད་པར་བྱེད་ཅིང་། གལ་ཏེ་མངལ་ན་གནས་པ་ཤི་བར་གྱུར་ལ། བུད་མེད་མ་ཤི་ན་དགེ་སློང་ཕམ་པར་འགྱུར་རོ། །གལ་ཏེ་བུད་མེད་ཤི་བར་གྱུར་ལ། མངལ་ན་གནས་པ་མ་ཤི་ན་དགེ་སློང་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ། །གཉི་ག་ཤི་བར་གྱུར་ན་དགེ་སློང་ཕམ་པར་འགྱུར་རོ། །གཉི་ག་ཤི་བར་མ་གྱུར་ན་དགེ་སློང་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ། །
དགེ་སློང་གིས་སྐྱེས་པ་དང་བུད་མེད་དང་མ་ནིང་ལ་གསད་པའི་སེམས་ཀྱིས་ཁྲི་ལས་ལྡང་བར་བྱེད། ཤམ་ཐབས་གྱོན་པར་བྱེད། འགྲོ་བར་བྱེད། དཀྱིལ་འཁོར་ཉུག་པར་བྱེད། མེ་སྦར་བར་བྱེད། ཡམ་སྲེག་ཤིང་འཇུག་པར་བྱེད། གསང་སྔགས་རྗོད་པར་བྱེད་ཅིང་། ཡམ་སྲེག་ཤིང་འདི་དག་ཀྱང་ཚིག་པར་གྱུར་ཅིག །སྐྱེས་པའམ་བུད་མེད་དམ་མ་ནིང་ཆེ་གོ་མོ་ཞིག་སྲོག་ཀྱང་ཉེ་བར་འགག་པར་གྱུར་ཅིག་སྙམ་པ་ལས། གལ་ཏེ་ཡམ་སྲེག་ཤིང་དེ་དག་ཚིག་པ་ན་སྐྱེས་པའམ་བུད་མེད་དམ་མ་ནིང་དེའི་སྲོག་ཉེ་བར་འགགས་པར་གྱུར་ན། དགེ་སློང་ལ་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་ཡམ་སྲེག་ཤིང་དེ་ཚིག་པར་གྱུར་པ་ན། སྐྱེས་པའམ་བུད་མེད་དམ་མ་ནིང་དེའི་སྲོག་ཀྱང་ཉེ་བར་འགགས་པར་གྱུར་ན། དགེ་སློང་ཕམ་པར་འགྱུར་རོ། །དགེ་སློང་གིས་སྐྱེས་པ་དང་། བུད་མེད་དང་མ་ནིང་ལ་གསད་པའི་སེམས་ཀྱིས་ཁྲི་ལས་ལྡང་བར་བྱེད། ཤམ་ཐབས་གྱོན་པར་བྱེད། འགྲོ་བར་བྱེད། ཏིལ་བྲེའུ་ཆུང་གང་ངམ། ཡུངས་ཀར་བྲེའུ་ཆུང་གང་གཏུན་དུ་བླུགས་ཏེ་གཏུན་བུའི་རྩེ་མོས་རྡུང་བར་བྱེད། གསང་སྔགས་རྗོད་པར་བྱེད་ཅིང་། འབྲུ་འདི་དག་ཀྱང་འདྲེས་པར་གྱུར་པ་ན་སྐྱེས་པའམ་བུད་མེད་དམ་མ་ནིང་ཆེ་གེ་མོ་ཞིག་གི་སྲོག་ཀྱང་ཉེ་བར་འགག་པར་གྱུར་ཅིག་སྙམ་པ་ལས་གལ་ཏེ་འབྲུ་དེ་དག་འདྲེ་བ་ན། སྐྱེས་པའམ་བུད་མེད་དམ་མ་ནིང་དེའི་སྲོག་ཉེ་བར་འགགས་པར་མ་གྱུར་ན། དགེ་སློང་ལ་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་འབྲུ་དེ་དག་འདྲེས་པར་གྱུར་པ་ན། སྐྱེས་པའམ་བུད་མེད་དམ་མ་ནིང་དེའི་སྲོག་ཀྱང་ཉེ་བར་འགགས་པར་གྱུར་ན་དགེ་སློང་ཕམ་པར་འགྱུར་རོ། །དགེ་སློང་གིས་སྐྱེས་པ་དང་བུད་མེད་དང་མ་ནིང་ལ་གསད་པའི་སེམས་ཀྱིས་ཁྲི་ལས་ལྡང་བར་བྱེད། ཤམ་ཐབས་གྱོན་པར་བྱེད། འགྲོ་བར་བྱེད་དམ། འོ་མ་བྲེའུ་ཆུང་གང་ངམ། ཞོ་བྲེའུ་ཆུང་གང་སྣོད་དུ་བླུགས་ཏེ་སོར་མོས་འཁྲུག་པར་བྱེད། གསང་སྔགས་རྗོད་པར་བྱེད་ཅིང་། འདི་ཡང་ཁྲག་ཏུ་གྱུར་ཅིག །སྐྱེས་པ་དང་བུད་མེད་མ་ནིང་ཆེ་གེ་མོ་ཞིག་གི་སྲོག་ཀྱང་ཉེ་བར་འགག་པར་གྱུར་ཅིག་སྙམ་པ་ལས། གལ་ཏེ་དེ་ཁྲག་ཏུ་གྱུར་པ་ན་སྐྱེས་པའམ་བུད་མེད་དམ་མ་ནིང་དེའི་སྲོག་ཉེ་བར་འགགས་པར་མ་གྱུར་ན། དགེ་སློང་ལ་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་ཁྲག་ཏུ་གྱུར་པ་ན། སྐྱེས་པའམ་བུད་མེད་དམ་མ་ནིང་དེའི་སྲོག་ཀྱང་ཉེ་བར་འགགས་པར་གྱུར་ན། དགེ་སློང་ཕམ་པར་འགྱུར་རོ། །དགེ་སློང་གིས་སྐྱེས་པ་དང་བུད་མེད་དང་མ་ནིང་ལ་གསད་པའི་སེམས་ཀྱིས་ཚོན་སྣ་ལྔའི་སྐུད་པས་སྣམ་སྦྱར་ལ་འཚེམ་པར་བྱེད། གསང་སྔགས་རྗོད་པར་བྱེད་ཅིང་། སྣམ་སྦྱར་འདི་ཡང་བཙེམས་པར་གྱུར་ཅིག །སྐྱེས་པའམ་བུད་མེད་དམ་མ་ནིང་ཆེ་གེ་མོ་ཞིག་གི་སྲོག་ཀྱང་ཉེ་བར་འགག་པར་གྱུར་ཅིག་སྙམ་པ་ལས། གལ་ཏེ་སྣམ་སྦྱར་དེ་འཚེམ་པ་ན། སྐྱེས་པའམ་བུད་མེད་དམ་མ་ནིང་དེའི་སྲོག་ཀྱང་ཉེ་བར་འགག་པར་མ་གྱུར་ན། དགེ་སློང་ལ་ཉེས་པ་སྦོམ་པོར་འགྱུར་རོ། །གལ་
ཏེ་སྣམ་སྦྱར་དེ་བཙེམས་པར་གྱུར་པ་ན། སྐྱེས་པའམ་བུད་མེད་དམ་མ་ནིང་དེའི་སྲོག་ཀྱང་ཉེ་བར་འགགས་པར་གྱུར་ན། དགེ་སློང་ཕམ་པར་འགྱུར་རོ། །དགེ་སློང་གིས་སྐྱེས་པ་དང་བུད་མེད་དང་མ་ནིང་ལ་གསད་པའི་སེམས་ཀྱིས་ས་ལ་རི་མོ་བདུན་འདྲེན་པར་བྱེད། གསང་སྔགས་རྗོད་པར་བྱེད་ཅིང་། རི་མོ་འདི་དག་ཀྱང་བྱིད་པར་གྱུར་ཅིག །སྐྱེས་པའམ་བུད་མེད་དམ་མ་ནིང་ཆེ་གེ་མོ་ཞིག་གི་སྲོག་ཀྱང་ཉེ་བར་འགག་པར་གྱུར་ཅིག་སྙམ་པ་ལས། གལ་ཏེ་རི་མོ་དེ་དག་འབྱིད་པ་ན། སྐྱེས་པའམ་བུད་མེད་དམ་མ་ནིང་དེའི་སྲོག་ཀྱང་ཉེ་བར་འགག་པར་མ་གྱུར་ན། དགེ་སློང་ལ་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་རི་མོ་དེ་དག་བྱིད་པར་གྱུར་པ་ན། སྐྱེས་པའམ་བུད་མེད་དམ་མ་ནིང་དེའི་སྲོག་ཀྱང་ཉེ་བར་འགགས་པར་གྱུར་ན་དགེ་སློང་ཕམ་པར་འགྱུར་རོ། །དགེ་སློང་གིས་སྐྱེས་པ་དང་བུད་མེད་དང་མ་ནིང་ལ་གསད་པའི་སེམས་ཀྱིས་འདི་ལྟར་རྩོམ་པ་འདིས་འདི་དུས་བྱེད་པར་གྱུར་ཅིག་སྙམ་པས་གཡང་ས་ནས་གཡང་དུ་གཏོང་བར་བྱེད་ཅིང་། དེ་ཡང་རྩོམ་པ་དེས་དུས་བྱེད་ན། དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་མ་ཡིན་ཡང་དེས་དེའི་འོག་ཏུ་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་ཡང་མ་ཡིན་ལ་དེས་དེའི་འོག་ཏུ་ཡང་མ་ཡིན་ན་དགེ་སློང་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ། །གཡང་ས་ནས་ཇི་ལྟ་བ་དེ་བཞིན་དུ་འདི་ལྟར་རྩོམ་པ་འདིས་འདི་དུས་བྱེད་པར་གྱུར་ཅིག་སྙམ་པས་ཁང་བཟང་ནས་སམ། ར་བ་ལས་སམ། གླང་པོ་ཆེའི་གཤུལ་ནས་སམ། རྟའི་རྒྱབ་ནས་སམ། ཁྱོགས་སྤྱིལ་ལས་སམ། ཁྲི་ལས་སམ། ཁྲིའུ་ལས་སམ། ཕྲག་པ་ནས་སམ། གློ་ནས་སམ། རྐེད་པ་ནས་སམ། བརླ་ནས་སམ། བྱིན་པ་ནས་སམ། ཐ་ན་ལོང་བུ་ནས་ས་ལ་ལྟུང་བར་བྱེད་ཅིང་། དེ་ཡང་རྩོམ་པ་དེས་དུས་བྱེད་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་མ་ཡིན་ཡང་དེས་དེའི་འོག་ཏུ་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་ཡང་མ་ཡིན་ལ་དེས་དེའི་འོག་ཏུ་ཡང་མ་ཡིན་ན། དགེ་སློང་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་སྐྱེས་པ་དང་བུད་
མེད་དང་མ་ནིང་ལ་གསད་པའི་སེམས་ཀྱིས་འདི་ལྟར་རྩོམ་པ་འདིས་འདི་དུས་བྱེད་པར་གྱུར་ཅིག་སྙམ་པས་ཆུར་འཇུད་པར་བྱེད་ཅིང་དེ་ཡང་རྩོམ་པ་དེས་དུས་བྱེད་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་མ་ཡིན་ཡང་དེས་དེའི་འོག་ཏུ་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་ཡང་མ་ཡིན་ལ། དེས་དེའི་འོག་ཏུ་ཡང་མ་ཡིན་ན་དགེ་སློང་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ། །ཆུར་ཇི་ལྟ་བ་དེ་བཞིན་དུ་འདི་ལྟར་རྩོམ་པ་འདིས་འདི་དུས་བྱེད་པར་གྱུར་ཅིག་སྙམ་པས་ཤར་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོར་རམ། ལྷོ་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོར་རམ། ནུབ་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོར་རམ། བྱང་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོར་རམ། མཚོར་རམ། ལྟེད་ཀར་རམ། ལྗན་ལྗིན་དུ་འཇུད་དམ། ཐ་ན་དེའི་ཁར་སྙིམ་པའི་ཆུ་ལྡུགས་པར་བྱེད་ཅིང་། དེ་ཡང་རྩོམ་པ་དེས་དུས་བྱེད་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་མ་ཡིན་ཡང་དེས་དེའི་འོག་ཏུ་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་ཡང་མ་ཡིན་ལ་དེས་དེའི་འོག་ཏུ་ཡང་མ་ཡིན་ན། དགེ་སློང་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་སྐྱེས་པ་དང་བུད་མེད་དང་མ་ནིང་ལ་གསད་པའི་སེམས་ཀྱིས་འདི་ལྟར་རྩོམ་པ་འདིས་འདི་དུས་བྱེད་པར་གྱུར་ཅིག་སྙམ་པས་མེར་འཇུད་པར་བྱེད་ཅིང་དེ་ཡང་རྩོམ་པ་དེས་དུས་བྱེད་ན། དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་མ་ཡིན་ཡང་དེས་དེའི་འོག་ཏུ་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་ཡང་མ་ཡིན་ལ་དེས་དེའི་འོག་ཏུ་ཡང་མ་ཡིན་ན། དགེ་སློང་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ། །མེར་ཇི་ལྟ་བ་དེ་བཞིན་དུ་འདི་ལྟར་རྩོམ་པ་འདིས་འདི་དུས་བྱེད་པར་གྱུར་ཅིག་སྙམ་པས། གྲོང་ཁྱེར་སྲེག་པའམ། གྲོང་སྲེག་པའམ། ཡུལ་སྲེག་པའམ། རྒྱལ་ཐབས་སམ། ད་ནུར་དུ་འཇུད་དམ། ཐ་ན་དེའི་ཁར་མགལ་བ་ཙམ་འཇུད་པར་བྱེད་ཅིང་། དེ་ཡང་རྩོམ་པ་དེས་དུས་བྱེད་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་མ་ཡིན་ཡང་དེས་དེའི་འོག་ཏུ་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་ཡང་མ་ཡིན་ལ་དེས་དེའི་འོག་ཏུ་ཡང་མ་ཡིན་ན། དགེ་སློང་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་
གིས་སྐྱེས་པ་དང་བུད་མེད་དང་མ་ནིང་ལ་གསད་པའི་སེམས་ཀྱིས་འདི་ལྟར་རྩོམ་པ་འདིས་འདི་དུས་བྱེད་པར་གྱུར་ཅིག་སྙམ་པས་སམ། སེང་གེ་དག་གམ། སྟག་དག་གམ། གུང་དག་གམ། མཚའ་དག་གམ། སྤྱང་ཀི་དག་གིས་ཟོས་པར་གྱུར་པས་སམ། ཉི་མ་དང་རླུང་དག་གིས་ཡོངས་སུ་སྐམ་པ་དང་། ཡོངས་སུ་ཟད་པ་དང་། ཡོངས་སུ་གཏུགས་པར་གྱུར་པས་སམ། བཀྲེས་པ་དང་། སྐོམ་པའི་ཉམ་ཆུང་བས་དཀྲིས་པས་དུས་བྱེད་པར་གྱུར་ཅིག་སྙམ་པས་འཇིགས་པ་དང་བཅས་པའི་ཕྱོགས་སུ་མངག་པ་ཉིད་དུ་གཏོང་བར་བྱེད་ཅིང་དེ་ཡང་རྩོམ་པ་དེས་དུས་བྱེད་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་མ་ཡིན་ཡང་དེས་དེའི་འོག་ཏུ་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་ཡང་མ་ཡིན་ལ་དེས་དེའི་འོག་ཏུ་ཡང་མ་ཡིན་ན་དགེ་སློང་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་སྐྱེས་པ་དང་བུད་མེད་དང་མ་ནིང་ལ་གསད་པའི་སེམས་ཀྱིས་འདི་ལྟར་རྩོམ་པ་འདིས་འདི་དུས་བྱེད་པར་གྱུར་ཅིག་སྙམ་པས། དུས་གྲང་བ་མཆོག་ཏུ་གྲང་བ་གང་དག་ཡིན་པ་དེ་དག་གི་ཚེས་བརྒྱད་ཀྱི་བར་གང་དག་ཏུ་འོད་མ་འགས་པའི་རླུང་དག་ལྡང་བ་དེ་དག་ཏུ་ཉིན་མོ་སྟེང་གཡོགས་པར་འཛིན་དུ་བཅུག་ནས་མཚན་མོ་བླ་གབ་མེད་པར་འཛིན་ཅིང་། དེའི་སྟེང་དུ་སོག་མའི་ཆག་ཆག་འདེབས་པར་བྱེད་ཅིང་། དེ་ཡང་རྩོམ་པ་དེས་དུས་བྱེད་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་མ་ཡིན་ཡང་དེས་དེའི་འོག་ཏུ་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་ཡང་མ་ཡིན་ལ་དེས་དེའི་འོག་ཏུ་ཡང་མ་ཡིན་ན། དགེ་སློང་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་སྐྱེས་པ་དང་བུད་མེད་དང་མ་ནིང་ལ་གསད་པའི་སེམས་ཀྱིས་འདི་ལྟར་རྩོམ་པ་འདིས་འདི་དུས་བྱེད་པར་གྱུར་ཅིག་སྙམ་པས་དུས་ཚ་བ་མཆོག་ཏུ་ཚ་བ་གང་དག་ཡིན་པ་དེ་དག་གིས་སོས་ཀའི་གུང་གི་ཚབ་ལ་བབ་པ་གང་དག་ཏུ་སྲོག་ཆགས་ཕྲ་མོ་སྐྱེ་བ་དེ་དག་ཏུ་ཉིན་མོ་བླ་གབ་མེད་པར་འཛིན་ཏུ་བཅུག་ནས། མཚན་མོ་སྟེང་གཡོགས་པར་འཛིན་ཅིང་དེའི་ལུས་ལ་གསག་གམ། རེ་ལྡེས་ཀྱང་འཁྲི་བར་བྱེད། དུ་བ་རྡུབ་པས་ཀྱང་འདུག་པར་བྱེད་ཅིང་། དེ་ཡང་རྩོམ་པ་དེས་དུས་བྱེད་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་མ་
ཡིན་ཡང་དེས་དེའི་འོག་ཏུ་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་ཡང་མ་ཡིན་ལ་དེས་དེའི་འོག་ཏུ་ཡང་མ་ཡིན་ན། དགེ་སློང་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ།། །།སྡོམ་ལ། བསྲོ་ཁང་དང་ནི་མེ་ཁང་དང་། །འཆར་ཀ་དང་ནི་གཉིས་པོ་དང་། །སྐྱོང་མ་དང་ནི་བཅུ་བདུན་སྡེ། །རི་བྲགས་པ་དང་རྒན་ཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་འབྲོག་གནས་ན། འབྲོག་གི་གནས་མཆོག་ན་བཞུགས་སོ། །དེ་ན་དགེ་སློང་བསོད་སྙོམས་པ་ཞིག་ཁྱིམ་བདག་གཅིག་གི་སྡུམ་པར་དུས་དང་མཐུན་པའི་དུས་སུ་འགྲོ་ཞིང་ཆོས་ཀྱང་སྟོན་པར་བྱེད་དོ། །ཇི་ཙམ་ན་དགེ་སློང་དེས་ཁྱིམ་བདག་དེ་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་དག་ལ་རབ་ཏུ་བཞག་གོ་།དེ་ནས་ཡང་དགེ་སློང་དེ་ཉེ་བར་སོང་ནས་ཁྱིམ་བདག་དེ་ལ་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་བདུན་པོ་དག་གིས་བསྔགས་པ་རྒྱ་ཆེར་བརྗོད་པ་དང་། ཁྱིམ་བདག་དེས་སྨྲས་པ། འཕགས་པ་བདག་གིས་ཀྱང་དགེ་འདུན་ལ་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་འགའ་ཞིག་བགྱིད་དུ་སྩལ་ཏོ། །བསོད་སྙོམས་པས་སྨྲས་པ། ཁྱིམ་བདག་ལེགས་ཀྱིས་བྱེད་དུ་ཆུག་ཅིག །འཕགས་པ་ཅི་ཞིག་བགྱིད་དུ་སྩལ། ཁྱིམ་བདག་དགེ་འདུན་ལ་བསྲོ་ཁང་གི་ཁང་པ་མེད་ཀྱིས་དེ་བྱེད་དུ་ཆུག་ཅིག །འཕགས་པ་བདག་ལ་ཀར་ཤ་པ་ན་དག་ནི་མཆིས་མོད་ཀྱི། འོན་ཀྱང་བསོད་ནམས་ཀྱི་གྲོགས་བགྱིད་པ་མ་མཆིས་སོ། །ཁྱིམ་བདག་ཁོ་བོ་ཁྱེད་ཀྱི་བསོད་ནམས་ཀྱི་གྲོགས་ཡིན་ནོ། །འཕགས་པ་ལེགས་སོ། །ཁྱིམ་བདག་དེས་བསོད་སྙོམས་པ་དེ་ལ་ཀར་ཤ་པ་ཎ་དག་ཕུལ་ནས་བསོད་སྙོམས་པ་དེ་དགེ་འདུན་གྱི་བསྲོ་ཁང་གི་ཁང་པ་བྱེད་དུ་འཇུད་པ་ལ་ཞུགས་སོ། །ཇི་ཙམ་དུས་གཞན་ཞིག་ན་འབྲོག་གནས་སུ་དུས་སྟོན་བྱུང་ནས། གླ་མི་དག་མ་འོངས་པ་དང་། བསོད་སྙོམས་པས་དེ་དག་བོས་ཏེ་སྨྲས་པ། བཞིན་བཟང་དག་དེང་ཁྱེད་ཅག་ཅིའི་ཕྱིར་མ་འོངས། དེ་དག་གིས་སྨྲས་པ། འཕགས་པ་དེང་འཇིག་རྟེན་གྱི་དུས་སྟོན་ལགས་པས། དེའི་སླད་དུ་བདག་ཅག་མ་མཆིས་སོ། །བསོད་སྙོམས་
པས་སྨྲས་པ། བཞིན་བཟང་དག་གང་དག་བསོད་ནམས་ཀྱི་འབྲས་བུས་འཚོ་བ་དེ་དག་ལ་ནི་དུས་སྟོན་ཡོད་ན། ཁྱེད་ཅག་མཁར་ལན་གྱི་འབྲས་བུས་འཚོ་བ་དག་ལ་དུས་སྟོན་ཅི་འདྲ་བ་དག་ཅིག་ཡོད། ཚུར་ཤེག་ལ་ལས་གྱིས་ཤིག་དང་། དེའི་ཕྱིར་གླ་ཉིས་གྱུར་དུ་སྦྱིན་ནོ། །དེ་དག་གིས་སྨྲས་པ། འཕགས་པ་གང་དག་བསོད་ནམས་ཀྱི་འབྲས་བུས་འཚོ་བ་དེ་དག་ལ་ནི་རྟག་པ་ཁོ་ནར་དུས་སྟོན་མཆིས་ཀྱི་བདག་ཅག་ནི་མཁར་ལན་གྱི་འབྲས་བུས་འཚོ་བ་ལགས་པས་དེ་ཉིད་ཀྱིས་ན་བདག་ཅག་ལ་བརྒྱ་ལ་བརྒྱ་ལམ་ན་དུས་སྟོན་འབྱུང་བས། གལ་ཏེ་གླ་སུམ་གྱུར་དུ་སྩལ་དུ་ལགས་ཀྱང་བདག་དེང་ནི་ལས་མི་བགྱིད་དོ་ཞེས་དེ་དག་མ་བཏུབ་སྟེ་དོང་ནས། བསོད་སྙོམས་པ་ཡང་སྙིང་ལས་ཆུང་ངུར་འདུག་གོ་།ཁྱིམ་བདག་གིས་བསམས་པ། བདག་གིས་སྦྱིན་པར་བྱ་བའི་ཆོས་དེ་ལ་ཇི་ཙམ་ནི་བྱས། ཇི་ཙམ་ནི་མ་བྱས་པ་དེ་ལྟར་འགྲོའོ་སྙམ་ནས་དེ་ནང་པར་སྔར་ལངས་ཏེ་སོང་བ་དང་འགའ་ཡང་ལས་མི་བྱེད་པ་མཐོང་ན། དེ་བསོད་སྙོམས་པའི་དྲུང་དུ་སོང་སྟེ་རྐང་པ་གཉིས་ལ་ཕྱག་འཚལ་ནས་སྨྲས་པ། འཕགས་པ་གླ་མི་དག་དེང་ལས་མི་བགྱིད་དམ། ཁྱིམ་བདག་མི་བྱེད་དོ། །ཅིའི་སླད་དུ། དེ་དག་ན་རེ། དེང་འཇིག་རྟེན་གྱི་དུས་སྟོན་ཡིན་པས་བདག་ཅག་ལས་མི་བྱེད་དོ་ཞེས་ཟེར་རོ། །ཁྱིམ་བདག་གིས་སྨྲས་པ། འཕགས་པ་དེ་དག་ནི་མཁར་ལན་གྱི་འབྲས་བུས་འཚོ་བ་ལགས་པས། འཕགས་པས་དེ་དག་ལ་གླ་མ་སྩལ་པས། དེས་ན་མ་བཏུབ་གོར་མ་བཀུམ། བསོད་སྙོམས་པས་སྨྲས་པ། ཁྱིམ་བདག་ཁོ་བོས་གླ་ཉིས་གྱུར་བྱིན་ཡང་མ་གྲུབ་སྟེ། དེ་དག་ན་རེ། འཕགས་པ་གང་དག་བསོད་ནམས་ཀྱི་འབྲས་བུས་འཚོ་བ་དེ་དག་ནི་རྟག་པ་ཁོ་ནར་དུས་སྟོན་མཆིས་ཀྱི། བདག་ཅག་ནི་མཁར་ལན་གྱི་འབྲས་བུས་འཚོ་བ་ལགས་པས། དེ་ཉིད་ཀྱིས་ན་བདག་ཅག་ལ་བརྒྱ་ལ་བརྒྱ་ལམ་ན་དུས་སྟོན་འབྱུང་བས། གལ་ཏེ་གླ་སུམ་གྱུར་དུ་སྩལ་ཏུ་ལགས་ཀྱང་བདག་ཅག་དེང་ནི་ལས་མི་བགྱིད་དོ་ཞེས་ཟེར་རོ། །ཁྱིམ་བདག་གིས་སྨྲས་པ། འཕགས་པ་བདག་ནི་བདག་གི་སླད་དུ་ཡང་བགྱིད་དུ་མ་རྩོལ་ལ། ཉེ་དུ་རྣམས་ཀྱི་སླད་དུ་ཡང་བགྱིད་
དུ་མི་རྩོལ་གྱི་འདི་ལྟར་འཕགས་པ་རྣམས་ཀྱི་སླད་དུ་བགྱིད་དུ་རྩོལ་བ་ལགས་པས། ཀྱེ་མ་འཕགས་པ་རྣམས་ཀྱིས་ཀྱང་བརྒྱ་ལ་བརྒྱ་ལམ་དུ་མཁར་ལན་གྱི་སྟོངས་མོ་མཛོད་ཅིག །བསོད་སྙོམས་པས་སྐབས་དེ་དགེ་སློང་རྣམས་ལ་བརྗོད་ནས། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞི་མ་ཟིན་པ་ལ་དགེ་སློང་རྣམས་ཀྱིས་མཁར་ལན་གྱི་སྟོངས་མོ་བྱའོ། །བཅོམ་ལྡན་འདས་ཀྱིས་གཞི་མ་ཟིན་པ་ལ་དགེ་སློང་རྣམས་ཀྱིས་མཁར་ལན་གྱི་སྟོངས་མོ་བྱའོ་ཞེས་བཀའ་སྩལ་ནས། དགེ་སློང་དག་གིས་མཁར་ལན་གྱི་སྟོངས་མོ་བྱ་བར་བརྩམས་ནས། དེ་དག་ཕན་ཚུན་སོ་ཕག་འཕེན་པར་བྱེད་དོ། །ཇི་ཙམ་ན་དགེ་སློང་ཞིག་གིས་དགེ་སློང་ལ་སོ་ཕག་འཕངས་པ་དང་། ལག་པ་ནས་ཤོར་ཏེ་དགེ་སློང་གི་མགོ་ལ་ཕོག་ནས་དེ་དུས་ལ་བབ་བོ། །དགེ་སློང་དེ་དག་འགྱོད་པ་སྐྱེས་ཤིང་དེ་དག་ཡིད་མི་བདེ་ནས། འདི་སྐད་ཅེས་ཚེ་དང་ལྡན་པ་དག་བསོད་སྙོམས་པ་ལས་མེད་པས། ལས་ཕྱུང་ནས་བདག་ཅག་ཚངས་པ་མཚུངས་པར་སྤྱོད་པ་ཡིད་དུ་འོང་བ་དང་བྲལ་བར་གྱུར་ཅིང་བདག་ཅག་ལ་ཕམ་པར་འགྱུར་བའི་ལྟུང་བ་མ་བྱུང་ངམ་སྙམ་དུ་འགྱོད་པ་སྐྱེས་པར་གྱུར་ཏོ་ཞེས་ཟེར་བའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ལ་ནི་ལྟུང་བ་མེད་དོ། །ཡང་དགེ་སློང་རྣམས་ཀྱིས་སོ་ཕག་འཕང་བར་མི་བྱ་བར་འདི་ལྟར་ལག་པས་ལག་པར་བརྒྱུད་བར་བྱའོ། །གལ་ཏེ་བྱེ་བའམ། གས་པ་ཡིན་ན་གོ་བར་བྱ་སྟེ་བརྒྱུད་པར་བྱའོ། །གོ་བར་མ་བྱས་པར་བརྒྱུད་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱིས་མཁར་ལན་གྱི་སྟོངས་མོ་བྱའོ་ཞེས་བཀའ་སྩལ་ནས། དགེ་སློང་རྣམས་ཉི་མ་རངས་པར་ལས་བྱེད་ནས་བྲམ་ཟེ་དང་ཁྱིམ་བདག་དག་ཅིའི་ཕྱིར་དགེ་སློང་འདི་དག་ཉི་མ་རངས་པར་གླ་མི་བཞིན་དུ་ལས་བྱེད་ཅེས་འཕྱ་བར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉི་མ་
རངས་པར་ལས་མི་བྱ་བར་འདི་ལྟར་ལན་ཅིག་བྱའོ། །དགེ་སློང་དག་སོ་ག་ཕྱི་དྲོ་ལས་བྱེད་ལ། དགུན་ནི་སྔ་དྲོ་ལས་བྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོ་ག་ནི་སྔ་དྲོ་ལས་བྱ་བ་ལ། དགུན་ནི་ཕྱི་དྲོ་ལས་བྱའོ། །དེ་དག་དུས་རྟིང་ལ་ཐུག་པ་ན་གཏོང་ཞིང་འཇིམ་རྫབ་ཀྱིས་གོས་པའི་ལུས་ཀྱིས་དེ་བཞིན་རིངས་པ་རིངས་པར་བསོད་སྙོམས་ལ་འཇུག་པ་ན་མ་དད་པ་དག་འཕགས་པ་དག་ཁྱེད་ཅག་གིས་གླ་མི་དག་ཀྱང་ཕམ་པར་བྱས་ཏེ། དེ་དག་ཀྱང་ཟས་ཀྱི་དུས་ཡོངས་སུ་སྤོང་བར་བྱེད་ན་ཁྱེད་ཅག་ཟས་ཀྱི་དུས་ཀྱང་སྤོང་བར་མི་བྱེད་དོ་ཞེས་ཅོ་འདྲི་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསོད་སྙོམས་པ་གང་དག་ཡིན་པ་དེ་དག་གིས་ནི་སྟ་གོན་བྱས་ནས། གྲོང་དུ་བསོད་སྙོམས་ལ་འཇུག་ཁོམ་པ་དང་། གང་དག་དགེ་འདུན་གྱི་རྙེད་པ་དབང་བ་དེ་དག་གིས་ནི་སྟ་གོན་བྱས་ནས། དགེ་འདུན་གྱི་དབུས་སུ་འཇུན་ཁོམ་པ་དེ་ལྟར་དུས་ཤེས་པར་བྱས་ཏེ་གཏང་བར་བྱའོ། །བཅོམ་ལྡན་འདས་ཀྱིས་སྟ་གོན་བྱས་ནས་གྲོང་དུ་བསོད་སྙོམས་ལ་འཇུག་པར་བྱ་ཞིང་དགེ་འདུན་གྱི་དབུས་སུ་ཡང་འཇུག་པར་བྱའོ་ཞེས་བཀའ་སྩལ་ནས། དགེ་སློང་རྣམས་ཀྱིས་ཇི་ཙམ་གྱིས་ན་སྟ་གོན་བྱས་པར་བརྗོད་པར་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ཙམ་གྱིས་ལག་པ་གཉིས་དང་། རྐང་པ་གཉིས་བཀྲུས་པ་དང་། ལྷུང་བཟེད་བཀྲུས་པར་གྱུར་པ་དེ་ཙམ་གྱིས་ན་སྟ་གོན་བྱས་པར་བརྗོད་པར་བྱའོ། །གཞན་ཡང་ངས་དགེ་སློང་མཁར་ལན་བྱེད་པ་དག་གིས་ཀུན་དུ་སྤྱོད་པའི་ཆོས་དག་བཅའ་བར་བྱ་སྟེ། དགེ་སློང་མཁར་ལན་བྱེད་པས་དུས་ཇི་ལྟ་བ་བཞིན་དུ་སྔ་དྲོ་ནི་ཁྱེའུ་སུས་དག་སྦྱོར་དུ་གཞུག་པར་བྱའོ། །ཕྱི་དྲོ་ནི་སྐོམ་དང་ལག་པ་དང་རྐང་པའི་བསྐུ་མཉེ་རྒྱུ་དག་སྦྱོར་དུ་གཞུག་པར་བྱའོ། །དགེ་སློང་མཁར་ལན་བྱེད་པས་ཀུན་དུ་སྤྱོད་པའི་ཆོས་ཇི་ལྟར་བཅས་པ་དག་ཡང་དག་པར་བླངས་ཏེ་འཇུག་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །འབྲོག་གནས་སུ་བསོད་སྙོམས་པས་བསྲོ་ཁང་བྱེད་དུ་བཅུག་པ་ཇི་ལྟ་བ་བཞིན་དུ་མེ་ཁང་གི་གླེང་གཞི་ཡང་དེ་ཁོ་ན་བཞིན་དུ་
རྒྱས་པར་བརྗོད་པར་བྱའོ། །བྱེ་བྲག་ནི་འདི་ཡོད་དེ། བཅོམ་ལྡན་འདས་ཀྱིས་གཞི་མ་ཟིན་པ་ལ་མཁར་ལན་གྱི་སྟོངས་མོ་བྱའོ་ཞེས་བཀའ་སྩལ་ནས། དགེ་སློང་དག་མེ་ཁང་གི་ལས་བྱེད་ཅིང་ཕ་མ་དག་ཕར་སྦེད་ཚུར་སྦེད་པ་ན་དེ་དག་གི་འོག་ན་ཤིང་མཁན་ཞིག་ཞལ་ཏ་བྱེད་དེ། ཇི་ཙམ་ན་ཕྱམ་དག་སྦེད་པ་ན། དགེ་སློང་གི་ལག་ནས་ཕྱམ་ཤོར་བས་ཤིང་མཁན་གྱི་མགོར་ཕོག་ནས་དེ་དུས་ལ་བབ་པ་དང་། དགེ་སློང་དེ་དག་ཚེ་དང་ལྡན་པ་དག་བསོད་སྙོམས་པ་ལས་མེད་པ་ལས་བྱུང་བས། བདག་ཅག་ལ་ཕམ་པར་འགྱུར་བའི་ལྟུང་བ་མ་བྱུང་ངམ་སྙམ་དུ་འགྱོད་པ་སྐྱེས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ལ་ནི་ལྟུང་བ་མེད་དེ། ཡང་དགེ་སློང་དག་གིས་མི་བཟོད་པའི་ཁུར་གདེག་པར་མི་བྱའོ། །རྐྱེན་དེ་ལྟ་བུ་ཞིག་བྱུང་ན་མདོར་ཁྱིམ་པ་དག་འཛིན་དུ་གཞུག་པར་བྱ་ཞིང་གདེག་པ་དང་། གཞག་པ་དག་ཀྱང་བརྗོད་པར་བྱ་སྟེ། མཉམ་དུ་གདེག་པ་དང་མཉམ་དུ་གཞག་པར་བྱའོ། །དགེ་སློང་དག་མི་བཟོད་པའི་ཁུར་འདེགས་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གིས་མི་བཟོད་པའི་ཁུར་གདེག་པར་མི་བྱའོ་ཞེས་བཀའ་སྩལ་ནས། དགེ་སློང་རྣམས་ཀྱིས་ཇི་ཙམ་ནི་བཟོད་པ་ཡིན། ཇི་ཙམ་ནི་མི་བཟོད་པ་ཡིན་པ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་པ་གཅིག་གི་ཁུར་གང་ཡིན་པ་དེ་དག་དགེ་སློང་གཉིས་ཀྱིས་གདེག་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉམ་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་འཆར་ཀས་གཏུམ་མོ་བཏུལ་ཏེ་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་དག་ལ་བཀོད་པ་དེའི་ཚེ། དེས་ཚེ་དང་ལྡན་པ་འཆར་ཀའི་རྐང་པ་གཉིས་ལ་ཕྱག་འཚལ་ནས། ཡོ་བྱད་ཐམས་ཅད་ཀྱིས་བསྟབས་པ་དང་། ཚེ་དང་ལྡན་པ་འཆར་ཀས་དང་དུ་མ་བླངས་ཏེ་སྨྲས་པ། སྲིང་མོ་བཅོམ་ལྡན་འདས་ཀྱི་བསྟན་པ་ནི་གཞན་ལ་ཕན་པས་རྗེས་སུ་འཛིན་པར་ཞུགས་པ་ཡིན་པས། ཁོ་བོས་ཀྱང་གཞན་ལ་
ཕན་པར་བྱེད་དགོས་སོ། །གཏུམ་མོས་སྨྲས་པ། འཕགས་པ་གལ་ཏེ་དེ་ལྟ་ལགས་ཏེ་དང་དུ་མི་བཞེས་ན། བདག་གིས་འཕགས་པའི་སླད་དུ་དྲང་སྲོང་གི་གདན་བཤམ་པར་བགྱིས། ཁྱོད་ཀྱིས་བསོད་སྙོམས་བརྒྱུས་ནས། དྲང་སྲོང་གི་གདན་ལ་ལོངས་སྤྱད་དེ་གཤེགས་པར་རིགས་སོ། །ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། སྲིང་མོ་དེ་བཞིན་བྱའོ་ཞེས་ཚེ་དང་ལྡན་པ་འཆར་ཀ་ཉི་མ་རེ་རེ་ཞིང་བསོད་སྙོམས་བརྒྱུས་ནས། གཏུམ་མོའི་ཁྱིམ་དུ་དྲང་སྲོང་གི། སྟན་ལ་ལོངས་སྤྱད་དེ་འགྲོའོ། །ཇི་ཙམ་དུས་གཞན་ཞིག་ན་ཚེ་དང་ལྡན་པ་འཆར་ཀ་ལ་ལྗོངས་སུ་བྱ་བ་ཞིག་བྱུང་ནས། ཚེ་དང་ལྡན་པ་འཆར་ཀས་བསམས་པ། བདག་ཇེ་སོང་ལ་སྲིང་མོ་བལྟ་བར་བྱའོ་སྙམ་ནས། ཚེ་དང་ལྡན་པ་འཆར་ཀ་གཏུམ་མོའི་གན་དུ་སོང་སྟེ་སྨྲས་པ། སྲིང་མོ་ཁོ་བོ་ལྗོངས་རྒྱུར་འགྲོའི། །ཁྱོད་ཀྱིས་ཆོས་ཀྱི་ལུས་ལ་བག་གྱིས་ཤིག །གཏུམ་མོས་སྨྲས་པ། འཕགས་པ་མྱུར་དུ་སླར་གཤེགས་པའི་རིགས་ཏེ། དེར་བཞུགས་པར་མི་མཛད་ཅིང་། དེར་དགྱེས་པ་མི་བསྐྱེད་དུ་གསོལ། ཚེ་དང་ལྡན་པ་འཆར་ཀས་གཏུམ་མོ་བལྟས་ཏེ། ལྗོངས་རྒྱུར་འཕགས་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ལྗོངས་རྒྱུར་གཤེགས་ཀྱིས། ཁྱེད་ཅག་ལས་གང་བཅོམ་ལྡན་འདས་དང་ཐབས་ཅིག་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས་ཆོས་གོས་ཀྱི་ལས་གྱིས་ཤིག །ཚེ་དང་ལྡན་པ་འཆར་ཀས་ཐོས་ནས་བསམས་པ། སངས་རྒྱས་ཀྱི་རྒྱུ་བ་ལ་ནི་ཕན་ཡོན་བཅོ་བརྒྱད་ཡོད་དེ། རྒྱལ་པོའི་འཇིགས་པ་མེད་པ་དང་། ཆོམ་རྐུན་གྱི་འཇིགས་པ་མེད་པ་དང་། མེའི་འཇིགས་པ་མེད་པ་དང་། མིའི་འཇིགས་པ་མེད་པ་དང་། མི་མ་ཡིན་པའི་འཇིགས་པ་མེད་པ་དང་། ཀླུའི་འཇིགས་པ་མེད་པ་དང་། གདུག་པའི་འཇིགས་པ་མེད་པ་དང་། སེང་གེའི་འཇིགས་པ་མེད་པ་དང་། སྟག་གི་འཇིགས་པ་མེད་པ་དང་། གུང་གི་འཇིགས་པ་མེད་པ་དང་། ཕ་རོལ་གྱི་དམག་ཚོགས་ཀྱི་འཇིགས་པ་མེད་པ་དང་། སྤྱང་ཀིའི་འཇིགས་པ་མེད་པ་དང་། ཤོ་གམ་གྱི་འཇིགས་པ་མེད་པ་དང་། ལ་གཅན་གྱི་འཇིགས་པ་མེད་པ་དང་། གྲུ་བཙས་ཀྱི་འཇིགས་པ་མེད་པ་དང་། དུས་དང་དུས་སུ་ལྷའི་གཟུགས་དག་མཐོང་ཞིང་ལྷའི་སྒྲ་དག་
ཐོས་ལ་ཀུན་ཤེས་པ་བརྡ་སྤྲོད་པ་དག་ཐོས་པ་དང་། ཆོས་ཀྱི་ལོངས་སྤྱོད་དང་། ཟང་ཟིང་གི་ལོངས་སྤྱོད་ཡོད་པ་དང་། སངས་རྒྱས་ཀྱི་རྒྱུ་བ་ལ་གནོད་པ་ཉུང་བ་ཡིན་གྱིས། བདག་ཀྱང་བཅོམ་ལྡན་འདས་དང་ཐབས་ཅིག་ལྗོངས་རྒྱུར་འགྲོའི། ཕྱིར་ལྡོག་པར་བྱའོ་སྙམ་ནས་ཚེ་དང་ལྡན་པ་འཆར་ཀ་ཕྱིར་ལོག་གོ་།དེའི་བར་སྐབས་སུ་གཏུམ་མོའི་དུ་བུ་མོ་ཞིག་ལ་ཁྱེའུ་ཞིག་བཙས་ནས། གཏུམ་མོས་ཁྱེའུ་དེའི་མ་ལ་སྨྲས་པ། བུ་མོ་ཁྱེའུ་འདི་ཁྲུས་གྱིས་ལ་གོས་དཀར་པོས་དཀྲིས་ཏེ། དྲང་སྲོང་གི་སྟན་འདི་ལ་སྙལ་ཅིག་དང་། ཡུན་རིང་དུ་འཚོ་བར་འགྱུར་ཞིང་། ཆེ་རིང་དུ་སྐྱོང་བར་འགྱུར་རོ། །བུ་མོ་དེས་ཁྱེའུ་དེ་ཁྲུས་བྱས་ཏེ་གོས་དཀར་པོས་དཀྲིས་ནས། དྲང་སྲོང་དེའི་སྟན་དེ་ལ་རྟག་ཏུ་བསྙལ་ལོ། །ཚེ་དང་ལྡན་པ་འཆར་ཀ་ཡང་ཉི་མ་གཞན་ཞིག་ན་བསོད་སྙོམས་ལ་ཞུགས་ནས། གཏུམ་མོའི་ཁྱིམ་ག་ལ་བ་དེར་སོང་ངོ་། །དགྲ་བཅོམ་པ་དག་ནི་མ་བསམས་པར་ཤེས་པ་དང་མཐོང་བ་མི་འཇུག་པས། ཚེ་དང་ལྡན་པ་འཆར་ཀ་དེ་བཞིན་དུ་དྲང་སྲོང་གི་སྟན་དེ་ལ་འདུག་པ་དང་། བུད་མེད་ཀྱི་ཡུལ་དེ་བརྟད་པ་དང་བཅས་ཤིང་། འཕགས་པ་ཁྱེའུ། འཕགས་པ་ཁྱེའུ་ཞེས་ཟེར་ནས། ཚེ་དང་ལྡན་པ་འཆར་ཀ་མྱུར་དུ་ལངས་ཏེ་བལྟས་ན། ཁྱེའུ་དུས་ལ་བབ་པ་མཐོང་ངོ་། །ཁྱིམ་མི་དག་གིས་ཆོ་ངེས་གདབ་པར་བརྩམས་པ་དང་། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། སྲིང་མོ་མ་ངུ་ཞིག །སེམས་ཅན་འདིས་ཚེ་ཐུང་བར་འགྱུར་བའི་ལས་བྱས་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་འདུ་བྱེད་ཐམས་ཅད་ནི་མི་རྟག་གོ་ཞེས་གསུངས་སོ། །དེ་ལྟ་མོད་ཀྱི་འདི་ལ་ཁོ་བོས་ངུད་མོས་གདབ་པར་བྱ་བ་ཡིན་ཏེ། འདི་ལྟར་ཁོ་བོས་དགྲ་བཅོམ་པ་ཉིད་ཐོབ་ཀྱང་ཁོ་བོ་ལ་བརྟེན་ཏེ་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་འགྱུར་རོ། །དེས་སྐབས་དེ་དགེ་སློང་རྣམས་ལ་བརྗོད་ནས། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་འཆར་ཀ་ལ་ནི་ལྟུང་བ་མེད་དེ། ཡང་དགེ་སློང་གིས་ཁྱིམ་གཞན་དུ་སྟན་ལ་མ་བརྟགས་པར་འདུག་པར་མི་བྱའོ། །འདུག་ན་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་
བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ཕན་ཚུན་གཏམ་འདྲེས་པ། ཕེབས་པར་སྨྲ་བ། འགྲོགས་བཤེས། སྨོས་འདྲིན་གཉིས་ཤིག་འཁོད་དོ། །ཇི་ཙམ་དུས་གཞན་ན་དེ་གཉིས་ནོར་ཟད་པ་དང་། ལོངས་སྤྱོད་ཟད་པར་གྱུར་ནས། དེ་གཉིས་ཀྱིས་གྲོས་བྱ་བར་བརྩམས་པ། བདག་ཅག་གཉིས་འདི་ཉིད་དུ་མ་ཐོས་པ་དང་དམས་པར་གྱུར་པས་རྣམ་པ་འདི་ལྟ་བུའི་འཚོ་བ་ཟ་ཞིང་ལོངས་སྤྱོད་པས་ཅི་བྱ། རབ་ཏུ་འབྱུང་དུ་འདོང་ངོ་ཞེས་དེ་གཉིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ངོ་། །དེ་ན་གཅིག་ན་བར་གྱུར་ནས། ཅིག་ཤོས་དེའི་ནད་གཡོག་བྱེད་དོ། །ནད་པ་དེ་ཉམས་དམས་ཤིང་སོས་པར་མ་གྱུར་ནས། ནད་གཡོག་དེས་ནད་པ་ལ་སྨྲས་པ། ཚེ་དང་ལྡན་པ་ཁྱོད་ལ་སྔོན་ཁྱིམ་བའི་ཚེ་ན་ལན་འགའ་ནད་འདི་ལྟ་བུ་བྱུང་ངམ། སྔོན་ཡང་བྱུང་ངོ་། །འོ་ན་ཅི་ཞིག་གིས་ཞི་བར་གྱུར། ལན་ཚྭའི་སྨན་རྩབས་ཀྱིས་སོ། །འོ་ན་དེ་ཅིའི་ཕྱིར་ལན་ཚྭའི་སྨན་རྩབས་མི་འཐུང་ཞེས་ནད་གཡོག་དེས་ལན་ཚྭའི་སྨན་རྩབས་བསླངས་ཏེ་ནད་པ་ལ་བླུད་པ་དང་། ནད་པ་དེ་དུས་ཀྱི་ཆོས་དང་ལྡན་པར་གྱུར་ནས། དགེ་སློང་དེ་བདག་གིས་འདི་ལ་སྨན་པ་ཡིན་པ་བྱིན་པར་མ་གྱུར་ཏ་མ་སྙམ་དུ་འགྱོད་པ་སྐྱེས་ནས། དེས་སྐབས་དེ་དགེ་སློང་རྣམས་ལ་བརྗོད་ནས། དགེ་སློང་རྣ་ས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་དེ་ལ་ནི་ལྟུང་བ་མེད་དེ། ཡང་དགེ་སློང་གིས་སྨན་པ་ལ་མ་དྲིས་པར་རང་གི་བློས་ནད་པ་ལ་སྨན་སྦྱིན་པར་མི་བྱའོ། །གལ་ཏེ་སྨན་པ་མེད་ན་སྨན་པ་རབ་ཏུ་བྱུང་བ་ལ་དྲི་བར་བྱའོ། །སྨན་པ་རབ་ཏུ་བྱུང་བ་མེད་ན་སྨན་པས་བཀོལ་བ་ལ་དྲི་བར་བྱའོ། །སྨན་པས་བཀོལ་བ་མེད་ན་ནད་ཀྱིས་ཐེབས་པ་ལ་དྲི་བར་བྱའོ། །ནད་ཀྱིས་ཐེབས་པ་མེད་ན་དགེ་སློང་རྒན་པ་རྒན་པ་དག་ལ་དྲི་བར་བྱའོ། ། དགེ་སློང་གིས་སྨན་པ་ལ་མ་དྲིས་སམ། ཇི་སྐད་བསྟན་པའི་རིམ་བ་བཞིན་མ་བྱས་པར་རང་གི་བློས་ནད་པ་ལ་སྨན་སྦྱིན་ན་འགལ་ཚབས་ཅན་དུ་འགྱུར་རོ། །དགེ་སློང་
རྣམས་ཐེ་ཚོམ་སྐྱེས་ནས། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་དགེ་སློང་དེ་ལ་སྨན་གང་ལགས་པ་དེ་ཉིད་སྨན་མ་ལགས་པ་ཉིད་དུ་གྱུར་པའི་རྒྱུ་ནི་གང་ལགས། རྐྱེན་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྔོན་ཁྱིམ་པའི་ཚེ་ན་རླུང་དང་བད་ཀན་ཅན་དུ་གྱུར་ལ། ད་ལྟར་ནི་རླུང་དང་མཁྲིས་པ་ཅན་དུ་གྱུར་པས། དེས་ན་དེ་ལ་སྨན་གང་ཡིན་པ་དེ་ཉིད་སྨན་མ་ཡིན་པ་ཉིད་དུ་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་མ་ག་དྷར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལྷ་བརྒྱད་ཁྲི་དང་། མ་ག་དྷར་བྱུང་བའི་བྲམ་ཟེ་དང་ཁྱིམ་བདག་བརྒྱ་སྟོང་ཕྲག་དུ་མ་དང་ལྷན་ཅིག་བདེན་པ་དག་ལ་བཀོད་པ་དེའི་ཚེ་ན། མ་ག་དྷར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས། རྒྱལ་པོའི་ཁབ་ཏུ་འདི་སྐད་ཅེས་རྒྱལ་པོའི་ཁབ་ཏུ་འཁོད་པ་དང་། ཕོ་བྲང་འཁོར་བ་དང་། ཡུལ་ཐ་དད་པ་ནས་ལྷགས་པའི་ཚོང་བའི་ཚོགས་ཤེས་ལྡན་དག་ཉོན་ཅིག །ངའི་ཡུལ་དུ་གང་གིས་ཀྱང་ཆོམ་རྐུན་མི་བྱའོ། །གང་ངའི་ཡུལ་དུ་ཆོམ་རྐུན་བྱེད་པ་དེ་ངས་ཡུལ་མེད་པར་བྱའོ། །བཅོམ་པ་རྣམས་ཀྱི་རྐུན་རྫས་ནི་ངའི་མཛོད་དང་བང་བ་ནས་སྦྱིན་ནོ་ཞེས་དྲིལ་གྱི་སྒྲ་བསྒྲགས་པ་བྱས་སོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གཞོན་ནུའི་དཔེའི་མདོ་སྡེས་བཏུལ་བ་དེའི་ཚེ་ན། ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས་ཀྱང་མཉན་ཡོད་དུ་འདི་སྐད་ཅེས་མཉན་ཡོད་ན་འཁོད་པ་དང་། ཕོ་བྲང་འཁོར་བ་དང་། ཡུལ་ཐ་དད་པ་ནས་ལྷགས་པའི་ཚོང་པའི་ཚོགས་ཤེས་ལྡན་དག་ཉོན་ཅིག །ངའི་ཡུལ་དུ་གང་གིས་ཀྱང་ཆོམ་རྐུན་མི་བྱའོ། །གང་ངའི་ཡུལ་དུ་ཆོམ་རྐུན་བྱེད་པ་དེས་ངས་གསད་པའི་གྱོད་ལ་བསྐྲིན་པར་བྱའོ། །བཅོམ་པ་རྣམས་ཀྱི་རྐུན་རྫས་ནི་ངའི་མཛོད་དང་བང་བ་ནས་སྦྱིན་ནོ་ཞེས་དྲིལ་གྱི་སྒྲ་བསྒྲགས་པ་བྱས་སོ། །དེའི་བར་སྐབས་ན་ཆོམ་རྐུན་པ་གང་དག་ཡུལ་མ་ག་དྷ་ན་གནས་པ་དག་དང་ཆོམ་རྐུན་པ་གང་དག་ཡུལ་གོ་ས་ལ་ན་གནས་
པ་དེ་དག་ས་མཚམས་ཀྱི་བར་དུ་དོང་སྟེ་འཁོད་དོ། ཐམས་ཅད་དུ་ཆོམ་རྐུན་པ་གང་དག་ཡུལ་མ་ག་དྷ་ན་གནས་པ་དག་དང་། ཆོམ་རྐུན་པ་གང་དག་ཡུལ་ཀོ་ས་ལ་ན་གནས་པ་དེ་དག་ས་མཚམས་ཀྱི་བར་དུ་དོང་སྟེ། འཁོད་ཅིང་དོན་མཐུན་འཇོམས་པར་བྱེད་དོ་ཞེས་བྱ་བའི་སྒྲ་དེ་ལྟ་བུས་ཀྱང་ཁྱབ་པར་གྱུར་ཏོ། །དེ་ཐོས་ནས་ཡུལ་མ་ག་དྷ་ནས་དོན་མཐུན་བསེལ་བ་དང་བཅས་པས། ཡུལ་ཀོ་ས་ལར་འགྲོ་བར་བརྩམས་ཤིང་། ཡུལ་ཀོ་ས་ལ་ནས་ཀྱང་དོན་མཐུན་བསེལ་བ་དང་བཅས་པས་ཡུལ་མ་ག་དྷར་འགྲོ་བར་བརྩམས་སོ། །ཇི་ཙམ་དུས་གཞན་ཞིག་ན་ཡུལ་མ་ག་དྷ་ནས་དོན་མཐུན་བསེལ་བ་དང་བཅས་པ་ཡུལ་ཀོ་ས་ལར་འཕགས་ནས་དེ་གང་གི་ཚེ་ས་མཚམས་ཀྱི་བར་ལས་འདས་ཏེ་ཡུལ་ཀོ་ས་ལར་ཞུགས་པ་དེའི་ཚེ་ན། དེད་དཔོན་གྱིས་སྨྲས་པ། ཤེས་ལྡན་དག་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་འདི་ནི་གཏུམ་པ། བརྟུན་དས་པ། དྲག་ཤུལ་ཆེ་བ། དཔའ་བ། རྩལ་ཆེ་བ་ཞེས་གྲགས་པས། གལ་ཏེ་དོན་མཐུན་ཆོམ་རྐུན་པས་བཅོམ་པར་གྱུར་ན་ཡང་། དེས་བདག་ཅག་ལ་རྐུན་རྫས་སྦྱིན་པར་ནུས་ཀྱིས་བསེལ་བ་ཕྱིར་ཐོང་ཞིག །དོན་མཐུན་དག་གིས་སྨྲས་པ། དེད་དཔོན་གལ་ཏེ་དེ་ལྟ་ན་དེ་ལྟར་བགྱིའོ་ཞེས་དེ་དག་གིས་བསེལ་བ་ཕྱིར་བཏང་ངོ་། །ཆེམ་རྐུན་པ་དག་གིས་བྱ་མ་རྟ་བཞག་སྟེ་འཁོད་པ་དང་། བྱ་མ་རྟ་དག་གིས་བསེལ་བ་ཕྱིར་བཏང་བ་དེ་མཐོང་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་བསེལ་བ་ཕྱིར་ལོག་གིས་དོན་མཐུན་གཞོམ་པར་བྱས་འདོང་ངོ་ཞེས་དེ་དག་གིས་དོན་མཐུན་སཱ་ལའི་དགོན་པར་ཞུགས་པ་བཅོམ་མོ། །དེ་ན་ཚོང་པ་ཁ་ཅིག་ནི་བསད། ཁ་ཅིག་ནི་བྱེར་རོ། །དེ་ན་གང་དག་བྱེར་བ་དེ་དག་མགོ་ས་རྡུལ་གྱིས་བཀང་སྟེ། ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱི་དྲུང་དུ་དོང་ནས་སྨྲས་པ། ལྷ་བདག་ཅག་ཚོང་པ་རྣམས་ཁྱོད་ཀྱི་ཡུལ་དུ་ཚོང་པར་མི་རུང་བར་རྣམ་པར་བཀོད་དོ། །ཅི་ཞིག་བྱས། ལྷ་བདག་ཅག་ཆོམ་རྐུན་པ་དག་གིས་བཅོམ་མོ། །རྒྱལ་པོས་དམག་དཔོན་འཕགས་སྐྱེས་པོ་ལ་བསྒོ་བ། གཞོན་ནུ་སོང་ལ་ཆོམ་རྐུན་པ་དག་དང་། རྐུན་རྫས་དག་མྱུར་དུ་ཁུག་ཅིག །དམག་དཔོན་འཕགས་སྐྱེས་པོས་ལྷ་བཀའ་
བཞིན་འཚལ་ཞེས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ལས་མཉན་ནས། དཔུང་གི་ཚོགས་ཡན་ལག་བཞི་པ་གླང་པོ་ཆེ་པའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟ་པའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ཏེ། མྱུར་བ་མྱུར་བར་སཱ་ལའི་དགོན་པར་སོང་ངོ་། །དེའི་བར་སྐབས་ན་ཆོམ་རྐུན་པ་དག་སཱ་ལའི་དགོན་པ་ཤིན་ཏུ་སྟུག་པོའི་ནང་ན་ཞུགས་ནས། བག་ཕབ་སྟེ་རྐུན་རྫས་བགོད་པར་བྱེད་དོ། །འཕགས་སྐྱེས་པོས་ཀྱང་དེ་དག་གི་སྟེང་དུ་བརྫིས་ནས། དེ་ན་ཆོམ་རྐུན་པ་ཁ་ཅིག་ནི་བསད། ཁ་ཅིག་ནི་བྱེར། ཆོམ་རྐུན་པ་དྲུག་ཅུ་ནི་གསོན་པོར་བཟུང་ངོ་། །དེ་ནས་གཡུལ་ལས་རྣམ་པར་རྒྱལ་ཞིང་ཆོམ་རྐུན་པ་དང་རྐུན་རྫས་ཁྱེར་ཏེ་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱི་དྲུང་དུ་སོང་ནས། རྐང་པ་གཉིས་ལ་ཕྱག་འཚལ་ཏེ་སྨྲས་པ། ལྷ་ཆོམ་རྐུན་པ་ནི་འདི་དག་ལགས། རྐུན་རྫས་ནི་འདི་དག་ལགས་སོ། །རྒྱལ་པོས་ཆོམ་རྐུན་པ་དག་ལ་སྨྲས་པ། ཤེས་ལྡན་དག་ངས་འདི་སྐད་ཅེས་ངའི་ཡུལ་དུ་གང་གིས་ཀྱང་ཆོམ་རྐུན་མི་བྱའོ། །གང་ངའི་ཡུལ་དུ་ཆོམ་རྐུན་བྱེད་པ་དེ་ངས་གསད་པའི་གྱོད་ལ་བསྐྲིན་པར་བྱའོ། །བཅོམ་པ་རྣམས་ཀྱི་རྐུན་རྫས་ནི་ངའི་མཛོད་དང་བང་བ་ནས་སྦྱིན་ནོ་ཞེས་དྲིལ་གྱི་སྒྲ་བསྒྲགས་པ་བྱས་པ་དེ་ཁྱོད་ཀྱིས་མ་ཐོས་སམ། ལྷ་ཐོས་སོ། །འོ་ན་ཁྱེད་ཀྱིས་ཅིའི་ཕྱིར་ཚོང་པ་འདི་དག་བཅོམ། ལྷ་བདག་ཅག་འཚོ་བ་མ་མཆིས་སོ། །གལ་ཏེ་དེ་ལྟ་ན་ཡང་ཅིའི་ཕྱིར་གཞན་གསད་པར་གྱུར། ལྷ་འཇིགས་པ་བསྟན་པའི་སླད་དུའོ། །ངས་ཀྱང་ཁྱེད་ལ་སྔོན་སུས་ཀྱང་མ་བསྟན་པ་དེ་ལྟ་བུའི་འཇིགས་པ་བསྟན་པར་བྱའོ། །རྒྱལ་པོ་དེ་གཏུམ་པས་དེས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་དེང་ལ་ཆོམ་རྐུན་པ་འདི་དག་གསད་སར་ཁྲིད་ལ་ལག་པ་དང་རྐང་པ་ཆོད་ཅིག །ཚོང་བ་འདི་དག་གི་ཅི་ཕྲོགས་པ་ངའི་བང་མཛོད་ནས་བྱིན་ཅིག །བློན་པོ་དེ་དག་གིས་ཆོམ་རྐུན་པ་དེ་དག་ངུར་ཁྲོད་དུ་ཁྲིད་དེ་ལག་པ་དང་། རྐང་པ་བཅད་ནས། ཚོང་པ་རྣམས་ལ་རྐུན་རྫས་རྒྱལ་པོའི་བང་བ་དང་མཛོད་ནས་བྱིན་ནོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་བདག་གི་རྒུད་པ་དང་གཞན་གྱི་རྒུད་པ་ལ་ཡང་དང་ཡང་དུ་
སོ་སོར་རྟོགས་ཤིག །བདག་གི་འབྱོར་པ་དང་གཞན་གྱི་འབྱོར་པ་ལ་ཡང་དང་ཡང་དུ་སོ་སོར་རྟོགས་ཤིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་བདག་དང་གཞན་གྱི་རྒུད་པ་ལ་ནི་ཡིད་འབྱུང་བའི་གནས་ཡིན་ལ། བདག་དང་གཞན་གྱི་འབྱོར་པ་ཡང་ཡིད་འབྱུང་བའི་གནས་ཡིན་པའི་ཕྱིར་རོ་ཞེས་བཀའ་སྩལ་ནས། དགེ་སློང་དག་ལངས་ཤིང་ལངས་ཤིང་ངུར་ཁྲོད་རྒྱུར་འགྲོ་བར་བརྩམས་སོ། །དགེ་སློང་མ་དག་ཀྱང་ལངས་ཤིང་ལངས་ཤིང་དུར་ཁྲོད་རྒྱུར་འགྲོ་བར་བརྩམས་སོ། །དེའི་ཚེ་ན་རབ་ཏུ་མང་པོ་དག་དུར་ཁྲོད་རྒྱུར་དོང་ཞིང་དེ་དང་དེ་དག་གིས་ཆོམ་རྐུན་པ་དག་ལ་ངེས་པར་བརྟག་པར་བརྩམས་སོ། །མི་གཞན་ཞིག་ཀྱང་དེ་དག་ཉིད་ལ་རྟོག་ཅིང་འདུག་པ་དེས་སྨྲས་པ། གལ་ཏེ་དོན་འདོད་པ་འགའ་ཞིག་གིས་འདི་དག་ལ་ལན་ཚའི་སྨན་རྩབས་བླུད་པར་གྱུར་ན། དེས་ན་འདི་དག་འདི་ནས་ཤི་འཕོས་ན། མ་གཞོན་ནུ་དག་གི་ནུ་ཞོ་འཐུང་བར་འགྱུར་རོ། །དགེ་སློང་མ་དེ་དག་གི་ནང་ན། དགེ་སློང་མ་སྐྱོང་མ་ཞེས་བྱ་བ་སྦོམ་མོ། གླེན་མ་མི་གསལ་བ་ཞིག་འདུག་པ་དེས་དེ་ཐོས་ནས་དེས་བསམས་པ། གལ་ཏེ་བདག་བསོད་ནམས་ཀྱི་ཕུང་པོ་དེ་ལྟ་བུ་ལས་ཡོངས་སུ་ཉམས་པར་གྱུར་ན། བདག་གིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས། ཅི་ཞིག་རྙེད་ཀྱིས་བདག་སོང་ལ་ལན་ཚྭའི་སྨན་རྩབས་བསླངས་ཏེ་འདི་དག་ལ་བླུད་པར་བྱའོ་སྙམ་ནས། དགེ་སློང་མ་སྐྱོང་མ་དེ་དགེ་སློང་མ་རྣམས་ཀྱི་ནང་ནས་ཕྱིར་བྱུང་སྟེ། གནས་སུ་སོང་ནས་དེ་ནས་ལན་ཚའི་སྨན་རྩབས་ཀྱི་ཕྲུ་བ་དང་། ཁ་ཕོར་དྲུག་ཅུ་བླངས་ཏེ། ཆོམ་རྐུན་པ་དག་གི་དྲུང་དུ་སོང་བ་དང་། ཆོམ་རྐུན་པ་དེ་དག་སྡུག་བསྔལ་གྱི་ཚོར་བ་དག་གིས་ཉེན་ཅིང་སྲོག་ལ་མི་ལྟོས་པ། སྐོམ་པས་གདུངས་པ་དག་གིས་བསམས་པ། ཀྱེ་མ་འཕགས་མ་འདིས་བདག་ཅག་སྐོམ་གྱིས་གདུངས་པ་རྣམས་ལ་བུམ་པ་དེ་ནས་སྐོམ་བླུད་ན་ཅི་མ་རུང་སྙམ་མོ། །སྐྱོང་མས་བསོད་ནམས་ཀྱི་འདུ་ཤེས་ཀྱིས་རེ་རེ་ལ་ཁམ་ཕོར་བྱིན་ཏེ་ལན་ཚྭའི་སྨན་རྩབས་བྲིམས་པ་དང་། གང་གིས་འཐུངས་པ་དེ་དུས་ལ་བབ་སྟེ། དེ་བཞིན་དུ་ཐམས་ཅད་དུས་ལ་བབ་བོ། །སྐྱོང་མ་ཆོམ་རྐུན་པ་དེ་དག་ལ་ལན་ཚྭའི་སྨན་རྩབས་འབྲིམ་པར་བྱེད་པ་ན་ནམ་སྲོས་པར་གྱུར་ནས་དགེ་སློང་
མའི་དབྱར་ཁང་སྒོ་བཅད་པ་ན། སྐྱོང་མ་འོངས་ནས་དེས་དལ་བུས་ཁད་ཀྱིས་ཁད་ཀྱིས་སྒོ་གཏན་བརྡུངས་པ་དང་། དགེ་སློང་མ་རྣམས་ཀྱིས་སྨྲས་པ། སྒོ་གཏན་རྡུང་བར་བྱེད་པ་འདི་སུ། སྐྱོང་མས་སྨྲས་པ། བདག་སྐྱོང་མའོ། །ཁྱོད་ནམ་སྲོས་ནས་ག་ལས་འོངས། ཕུ་ནུ་མོ་དག་རྗེས་སུ་ཡི་རང་བར་གྱིས་ཤིག །རྗེས་སུ་ཡི་རང་བར་གྱིས་ཤིག །ཅི་ཁྱེད་ཀྱིས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སམ། འོན་ཏེ་ཕྱིར་མི་འོང་བའི་འབྲས་བུའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་སམ། འོན་ཏེ་དགེ་འདུན་གྱི་གཙུག་ལག་ཁང་བྱེད་དུ་བཅུག །ཕུ་ནུ་མོ་དག །མ་ཡིན་ནོ། །འོན་ན་འབྲས་ཆན་ནམ། སྐྱོ་མའམ། ཐུག་པའི་བཏུང་བའམ། རས་ཡུག་ཆེན་སྦྱོར་དུ་བཅུག་གམ། སྐྱོང་མས་སྨྲས་པ། ཕུ་ནུ་མོ་དག་ཅི་ཁྱེད་ཅག་ལ་འབྲས་ཆན་དང་། སྐྱོ་མ་དང་། ཐུག་པའི་བཏུང་བ་དང་། རས་ཡུག་ཆེན་སྦྱོར་དུ་གཞུག་པ་བཙལ་བ་ལས། ལས་གཞན་མེད་དམ། འོ་ན་གཞན་ཅི་བྱས། ཁྱེད་ཅག་གིས་ཆོམ་རྐུན་པ་དྲུག་ཅུ་པོ་ལག་པ་དང་། རྐང་པ་བཅད་པ་དེ་དག་མཐོང་ངམ། མཐོང་ངོ་། །བདག་གིས་ལན་ཚྭའི་སྨན་རྩབས་བསླངས་ཏེ་དེ་དག་འཐུང་དུ་བཅུག་ནས་འཐུངས་པ་དང་། དེ་དག་དུས་ལ་བབ་པས་མ་གཞོན་ནུ་དག་གི་ནུ་ཞོ་འཐུང་དུ་བཅུག་གོ་།སྐལ་ཆད་མ་ཁྱོད་ལྟོ་ཕམ་པར་འགྱུར་བ་དག་གིས་བཀང་ལ། ངེད་ཅག་རྗེས་སུ་ཡི་རང་བར་བྱེད་དུ་འཇུད་དམ། དེ་བདག་ལ་ཡང་དག་པར་ཕམ་པར་འགྱུར་བའི་ལྟུང་བ་མ་བྱུང་ངམ་སྙམ་དུ་འགྱོད་པ་སྐྱེས་ནས། དེས་སྐབས་དེ་དགེ་སློང་རྣམས་ལ་བརྗོད་ནས། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་མ་དེ་ལ་འདུ་ཤེས་ཀྱང་ཡོད། སེམས་པ་ཡང་ཡོད་པས་ཕམ་པར་གྱུར་ཏོ། །དེ་ལྟ་བས་ན། དགེ་སློང་ངམ་དགེ་སློང་མས་ནད་པ་ལ་ཅི་ནས་ཀྱང་ནད་པ་དུས་བྱེད་པར་གྱུར་
ཅིག་སྙམ་པ་དེ་ལྟ་བུའི་སེམས་ཀྱིས་སྨན་སྦྱིན་པར་མི་བྱ་བར་འདི་ལྟར་ཅི་ནས་ཀྱང་ནད་སོས་པར་གྱུར་ཅིག་སྙམ་པ་དེ་ལྟ་བུའི་སེམས་ཀྱིས་སྨན་སྦྱིན་པར་བྱའོ། །དགེ་སློང་གིས་ནད་པ་ལ་ཅི་ནས་ཀྱང་ནད་པ་དུས་བྱེད་པར་གྱུར་ཅིག་སྙམ་པ་དེ་ལྟ་བུའི་སེམས་ཀྱིས་སྨན་སྦྱིན་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་ཉེ་བར་འཁོར་ལ་སོགས་པ་སྐྱེས་ཕྲན་གཞོན་ནུ་བཅུ་བདུན་སྡེའི་ཚོགས་དག་རབ་ཏུ་ཕྱུང་རྫོགས་པར་བསྙེན་པར་བྱས་པ་དེའི་ཚེ་ན། བཅུ་བདུན་སྡེ་དག་གལ་ཏེ་གཅིག་ལ་ལས་སུ་བསྐོ་བ་བབ་ན་ཡང་དེ་དག་ཐམས་ཅད་བསྡོངས་ཏེ་བྱེད་དོ། །ཇི་ཙམ་དུས་གཞན་ཞིག་ན་གཙུག་ལག་ཁང་དེར་མཚན་ཐོགས་ཐག་ཏུ་ཆོས་མཉན་པ་བྱུང་ནས་དེར་དེ་དག་ཐམས་ཅད་ཀྱིས་བསྡོངས་ཏེ་ཏྲོན་བྱས་སོ། །ཕྱི་དེ་ཉིན་པར་དགེ་འདུན་གྱི་བསྲོ་གང་བྱུང་ནས་དེར་ཡང་དེ་དག་ཐམས་ཅད་ཀྱིས་བསྡོངས་ཏེ་ཏྲོན་བྱས་སོ། །དེའི་ཕྱི་དེ་ཉིན་པར་བཅུ་བདུན་སྡེ་ལས་གཅིག་ལ་དགེ་སྐོས་བབ་ནས་དེའི་ཉིན་མོ་ཡང་ཐམས་ཅད་ཀྱིས་གཙུག་ལག་ཁང་བརྒྱན་ཏེ་འཁོད་དོ། །དེ་ན་དགེ་སྐོས་ཏྲོན་བྱེད་པའི་ཚེ་བཅུ་བདུན་སྡེ་ལས་གཅིག་ལ་བློ་བྱུང་བ་བདག་ནི་ཆད་ཀྱིས་ཉལ་ལོ། །མི་བཅུ་དྲུག་གིས་ཅིའི་ཕྱིར་ཏྲོན་མི་ནུས་སྙམ་མོ། །དེ་བཞིན་དུ་རེ་རེ་ལ་ཡང་བློ་དེ་ལྟ་བུ་བྱུང་ནས་གཞན་བཅུ་དྲུག་པོ་ཐམས་ཅད་སོ་སོར་ཉལ་དུ་དོང་ངོ་། །དགེ་སྐོས་དེ་འབའ་ཞིག་གཅིག་པུས་མཚན་ཐོག་ཐག་ལས་བྱས་ཏེ། མཚན་མོ་ནམ་ནངས་པ་དང་། མར་མེའི་ཀོང་བུ་དག་བསྡུས། སྒོ་དག་ཕྱེ། གཙུག་ལག་ཁང་ཆག་ཆག་བཏབ། བྱུག་པ་བྱས་ཏེ། དུས་ཤེས་པར་བྱས་ནས་སྟན་བཤམས་ཤིང་མཆོད་རྟེན་གྱི་འཁོར་སར་བདུག་སྤོས་བྲིམས་ཏེ། གཙུག་ལག་ཁང་གི་སྟེང་དུ་འགྲེང་ནས་གཎྜཱི་བརྡུང་བར་བརྩམས་སོ། །དེ་ནས་བཅུ་དྲུག་པོ་དེ་དག་གཎྜཱིའི་སྒྲས་སད་ནས། རང་རང་གི་གནས་ཁང་དག་ནས་ལྷུང་བཟེད་ཐོགས་ཏེ་བྱུང་བ་དང་། དེ་དག་གིས་དགེ་སྐོས་དེ་གཅིག་པུ་ཕར་རྒྱུགས་ཚུར་རྒྱུག་ཅིང་འདུག་པ་མཐོང་ནས། དེ་དག་གིས་ཕན་ཚུན་སྨྲས་པ། ཚེ་དང་ལྡན་པ་དག་འདི་གཅིག་པུ་ཕར་རྒྱུག་ཚུར་རྒྱུག་ཅིང་འདུག་ན། ཡུ་བུ་ཅག་ལས་སུས་ཀྱང་འདིའི་གྲོགས་མ་བྱས་སམ། གཅིག་གིས་སྨྲས་པ། ཁོ་བོ་ལ་བློ་བྱུང་བ་བདག་ནི་ཆད་ཀྱི་ཉལ་ལོ། །མི་བཅུ་དྲུག་གིས་ཅིའི་
ཕྱིར་ཏྲོན་མི་ནུས་སྙམ་མོ། །དེ་བཞིན་དུ་གཞན་ཡང་དེ་སྐད་ཟེར། གཞན་དག་ཀྱང་ཟེར་ཏེ། ཐམས་ཅད་ཀྱིས་དེ་སྐད་སྨྲས་སོ། །དེ་ནས་བཅུ་དྲུག་པོ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་འདི་བདག་ཅག་གི་འཕྲལ་གྱི་བྱ་བ་ཐམས་ཅད་ལ་ཐོག་མར་འགྲོ་བ་ཡིན་ན། བདག་ཅག་གིས་འདིའི་གྲོགས་མ་བྱས་པ་ནི་ཡུ་བུ་ཅག་གིས་མ་ལེགས་པ་བྱས་ཏེ། འདི་བདག་ཅག་ལ་གཤེ་བར་འགྱུར་གྱིས། ཟན་ཟོས་མ་ཐག་ཏུ་བཟོད་པ་གསོལ་བར་བྱའོ་ཞེས་དེ་དག་གིས་ཟན་ཟོས་ནས་བཟོད་པ་གསོལ་བར་བརྩམས་ཏེ། གཞོན་པ་རྣམས་ཀྱིས་ནི་དེའི་རྐང་པ་གཉིས་ལ་གཏུགས། རྒན་པ་རྣམས་ཀྱིས་ནི་མགུལ་ནས་འཁྱུད་དེ་ཚེ་དང་ལྡན་པ་བཟོད་པར་གསོལ་ཞེས་བྱས་ནས་དེ་ཅང་མི་སྨྲ་བ་ཉིད་དུ་འདུག་གོ་།དེ་དང་ཆེས་བཤེས་པ་གཅིག་ཡོད་པ་དེས་ག་ག་ཚིལ་བྱས་པ་དང་། དེས་དགོད་པར་བརྩམས་ཏེ་བཟོད་དོ་ཞེས་ཀྱང་ཟེར་རོ། །དེ་དག་གིས་བསམས་པ། དེ་ནི་ཐབས་ལེགས་པ་ཡིན་ནོ་སྙམ་ནས། གཞན་གྱིས་ཀྱང་ག་ག་ཚིལ་བྱས་ཤིང་དེ་བཞིན་དུ་ཐམས་ཅད་ཀྱི་བར་གྱིས་ག་ག་ཚིལ་བྱས་པ་དང་། དེ་རླུང་གྱེན་དུ་འཆུགས་ཏེ་དུས་ལ་བབ་བོ། །དེ་དག་བརྟད་ཅིང་མྱ་ངན་བྱ་བར་བརྩམས་པ་དང་། དགེ་སློང་རྣམས་གྱིས་སྨྲས་པ། ཀྱེ་བཅུ་བདུན་སྡེ་དག་ཅིའི་ཕྱིར་བརྟད་ཅིང་མྱ་ངན་བྱེད། དེ་དག་གིས་སྨྲས་པ། བདག་ཅག་སྔོན་ནི་བཅུ་བདུན་སྡེར་གྱུར་ན། ད་ནི་བཅུ་དྲུག་སྡེར་གྱུར་ཏེ། ཚངས་པ་མཚུངས་པར་སྤྱོད་པ་ཡིད་དུ་འོང་པ་དང་བྲལ་ཞིང་ཕམ་པར་གྱུར་པའི་ལྟུང་བ་བྱུང་ངོ་། །དགེ་སློང་དེ་དག་གིས་མ་ལེགས་སོ་ཞེས་སྨྲས་ཏེ་དོང་ངོ་། །བཅུ་དྲུག་པོ་དེ་དག་ཀྱང་མཐའ་ཅིག་ཏུ་དོང་སྟེ། སེམས་ཁོང་དུ་ཆུད་ཅིང་འཁོད་པ། དགེ་སློང་གཞན་དག་གིས་མཐོང་ནས། དགེ་སློང་དེ་དག་གིས་སྦྱོར་བར་བརྩམས་ཏེ། ཚེ་དང་ལྡན་པ་བཅུ་བདུན་སྡེ་འདི་དག་ནི་སོག་མའི་མེ་བཞིན་དུ་སྐད་ཅིག་གིས་འབར་ཞིང་སྐད་ཅིག་གིས་ཤི་བར་འགྱུར་ཏེ། ཡུད་ཙམ་ཞིག་གིས་རྒོད་བག་བྱེད་ཅིང་ཡུད་ཙམ་ཞིག་གིས་སེམས་ཁོང་དུ་ཆུད་ཅིང་འཁོད་དོ་ཞེས་ཟེར་རོ། །དེ་དག་མྱ་ངན་གྱི་མེས་ཡིད་གདུངས་པས། ཡོངས་སུ་སྤྱོད་ཀྱང་ཅང་མི་སྨྲ་བར་འཁོད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། དགེ་སློང་དག་དགེ་སློང་དེ་རྣམས་ལ་ནི་ལྟུང་བ་མེད་དེ། ཡང་དགེ་སློང་གིས་ག་ག་ཚིལ་མི་བྱའོ། །བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་བཅུ་གཅིག་པ། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ནས་ཧ་ཅང་མི་རིང་བ་ན་རི་བྲགས་ཤིག་ཡོད་པ་དེ་ན་ཁྱིམ་བདག་ཕྱུག་པ་ནོར་མང་བ་ལོངས་སྤྱོད་ཆེ་བ་ཞིག་འདུག་སྟེ། དེ་ཡང་དད་པ་ཅན་བཟང་བ་དགེ་བའི་བསམས་པ་ཅན་ཡིན་པས། དེས་དགེ་འདུན་ལ་བསྡོས་ཏེ། གཙུག་ལག་ཁང་རྟ་བབས་མཐོན་པོ་དང་། སྐར་ཁུང་དང་། སྐར་ཁུང་དྲ་བ་ཅན་དང་། ལན་ཀན་གྱིས་བརྒྱན་པ། སྙིང་དང་མིག་འཕྲོག་པ། མཐོ་རིས་ཀྱི་ཐེམ་སྐས་སུ་གྱུར་པ་ཞིག་བྱེད་དུ་བཅུག་གོ་།གཙུག་ལག་ཁང་དེར་དགེ་སློང་དྲུག་ཅུས་དབྱར་གནས་པ་དག་བྱས་ཏེ་དོང་ནས་ཁྱིམ་བདག་དེས་དེར་མ་བྱིན་པར་ལེན་པ་དག་གི་ཁྲིའམ་ཁྲིའུ་དག་མི་རྐུས་པར་གྱིས་ཤིག་ཅེས་སྲུང་མའི་མི་བཞག་གོ་།ཇི་ཙམ་དུས་གཞན་ཞིག་ན་དགེ་སློང་གཞན་དྲུག་ཅུ་ལྗོངས་རྒྱུ་ཞིང་འགྲོ་བ་ན་རི་བྲགས་དེར་ཕྱིན་ནས། བསྟི་གནས་རྙན་པར་བྱེད་པ་ན་མི་ཞིག་གིས་སྨྲས་པ། འཕགས་པ་དག་ཁྱེད་ཅག་ཅིའི་སླད་དུ་གཙུག་ལག་ཁང་དུ་མི་གནས། བཞིན་བཟང་གཙུག་ལག་ཁང་ག་ལ་ཡོད། འཕགས་པ་དག་དགོན་པ་འདི་ནའོ། །དགེ་སློང་དེ་དག་དེར་དོང་བ་དང་། སྲུང་མའི་མིས་མཐོང་ནས། དེས་འོངས་པ་ལེགས་སོ་ཞེས་བྱ་བའི་ཚིག་གིས་བསྙེན་བཀུར་བྱས་ཏེ། གནས་ཁང་དག་བསྐོས་ནས་ཁྲི་དང་ཁྲིའུ་དང་སྟན་ནང་ཚངས་ཅན་དང་། ལ་བ་ལ་སོགས་པ་དག་ཕུལ་ཏེ། སྦྱངས་ཙགས་གཡར་ནས་སྨྲས་པ། འཕགས་པ་དག་རེ་ཞིག་ཆབ་བཙག་པར་མཛོད་ཅིག་དང་། དེའི་བར་དུ་བདག་གིས་ཁྱིམ་བདག་ལ་བརྗོད་པར་བགྱིའོ་ཞེས་མི་དེ་ཁྱིམ་བདག་གི་དྲུང་དུ་སོང་སྟེ། སྨྲས་པ། ཁྱིམ་བདག་དགྱེས་པ་སྐྱེད་ཅིག །ཁྱོད་ཀྱི་གཙུག་ལག་ཁང་དུ་དགེ་སློང་གློ་བུར་དུ་ལྷགས་པ་དྲུག་ཅུ་མཆིས་སོ། །ཁྱིམ་བདག་གུས་པར་བསྒྲིམ་པ་དང་བཅས་
པས་ནང་མི་དག་ལ་སྨྲས་པ། ཤེས་ལྡན་དག་ཁོ་བོའི་གཙུག་ལག་ཁང་དུ་དགེ་སློང་གི་དགེ་འདུན་བྱོན་པ་དེ་དག་ལེགས་པར་སྦྱར་བའི་བཏུང་བས་ཚིམ་པར་བྱས། བུ་རམ་དང་ཧྭགས་དང་ལི་ཁར་དང་དགུན་དང་བལ་བུ་སེའུ་ལོང་ཞིག་ཅེས་ཁྱིམ་བདག་ལེགས་པར་སྦྱར་བའི་བཏུང་བ་སྦྱར་ནས་གཙུག་ལག་ཁང་དུ་སོང་བ་དང་། དགེ་སློང་དག་ཀྱང་ཆུ་བཙགས་ཏེ་རང་རང་གི་སྤྱོད་ལམ་གྱིས་འཁོད་དོ། །ཁྱིམ་བདག་དེས་དགེ་སློང་དེ་དག་ཐག་རིང་པོ་ཁོ་ན་ནས་མཐོང་སྟེ། དེས་གཙུག་ལག་ཁང་དེ་མཚོ་པདྨས་གང་བ་བཞིན་དུ་མཐོང་ནས། རྒྱ་ཆེར་དད་པའི་ཤུགས་ཀྱིས་བསྒྱུར་བའི་རྒྱུད་ཀྱིས་ཚིགས་སུ་བཅད་པ་སྨྲས་པ། གྲོང་ངམ་ཡང་ན་དགོན་པའང་རུང་། །གཤོང་ངམ་ཡང་ན་ཐང་ཡང་རུང་། །གང་ན་འོས་པ་གནས་པ་ཡི། །ས་གཞི་དེ་ནི་དགའ་བྱེད་ཡིན། །དེ་ནས་ལེགས་པར་སྦྱར་བའི་བཏུང་བ་སྟ་གོན་བྱས་ཏེ། རང་གི་ལག་ནས་དགེ་སློང་གི་དགེ་འདུན་དེ་ཚིམ་པར་བྱས་ནས། རང་ཉིད་ཀྱིས་པོག་པོར་ཐོགས་ཏེ། དགེ་སློང་གི་དགེ་འདུན་དང་ལྷན་ཅིག་མཆོད་རྟེན་ལ་ཕྱག་འཚལ་ནས་གཙུག་ལག་ཁང་དུ་ཞུགས་ཏེ་རྒན་པའི་མཐའ་ལོགས་སུ་འདུག་གོ་།དགེ་འདུན་གྱི་གནས་བརྟན་གྱིས་ཡོན་བཤད་ནས། །ཁྱིམ་བདག་དེས་རྐང་པ་གཉིས་ལ་ཕྱག་འཚལ་ཏེ། སང་བདག་གི་སྡུམ་པར་འཕགས་པའི་དགེ་འདུན་གྱིས་གདུགས་ཚོད་གསོལ་བར་ཅི་གནང་ཞེས་སྨྲས་པ་དང་། དགེ་སློང་རྣམས་ཀྱིས་ཀྱང་དང་དུ་བླངས་ནས། ཁྱིམ་བདག་དེས་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་སོང་ངོ་། །ཁྱིམ་བདག་དེས་ཕྱི་དེ་ཉིན་པར་ཟས་བསོད་པས་དགེ་སློང་དག་ཚིམ་པར་བྱས་ཤིང་དུས་མ་ཡིན་པར་ཡང་བཏུང་བ་བླུད་ནས། དགེ་སློང་རྣམས་ཀྱིས་ཀྱང་ཆོས་སྟོན་ཏོ། །ཕྱིས་ཀྱང་དེ་ཁོ་ན་བཞིན་དུ་དགེ་འདུན་གྱི་གནས་བརྟན་གྱིས་ཡོན་བཤད་པ་དང་། ཁྱིམ་བདག་དེ་རྒན་པའི་མཐའ་ལོགས་སུ་འདུག་སྟེ་སྨྲས་པ། འཕགས་པ་དག་བདག་གིས་གཙུག་ལག་ཁང་འདི་བདག་ཉིད་ཀྱི་སླད་དུ་ཡང་བགྱིད་དུ་མ་སྩལ། ཉེ་དུ་རྣམས་ཀྱི་སླད་དུ་ཡང་བགྱིད་དུ་མ་སྩལ་ཀྱི། འདི་ལྟར་འཕགས་པ་རྣམས་ཀྱི་སླད་དུ་བགྱིད་དུ་སྩལ་པ་ལགས་ཀྱིས་འདི་ཉིད་དུ་དབྱར་གནས་པར་
ཞལ་གྱིས་བཞེས་ཤིག་དང་། བདག་གིས་འཕགས་པ་རྣམས་ལ་ཡོ་བྱད་ཐམས་ཅད་ཀྱིས་མི་བྲེལ་བར་བགྱིའོ། །དགེ་སློང་རྣམས་ཀྱིས་སྨྲས་པ། ཁྱིམ་བདག་གཉན་ཡོད་ན་བཅོམ་ལྡན་འདས་ཆོས་ཀྱི་རྗེ་མངོན་སུམ་དུ་བཞུགས་ཤིང་། དུས་དང་དུས་སུ་དགེ་སློང་ཆེ་གེ་མོ་ཞིག་གིས་ནི་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས། ཆེ་གེ་མོ་ཞིག་གིས་ནི་མི་སྡུག་པའི་བར་གྲུབ་བོ་ཞེས་ཤེས་པ་བརྡ་སྤྲོད་པ་དག་ཀྱང་ཐོས་པར་འགྱུར། རྒྱལ་པོ་ཡང་བསྟན་པ་ལ་ཤིན་ཏུ་དད། བཙུན་མོ་ཕྲེང་ལྡན་མ་དང་རྒྱལ་རིགས་དབྱར་ཚུལ་མ་དང་། བླ་མཁྱེན་དྲང་སྲོང་བྱིན་དང་། རྙིང་པ་དང་། དགེ་བསྙེན་མ་ས་ག་དང་། རི་དྭགས་འཛིན་གྱི་མ་དང་། གཞན་ཡང་དད་པ་ཅན་མང་དུ་ཡོད་པས། དེར་ཟང་ཟིང་གི་ལོངས་སྤྱོད་དང་། ཆོས་ཀྱི་ལོངས་སྤྱོད་ཆེན་པོ་ཡང་འགྲུབ་པས་བདག་ཅག་དེ་ཉིད་དུ་འདོང་ངོ་། །འཕགས་པ་དག་ཆོས་ཀྱི་ལོངས་སྤྱོད་ནི་འཕགས་པ་བདག་ཉིད་ལ་རག་ལས་པ་ལགས་ཀྱི། ཟང་ཟིང་གི་ལོངས་སྤྱོད་ནི་བདག་ལ་རག་ལས་པ་ལགས་པས་དགྱེས་པ་སྐྱེད་ཅིག་དང་། ཅུང་ཟད་ཀྱང་ཉམས་པར་མི་འགྱུར་རོ། །དགེ་འདུན་གྱི་གནས་བརྟན་གྱིས་སྨྲས་པ། ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ཀྱིས་དད་པ་ཅན་གྱི་དད་པ་སྤེལ་བར་བྱ་ཞིང་སྦྱིན་བདག་ལ་རྗེས་སུ་སྙིང་བརྩེ་བར་བྱའོ་ཞེས་གསུངས་པས། འདི་ཉིད་དུ་འཁོད་པར་བྱའོ་ཞེས་དེ་དག་དེར་འཁོད་ནས། བློ་བརྟན་པས་གཙུག་ལག་ཁང་དེའི་ཕྱི་ནང་བཅས་པར་སོ་སོར་བརྟག་པར་བརྩམས་པ་དང་། གཙུག་ལག་ཁང་དེ་མེ་ཏོག་ཕུན་སུམ་ཚོགས་པ་དང་། འབྲས་བུ་ཕུན་སུམ་ཚོགས་པ་ཤིན་ཏུ་དགའ་བ་མཐོང་ནས། དགེ་འདུན་གྱི་གནས་བརྟན་གྱིས་སྨྲས་པ། ཚེ་དང་ལྡན་པ་དག་གཙུག་ལག་ཁང་འདི་མེ་ཏོག་ཕུན་སུམ་ཚོགས་པ། འབྲས་བུ་ཕུན་སུམ་ཚོགས་པ་ཤིན་ཏུ་དགའ་བ་ཡིན་པས། གལ་ཏེ་བདག་ཅག་གིས་འདིར་དབྱར་སྔ་མ་གནས་པར་ཁས་བླངས་ན་མེ་ཏོག་དང་འབྲས་བུ་ཐམས་ཅད་ཡོངས་སུ་ལོངས་སྤྱད་པར་མི་འགྱུར་གྱིས། བདག་ཅག་གིས་ངེས་པར་དབྱར་ཕྱི་མ་གནས་པར་ཁས་བླང་བར་བྱའོ་ཞེས་དེ་དག་གིས་དེར་དབྱར་ཕྱི་མ་གནས་པར་ཁས་བླངས་སོ། །ཁྱིམ་བདག་དེ་ལ་གཙུག་ལག་ཁང་དེ་གཅིག་པུ་འབའ་
ཞིག་ཡོད་པས་དེ་སྦྱིན་པ་དང་བྱ་བར་སེམས་པ་གང་ཡིན་པ་དེ་ཐམས་ཅད་གཙུག་ལག་ཁང་དེ་ཉིད་དུ་སྦྱིན་ཞིང་བྱེད་དོ། །རི་བྲགས་དེ་ན་ཡང་གཙུག་ལག་ཁང་གཞན་མེད་པས་རི་བྲགས་པ་དེ་དག་ཀྱང་སྦྱིན་པ་དང་བྱ་བར་སེམས་པ་གང་ཡིན་པ་དེ་ཐམས་ཅད་གཙུག་ལག་ཁང་དེ་ཉིད་དུ་སྦྱིན་ཞིང་བྱེད་དོ། །རི་བྲགས་དེའི་ཉེ་འཁོར་ན་ཡང་གཙུག་ལག་ཁང་གཞན་མེད་པས། རི་བྲགས་ཀྱི་ཉེ་འཁོར་བ་དེ་དག་ཀྱང་སྦྱིན་པ་དང་བྱ་བར་སེམས་པ་གང་ཡིན་པ་དེ་དག་ཐམས་ཅད་གཙུག་ལག་ཁང་དེ་ཉིད་དུ་སྦྱིན་ཞིང་བྱེད་པས། དེར་དབྱར་གནས་པར་ཁས་བླངས་པའི་དགེ་སློང་རྣམས་ལ་རྙེད་པ་མང་པོ་བྱུང་ངོ་། །སྟོན་ཟླ་ཐ་ཆུང་གི་གཡོན་ཅན་དག་གི་ཀུན་ཏུ་སྤྱོད་པ་ནི། དགག་དབྱེ་བྱས་མ་ཐག་ཏུ་འདུས་ཏེ་བདག་ཅག་གིས་ལས་ཅི་ཞིག་བྱས་ན། དེས་བརྩལ་མི་དགོས་པར་ལོ་སྐོར་དུ་ལོངས་སྤྱོད་ཅིང་བདེ་བར་འཁོད་པར་འགྱུར་ཞེས་ཕན་ཚུན་གྲོས་བྱེད་དོ། །དེ་དག་འདི་སྙམ་དུ་སེམས་ཏེ། ཤཱཀྱའི་སྲས་ཀྱི་དགེ་སྦྱོང་འདི་དག་གཞོམ་པར་བྱའོ་སྙམ་མོ། །གཞན་དག་གིས་སྨྲས་པ། དེ་དག་ནི་སྒོ་འཕར་བརྒྱ་སྙེད་བཟླ་བ་བྱས་ཀྱང་ལྟོ་ཁེངས་པ་འགྲུབ་པར་དཀའ་བས་དེ་དག་ལ་ཅི་ཡང་མེད་ན། བདག་ཅག་ཅིའི་ཕྱིར་ཡུལ་དེ་སྲིད་དུ་བསྡད་པར་བྱ། དེ་ན་དགེ་སློང་གི་རྒྱུས་ཤེས་པ་གཅིག་འདུག་པས་སྨྲས་པ། ཁྱེད་ཅི་ཤེས། དེ་དག་ལ་མང་དུ་ཡོད་དོ། །ཇི་ལྟར་རེ་ཞིག་གཙུག་ལག་ཁང་འདི་གང་གི་ཡིན་པ་ཁྱིམ་བདག་དེ་ནི་དད་ཅན་བཟང་བ་དགེ་བའི་བསམ་པ་ཅན་ཡིན་ལ། ཁྱིམ་བདག་དེ་ལ་ཡང་གཙུག་ལག་ཁང་འདི་གཅིག་པུ་འབའ་ཞིག་ཡོད་པས། དེ་སྦྱིན་པ་དང་། བྱ་བར་སེམས་པ་གང་ཡིན་པ་དེ་ཐམས་ཅད་གཙུག་ལག་ཁང་འདི་ཉིད་དུ་སྦྱིན་ཞིང་བྱེད་དོ། །རི་བྲགས་འདི་ན་ཡང་གཙུག་ལག་ཁང་གཞན་མེད་པས་རི་བྲགས་པ་འདི་དག་ཀྱང་སྦྱིན་པ་དང་བྱ་བར་སེམས་པ་གང་ཡིན་པ་དེ་ཐམས་ཅད་གཙུག་ལག་ཁང་འདི་ཉིད་དུ་སྦྱིན་ཞིང་བྱེད་དོ། །རི་བྲགས་འདིའི་ཉེ་འཁོར་ན་ཡང་གཙུག་ལག་ཁང་གཞན་མེད་པས། རི་བྲགས་ཀྱི་ཉེ་འཁོར་བ་འདི་དག་ཀྱང་སྦྱིན་པ་དང་བྱ་བར་སེམས་པ་གང་ཡིན་པ་དེ་ཐམས་ཅད་གཙུག་ལག་ཁང་འདི་ཉིད་དུ་སྦྱིན་ཞིང་བྱེད་པས་འདིར་དབྱར་
གནས་པར་ཁས་བླངས་པའི་དགེ་སློང་རྣམས་ལ་རྙེད་པ་མང་པོ་བྱུང་ངོ་། །གལ་ཏེ་ཡིད་མི་ཆེས་ན་སོང་ལ་ལྟོས་ཤིག་དང་རང་ཉིད་ཀྱི་མངོན་སུམ་དུ་འགྱུར་རོ། །གལ་ཏེ་དེ་ལྟ་ན་ཁྱོད་ཉིད་ཇེ་སོང་ལ་མངོན་སུམ་དུ་གྱིས་ཤིག་དང་། ཁོ་བོ་ཅག་ཕྱིས་འོང་ངོ་། །དེས་སྨྲས་པ། ལེགས་ཀྱིས་དེ་བཞིན་གྱིས་ཤིག་དང་། ཁོ་བོ་འགྲོའོ་ཞེས་དེས་གོས་ཚགས་བཅོས་ཏེ། འཕགས་ཤིང་དེ་ནས་ཚིགས་སུ་བཅད་པའི་དབྱངས་ཀྱིས་མཆོད་རྟེན་ལ་ཕྱག་འཚལ་ཏེ། གཙུག་ལག་ཁང་དེར་ཞུགས་སོ། །ཇི་ཙམ་ན་སྒོ་ཁང་ན་རྒན་ཞུགས་ཤིག་འདུག་ནས་གཡོན་ཅན་དེ་དེའི་རྐང་པ་ལ་ཕྱག་འཚལ་ཏེ་དྲི་བར་བརྩམས་པ། འཕགས་པ་གཙུག་ལག་ཁང་སྙིང་དང་མིག་འཕྲོག་པ་མཐོ་རིས་ཀྱི་ཐེམ་སྐས་སུ་གྱུར་པ་འདི་སུའི་ལགས། བཞིན་བཟང་ཁྱིམ་བདག་ཆེ་གེ་མོ་ཞིག་གི་ཡིན་ནོ། །འཕགས་པ་ཅི་འདི་གཙུག་ལག་ཁང་ལགས་སམ། འོན་ཏེ་ཕོངས་པ་ལགས། བཞིན་བཟང་གཙུག་ལག་ཁང་ནི་ཇི་ལྟ་བུ་ཡིན། ཕོངས་པ་ནི་ཇི་ལྟ་བུ་ཡིན། འཕགས་པ་གང་ན་ཡོ་བྱད་ཕུན་སུམ་ཚོགས་པ་ནི་གཙུག་ལག་ཁང་ལགས་སོ། །གང་ན་ཡོ་བྱད་མ་མཆིས་པ་ནི་ཕོངས་པ་ལགས་སོ། །བཞིན་བཟང་འོ་ན་འདི་ནི་གཙུག་ལག་ཁང་ཡིན་གྱི། ཕོངས་པ་མ་ཡིན་ཏེ། འདི་ན་ཡོ་བྱད་ཕུན་སུམ་ཚོགས་པ་ཡོད་ཀྱི། འདི་ན་ཡོ་བྱད་མེད་པ་མ་ཡིན་ནོ། །འཕགས་པ་ཟས་ཟ་བ་ནི་འགའ་ཡང་ས་རྡུལ་མི་ཟ་ལ། གོས་དག་གྱོན་པ་ནི་འགའ་ཡང་ཤིང་ཤུན་དག་མི་གྱོན་པས་ཁྱེད་ཅག་ལ་གོས་ཅུང་ཟད་མཆིས་སམ། རྒན་ཞུགས་དེ་དྲང་བའི་རང་བཞིན་ཅན་ཡིན་པས། དེས་གཡོན་ཅན་དེའི་ལག་ནས་བཟུང་སྟེ་གནས་ཁང་དུ་བཅུག་ནས་སྨྲས་པ། བཞིན་བཟང་གོས་ཀྱི་གདང་གོས་དག་གིས་ཕུར་ཤོག་ཅིང་འདུག་པ་ལ་ལྟོས། འཕགས་པ་ཅི་འདི་ཁྱོད་ཀྱི་ལགས་སམ། འོན་ཏེ་དགེ་འདུན་གྱི་ལགས། བཞིན་བཟང་འདི་ཁོ་བོ་གང་ཟག་གི་ཡིན་ནོ། །འཕགས་པ་འོ་ན་ཁྱོད་ནི་གོར་མ་བཀུམ་པར་དགེ་འདུན་གྱི་གནས་བརྟན་ནམ་ཆོས་སྒྲོག་པ་ཞིག་ལགས་སོ། །བཞིན་བཟང་ཁོ་བོ་ནི་དགེ་འདུན་གྱི་གནས་བརྟན་ཡང་མ་ཡིན་ལ་ཆོས་སྒྲོག་པ་ཡང་མ་ཡིན་ཏེ། འདི་ལྟར་ཁོ་བོ་ནི་དགེ་འདུན་གསར་བུ་དགེ་ཚུལ་ཞིག་ཡིན་ནོ། །
འཕགས་པ་དེ་ནི་མཇལ་ན་འདི་ན་དགེ་འདུན་གྱི་གནས་མལ་ཅུང་ཟད་མཆིས་སམ། བཞིན་བཟང་མང་དུ་ཡོད་དེ། རེ་ཞིག་ཁོ་བོའི་བྱུག་རིས་སུ་ཡང་དངོས་པོ་བདུན་པོ་དག་འཐོབ་བོ། །འཕགས་པ་དེ་ཡང་མཇལ་གྱིས་འདི་ཞུའོ། །གཙུག་ལག་ཁང་འདི་ན་གང་ལ་ལ་འཚལ་མ་བགྱིད་པ་དེ་ཅི་རྫ་མཁན་གྱི་སྣོད་དུ་འཚོད་དམ། འོན་ཏེ་ཟངས་མའི་སྣོད་དུ་འཚོད། བཞིན་བཟང་ཁྱོད་ཀྱིས་གནས་ཁང་འདི་དག་མཐོང་ངམ། འཕགས་པ་མཐོང་ངོ་། །བཞིན་བཟང་གནས་ཁང་འདི་ཟངས་མའི་སྣོད་ཀྱིས་གང་ཞིང་འདུག་གོ་།གཡོན་ཅན་དེས་བསམས་པ་ལེགས་པར་བྲིད་ཟིན་གྱིས་ད་ནི་འགྲོའོ་སྙམ་ནས་གཡོན་ཅན་དེས་སྨྲས་པ། འཕགས་པ་ཁྱོད་ཀྱི་དགེ་བའི་ཕྱོགས་ཡོངས་སུ་ཉམས་པ་ནི་བདག་གི་དོན་ཡོངས་སུ་ཉམས་པ་ལགས་པས་བདག་སླད་ཀྱིས་ཀྱང་མཆིའི་ད་ནི་མཆིའོ། །བཞིན་བཟང་དེ་བཞིན་གྱིས་ཤིག །གཡོན་ཅན་དེས་རྒན་ཞུགས་དེའི་རྐང་པ་ལ་ཕྱག་འཚལ་ཏེ་སོང་ནས། གཡོན་ཅན་དེ་ཆོམ་རྐུན་པ་དེ་དག་གི་དྲུང་དུ་སོང་སྟེ་སྨྲས་པ། པད་མའི་མིག་ཅན་དག་རྫས་ཐམས་ཅད་ཀྱིས་གང་བའི་གྲུ་བོ་ཆེ་སྐམས་ལ་འདུག་གིས་ཕྲོགས་ཤིག་ཕྲོགས་ཤིག །དེ་ནས་གཅིག་གིས་སྨྲས་པ། དེ་ན་འཁོད་པའི་རབ་ཏུ་བྱུང་བ་དྲུག་ཅུ་པོ་དག་ནི་འཕོང་གི་སློབ་དཔོན་ཤ་སྟག་ཡིན་ཞེས་གྲགས་པས། དེ་བཞིན་དུ་གཞོམ་པར་མི་ནུས་ཀྱིས། གང་གིས་ཚེ་དེ་དག་མཚན་མོ་ཆོས་ཉན་པ་དེའི་ཚེ་གཞོམ་མོ། །གཞན་དག་གིས་སྨྲས་པ། ཉི་མ་གང་ལ་དེ་དག་གི་ཆོས་ཉན་པ་འབྱུང་བར་འགྱུར། དེས་སྨྲས་པ། ཚེས་བརྒྱད་དང་བཅུ་བཞི་ལ་འབྱུང་སྟེ། དེ་ལ་ཚེས་བརྒྱད་ནི་ཐལ་ཟིན་པས། ཚེས་བཅུ་བཞི་ལ་འབྱུང་བར་འགྱུར་རོ། །དེ་དག་སོར་མོ་དག་གིས་ཉི་མ་བགྲང་ཞིང་འཁོད་འཁོད་ནས། ཇི་ཙམ་ན་ཚེས་བཅུ་བཞི་ལ་བབ་སྟེ། དགེ་འདུན་གྱི་གནས་བརྟན་གྱིས་སོ་སོར་ཐར་པའི་མདོ་བཏོན་ཏེ། དགེ་འདུན་གྱི་གསོ་སྦྱོང་བྱས་ནས། ཆོས་སྒྲོག་པ་སེང་གེའི་ཁྲི་ལ་འཛེགས་ཏེ་འདི་སྐད་ཅེས། མི་མཆོག་འདུལ་བ་ཁ་ལོ་སྒྱུར་མཛད་པ། །ཀུན་སྦྱོར་འཆིང་བ་གཅོད་པ་དེ་བཞིན་གཤེགས། །དབང་པོ་ཞི་ཞིང་ཉེར་ཞི་ཞི་ལ་མཁས། །མཉན་ཡོད་བཞུགས་པའི་བཀའ་བཞིན་བྱེད་ལ་
གསུངས། །ཞེས་སྨྲ་བར་བརྩམས་པ་དང་། གཡོན་ཅན་དེ་དག་གིས་སྒོ་བརྡུངས་སོ། །དགེ་སློང་དེ་དག་གིས་ཚོར་ནས་སྨྲས་པ། ཤེས་ལྡན་དག་ཁྱེད་ཅག་སུ་ཡིན། འཕགས་པ་དག་བདག་ཅག་རིགས་ཀྱི་བུ་དག་གོ། དགེ་སློང་རྣམས་ཀྱིས་བསམས་པ། རི་བྲགས་ནས་སྐྱེ་བོའི་ཚོགས་དག་ཆོས་ཉན་དུ་ལྷགས་གོར་མ་ཆག་གིས་སྒོ་དབྱེའོ་སྙམ་ནས། དེ་དག་གིས་སྒོ་ཕྱེ་བ་དང་དེ་དག་ཞུགས་སོ། །ཇི་ཙམ་ན་གཞོམ་པར་བརྩམ་པ་དང་། དགེ་སློང་རྣམས་ཀྱིས་སྨྲས་པ། ཤེས་ལྡན་དག་ཁྱེད་ཅག་ན་རེ། བདག་ཅག་རིགས་ཀྱི་བུ་དག་གོ་ཞེས་ཟེར་ན། ད་ངེད་ཅག་འཇོམས་པར་བྱེད་དམ། དེ་དག་གིས་སྨྲས་པ། འཕགས་པ་དག་བཅག་ཅག་ལ་མིང་གཉིས་ཏེ། སླད་རོལ་དུ་ནི་རིགས་ཀྱི་བུ་དག་ཅེས་བགྱི་ལ། ནང་དུ་ནི་ཆོམ་རྐུན་པ་དག་ཅེས་བགྱིའོ། །ཁྱེད་ཅག་མིང་འདོགས་པར་བྱེད་པ་ནི་ཉམས་སོ། །གཡོན་ཅན་དེ་དག་གིས་དགེ་སློང་དག་བཅོམ་སྟེ་དོང་ནས། དགེ་སློང་བཅོམ་པ་དེ་དག་གིས་གྲེས་བྱས་པ། ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ཀྱིས་ལྷག་མ་དང་བཅས་པར་བཞོ་བར་བྱའོ་ཞེས་གསུངས་པས་རེ་ཞིག་ཁྱིམ་བདག་འདི་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་སྦྱིན་དུ་བཅུག་སྟེ་ཡང་ཅི་བྱ། བདག་ཅག་ལ་སྦྱིན་དུ་བཅུག་སྟེ་ཡང་ཅི་བྱས། བདག་ཅག་མཉན་ཡོད་ཉིད་དུ་དོང་ན་དེར་བདག་ཅག་རེ་རེ་ལ་ཚངས་པ་མཚུངས་པར་སྤྱོད་པ་དག་གིས་ཆོས་གོས་དག་གིས་མི་ཕོངས་པར་བྱེད་པར་འགྱུར་རོ་ཞེས་གྲོས་བྱས་སོ། །ཇི་ལྟར་འདོང་བར་བྱ། མཚན་མོ་འགེབས་པས་འདོང་ཞིང་ཉིན་མོ་ཐིབས་པོར་ཞུགས་ཏེ་འགྲོ་བར་བྱའོ་ཞེས་དེ་དག་གིས་ཁྱིམ་བདག་ལ་ཡང་མ་བལྟས་པར་དོང་ངོ་། །ཇི་ཙམ་ན་མཐར་གྱིས་མཉན་ཡོད་དུ་ཕྱིན་པ་དང་། དགེ་སློང་དག་ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པར་གནས་པ་དེ་དག་གིས་དགེ་སློང་དེ་དག་སྒྲེན་མོར་སྒོའི་གམ་ཡོ་ན་རྒྱུ་བ་མཐོང་ནས་སྨྲས་པ། གཅེར་བུ་སྒྲེ་བྱི་དག་ཁྱེད་ཅག་འདིར་ཅི་འདོད། འདི་ཁྱེད་ཀྱི་གཙུག་ལག་ཁང་མ་ཡིན་ལ་འདུག་གནས་ཀྱང་མ་ཡིན་ནོ། །དེ་དག་གིས་སྨྲས་པ་ཚེ་དང་ལྡན་པ་དག་བདག་
ཅག་གཅེར་བུ་དག་མ་ཡིན་ནོ། །འོ་ན་ཁྱེད་སུ་ཡིན། དགེ་སློང་དག་གོ། །འདི་ལྟ་བུ་དག་དགེ་སློང་ཡིན་ནམ། གང་དག་རྐུན་པོ་དག་གིས་བཅོམ་པ་དེ་དག་ཇི་ལྟ་བུ་ཡིན། ཁྱེད་ཅག་མིང་ཅི། སངས་རྒྱས་འཚོའོ། །ཆོས་འཚོའོ། །དགེ་འདུན་འཚོའོ། །ཚེ་དང་ལྡན་པ་དག་འོངས་པ་ལེགས་སོ། །འོངས་པ་ལེགས་སོ་ཞེས་དེ་དག་གིས་སྒོ་ཕྱེ་ནས་དགེ་སློང་དེ་དག་འཇུག་ཏུ་བཅུག་སྟེ། དེ་དག་ལ་ལ་ལས་ནི་ཆོས་གོས་བྱིན། ལ་ལས་ནི་ཤམ་ཐགས་བྱིན། ལ་ལས་ནི་རྡུལ་ཟན་བྱིན། ལ་ལས་ནི་ལྷུང་བཟེད་བྱིན། ལ་ལས་ནི་ཆུ་ཚགས་བྱིན་ཏེ། བགོ་བཤའ་ཇི་ལྟ་བ་བཞིན་དུ་ཐམས་ཅད་བགོ་བཤའ་བྱས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ཤེས་པ་ལ་གཙུག་ལག་ཁང་གི་སྒོ་གྱ་ཚོམ་དུ་དབྱེ་བར་མི་བྱ་སྟེ། གལ་ཏེ་འགའ་ཞིག་མཚན་མོ་སྒོ་འདོད་ན། དེའི་མིང་དང་རུས་དྲི་བར་བྱ་ཞིང་གལ་ཏེ་ངོ་ཤེས་ན་སྒོ་དབྱེ་བར་བྱ་ཞིང་། ངོ་མི་ཤེས་ན་སྒོ་དབྱེ་བར་མི་བྱའོ། །གཞན་ཡང་ཆོས་མཉན་པ་ལ་བབ་པའི་ཚེ། དགེ་སློང་མེལ་ཚེ་བ་གཞག་པར་བྱ་ཞིང་། གལ་ཏེ་ཆོམ་རྐུན་འོངས་ན་གཎྜཱི་འོན་ཅིག །གཎྜཱི་ཐེའུ་འོན་ཅིག །དུས་ཀྱི་འཁོར་ལོ་འོན་ཅིག །སྣམ་སྦྱར་དང་། བདུན་པ་དང་། ལྔ་པ་དང་། གཏུར་བུ་དང་། རྒྱ་ཅང་དང་། ཤུར་བུ་དང་། ལྕག་པོ་དེ་དང་། ཤུར་བུ་ཕྲེའུ་འོན་ཅིག་ཅེས་ཚམ་ངམ་བྱའོ། །གཞན་ཡང་ངས་དགེ་སློང་དགེ་འདུན་གྱི་གནས་བརྟན་གྱི་ཀུན་ཏུ་སྤྱོད་པའི་ཆོས་དག་བཅའ་བར་བྱ་སྟེ། དགེ་སློང་དགེ་འདུན་གྱི་གནས་བརྟན་གྱིས་ཆོས་མཉན་པ་ལ་བབ་པའི་ཚེ། དགེ་སྐོས་ལ་ཚེ་དང་ལྡན་པ་ཁྱོད་ཀྱིས་གཙུག་ལག་ཁང་གི་སྒོ་བཅད་དམ། སོ་སོར་བརྟགས་སམ། ཆོས་སྨྲ་བ་ལ་གསོལ་བ་བཏབ་བམ། བཤང་བ་དང་གཅི་བའི་སྐྱབས་བྱི་དོར་བྱས་སམ་ཞེས་དྲི་བར་བྱའོ། །དགེ་སློང་དགེ་འདུན་གྱི་གནས་བརྟན་གྱིས་ཀུན་ཏུ་སྤྱོད་པའི་ཆོས་ཇི་ལྟར་བཅས་པ་དག་ཡང་དག་པར་བླངས་ཏེ་འཇུག་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེ་ནས་ཆོམ་རྐུན་པས་བཅོམ་པའི་དགེ་སློང་དེ་དག་ལ་དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་ཁོ་བོ་ཅག་
གིས་ཁྱེད་ཅག་ལ་བགོ་བཤའ་ཇི་ལྟ་བ་བཞིན་དུ་བགོ་བཤའ་བྱས་མོད་ཀྱི་འོན་ཀྱང་ད་དུང་ཁྱེད་ཅག་ཆོས་གོས་དག་གིས་བྲེལ་གྱིས་ཁྱེད་ཅག་ཁྱིམ་བདག་གང་གི་གཙུག་ལག་ཁང་དུ་བཅོམ་པར་གྱུར་པའི་ཁྱིམ་བདག་དེ་ནི་དད་པ་ཅན་བཟང་བ་དགེ་བའི་བསམ་པ་ཅན་ཡིན་པས་དེ་ཉིད་ཀྱི་གཙུག་ལག་ཁང་དུ་དེང་ཞིག་དང་། དེ་ཉིད་ཀྱིས་ཁྱེད་ལ་ཆོས་གོས་དག་གིས་མི་བྲེལ་བར་བྱེད་པར་འགྱུར་རོ། །དགེ་སློང་དེ་དག་མཐའ་གཅིག་ཏུ་དོང་སྟེ། ཕན་ཚུན་གྲོས་བྱ་བར་བརྩམས་པ། ཚེ་དང་ལྡན་པ་དག་ཚངས་པར་མཚུངས་པར་སྤྱོད་པ་འདི་དག་ཟེར་བ་ནི་བཟང་སྟེ། བདག་ཅག་གིས་ཁྱིམ་བདག་ལ་མ་བལྟས་པར་འོངས་པས་ཡང་ཕྱིར་དེ་ཉིད་དུ་དོང་ན་དེས་བདག་ཅག་ལ་ཆོས་གོས་དག་གིས་བགོ་བཤའ་བྱེད་པར་འགྱུར་བའི་གནས་ཀྱང་ཡོད་དོ་ཞེས་དེ་དག་ཡང་ཕྱིར་དེར་དོང་ངོ་། །དེ་ནས་ཁྱིམ་བདག་དེས་མཐོང་ནས་སྨྲས་པ། འཕགས་པ་དག་ཅིའི་སླད་དུ་ཁྱེད་ཀྱིས་བདག་ལ་མ་གཟིགས་པར་བཞུད། དགེ་སློང་དེ་དག་གིས་སྨྲས་པ། ཁྱིམ་བདག་བཅོམ་ལྡན་འདས་ཀྱིས་ལྷག་མ་དང་བཅས་པར་བཞོ་བར་བྱའོ། །ཞེས་གསུངས་པས། དེས་ན་བདག་ཅག་ལ་བློ་བྱུང་བ་རེ་ཞིག་ཁྱིམ་བདག་འདི་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་སྦྱིན་དུ་བཅུག་སྟེ་ཡང་ཅི་བྱ། བདག་ཅག་ལ་སྦྱིན་དུ་བཅུག་སྟེ་ཡང་ཅི་བྱས། བདག་ཅག་མཉན་ཡོད་དུ་དོང་ན་དེར་བདག་ཅག་ལ་ཚངས་པ་མཚུངས་པར་སྤྱོད་པ་དག་གིས་ཆོས་གོས་དག་གིས་མི་ཕོངས་པར་བྱེད་པར་འགྱུར་རོ་སྙམ་ནས། དེའི་ཕྱིར་བདག་ཅག་མཉན་ཡོད་དུ་དོང་ངོ་། །ཁྱིམ་བདག་གིས་སྨྲས་པ། འཕགས་པ་དག་གལ་ཏེ་བདག་གི་གཙུག་ལག་ཁང་བཅོམ་པས། ཅི་ཁྱིམ་ན་བདག་དབང་བའི་རྫས་དག་ཀྱང་བཅོམ་སྙམ་མམ། འཕགས་པ་དག་ཁྱེད་ཅག་གང་གི་སླད་དུ་བྱོན་པ་ནི་ལེགས་སོ་ཞེས་ཁྱིམ་བདག་དེས་ཡང་རྒྱ་ཆེར་གུས་པ་དང་བཅས་པས་མཁོས་སུ་ཕབ་སྟེ་དགེ་སློང་རེ་རེ་ལ་ཡང་ཡོ་བྱད་བཅུ་གསུམ་བཅུ་གསུམ་ཕུལ་ལོ། །ཆོམ་རྐུན་པ་དེ་དག་ཡང་ཕྱིར་འོངས་ཏེ་གཙུག་ལག་ཁང་གི་སྒོ་རྡུང་བར་བྱེད་པ་དང་། དགེ་སློང་རྣམས་ཀྱིས་ཚོར་ནས་དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་
གཡོན་ཅན་དེ་དག་ཉིད་ལྷགས་ཀྱིས་ཚམ་ངམ་གྱིས་ཤིག་ཅེས། གཎྜཱི་འོན་ཅིག །གཎྜཱིའི་ཐེའུ་དང་། དུས་ཀྱི་འཁོར་ལོ་དང་། སྣམ་སྦྱར་དང་། བདུན་པ་དང་། ལྔ་པ་དང་། གཏུར་བུ་དང་། རྒྱ་ཅང་དང་། ཤུར་བུ་དང་། ལྕག་པོད་དང་། ཤུར་བུ་ཕྲེའུ་འོན་ཅིག་ཅེས་ཚམ་ངམ་བྱ་བར་བརྩམས་པ་དང་། གཡོན་ཅན་དེ་དག་སྐྲག་སྟེ་འབྱེར་བར་བརྩམས་པ་ན། ལྷས་ཚིགས་སུ་བཅད་པ་སྨྲས་པ། ལེགས་གསུངས་རྐང་གཉིས་གཙོ་བོ་ཐུབ་པ་ཡིས། །ཉན་ཐོས་རྣམས་ཀྱི་ཚམ་ངམ་གང་བསྟན་པ། །ཚམ་ངམ་རབ་བརྩོན་པ་དག་མཆོག་ཡིན་གྱི། །གཡོན་ཅན་གཡུལ་ལ་སྡར་བ་གོ་གྱོན་པ། །ལྔ་བརྒྱ་དག་ནི་དེ་ལྟ་མ་ཡིན་ནོ། །གཡོན་ཅན་དེ་དག་ལ་དགེ་སློང་གི་རྒྱུས་ཤེས་པ་དེས་སྨྲས་པ། ཤེས་ལྡན་དག་ཁྱེད་ཅག་ཅིའི་ཕྱིར་འབྱེར་བར་བྱེད། །དེ་དག་གིས་སྨྲས་པ། ཁྱོད་ཉིད་ན་རེ། འདི་ན་འཁོད་པའི་རབ་ཏུ་བྱུང་བ་དྲུག་བཅུ་པོ་དག་ནི་འཕོང་གི་སློབ་དཔོན་ཤ་སྟག་ཡིན་ནོ་ཞེས་ཟེར་བས། ཇི་ལྟར་མི་འབྲོས་སུ་རུང་། གཞན་ཡང་བདག་ཅག་གིས་གཎྜཱི་ཞེས་བྱ་བ་ལ་སོགས་པའི་མཚོན་དེ་ལྟ་བུ་དག་གི་མིང་ནི་སྔོན་ལན་འགའ་ཡང་མ་ཐོས་སོ། །དེས་སྨྲས་པ། དེ་དག་ནི་མཚོན་མ་ཡིན་ནོ། །འོ་ན་དེ་དག་ཅི་ཡིན། རེ་ཞིག་གཎྜཱི་ཞེས་བྱ་བ་ནི། དེ་དག་གི་བརྡུང་བའོ། །གཎྜཱིའི་ཐེའུ་ཞེས་བྱ་བ་ནི་གང་གིས་རྡུང་བར་བྱེད་པའོ། །དུས་ཀྱི་འཁོར་ལོ་ཞེས་བྱ་བ་ནི་དུས་ཡོངས་སུ་གཅོད་པར་བྱེད་པའོ། །སྣམ་སྦྱར་དང་། བདུན་པ་དང་། ལྔ་པ་ཞེས་བྱ་བ་དེ་དག་ནི་ཆོས་གོས་དག་གི་མིང་ངོ་། །གཏུར་བུ་ཞེས་བྱ་བ་ནི་གང་དུ་དེ་དག་གཞུག་པའོ། །རྒྱ་ཅང་དང་། ཤུར་བུ་དང་། ལྕག་པོད་དང་། ཤུར་བུ་ཕྲེའུ་ཞེས་བྱ་བ་དེ་དག་གི་སྐ་རགས་ཀྱི་མིང་ཡིན་གྱི། ཁྱེད་ཅག་མ་སྡར་བར་ཡང་ཕྱིར་འདོང་ལ་གཞོམ་པར་བྱའོ་ཞེས་སྨྲས་ནས། དེ་དག་ཡང་ཕྱིར་ལོག་སྟེ། ཆོམ་རྐུན་པའི་དམག་དཔོན་གྱིས་ཡ་གད་གཙུགས་ཏེ་འཛེག་པར་བརྩམས་པ་དང་། དེ་ན་རྒན་ཞུགས་ཤིག་མེལ་ཚེ་བར་བཞག་པ་དེས་ཆོམ་རྐུན་པའི་དམག་དཔོན་འཛེག་པ་མཐོང་ནས། རྒན་ཞུགས་དེས་བསམས་པ། གཡོན་ཅན་འདི་དག་ནི་གང་དག་གིས་བདག་ཅག་ལྷུང་བཟེད་དང་ཆོས་གོས་ཕྲོགས་ཏེ་སྒྲེན་མོར་བཞག་པ་དག་ཡིན་གྱིས། གལ་ཏེ་འདི་དག་ལ་བཏང་སྙོམས་བྱས་ན། ཡང་འདི་དག་གིས་བདག་ཅག་གི་ལྷུང་བཟེད་
དང་ཆོས་གོས་ཕྲོགས་ཏེ་སྒྲེན་མོར་བཞག་པར་འགྱུར་བས་འདི་དག་བསྡིགས་པར་བྱའོ་སྙམ་ནས། རྒན་ཞུགས་དེས་དལ་བུས་ཁད་ཀྱིས་ཁད་ཀྱིས་སོང་སྟེ། ཆོམ་རྐུན་པའི་དམག་དཔོན་དེའི་མགོར་གཎྜཱི་འཕངས་པ་དང་། དེའི་གླད་པ་ཞོམ་ནས། དེ་བསྣུན་པ་དྲག་པོས་ཕོག་པས་སྡུག་བསྔལ་གྱི་ཚོར་བ་དག་གིས་ཉེན་ནས་ཚེགས་ཆེན་པོས་བབས་ཏེ། ཅུང་ཞིག་ཏུ་སོང་བ་དང་། དུས་ལ་བབ་བོ། །རྒན་ཞུགས་དེས་ཆོམ་རྐུན་པ་ཆོམ་རྐུན་པ་ཞེས་ཀུ་ཙོའི་སྒྲ་ཕྱུང་བ་དང་། དགེ་སློང་རྣམས་ཀྱིས་ཆོས་ཉན་པ་བཅད་དེ། ཁང་སྟེང་དུ་འཛེགས་ནས། སྨྲས་པ། ཆོམ་རྐུན་པ་དེ་དག་གར་དོང་། རྒན་ཞུགས་ཀྱིས་སྨྲས་པ། ཕྱོགས་འདིར་ཡ་གད་བཙུགས་ཏེ། འཛེགས་པ་ན་ཁོ་བོས་བསྡིགས་ནས་བྱེར་རོ། །དགེ་སློང་རྣམས་ཀྱིས་སྨྲས་པ། གལ་ཏེ་བྱེར་ན་ལེགས་སོ་ཞེས་དེ་དག་བབས་ཏེ། ཇི་ཙམ་ན་མཚན་མོ་ནམ་ནངས་པ་དང་། གཙུག་ལག་ཁང་གི་ཉེ་འཁོར་སོ་སོར་བརྟགས་པར་བརྩམས་ཏེ། ཆོམ་རྐུན་པ་དེ་དག་འཛེགས་པར་གྱུར་པའི་ཕྱོགས་དེ་གང་ཡིན་ཞེས་དེ་དག་གིས་སོ་སོར་བརྟགས་པ་ན་ཁྲག་མཐོང་ངོ་། །དེ་དག་ཁྲག་རྗེས་སུ་དོང་བ་དང་། ཆོམ་རྐུན་པའི་དམག་དཔོན་བསད་པ་མཐོང་ངོ་། །མཐོང་ནས་ཀྱང་བསླབ་པ་འཁྲུགས་པའི་འཇིགས་པས་སྐྲག་སྟེ་སྨྲ་བར་བརྩམས་པ། ཚེ་དང་ལྡན་པ་དག་བདག་ཅག་སྔོན་མ་བཅོམ་གྱིས་བདག་ཅག་གང་གིས་ཕམ་པར་གྱུར་པའི་ལྟུང་བ་བྱུང་བས་ད་ནི་བཅོམ་པར་གྱུར་ཏོ་ཞེས་དེ་དག་འགྱོད་པ་སྐྱེས་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཅག་ལ་ནི་ལྟུང་བ་མེད་དེ། ཡང་དགེ་སློང་གིས་ཅི་ནས་ཀྱང་འདི་ལ་བསྣུན་པས་བསྣུན་པར་བྱའོ་སྙམ་པ་དེ་ལྟ་བུའི་སེམས་ཀྱིས་འཕང་བར་མི་བྱ་བར་འདི་ལྟར་གློའམ། རྒྱབ་ལོགས་སུ་འཕང་བར་བྱ་ཞིང་བསྡིགས་པ་བསྐྱེད་པའི་ཕྱིར་ཚམ་ངམ་བྱའོ། །དགེ་སློང་གིས་ཅི་ནས་ཀྱང་བསྣུན་པས་བསྣུན་པར་བྱའོ་སྙམ་པ་དེ་ལྟ་བུའི་སེམས་ཀྱིས་འཕེན་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །
སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་གཅིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །རྩེ་བར་བྱེད་དགའ་བར་བྱེད་དགའ་མགུར་སྤྱོད་པར་བྱེད་པ་དེའི་ཆུང་མ་ལ་དུས་གཞན་ན་སེམས་ཅན་ཞུགས་པར་གྱུར་ནས། དེ་ཟླ་བ་བརྒྱད་དམ་དགུ་འདས་ཏེ་བཙས་པ་ལས་ཁྱེའུ་ཞིག་བྱུང་ནས་དེ་བསྲིངས་ཤིང་བསྐྱེད་དེ་ཆེན་པོར་གྱུར་ཏོ། །ཇི་ཙམ་དུས་གཞན་ཞིག་ན་ཁྱིམ་བདག་དེ་ཉེ་དུ་ཟད་པར་གྱུར་ཅིང་ནོར་དང་ལོངས་སྤྱོད་ཀྱང་ཟད་པར་གྱུར། དེའི་ཆུང་མ་ཡང་དུས་ལ་བབ་ནས་དེས་བུ་ལ་སྨྲས་པ། བུ་ཁོ་བོས་ནི་རྒས་པའི་གནས་སྐབས་སུ་ནོར་སྒྲུབ་ཏུ་འགྲོ་མི་ནུས་ཀྱིས་རབ་ཏུ་འབྱུང་དུ་འགྲོའོ། །བུས་སྨྲས་པ་ཡབ་གལ་ཏེ་དེ་ལྟ་ན་བདག་ཀྱང་རབ་ཏུ་འབྱུང་ངོ་། །བུ་ལེགས་སོ་ཞེས་དེས་ཁྱེའུ་དེ་ཁྲིད་དེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས། དགེ་སློང་གི་དྲུང་དུ་སོང་སྟེ། རྐང་པ་གཉིས་ལ་ཕྱག་འཚལ་ནས་སྨྲས་པ། འཕགས་པ་བདག་རབ་ཏུ་འབྱུང་བར་འཚལ་ལོ། །དགེ་སློང་དེས་སྨྲས་པ། ཅི་ཁྱེའུ་འདི་ཡང་རབ་ཏུ་འབྱུང་ངམ། འཕགས་པ་རབ་ཏུ་འབྱུང་ངོ་། །དགེ་སློང་དེ་ཁྱེའུ་དེ་འདོད་པས་དེ་བུ་དང་བཅས་ཏེ་རབ་ཏུ་བྱུང་ངོ་། །ཆོས་ཉིད་ཀྱིས་ན་རྒན་པའི་མཐའ་ནས་རྙེད་པ་འཐོབ་ལ་གཞོན་པའི་མཐའ་ནས་ལས་སུ་བསྐོ་བ་ཡིན་པས། རྒན་ཞུགས་ཀྱི་བུ་རྟག་ཏུ་ལས་སུ་སྐོ་བར་བྱེད་ནས། དེས་ཕ་ལ་སྨྲས་པ། ཡབ་བདག་ཅག་གཉིས་གང་ཅུང་ཟད་ཟིལ་གྱིས་ནོན་པ་དེ་ཐམས་ཅད་ཐོས་པ་ཉུང་བ་ལས་གྱུར་པ་ལགས་ཀྱིས་བཞེངས་ཤིག་དང་། སྐོལ་ཅག་གཉིས་ཡུལ་གཞན་དུ་བཞུད་ལ་ཐོས་པ་གཟུང་བར་བགྱིའོ། །རྒན་ཞུགས་ཀྱིས་སྨྲས་པ། བུ་ལེགས་ཀྱིས་འདོང་ངོ་ཞེས་དེ་གཉིས་ཡུལ་གཞན་དུ་དོང་ངོ་། །འོན་ཀྱང་གཞོན་པའི་མཐའ་ཉིད་ནས་ལས་སུ་བསྐོ་བས། དེ་གཉིས་སོན་མ་ཐག་ཁོ་ནར་ལས་སུ་བསྐོ་བར་བསྐོས་པ་དང་། བུས་རྒན་ཞུགས་ལ་སྨྲས་པ། ཡབ་མཉན་ཡོད་ན་ལས་སུ་བསྐོ་བ་མཆིས་སུ་ལགས་ཀྱང་། དེ་ན་བཅོམ་ལྡན་འདས་ཆོས་ཀྱི་རྗེ་མངོན་སུམ་དུ་བཞུགས་ཤིང་དུས་དང་
དུས་སུ་དགེ་སློང་ཆེ་གེ་མོ་ཞིག་གིས་ནི་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ། །ཆེ་གེ་མོ་ཞིག་གིས་ནི་མི་སྡུག་པའི་བར་གྲུབ་བོ་ཞེས་ཤེས་པ་བརྡ་སྤྲོད་པ་ཡང་ཐོས་པར་འགྱུར། རྒྱལ་པོ་ཡང་བསྟན་པ་ལ་ཤིན་ཏུ་དད་ཅིང་། བཙུན་མོ་ཕྲེང་ལྡན་མ་དང་། རྒྱལ་རིགས་དབྱར་ཚུལ་མ་དང་། བླ་མཁྱེན་དྲང་སྲོང་བྱིན་དང་། རྙིང་པ་དང་། དགེ་བསྙེན་མ་ས་ག་དང་། རི་དྭགས་འཛིན་གྱི་མ་དང་། གཞན་ཡང་དད་པ་ཅན་མང་དུ་མཆིས་པས་དེ་ན་ཟང་ཟིང་གི་ལོངས་སྤྱོད་དང་། ཆོས་ཀྱི་ལོངས་སྤྱོད་ཆེན་པོ་ཡང་མཆིས་ཀྱིས་དེར་བཞུད་དོ། །ཞེས་སྨྲས་ནས། དེ་གཉིས་ཅི་དགར་ལྗོངས་སུ་འཁོད་ནས་མཉན་ཡོད་ག་ལ་བ་དེར་རྒྱུ་ཞིང་དོང་བ་ན། མཐར་གྱིས་རྒྱུ་ཞིང་འདོང་བའི་ཚེ། མཉན་ཡོད་དུ་ཕྱིར་ཕྱིན་ཏོ། །ཇི་ཙམ་ན་རྒྱལ་བྱེད་ཀྱི་ཚལ་དང་ཉེ་བར་ཕྱིན་པ་ན་གཎྜཱི་ཡང་བརྡུངས་ནས་བུས་སྨྲས་པ། ཡང་གཙུག་ལག་ཁང་དུ་གཎྜཱི་བརྡུངས་ཀྱིས་མྱུར་བ་མྱུར་བར་བཞུད་དོ། །རྒན་ཞུགས་དེས། རྒས་པར་གྱུར་ཕས་ཤིན་ཏུ་ངལ་ཞིང་འགྲོ་མི་ནུས་པས་དེ་དལ་བུས་འགྲོ་བ་ན། བུས་དེའི་གཉའ་བ་ནས་བཟུང་སྟེ་ཕུལ་བ་དང་། རྒན་ཞུགས་དེས་མྱུར་བ་མྱུར་བར་འགྲོ་བར་བརྩམས་སོ། །བུས་བསམས་པ། ཐབས་འདི་ནི་བཟང་པོ་ཞིག་ཡིན་གྱིས་ཡང་དབུལ་བར་བྱའོ་སྙམ་ནས། བུས་དེས་རྒན་ཞུགས་དེ་ཡང་དེ་བཞིན་དུ་ཕུལ་བ་དང་། རྒན་ཞུགས་དེ་ས་ལ་ཁ་བུབ་ཏུ་འགྱེལ་ནས་དེའི་ཁ་ཕང་ལོས་གློགས་པའི་སས་གང་སྟེ་དུས་ལ་བབ་བོ། །བུ་དེས་དུད་མོས་བཏབ་སྟེ་རྒན་ཞུགས་ཀྱི་རོ་དེ་ལམ་གྱི་མཐའ་གཅིག་ཏུ་བོར་རོ། །དེ་ནས་བུ་དེས་ལྷུང་བཟེད་དང་ཆོས་གོས་ཁྱེར་ཏེ། རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དང་། དགེ་སློང་རྣམས་ཀྱིས་དེ་མཐོང་ནས་སྨྲས་པ། རྒན་ཞུགས་ཀྱི་བུ་འོངས་པ་ལེགས་སོ། །འོངས་པ་ལེགས་སོ། །ཁྱོད་ཀྱི་རྒན་ཞུགས་དེ་ག་ལ་འདུག་ཅེས་དྲིས་པ་དང་། གསར་བུ་དེས་དུ་བར་བརྩམས་སོ། །དགེ་སློང་རྣམས་ཀྱིས་སྨྲས་པ། བུ་ཅིའི་ཕྱིར་ངུ་བར་བྱེད། གསར་བུ་དེས་སྨྲས་པ། བདག་གི་རྒན་ཞུགས་དེ་དུས་ལ་བབ་བོ། །དགེ་སློང་དེ་དག་གིས་སྨྲས་པ། བུ་འདུ་བྱེད་ཐམས་ཅད་ཀྱི་ཆོས་དེ་ལྟ་བུ་ཡིན་ལ། ཁྱོད་ནི་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་ཡིན་པས་མྱ་ངན་མ་བྱེད་ཅིག །
གསར་བུས་སྨྲས་པ། དེ་བདག་གིས་བསད་དོ། །དགེ་སློང་དེ་དག་གིས་སྨྲས་པ། བུ་འོན་ཁྱོད་ཀྱིས་མཚམས་མེད་པའི་ལས་གང་ཡིན་པ་ཡང་བྱས་ལ། ཕམ་པར་འགྱུར་བའི་ལྟུང་བ་གང་ཡིན་པ་ཡང་བྱུང་བས་ཡུན་རིང་པོར་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་གནས་པར་འགྱུར་བས་ད་ངུ་བའི་རིགས་སོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་དེ་ལ་ནི་ལྟུང་བ་མེད་དེ། ཡང་དགེ་སློང་ལམ་དུ་ཞུགས་པས་དགེ་སློང་ལམ་གྱིས་དུབ་པ་དབུལ་བར་མི་བྱའོ། །ངས་དགེ་སློང་ལམ་དུ་ཞུགས་པའི་ཀུན་ཏུ་སྤྱོད་པའི་ཆོས་དག་བཅའ་བར་བྱ་སྟེ། དགེ་སློང་ལམ་དུ་ཞུགས་པས་དགེ་སློང་ལམ་གྱིས་དུབ་པ་ངལ་སོར་གཞུག་པར་བྱ། ཆོས་གོས་གསུམ་དང་། ལྷུང་བཟེད་དང་། ཆུ་ཚགས་དང་། ལྷུང་བཟེད་ཀྱི་སྣོད་དང་། བར་བུར་སྣོད་ཀྱི་རྫས་བླང་བར་བྱའོ། །དུས་ཤེས་པར་བྱ་སྟེ། གལ་ཏེ་འགྲོ་ནུས་ན་དེ་ལྟ་ན་ལེགས། གལ་ཏེ་འགྲོ་མི་ནུས་ན་ཆེས་སྔར་སོང་སྟེ། ལྷུང་བཟེད་བཀྲུ་བར་བྱ། གོས་གཞག་པར་བྱ། སྣོད་དག་བྱིན་ལེན་བྱེད་དུ་བཅུག་ནས་སོ་སོར་བརྟག་པར་བྱའོ། །གལ་ཏེ་འོང་མི་ནུས་ན་ཟས་མནོས་ཏེ་བསུ་བར་བྱའོ། །དུས་མ་ཡིན་ན་སྐོམ་གྱིས་བསུ་བར་བྱའོ། །དགེ་སློང་ལམ་དུ་ཞུགས་པས་ཀུན་ཏུ་སྤྱོད་པའི་ཆོས་ཇི་ལྟར་བཅས་པ་དག་ཡང་དག་པར་བླངས་ཏེ་འཇུག་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་རྒན་ཞུགས་ཀྱི་བུ་འདིས་ཕ་སྲོག་དང་བྲལ་ཡང་མཚམས་མ་མཆིས་པའི་ཁ་ན་མ་ཐོ་བས་ཀྱང་མ་རེག་ལ། ཕམ་པར་འགྱུར་བའི་ལྟུང་བ་ཡང་མ་བྱུང་བ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་འབའ་ཞིག་ཏུ་མ་ཟད་དེ། འདི་ལྟར་འདས་པའི་དུས་ན་ཡང་འདིས་ཕ་སྲོག་དང་ཕྲལ་ཡང་། མཚམས་མེད་པའི་ཁ་ན་མ་ཐོ་བས་མ་རེག་སྟེ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། རི་བྲགས་ཤིག་ན་བཙོ་བླག་མཁན་ཞིག་
འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་དེའི་ཆུང་མ་ལས་བུ་བྱུང་ནས། དེ་བསྲིངས་ཤིང་བསྐྱེད་དེ་ཆེན་པོར་གྱུར་ཏོ། །ཇི་ཙམ་དུས་གཞན་ཞིག་ན་རི་བྲགས་དེར་དུས་སྟོན་བྱུང་ནས། དེ་ལ་གོས་བཀྲུ་བཤལ་བྱ་བ་མང་པོ་དག་བྱུང་བ་དང་། དེས་བུ་ལ་སྨྲས་པ། བུ་གོས་མང་པོ་དག་བཀྲུ་བཤལ་བྱ་དགོས་པས་ཁོ་བོ་ཁྱིམ་དུ་སོང་སྟེ་ཟན་ཟ་མི་ནུས་ཀྱི་ཚུར་ཤོག་གོས་དག་ཁྱེར་ཏེ་འདོད་ངོ་། །ཕྱིར་སོང་ལ་ཟས་ཁྱེར་ཏེ་ཤོག་ཅིག །དེ་བུ་དང་ལྷན་ཅིག་གོས་དག་ཁྱེར་ཏེ་སོང་ངོ་། །བུ་ཕྱིར་སོང་སྟེ་ཟན་ཁྱེར་ཏེ་འོངས་ནས། དེས་ཟན་ཟོས་ཏེ་སྨྲས་པ། བུ་ཁོ་བོ་ངལ་གྱིས་ཉལ་ལོ། །ཁྱོད་རེ་ཞིག་གོས་དག་བཀྲུ་བཤལ་གྱིས་ཤིག །བུས་སྨྲས་པ་དེ་ལྟར་བགྱིའོ། །བཙོ་བླག་མཁན་དེ་ཕྱོགས་གཅིག་ཏུ་གློས་ཕབ་སྟེ་གཉིད་ལོག་གོ་།དེ་སྤྱི་ཅེར་ཞིག་ཡིན་པས་དེའི་མགོ་ལ་སྦྲང་བུ་ཆགས་སོ། །ཇི་ཙམ་ན་བཙོ་བླག་མཁན་གྱི་བུ་དེས་གོས་དག་བཀྲུ་བཤལ་བྱས་ནས་ཕའི་གན་དུ་སོང་བ་དང་། ཕའི་མགོ་ལ་སྦྲང་བུ་ཆགས་པ་མཐོང་ནས་དེས་བསྐྲད་པར་བརྩམས་པ་དང་། སྦྲང་བུ་ཁྲག་གིས་མྱོས་པ་འཕུར་དུ་མ་བཏུབ་ནས། བུ་དེ་མི་བཟོད་པ་སྐྱེས་ཏེ་བསམས་པ། སྦྲང་བུ་འདིས་བདག་གི་ཕ་གསོན་བཞིན་དུ་ཁྲག་འཐུང་བར་བྱེད་ཀྱིས་གསད་པར་བྱའོ་སྙམ་ནས་བུ་དེས་དེ་ལ་སྤང་ལེབ་ཀྱིས་བསྣུན་པ་དང་། །སྦྲང་བུ་དེ་ནི་བྲོས་ཏེ་སོང་གིས་ཕའི་ཀླད་པ་ཞོམ་ནས་དེ་དུས་ལ་བབ་པ་དང་། ལྷས་ཚིགས་སུ་བཅད་པ་སྨྲས་པ། དགྲ་བོ་བློ་གྲོས་ལྡན་པ་མཆོག་ཡིན་ཏེ། །མཛའ་བཤེས་བློ་གྲོས་བྲལ་བ་དེ་ལྟ་མིན། །བློ་གྲོས་ཆུང་ངུས་སྦྲང་བུ་གསད་སྙམ་ནས། །ཐོ་བས་ཕ་ཡི་ཀླད་པ་བཅོམ་པར་གྱུར། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བཙོ་བླག་མཁན་གང་ཡིན་པ་དེ་ནི་རྒན་ཞུགས་འདི་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ན་བཙོ་བླག་མཁན་གྱི་བུ་གང་ཡིན་པ་དེ་ནི་རྒན་ཞུགས་ཀྱི་བུ་འདི་ཉིད་ཡིན་ཏེ། འདིས་དེའི་ཚེ་ཡང་ཕ་སྲོག་དང་ཕྲལ་ཡང་མཚམས་མེད་པའི་ཁ་ན་ཐོ་བས་མ་རེག་ལ། འདིས་ད་ལྟར་ཡང་ཕ་སྲོག་དང་ཕྲལ་ཡང་མཚམས་མེད་པའི་
ཁ་ན་མ་ཐོ་བས་ཀྱང་མ་རེག་ལ། ཕམ་པར་འགྱུར་བའི་ལྟུང་བ་ཡང་མ་བྱུང་ངོ་། །ལས་དང་པོ་པ་དང་། སྨྱོས་པ་དང་སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །ཕམ་པར་འགྱུར་པ་གསུམ་པ་རྫོགས་སོ།། །།