Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


  expand section
  expand section
   
   
   
   
   
འཇིག་རྟེན་ཁམས་ཀྱི་རྣམ་བཞག་ལེགས་བཤད་ཉིན་མོར་བྱེད་པའི་སྣང་བ་སྐལ་ལྡན་སྙིང་གི་པདྨོ་འཛུམ་པར་བྱེད་པ།
   
   
   
   
   
   
   
   
   
   
  expand section
   
   
   


 
previousའཇིག་རྟེན་ཁམས་ཀྱི་རྣམ་བཞག་ལེགས་བཤད་ཉིན་མོར་བྱེད་པའི་སྣང་བ་སྐལ་ལྡན་སྙིང་གི་པདྨོ་འཛུམ་པར་བྱེད་པ།next

འཇིག་རྟེན་ཁམས་ཀྱི་རྣམ་བཞག་ལེགས་བཤད་ཉིན་མོར་བྱེད་པའི་སྣང་བ་སྐལ་ལྡན་སྙིང་གི་པདྨོ་འཛུམ་པར་བྱེད་པ།

༄༅། །འཇིག་རྟེན་ཁམས་ཀྱི་རྣམ་བཞག་ལེགས་བཤད་ཉིན་མོར་བྱེད་པའི་སྣང་བ་སྐལ་ལྡན་སྙིང་གི་པདྨོ་འཛུམ་པར་བྱེད་པ་བཞུགས། །

༈ རྣམ་ཤེས་ཀྱི་མེ་ལོང་ལ་ཤེས་རབ་ཀྱི་པིར་གྱིས་བྲིས་པའི་ལེགས་བཤད་ཉིན་མོར་བྱེད་པའི་སྣང་བ་སྐལ་ལྡན་སྙིང་གི་པདྨོ་འཛུམ་པར་བྱེད་པ་ཤུགས་འབྱུང་ཆུ་འབབ་ཏུ་ག་ལེར་བརྗོད་པ་རིག་འཛིན་རྒྱལ་ཁམས་པས་བློ་ཡི་རོལ་གར་རོ། །

ན་མོ་གུ་རུ་བྷྱཿ དཔག་ཚད་ཁྲི་ཕྱེད་གསུམ་ཕྱིར་གདེང་བའི་ཁར་ཆིག་ཁྲི་ངོས་མཉམ་པར་གནས་པ་ནི། རི་དྲུག་གི་སྟེང་དུ་གཉའ་ཤིང་ལྟར་གནོན་པས། གཞན་ནས་གཉའ་ཤིང་འཛིན་དུ་གསུངས་པ་དང་དོན་གཅིག་ཏུ་འགྲོ་བ་དང་། ཉི་མ་བྱང་བསྒྲོད་ཀྱི་སྐབས་སུ་བར་སྟེགས་ཀྱི་སྟེང་དུ་རྒྱུ་བས་ན། དེ་ཡང་གཉའ་ཤིང་འཛིན་པར་གྲུབ་བོ། །དེ་བཞིན་འོད་སྔོན་ཅན་ནི་རི་རབ་ལ་ཐོང་ལྕགས་ཀྱི་འཁྱུད་པ་ལྟར་གནས་པས་གཤོལ་མདའ་འཛིན་དང་། མནྡྷ་ར་ནི་ཚོན་སྣ་བརྒྱ་རྩས་བཀྲ་བར་བྱས་པ་ལྟར་མཛེས་པས་ལྟ་ན་སྡུག་དང་། ནི་ཥཊ་ནི་རྩི་ཤིང་ཅན་དང་། ཚང་ཚིང་ཅན་དང་། མཚན་མོ་ལ་ཡང་འཇུག་པས་རི་དེ་སེང་ལྡེང་གི་ནགས་ཚལ་མུན་པ་ཐིབ་པ་ལྟ་བུའི་གཡོགས་པས་སེང་ལྡེང་ནགས་དང་། ནོར་བུའི་རི་ནི་རིན་པོ་ཆེ་ལས་གྲུབ་པའི་བྲག་རྟའི་རྣ་བའི་ཕྱི་ངོས་ཀྱི་དབྱིབས་ལྟ་བུས་གཏམས་པས་ལྟ་སྣ་ཅན་དང་། དྲོ་ཎ་ནི་བྲོ་བོའི་གཞལ་བྱེད་སྟེ་འཕགས་ཡུལ་གྱི་བྲ་ཟངས་ལས་བྱས་པ་ལྟར་ཀུན་ཏུ་ཟླུམ་ཞིང་སྟོད་ཀྱི་ཆ། རིམ་པས་ནང་དུ་འདུས་ཤིང་རི་ནང་མ་ལ་འདུད་པ་ལྟར་དུ་གནས་པས་རྣམ་འདུད་པ་དང་། བསིལ་རི་ནི་རི་ནང་མ་རྣམས་ལ་མུ་ཁྱུད་ཕྱི་མའི་ཚུལ་དུ་མཛེས་པར་འཁོད་པས་ན། མུ་ཁྱུད་འཛིན་དུ་འཐད་པར་སྙམ་ལ་དོན་དུ་ཡང་དེ་ལས་མི་འདའོ། །རྒྱུད་དང་འགྲེལ་པ་ལས་གཟའ་སྐར་རྣམས་ཀྱི་ཁྱིམ་རི་རབ་ཀྱི་སྟེང་དུ་འཁོར་བར་གསུངས་པ་དང་། ཉི་མ་བྱང་བསྒྲོད་ཀྱི་མཐར་ཐུག་པའི་ཚེ་ལྷུན་པོའི་རྭ་ལ་རེག་པར་བཞེད་པ་དང་། མདོ་ཕལ་པོ་ཆེ་ནས་ཉི་ཟླ་འཆར་ནུབ་རི་རབ་ཀྱི་རྩེ་ནས་བྱེད་པར་གསུང་བ་ཀུན་ཁོ་བོས་བྱས་པའི་ལུགས་འདི་ལ་འཐད་ཀྱིས། མཁས་པ་གཞན་དང་གཞན་དག་གིས་བྱས་པ་རྣམས་ལ་ཅི་ལྟར་འགྱུར་སོམས་ཞིག འདིར་ནི་དང་པོའི་སངས་རྒྱས་ཀྱི་རྒྱུད་དང་འགྲེལ་པ་ནས་གསུངས་པ་ལྟར་ཉི་མ་བྱང་བསྒྲོད་ཀྱི་མཐར་ཐུག་པའི་ཚེ།

དཔག་ཚད་བརྒྱད་ཁྲི་ལྔ་སྟོང་གི་མཁའ་ལ་རྒྱུ་བའི་ཚེ་རི་རབ་ཀྱི་རྭའི་རྩ་བའི་ཆ་ལ་རེག་པ་ཡིན་ཞིང་ཉི་མ་དེ་ལས་སྟོང་ཕྲག་བཅུ་གཅིག་འབབ་སྟེ་ལྷོ་བསྒྲོད་ཀྱི་མཐར་ཐུག་པའི་ཚེ། ལྷུན་པོའི་བར་སྟེགས་ཀྱི་བརྔམ་རྫོགས་པ་རྡོ་རྗེའི་རི་དང་ཚད་མཚུངས་པ་ཡིན་ལ། འདི་ལ་སྔ་རབས་དམ་པ་མཆོག་གྱུར་མང་ཞིག་གིས་སྟོང་ཕྲག་བདུན་ཅུ་རྩ་ལྔའི་མཚམས་ནས་རྭ་ལྔ་སྟོང་ཕྲག་ཉེར་ལྔའི་ཚད་ཅན་བཤོས་ཟླུམ་བཞག་པ་ལྟར་བཞེད་པ་ནི་གནས་སྐབས་རགས་རྩིས་ཀྱི་དབང་དུ་མཛད་པར་སྣང་བས་སྐྱོན་དུ་མི་འགྱུར་མོད། གཞན་དེང་སང་མང་ཕུག་པ་ལྷུན་རྒྱལ་བ་སོགས་ཞིག་རི་རབ་ཀྱི་རྭ་མཐུར་འཕྱང་ཡིན་ཞེས་རི་རབ་ཀྱི་ཁ་ཁྱེར་དང་། བསིལ་རི་མཚམས་སྦྱར་ཏེ་ཕྱོགས་ཟླུམ་སྐོར་ལ་རྭ་རུ་འདོད་པ་ནི་རྒྱུ་མཚན་མེད་པར་སྨྲས་པ་སྟེ། ལེགས་སྦྱར་གྱི་སྐད་དུ་ཤྲྀང་ཁ་ཞེས་པ་དུད་འགྲོའི་རའམ། རིའི་རྩེ་སྟེ་ཤས་ཆེར་གྱེན་དུ་ཕྱོགས་པ་ཞིག་ལ་འཇུག་ཅིང་། རྡོ་རྗེའི་ར་སོགས་མཚོན་ཆའི་རྩེ་ལྟ་བུ་ལ་མ་འགལ་མོད། དེ་ལ་རྒྱུ་མཚན་མེད་པར་རང་འདོད་འགའ་ཞིག་གིས་ཁ་ཁྱེར་ཟླུམ་སྐོར་མ་ཞིག་ལ་རྭ་ཞེས་བརྗོད་པ་ནི་སྙིང་པོས་དབེན་པ་ཉིད་དོ། །འདི་ལ་དེང་སང་དུས་འཁོར་བ་ཕལ་ཆེར་འདོད་པ་མཐུན་པར་གནས་པའི་རི་རབ་ཀྱི་འདོད་ཚུལ་འཁྲུལ་གཞི་གང་གིས་བྱེད་ཅེ་ན། སྟེང་དུ་རྩེ་མོ་རྣམས་ནི་ལྔ་སྟེ། སའི་སྟེང་གི་གནས་ལ་ཟུག་པ་རྣམས་ནི་ཕྱོགས་རྣམས་ཀུན་ཏུ་ཁོར་ཡུག་དང་ནི་ཞེས་གསུང་པར། སའི་སྟེང་གི་ཞེས་པ་རི་རབ་ལྷུན་པོའི་སྟེང་གི་རྒྱ་ལ་ཤར་དང་ནུབ་དང་ལྷོ་དང་བྱང་གི་ཆ་ལ་ཇི་སྲིད་པ་ལ་སྟོང་ཕྲག་ལྔ་བཅུ་པ་བཞི་གནས་ཀྱི་སྟེང་གི་རྒྱལ་བའོ། །ཞེས་སྟེང་གི་རྒྱ་ཚད་ལ་ས་གཞི་གསུང་པ་དེ་མ་དྲན་པར་ནི་ས་དཀྱིལ་གྱི་ས་གཞིར་སེམས་དེ་རི་རབ་རྡོ་རྗེ་རྩེ་ལྔ་ཡི་རྭ་རྩེ་མོ་ཐུར་བསྟན་དུ་འདོད་པ་དང་། སྟེང་གི་རྩེ་མོ་རྣམས་ནི་ལྔ་སྟེ་ཞེས་པས་རི་རབ་ཀྱི་རྭ་རྩེ་མོ་གྱེན་བསྟན་དུ་གསུང་བ་དེ་མ་གོ་བར། རི་རབ་ཀྱི་བྱ་སྐྱིབ་ནས་ར་སྐྱེས་ཤིང་ཕྱོགས་རྣམས་ཀུན་ཏུ་ཁོར་ཡུག་ཅེས་པའི་སྒྲ་ལ་འཁྲུལ་ཏེ།

རི་རབ་ཀྱི་ར་རག་སྡེར་གྱི་ཆུ་འཕྱང་ལྔ་བརྩེགས་པ་བཞིན་འདོད་པ་ནི་འཁྲུལ་པའི་རྣམ་འགྱུར་མི་བཟད་པར་བསྟན་པ་ཉིད་དུ་ཤེས་པར་བྱ་དགོས་ལར་ཕྱོགས་རྣམས་ཀུན་ཏུ་ཁོར་ཡུག་ཅེས་པ་ནི་རི་རབ་ཀྱི་འགྲམ་སྟེགས་ལ་དགོངས་པ་ཡིན་ཏེ། དེ་ཡང་འགྲེལ་ཆེན་ལས། དེ་ཡི་ཕྱི་རོལ་དུ་ཁོར་ཡུག་གི་རྭ་བཞིའི་ནང་དུ་བུ་གའི་གནས་ལ་གླིང་དྲུག་རྣམས་དང་ཞེས་པ་ནས་ཁ་བའི་རི་ལ་རྭ་ཅན་ཞེས་བྱའོ། །མཁས་པ་པུཎྜ་རི་ཀ་ཆེན་པོ་ཁ་ཅིག་གིས་རེག་གོ་ཞེས་པའི་སྒྲ་ནི་བོངས་ཚད་མཉམ་པ་ལ་བོངས་ཚད་དེ་རེག་གོ་ཞེས་པ་ལྟར་ཡིན། གསུངས་པ་ནི་དོན་ལ་འཐད་ཅིང་འདིར་ཡང་འབབ་པ་ཉིད་དོ། །ཉི་མ་སྟོང་ཕྲག་དོན་ལྔ་ནས་གྱ་དྲུག་བར་འབབ་འཛེག་ཅན་ཡིན་ན། གྱ་དྲུག་གི་སྐབས་སུ་རྭ་ལ་རེག་གསུང་པ་ལས་མེད་པས། དོན་ལྔ་ནས་རྭ་སྐྱེ་བ་ཇོ་ནང་རྗེ་བཙུན་མཆོག་གི་ཡང་ལུགས་འདིར་ཅུང་ཟད་མི་མཛེས་པར་སྙམ། རི་རབ་ཀྱི་སྟེང་རྭ་ལྔའི་རྩེ་མོར་གྲོང་ཁྱེར་འགོད་པ་ནི་ཚད་མའི་ཁུངས་དང་མི་འབྲལ་ཞེས་དམ་པ་མི་བསྐྱོད་པས་ཁ་ཅིག་གིས་གསུངས་ཀྱང་། དེ་ལ་ཁུངས་མེད་པ་མ་ཡིན་ཏེ། རི་རབ་ཀྱི་ལྕོག་བཞི་ལག་ན་རྡོ་རྗེའི་ཕོ་བྲང་དང་དབུས་སུ་རྣམ་པར་རྒྱལ་བའི་ཁང་བཟང་ཡོད་པར་མངོན་པ་སོགས་ནས་གསུང་ན། དེ་མཁྱེན་བཞིན་དུ་འདི་ལ་ཅི་ཕྱིར་འགོག དེར་ཡང་མ་ཟད་རི་རབ་ལ་ལྕོག་བཞིའམ་རྭ་བཞི་ཡོད་པའི་ཚད་མར་སྔོན་ལོ་པཎ་ཆོས་ཀྱི་རྒྱལ་སྤྲུལ་པའི་སྐུས་ཟན་ཡང་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དབུ་རྩེ་རིམ་གསུམ་རྩེར་ལྕོག་བཞི་མཛད་པ་དེ། ལྕོག་བཞི་ལག་ན་རྡོ་རྗེ་བཞི་ལ་གཏད། ཞེས་པ་དང་། རྭ་བཞིའི་དོད་མཆོད་རྟེན་དཀར་དམར་སྔོ་ནག་བཞི་ཡིན་པར་གསུང་པ་དང་། དེར་ཡང་མ་ཟད་པཎ་ཆེན་ཤཱཀྱ་ཤྲཱི་བོད་དུ་བྱོན་བྱུང་བའི་དུས་ཙམ་དུ་བཞེངས་པའི་མཆོད་རྟེན་གྱི་བྲའི་སྟེང་ཟུར་དུ་རི་རབ་རྭ་ཡི་མཚོན་དོན་ཅོག་གི་རྣམ་པར་བྱས་པ་ཆེས་མང་ན་རྭ་གྱེན་གདེང་དང་གྲོང་ཁྱེར་ལྔ་ཚོམ་གྱི་དཔང་པོ་འདིས་ཀྱང་འགྲུབ་སྟེ། ཅིའི་ཕྱིར་རྒྱ་གར་གྱི་པཎ་ཆུང་ཁ་ཅིག་གི་གཞུང་ངམ་ངག་འགྲོས་དང་། བོད་སྟོན་མངོན་པའི་ང་རྒྱལ་ཅན་གྱི་རིགས་སྲས་ཀྱི་རྟོག་བཟོ་བྱས་པ་ལ་དཔང་པོ་འཆོལ་བ་ལས་ངེས་པ་དོན་གྱི་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པའི་སྐུའི་མཛད་པ་འདི་རྣམས་ལ་ནི་ཡིད་ཆེས་ཀྱི་དཔང་པོ་མཆོག་ཏུ་ཅིས་མི་བཟུང་། དེ་ཡང་དུས་འཁོར་ལུགས་དང་མི་འབྲེལ་སྙམ་ན། བསམ་ཡས་ཀྱི་བཀོད་པ་མངོན་པ་དང་མཐུན་ཤས་ཆེ་བ་ལྟར་སྲིད་ཀྱང་། སྔགས་རྒྱུད་རྙིང་པ་ཁུངས་དང་ལྡན་པ་རྩ་བ་དང་འགྲེལ་བཤད་མཁན་གྱིས་འཇིག་རྟེན་ཁམས་མཛོད་དང་མཐུན་པ་དང་མི་མཐུན་ཅི་རིགས་པས་བཞག་ན། སྤྱིར་སངས་རྒྱས་ཀྱི་གྲུབ་མཐའ་བྱེ་བྲག་བླ་མེད་ནང་ཁུལ་གྱི་དུས་འཁོར་རྩ་འགྲེལ་དུ་མི་གསལ་བ་དག་ཀྱང་ཁ་བསྐང་ན་ཡང་སྐྱོན་དུ་མི་སེམས་ཏེ།

རྒྱུད་མདོ་ཡི་ཤེས་རྒྱུད་རྒྱུད་ཀྱིས་ཤེས་ཞེས་སྔགས་ཤེས་རྣམས་ཀྱི་སྒྲོག་ན་འདི་ལ་སུ་ཞིག་གིས་སྐྱོན་བཏགས། དེ་ཡང་སུམ་ཅུ་རྩ་གསུམ་གྱི་གནས་རི་རབ་འབུམ་ཕྲག་གཅིག་གི་སྟེང་དུ་ཡོད་པ་ཙམ་ལས་དུས་འཁོར་ནས་མ་གསུང་ན་ལྟ་ན་སྡུག་པའི་གྲོང་རྣམ་པར་རྒྱལ་བའི་ཕོ་བྲང་ཚལ་ཆེན་པོ་བཞི་སོགས་མངོན་པ་དང་མ་འདྲེས་པར་དུས་འཁོར་རང་ལུགས་ཀྱི་ཅི་ལྟར་བཞག་ལེགས་པར་སོམས་ཞིག དེ་ལ་སྔགས་རྒྱུད་གཞན་དང་མངོན་པ་དང་མ་འདྲེས་པའི་དུས་འཁོར་གྱི་ལྷ་གནས་ལེགས་བཤད་ཚུལ་དང་མཐུན་པ་སྨྲ་བ་པོ་བྱུང་ན་བདག་ཀྱང་དེ་ཡི་རྗེས་སུ་འབྲང་བར་བྱེད་ཀྱང་། དེ་ལྟར་འཆད་ནུས་པ་བོད་འདིར་ད་ལྟ་སུ་ཡང་མེད་པའི་ཕྱིར། དེ་ན་ཁོ་བོའི་ལུགས་འདི་ནི་རང་བཟོ་ཉུང་ཞིང་ལེགས་པར་བཤད་པའི་ཆ་དུ་མས་རྒྱན་པ་ཡིན་ན་བློ་ལྡན་ཕྲག་དོག་མེད་ཅིང་གཟུ་བོར་གནས་པ་ཡོད་ན་དངས་བས་བླངས་བར་འོས་སོ། །རྡོ་རྗེའི་རི་བོ་ནི་མེའི་དཀྱིལ་འཁོར་མཐའ་དག་ལ་འཇུག་པ་ནི་ཤིན་ཏུ་མ་ཡིན་ཏེ། དེ་ཡང་དྲི་མ་མེད་པའི་མདོ་ལས། བ་ཚྭའི་རྒྱ་མཚོའི་ཁོར་ཡུག་ལས་གཡས་དང་གཡོན་དུ་མེ་དང་རླུང་གི་ཁོར་ཡུག་འབུམ་ཕྲག་གཉིས་སུ་འགྱུར་ཏེ་ཞེས་སོགས། མེའི་དཀྱིལ་འཁོར་དངོས་ལ་ཁོར་ཡུག་གི་སྒྲས་ཡང་ཡང་དུ་བསྟན་ཅིང་། གལ་ཏེ་མེ་དཀྱིལ་དཔག་ཚད་བདུན་ཁྲི་ལྔ་སྟོང་གི་ཚད། རི་རབ་གྱེན་དུ་འགྲེང་དགོས་ན། རླུང་དཀྱིལ་ཡང་དེ་མཚུངས་སམ། དེ་ལས་ལྷག་པ་ཡོད་དགོས་ཏེ། དེ་ཡང་ཁོར་ཡུག་གི་སྒྲ་མཐུན་པར་གནས་པའི་ཕྱིར། རང་ལུགས་སུ་མི་འདོད་དེ་རི་བདུན་པ་རྡོ་རྗེའི་རི་ནི་མེའི་ཁོར་ཡུག་གི་ཆ་ཤས་སུ་ཡོད་ཅིང་། འོན་ཀྱང་དེ་ལས་རྡོ་རྗེའི་བྲག་རྟའི་གདོང་པ་ལྟ་བུ་ལས་མེ་འབར་ནས། མེ་དཀྱིལ་གྱི་ཁྱོན་དུ་གནས་དགོས་ཀྱང་འདི་ནི་རི་བདུན་པ་ཡིན་ནོ། །དེ་ཡང་འགྲེལ་ཆེན་ལས། རྡོ་རྗེའི་རི་དང་བཅས་པའི་རི་བདུན་དང་། རྡོ་རྗེའི་རི་ནི་རྟ་གདོང་གི་མེའོ། །ཞེས་དང་། རྡོ་རྗེ་ནི། བ་ཚྭའི་རྒྱ་མཚོའི་ཕྱི་རོལ་དུའོ། །ཞེས་གསུང་པ་ལྟར་འདོད་དགོས་ཏེ། རྡོ་རྗེ་ནི་རྡོ་རྗེ་ཕ་ལམ་ལས་གྲུབ་པའི་རི་བོར་འཐད་དོ། །དེ་ཡང་རྒྱ་མཚོའི་ལྷས་ཞུས་པའི་ལེའུ་ལས། རྒྱ་མཚོའི་ཆུ་ནི་མང་མོད་ཀྱི། གདོན་མི་ཟ་བར་སྐམ་པའི་དུས་ཡོད་དོ། །སྐལ་པ་འཇིག་ཏུ་ཉེ་བ་ན། ཉི་མ་གཉིས་ཤར་ན་ཆུ་མིག་དང་རྫིང་ཁ་ཀུན་སྐམ་མོ། །ཉི་མ་གསུམ་ཤར་བ་ན་ཆུ་ཕྲན་ཐམས་ཅད་སྐམ་མོ། །ཉི་མ་བཞི་ཤར་བ་ན་ཆུ་ཐམས་ཅད་སྐམ་མོ། །ཉི་མ་ལྔ་ཤར་བ་ན་རྒྱ་མཚོ་ཆེན་པོ་ཡང་ལྔ་ཆ་བྲིའོ། །ཉི་མ་དྲུག་ཤར་བ་ན་སུམ་གཉིས་བྲིའི། །ཉི་མ་བདུན་ཤར་བ་ན་རྒྱ་མཚོ་ཆེན་པོ་ཡང་སྐམ་མོ། །རི་རབ་ལྷུན་པོ་ཡང་སྙིལ། རྡོ་རྗེའི་མཐའ་ལ་ཐུག་གི་བར་ཚིག་ཅིང་འབར་བར་འགྱུར་རོ། །ཞེས་གསུང་པ་ཡང་། དུས་འཁོར་ནས་གསུང་པའི་རྡོ་རྗེའི་རི་བོ་འདི་ལ་འདོད་དགོས་སོ། །དེ་གང་གི་ཤེས་ཞེ་ན། མདོ་དེར་དགེ་ཚུལ་ཚུལ་ཁྲིམ་བསྲུང་བའི་ལེའུར། དཔེར་ན་རྒྱ་མཚོ་ཆེན་པོའི་གཏིང་ཡང་རྡོ་རྗེ་ཡིན་ལ། མཐའ་མ་ཡང་རྡོ་རྗེའི་རིས་བསྐོར་ཏེ། ཆུ་བོ་ཆེན་པོ་བཞི་འབབ་ཀྱང་མི་འགྲིབ། མི་ལྡུད་པ་ལྟར་ཚུལ་ཁྲིམས་ཀྱི་རྒྱ་མཚོ་ཡང་དེ་དང་འདྲ་སྟེ། འདུལ་བ་རྡོ་རྗེ་ལྟ་བུས་ནི་བརྟིང་ནས། ཆོས་མངོན་པའི་རིས་ནི་མཐའ་མ་བསྐོར། མདོ་སྡེ་བཞི་ཆུ་བོ་བཞིན་འབབས་ཀྱང་འཕེལ་བ་ཡང་མེད། འགྲིབ་པ་ཡང་མེད་དོ། །

རྒྱ་མཚོའི་སྤྱི་ཕྱིར་མི་ལྡུད་ཅེ་ན། མཚམས་མེད་པའི་སེམས་ཅན་དམྱལ་བའི་མེས་རྒྱ་མཚོ་སྐམ་པས་དེ་ཡི་ཕྱིར། རྒྱ་མཚོའི་ཆུ་མི་ལྡུད་དོ། །ཆུ་བོ་བཞི་རྟག་ཏུ་འབབ་པས་ནི་མི་འགྲིབ་བོ། །ཞེས་གསུང་ན། རྡོ་རྗེའི་རི་ཡང་དུས་མཐའ་བསྐལ་པའི་མེས་ཚིག་པར་བཞེད་ན་མེ་དཀྱིལ་ལ་རྡོ་རྗེའི་རིར་འདོད་ན་མེ་ཡིས་མེ་ཅི་ལྟར་བསྲེག་དོན་སོམ་ཞིག་གུ །འོན་ཀྱང་ཡེ་ཤེས་ཀྱི་མེ་ཡི་ལས་ཀྱིས་མེ་སོགས་བསྲེག་པར་ནུས་མོད་ཀྱང་། འཇིག་རྟེན་གྱི་མེས་མེ་བསྲེག་པའི་ཚུལ་མ་བྱུང་བཞིན་འདོད་མི་ནུས་སོ། །གཞན་རིག་བྱེད་ཀྱི་གཞུང་དུ་ཉི་མའི་ཆུང་མས་ཁྱོ་ཡི་གཟི་བརྗིད་མ་བཟོད་ནས། རྟ་རྒོད་མའི་གཟུགས་ཀྱིས་རྒྱ་མཚོའི་འགྲམ་དུ་བྲོས་ཤིང་ཡིབ་པར། རྒོད་མ་ཁ་ཡི་མིང་དུ་འདོད་པ་དང་། རིག་བྱེད་ཡོངས་གྲགས་སུ་དེ་ལྷ་ཆེན་པོ་དབང་ཕྱུག་གི་རང་གི་བསྟན་བཅོས་ཚིགས་མི་མཛེས་པར་ངོ་ཚ་ནས་རྟ་གདོང་གི་མེ་ལ་དོར་བ་ཅི་རིགས་ཚིག་ཅིང་ལྷག་མ་ལོང་ཞིག་པས་ཁྱབ་འཇུག་ཕག་པའི་གཟུགས་བྱས་ཏེ་བླང་བའི་དེ་ནི། རྟ་གདོང་ནི་རྡོ་རྗེའི་རི་རྟའི་གདོང་པ་ལྟ་བུའི་ཁ་ནས་མེ་བྱུང་བ་ཕལ་ཆེར་གྱིས་འདོད་ལྟར་ཡང་ཡིན་གྱིས། མེ་དཀྱིལ་གྱི་ས་ཁྱོན་དུ་གནས་ཤིང་མེ་འབར་བས་དབྱེར་མི་ཕྱེད་པ་ལྟར་སྣང་བས་མེ་དཀྱིལ་གྱི་ཁོངས་སུ་བསྡུ་དགོས་པ་ཡང་ཡིན་ནོ། །དེ་ལྟར་ཉི་མ་བདུན་འཆར་ནས་འཇིག་རྟེན་བསྡུད་པ་སོགས་མཛོད་དང་མཐུན་ཤས་ཆེ་བས་ཐེག་དམན་གྱི་ལུགས་སོ་སྙམ་ན། གོང་དུ་ལུང་དྲངས་པའི་མདོ་འདི་ཐེག་ཆེན་མདོར་ཤིང་རྟ་ཇོ་ཞལ་དག་གིས་ཆེན་པོས་བཞེད་བཞིན་གནས་པ་དང་། དུས་འཁོར་ལུགས་འདི་འཇིག་དུས་ཉི་མ་བདུན་ཁས་བླང་མིན་ཇི་ལྟར་ཡང་འདིར་གསུང་པའི་རྡོ་རྗེའི་རི་ནི་གཅིག་ཏུ་ཁས་བླང་དགོས་སོ། །རྡོ་རྗེའི་རི་ནི་མེ་ཡི་འཁོར་ཡུག་དང་གཅིག་དང་བྱེ་བྲག་པ་གཉིས་ཀར་གྲུབ་སྟེ་མེ་ཡི་དཀྱིལ་འཁོར་སྤྱི་ལ་རྟ་གདོང་གི་མེར་མི་བརྗོད་སྟེ་འགྲེལ་ཆེན་དུ་མེ་ཡི་དཀྱིལ་འཁོར་ལོ་ནི་རྟ་གདོང་ཅན་ནོ། །ཞེས་མ་གསུང་ལ། རྡོ་རྗེའི་རི་ནི་མེ་ཡི་དཀྱིལ་འཁོར་རོ། །ཞེས་ཀྱང་མ་གསུང་བས་གོང་དུ་བརྗོད་པ་ཉིད་དེ་རྒྱས་པར་ཕྲོས་པས་ཆོག་གོ །

གལ་ཏེ་ཟླུམ་སྐོར་མཆུ་འཕྱང་ལ་རྭར་འདོད་ན། བུམ་པའི་མཆུ་འཕྱང་ལ་བུམ་པའི་རྭ་དང་མཎྜལ་གྱི་འགྲམ་ལ་མཎྜལ་གྱི་རྭ་ཞེས་འདོགས་ཆོག་མོད། དེ་ལྟ་རྒྱ་བོད་ཀྱི་མཁས་པ་སུས་ཀྱང་མ་བྱས་ན་དེང་དུས། དུས་ཀྱི་འཁོར་ལོའི་རི་རབ་ཀྱི་རྭ་ཡི་འདོད་ཚུལ་འདིར་ཆེས་ཆེ་བའི་མཁས་པ་རྣམས་ཀྱིས་མི་བརྟག་པར་འཇུག་པ་ནི་ཤིན་ཏུ་ཡ་མཚན་པའི་གནས་སོ། །རྭ་པ་སྔ་རབས་རྣམས་དང་ཆག་ལོ་གསུམ་པས་བྱས་པའི་རི་རབ་ཀྱི་རྭ་ཡི་རྣམ་པ་དེ་ནི་གཞན་རྣམས་ཀྱི་འབད་པས་བཀག་ཀྱང་། ད་ལྟའི་ཡོངས་གྲགས་ཀྱི་འདོད་ཚུལ་འདི་ལས་ནི་ཆེས་ལེགས་མོད། འོན་ཀྱང་འགྲེལ་ཆེན་དུ་བསིལ་རི་ལ་རྭ་ཅན་དུ་གསུང་པ་རྭ་སྐྱེ་མཚམས་དེ་ཡི་ཐད་ཙམ་དུ་དགོངས་ནས་ཕྱིར་སྐྱེད་པར་སྣང་ཡང་གཞུང་གི་དགོངས་དོན་ནི་རྭ་དེ་ནས་ཕྱིར་བསྐྱེད་པའི་གནས་མ་ཡིན་ཏེ། རི་རབ་སྟེང་གི་རྭ་བཞིའི་ཕྱི་མཐའ་དང་བསིལ་རིའི་ཕྱི་མཐའ་ཤིན་ཏུ་སྙོམ་ཞིང་འགྲིག་པས་ན་རྭ་ཅན་ཞེས་པའི་རྒྱུ་མཚན་ནི་དེ་ཡིན་ནོ། །ཅིའི་ཕྱིར་འགྲེལ་ཆེན་ཉིད་དུ་ལྷོ་མེའི་འཁོར་ཡུག་ལ་རེག་ནས་དེ་ཕྱོགས་སུ་དུམ་བུ་བདུན་པར་ཐོབ་སྟེ། རི་རབ་ཀྱི་ར་ལ་རེག་ནས་གངས་རིའི་སྟེང་དུ་འགྲོ་བར་བྱེད་ཞེས་པས་ཁོ་བོས་གོང་དུ་བཤད་པ་ཉིད་ལས་སེམས་གཞན་དུ་འཁྲུལ་པར་མི་བྱའོ། །གཞན་ནི་དེང་དུས་ཚིག་དེས་འཁྲུལ་གཞི་སྐྱེས་ཏེ་བསིལ་རི་དཔག་ཚད་བརྒྱད་ཁྲི་དྲུག་སྟོང་གྱེན་དུ་འཕགས་ནས་རི་རབ་ཀྱི་ཁ་ཁྱེར་དང་སྒྲིགས་པ་སྤོས་དོང་ཁ་ཆོད་སྤྲད་པ་ལྟ་བུར་འདོད་པ་ནི་ཡ་ཆའོ། །དུས་ཕྱིས་བྱུང་བའི་རྩིས་ཀྱི་བསྟན་བཅོས་ཆེན་པོ་རྩོམ་པ་པོས་ཀྱང་སྤོས་དོང་ཁ་ཆོད་ལྟ་བུ་དེ་མ་བཞེད་ནས་རང་གི་བློ་གྲོས་ཀྱི་ལང་ཚོས་གསར་དུ་རྙེད་པར་རློམ་པ་རི་རབ་ཀྱིས་སྟེང་དུ་དཔག་ཚད་འབུམ་དུ་བྱས་ནས་ས་ཡི་དཀྱིལ་འཁོར་དང་མཉམ་པར་འདོད་པ་ནི་གཟའ་སྐར་གོ་ལ་ཐམས་ཅད་རི་རབ་ཀྱི་བྱ་སྐྱིབས་འོག་ཏུ་ཆུད་ཅིང་། གཟའ་སྐར་རི་རབ་ཀྱི་སྟེང་དུ་བསྒྲོད་པའི་རྒྱུད་ཚིག་དེ་དང་དངོས་སུ་འགལ་བ་སོགས་སྒོ་དུ་མ་ནས་རང་ཉིད་མཁས་པར་སྒྲོགས་པ་ལ་མི་མཁས་པའི་རྣམ་འགྱུར་མི་ཟད་པ་བསྟན་པ་སྟེ་སྔ་མ་རྣམས་ཀྱི་འདོད་པ་ལས་ཀྱང་ཐ་ཆད་པར་སོང་བའོ། །

ཡང་རྒྱུད་འགྲེལ་དུ་རྭ་ཡི་ནང་ཁོང་བུ་ག་རྣམས་སུ་རི་གླིང་མཚོ་དྲུག་པོ་རྣམས་ཡོད་པར་གསུང་བས་འདིའི་བུ་ག་ན་ཁོང་གསེང་ལ་ངོས་བཟུང་དགོས་ཤིང་རྭ་ཡི་ཕྱི་མཐའ་ནས་བརྩམ་ལྷུན་པོའི་ཁོར་ཡུག་གི་མཚམས་བར་རི་དྲུག་གི་གསེང་བར་དུ་གླིང་དང་མཚོ་དྲུག་ཡོད་པ་ལས་སྟེང་ནས་རག་འགག་གི་མཆུ་འཕྱང་ལྔ་རྩེགས་ལྟ་བུ་དང་མཚམས་སྦྱར་དགོས་པའི་ཤེས་བྱེད་ནི་གཏན་ནས་མེད་དོ། །ཀུན་ཏུ་འཁོར་བའི་སྒྲ་ཙམ་ནི་སྣ་ཚོགས་རྡོ་རྗེའི་རྭ་ཕྱོགས་ཀུན་ཏུ་འཁོར་བ་ཞེས་པ་ལ་ཕྱོགས་སུ་རྡོ་རྗེའི་རྭ་ཡོད་པར་འདོད་པ་ལས་རྡོ་རྗེའི་རྭ་ཟླུམ་པོར་བསྐོར་བ་མ་ཡིན་པ་བཞིན་འདིར་ཡང་ལྷུན་པོའི་ཕྱོགས་ཀྱི་མཚམས་སུ་རྭ་རྣམས་ཡོད་པ་ལ་འདོད་དགོས་ཀྱི་ལག་གདུབ་ལྟར་ཟླུམ་སྐོར་དགོས་པའི་ཤེས་བྱེད་མེད་དོ། །དེས་ན་སྐྱོག་པོ་མ་ཡིན་པའི་བློ་ཅན་གྱི་ཁོ་བོས་བཤད་པ་འདི་ལ་ལེགས་པར་རྟོགས་ཤིག གཞན་ཡང་རྡོ་རྗེའི་མཆོག་གི་རི་རྣམས་ཏེ་ཞེས་འབྱུང་བས་སྤྱིར་ཡང་རི་བརྒྱད་ཀ་ལ་རྡོ་རྗེའི་སྒྲར་བཞག་སྟེ་གསུང་པས་ཡང་རྟོགས་སོ། །ཉི་མ་ལ་དེ་ཡི་འོད་ཟེར་མཆོག་ཏུ་ཚ་བ་གདུང་བྱེད་དང་། དཀྱིལ་འཁོར་གཉིས་ལས་དཀྱིལ་འཁོར་ནི་གོ་ལའི་ཚད་དབུག་གིས་བཅལ་ནས་བཞག་པ་ལ་ཐད་ཀར་དཔག་ཚད་སྟོང་དང་བཞི་བརྒྱ་རྩ་དྲུག་རྒྱང་གྲགས་གཅིག་གི་ཚད་དུ་གསུང་བ་དང་། མངོན་པ་སོགས་ནས་དཔག་ཚད་ལྔ་བཅུ་རྩ་གཅིག་ཏུ་གསུངས་ཏེ་གང་ལྟར་དེ་ལ་དྲོ་ཞིང་སྨིན་པར་བྱེད་པ་གདུང་བྱེད་ཀྱི་འཁོར་ལོ་དཔག་ཚད་ཉི་ཁྲི་ལྔ་སྟོང་གི་ཚད་ཅན་སྟེ། དེ་ཡང་དཀྱིལ་འཁོར་དབུས་སུ་བཞག་པའི་མཐར་དཔག་ཚད་སྟོང་ཕྱེད་དང་བཅུ་གསུམ་གྱིས་ཀུན་ནས་བསྐོར་བས་དེ་ལྟར་འགྱུར་བར་མཁྱེན་རབ་དབང་ཕྱུག་གིས་གསུང་བཞིན་དེ་ལྟར་དོན་ལ་ཤིན་ཏུ་འཇུག་པ་དང་། དེས་ན་རི་རབ་ཀྱི་རྭ་ལ་ཡང་གདུང་བྱེད་དེས་རེག་ཤིང་གངས་ཀྱི་རི་བོའི་སྟེང་དུ་གདུང་བྱེད་ཀྱི་ཁྱབ་པར་བྱེད་པ་ལ་རགས་རྩིས་ཀྱི་ཉི་མ་དེར་བསྒྲོད་པ་ཙམ་དུ་མཛད་པ་གཞུང་གི་ཚིག་དོན་དང་། ལྷོ་ཕྱོགས་ཀྱང་མེ་ཡི་ཁོར་ཡུག་གི་ཆ་དང་པོའི་བར་དུ་འགྲོ་བར་གསུང་བ་ཡང་གདུང་བྱེད་ཀྱི་ཆ་དང་པོའི་བར་ཁྱབ་པའི་དོན་སྟེ། ལྷོ་བསྒྲོད་ཀྱི་མཐར་ཐུག་ཚེ་ཉི་མ་མེ་རླུང་གི་བཟློག་སྟེ་གྱེན་དུ་བསྐྱོད་པ་དང་། ཉི་མ་བྱང་བསྒྲོད་ཀྱི་སྐབས་སུ་ཆུ་རླུང་གི་བཟློག་ནས་ཐུར་དུ་འབབ་པ་ཡིན་ཞེས་ཁོ་བོའི་རྣམ་པར་རྟོག་པས་གསར་དུ་བཞག་པ་སྟེ་དོན་དུ་ཡང་འགལ་བའི་ཆ་ཅུང་ཟད་ཡང་མེད་དོ། །

ད་དུང་གཞན་ཡང་དཔྱད་པར་བྱ་བ་ན་གླིང་དྲུག་ལ་གནས་པའི་འགྲོ་བ་རྣམས་མི་ཡིན་པས་ཁྱབ་ཞེས་སྨྲ་ཡང་། དེ་ཡང་མིའམ་ཅི་དང་ཁྲུང་ཁྲུང་དྲག་པོའི་གླིང་ཞེས་བརྗོད་བཞིན། མིའམ་ཅི་དང་། ཁྲུང་ཁྲུང་དག་མི་རུ་ཅི་ལྟར་འགྱུར་ཡང་བསམ་བྱ་དང་། རྒྱུད་དང་འགྲེལ་པར་ནི་རང་འོད་ཀྱི་འཚོ་ཞིང་བདུད་རྩི་འབྲས་བུ་ཟ་བ་ལོངས་སྤྱོད་པ་སར་གསུང་པ་ལས། མི་ཡིན་པར་བཤད་པ་ནི་མེད་དོ། །ཡང་སྣར་ཐང་པ་དང་པོ་དོང་བའི་བསྟན་འཛིན་ཆེན་པོ་ཁ་ཅིག་གིས་རྔ་ཡབ་ཀྱི་སྲིན་པོ་མིའི་རིགས་ཅན་ཡིན་ནོ་གསུངས་པ་ཡང་སྤྱིར་ཚངས་པའི་སྲིན་པོ་དང་། ཀླུ་ཡི་སྲིན་པོ་དང་། མི་མ་སྲིན་སོགས་ཆེས་རྩུབ་ཅིང་དེ་རིགས་འཇོམས་པའི་ནུས་པ་ཅན་སྒྲ་ཡང་སོར་བཞག་ཀྱང་བྱེ་བྲག་སྲིན་པོའི་འགྲོ་བ་རྐང་ཚུགས་པ་ལ་ནི་བདེན་བྲལ་ཞེས་རྒྱ་བོད་ཀྱི་མཁས་པ་རྣམས་ནས་ལྷ་མིན་གྱི་རིགས་སུ་བསྡུས་ན། གལ་ཏེའི་མིའི་རྒྱུད་དུ་སྲིན་པོའི་རིགས་ཞུགས་པ་བྱུང་ན་ཡང་ལྷ་མིན་གྱི་འཇུག་པར་བསྡུ་དགོས་སོ། །ལྷུན་པོའི་སྟེང་གི་རྭ་ལྔ་པོ་བཞི་ལས་ཅུང་ཟད་གྱེན་དུ་འབུར་བར་འདོད་པ་ཡི་རྭ་རྩེ་དབུས་མའི་ཅུང་ཟད་ཙམ་གྱི་མདུན་ཤར་གྱི་ཆར་རྣམ་པར་རྒྱལ་བའི་ཁང་བཟང་ཡོད་པར་བྱས་ན་འགལ་བ་མ་ཡིན་ཏེ། ཤར་ཕྱོགས་དབང་པོ་ཞེས་ཀུན་ཏུ་གྲགས་བཞིན་དང་། དབུས་ཀྱི་རྭ་རྩེར་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབ་པའི་རྡོ་རྗེ་རྩེ་དགུ་པ་ཡོད་ཅིང་། དེ་དང་ཉེ་བར་ལྷ་རྣམས་སྤྲོ་བ་བསྐྱེད་ཅིང་དབུགས་དབྱུང་བར་བྱེད་པའི་ཆོས་ཀྱི་རྔ་བོ་ཆེ་ངོ་མཚར་བ་དེ་ཡང་གནས་པའོ། །གཞན་ཡང་ད་དུང་རྒྱ་ཆེར་ཤིན་ཏུ་སྤྲོར་ཡོད་ཀྱང་འདིར་དོགས་སེལ་ཤ་ཆས་ཀྱི་ཚུལ་དུ་རེ་ཞིག་དེ་ཙམ་མོ། །ཞེས་སྐྱེས་བདག་གི་ལོ་སྦོ་ཟླའི་དཀར་གྱི་ཕྱོགས་ཐོབ་པ་དང་པོར་སྣང་གསལ་གྱི་མདངས་དང་དགའ་བ་གཉིས་པར་ཐུན་མཚམས་སུ་ཅུང་ཟད་ཞིག་བཀོད་པ་སྟེ་རྒྱལ་ཁམས་པ་དེས་སོ། །སརྦ་མངྒ་ལཾ། །

དབུས་ཀྱི་རྭ་རྩེར་རྡོ་རྗེ་རྩེ་དགུ་པ་ཡོད་པ་དང་། རི་དེ་ལ་ལྷའི་དྲང་སྲོང་ཆེན་པོ་བྱེ་བས་བསམ་གཏན་བྱེད་པ་སོགས། བཻ་རོའི་སྙན་རྒྱུད་རྡོ་རྗེ་ཟམ་པ་ཆེན་པའི་སྟོང་ཐུན་དུ་ཤིན་ཏུ་གསལ་བ་དང་། འདྲ་འབག་ལྷག་མེད་རྣམས་ནས་ཀྱང་འདིའི་ཚུལ་ཅུང་ཟད་ཡོད་པས་དེས་ན་རང་གཟོར་མ་སེམས་ཤིག །


previousའཇིག་རྟེན་ཁམས་ཀྱི་རྣམ་བཞག་ལེགས་བཤད་ཉིན་མོར་བྱེད་པའི་སྣང་བ་སྐལ་ལྡན་སྙིང་གི་པདྨོ་འཛུམ་པར་བྱེད་པ།next