རབ་གནས་ཀྱི་མན་ངག་གདམས་པ།
ན་མོ་གུ་རུ། རབ་ཏུ་གནས་པའི་ཆོ་ག་ལ། ཇོ་བོ་རྗེ་ནས་བརྒྱུད་པའི་མདོ་སྔགས་གཉིས་དང༌། སློབ་དཔོན་དཔའ་བོ་རྡོ་རྗེའི་སྔགས་ཀྱི་ལུགས་དང༌། པཎྜི་ཏ་པ་བྷི་ཏ་བྷ་དན་ཏའི་སྔགས་ཀྱི་ལུགས་དང༌། བླ་མ་རྡོ་རྗེ་གདན་པའི་ཀུ་སུ་ལུའི་ལུགས་དང༌། ཆོས་རྗེ་ཕག་མོ་གྲུ་པ་ནས་བརྒྱུད་པའི་རིན་པོ་ཆེ་འབྲི་གུང་པའི་ལུགས་དང༌། ངས་ཤེས་པའི་རབ་གནས་དེ་ཚོ་ཡིན། ངས་རབ་གནས་ཀྱི་ཆོ་ག་བྱས་པ་ཁོ་རང་ལ་ཡོད་པ་དེ་ཚོ་ཡིན། དེའི་ནང་ན་ཡོད་པའི་དངོས་གཞི་རབ་གནས་ནི་འདི་རྣམས་གང་བྱེད་ཀྱི་ནང་ན་ཡོད་པ་ཡིན། དེ་ཡང་བླ་མ་རིན་པོ་ཆེ་སངས་རྒྱས་སྒོམ་པས་ཕྱག་ལེན་མཛད་པའི་མདོ་སྔགས་གཉིས་ཀྱི་ནང་ལ་ཡོད་པ་དེ་ཡིན། ཞབས་བསྡོམ་ཆོ་ག་ཡང་དེ་ན་ཡོད། བླ་མ་རིན་པོ་ཆེ་འབྲི་གུང་པས་རབ་ཏུ་གནས་པ་ལ་སྐྱོན་བྱུང་ནས་འདི་མ་ཤེས་པས་ལེན་པ་ཡིན་གསུངས་ནས་ཕྱག་ནམ་མཁའ་ལ་གཡུག་གི་མཛད་པའི་དོན་ནི། ལྷ་ཁང་རབ་གནས་བྱེད་ན་ལྷ་ཁང་དེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་ཆེན་པོར་བསྐྱེད་ལ། ནང་གི་ལྷ་གང་ཡིན་པ་དེ་དག་སྐུ་རིགས། གསུང་རིགས། ཐུགས་རིགས། ཡོན་ཏན་རིགས། ཕྲིན་ལས་ཀྱི་རིགས། སོ་སོར་བསྐྱེད་ནས་ཡེ་ཤེས་སེམས་དཔའ་འགུགས་གཞུག་བྱ། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་དང་གོ་ཆ་བགོས། བསྐྱེད་ཆོག་འདི་མ་བྱས་པའི་གོང་དུ་སྟ་གོན་གྱི་ཆོ་ག་ཁྲུས་དང་བྱུར་སེལ་ལ་སོགས་པ་བྱའོ། །སྟ་གོན་གྱི་དུས་ནས་དགུགས་གཞུག་ཡོད་པ་དེ་བཞིན་དུ་བྱ་བ་ཡིན། རབ་གནས་བྱ་རྒྱུ་ཡང་རང་གཞན་གྱི་གཉིས་ཡིན་ཏེ། རང་གི་ཡིན་ན་ལྷ་ཁང་གི་ཐད་ཀར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་ཤིན་ཏུ་ཆེ་ལ་ཞིང་ཁམས་ཀྱིས་གང་བ་གཅིག་བསྒོམ། དེའི་ནང་དུ་ཡུལ་རི་དང་རི་ཐམས་ཅད་ཚུད་པ། ཡུལ་དེ་ན་གནས་པའི་མི་མ་ཡིན་པ་ཆེན་པོ་འཁོར་དང་བཅས་པ་ཐམས་ཅད་ཀྱིས་གཙོར་བྱས་པ། གཞི་བདག་འཁོར་དང་བཅས་པ་ཐམས་ཅད་དང༌། ཁྱད་པར་དུ་ཀླུ་ཆེན་པོ་ལ་སོགས་པའོ། །མི་ཡིན་ན་རྒྱལ་པོ་དང༌། བཙན་པོ་ལ་སོགས་པ་མི་ཐམས་ཅད་དང༌། འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ། ཁྱད་པར་དུ་ཡང་མི་མ་ཡིན་པ་དང་མི་ཆེ་བ་ཐམས་ཅད་ལ་གནོད་པ་སྐྱེལ་བ་དང༌། རྩུབ་པོ་ཐམས་ཅད་ལྷག་པར་མདུན་དུ་བསྐྱེད་ལ་བཀར་ཡིན་བསྒོམ། དེ་ནས་དེ་དག་ཐམས་ཅད་ལྷ་ཁང་ནང་གི་ལྷ་ཡི་གཙོ་བོའམ། རང་གི་ཡི་དམ་གྱི་ལྷར་བསྒོམ། དེ་དག་གི་སེམས་ལྷ་གཙོ་བོ་དེའི་ཐུགས་ཀར་བསྒོམས་ལ། དེ་དག་ཐམས་ཅད་ཕྱག་རྒྱ་ཆེན་པོར་མྱོང་བ་གཅིག་བསྒོམ། དེ་ནས་ཡུལ་དེར་གནས་པའི་མི་དང་མི་མ་ཡིན་པའི་འགྲོ་བ་ཐམས་ཅད་ཀྱིས་ཕྱག་དང་བསྐོར་བ་མཆོད་པ་དང༌། ཞབས་ཏོག་བྱེད་པར་བཀའ་བསྒོ་བྱ། གཏོར་མ་ཡང་འབུལ། དེ་དག་ཐམས་ཅད་ལྷ་འདི་ལ་བརྟེན་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པའི་སྨོན་ལམ་བཏབ། རང་གིས་བདག་པའི་དགོན་པའམ། འདུག་ས་གང་རུང་ཏུ་འདི་བཞིན་དུ་སྒོམས། རང་མི་བདག་ན་མ་ཡིན་ནོ། །འདི་གཤའ་མར་བསྒོམ་ཤེས་ན་རིན་པོ་ཆེས་གསུངས་པའི་གདམས་ངག་གི་གནད་འདི་ཡིན་ཏེ། ཡུལ་དེ་དག་གི་བདག་བྱར་འོང༌། རང་གིས་དབང་དུ་འདུ་བ་ཡིན། རང་ཡུལ་དེར་འདུག་པ་ཡིན་ན་དེ་བཞིན་དུ་བསྒོམ། མི་འདུག་ན་རང་གིས་འཁོར་བསྒོམ་ཤེས་པ་གཙོ་བོ་གཅིག་ལ་བསྟན་ལ་བསྒོམ་དུ་གཞུག རང་མི་དབང་བའི་ལྷ་ཁང་དང་རབ་གནས་བྱ་རྒྱུ་ཐམས་ཅད་རབ་གནས་ཆོ་ག་བྱ་རྒྱུ་བཞིན་དུ་བྱའོ། །ལར་རང་ཡུལ་གར་འདུག་པའི་སར་དང་པོར་སེམས་བསྐྱེད་བྱ། ཡི་དམ་གྱི་ལྷ་བསྒོམ། སྙིང་གི་དཀྱིལ་དུ་བླ་མ་བསྒོམ། བླ་མའི་ཐུགས་ཀར་ཡི་དམ་ལྷའི་ས་བོན་བསྒོམ་པ་ལས་འོད་ཟེར་དམར་པོ་གཅིག་འཕྲོས་པ་ལས་ཡུལ་དེར་གནས་པའི་མི་དང་མི་མ་ཡིན་པ་ཐམས་ཅད། ཁྱད་པར་དུ་ཡང་གལ་ཆེ་བ་རྣམས་མདུན་དུ་དགུག་ལ། དེ་དག་ཐམས་ཅད་བདེ་བར་བྱ་བའི་ཆེད་དུ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པའི་ཚོགས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དང། སེམས་ཅན་ཐམས་ཅད་ཁྱད་པར་དུ་ཆེ་བ་རྣམས་ཀྱི་དང༌། དེ་དག་ཐམས་ཅད་ཀྱི་སེམས་དང༌། བླ་མའི་ཐུགས་དང༌། རང་གི་སེམས་ཀྱི་ངོ་བོ་རོ་གཅིག་དུ་བསྡུས་ནས་ཕྱག་རྒྱ་ཆེན་པོ་བསྒོམ་པ་གཅིག་མྱོང་བ་གཅིག་བསྒོམས་ནས། བླ་མ་ལ་སོགས་པ་གོང་མ་རྣམས་ཀྱི་བྱིན་རླབས་དང༌། རང་གི་ཏིང་ངེ་འཛིན་གྱི་ནུས་པས་དེ་དག་ཐམས་ཅད་དབང་དུ་འདུ་བ་ཡིན། ཁྱད་པར་དུ་ཡང་གང་ལ་དམིགས་པ་དེ་ལའོ། །ཡུལ་གང་རུང་བ་ལ་ཉོན་མོངས་པ་ཆགས་སྡང་རྨོངས་པ་སྐྱེས་པ་དེ། ཕ་ཏ་ལ་བྱམས་པ་བསྒོམས། རང་གི་ཉོན་མོངས་པ་རྗེས་མི་བཤུ། ཉོན་མོངས་པ་གང་སྐྱེས་པ་དེ་ཕྱག་རྒྱ་ཆེན་པོར་བསྒོམ། དེ་ལྟར་མ་བསྒོམ་ན་ཞེ་སྡང་གི་རྟོག་པས་ཞེ་སྡང་ཅན་དང་ཕྲད་ནས་ཞེ་སྡང་གི་ལས་བྱ་དགོས་འོང༌། འདོད་ཆགས་ཅན་འཕྲད་ན་འདོད་ཆགས་ཀྱི་ལས་བྱ་དགོས་འོང༌། ཉོན་མོངས་པ་གཞན་ལ་ཡང་ངོ༌། །འདི་ཡང་བསྒོམ་ཤེས་ན་འདི་དག་གི་ཕན་ཡོན་འབྱུང་ཞིང༌། ཐམས་ཅད་དབང་དུ་འདུ་བ་ཡིན། དེ་གདམས་ངག་ལ་སོགས་པ་ཡིན། ལར་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་བསྒོམ། ཡི་དམ་གྱི་ལྷ་བསྒོམ། བླ་མ་མཆོག་ཏུ་གྱུར་པ་གཅིག་ལ་མོས་གུས་ཁོང་ནས་བྱེད་པ་གལ་ཆེ། དེ་དག་ཕྱག་རྒྱ་ཆེན་པོར་མྱོང་བ་བྱས་ནས་མཆོག་ཐུན་མོང་གཉིས་ཀྱི་དོན་ཐམས་ཅད་དེས་འགྲུབ་པ་ཡིན། ལར་བྱང་ཆུབ་ཀྱི་སེམས་བསྒོམ། བླ་མ་ལ་མོས་གུས་གྱིས། ཡི་དམ་གྱི་ལྷའི་བསྐྱེད་རིམ་བརྟན་པོ་བསྒོམ་ལ་བཟླས་པ་གྱིས། མཚན་བཅས་ཀྱི་རྫོགས་རིམ་བླ་མ་ནཱ་རོ་པའི་ལུགས་དང་ཆོས་དྲུག་བསྒོམ། ཁྱད་པར་དུ་རླུང་བསྒོམ་པ་གནད་ཆེའོ། །བདེ་གསལ་མི་རྟོག་པའི་ཉམས་ཀྱང་སྐྱེ། རྟོགས་པ་ཡང་སྐྱེ་བ་ཡིན། མཚན་མ་མེད་པའི་རྫོགས་རིམ་བདེ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང༌། མཚན་མེད་ཕྱག་རྒྱ་ཆེན་པོ་ལྷུན་གྲུབ་བསྒོམ། ལར་གཞི་ཆོས་བྱ་བ་ལ་གཞི་ཚུལ་ཁྲིམས་དགོས་པ་ཡིན། ལས་རྒྱུ་འབྲས་ལ་ཡིད་ཆེས་ཤིང༌། དགེ་བཅུ་ཉམས་སུ་ལེན། བྱང་ཆུབ་ཀྱི་སེམས་རྣམ་གཉིས་བསྒོམ། སེམས་ཅན་ཆོས་སྐུར་བསྒོམ། སེམས་ཅན་ཐམས་ཅད་ལ་ཕན་སེམས་ཆེ་བར་བྱ། ལམ་བསྐྱེད་རྫོགས་གཉིས་བསྒོམ། གྲོགས་དམ་ཚིག་བསྲུང༌། གནས་གར་འདུག་གཞལ་ཡས་ཁང་དུ་བསྒོམ། སེམས་ཅན་ཐམས་ཅད་ཡི་དམ་གྱི་ལྷར་བསྒོམ། ཕྱིའི་བེམ་རིག་གཉིས་ཆོས་ཉིད་དུ་བསྒོམ། རང་སེམས་ཆོས་སྐུར་བསྒོམ། སྣང་བ་རྟེན་འབྲེལ་དུ་ཤེས་པར་བྱ། ལར་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་བླ་མ་ཡིན་པས། བླ་མ་ལ་མོས་གུས་བྱེད་པ་ཁོ་ན་གལ་ཆེ། ངའི་གདམས་པའི་དོན་མཆོག་ཏུ་གྱུར་པ་མཐིལ་དུ་ཕྱུང་བ་འདི་རྣམས་ཡིན། ཉམས་སུ་ལོངས་ལ་གཞན་ལ་ཡང་སྟོན་ཅིག །ཏི་ཤྲི་རས་པས་བཀོད་པ་རྫོགས་སོ། །