Nitartha Digital Library
Tibetan
གླེགས་བམ་བཅུ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
ཤེས་རབ་བསྡུས་པའི་སྡོམ་བྱང་།
   
   
   
   
   
   
   


 
previousཤེས་རབ་བསྡུས་པའི་སྡོམ་བྱང་།next

ཤེས་རབ་བསྡུས་པའི་སྡོམ་བྱང་།


MR12_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་བསྡུས་པའི་སྡོམ་བྱང་འདི་ཉིད་འཆད་པ་ལ། མཚན་དོན། གཞུང་དོན། མཇུག་དོན་གསུམ། དང་པོ་ཤེས་རབ་བསྡུས་པའི་སྡོམ་བྱང་ཞེས་བྱ་སྟེ། དེ་ཡང་ཤེས་རབ་ཞེས་པ་པྲཛྙཱའི་སྒྲ་ལས་དྲངས་ན་ཤེས་བྱ་རྣམས་ཀྱི་རབ་དང་ཕུལ་ཡིན་པའམ། རབ་ཏུ་ཤེས་པ་ཞེས་ཡུལ་གྱི་མཚན་ཉིད་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པ་ཡིན་ལ། བྱེ་བྲག་ཏུ། པར་མ་ཨརྠ་དོན་དམ་པ་དང་ཛྙཱ་ཤེས་པའི་དབང་དུ་ནང་དོན་དམ་པའི་ཡུལ་ཅན་དུ་ཡང་བཤད་མོད་འདིར་ཤེས་བྱ་ཇི་སྙེད་པའམ་ཇི་ལྟ་བའི་གནས་ཚུལ་ཇི་བཞིན་ཤེས་པ་ལ་བྱའོ། །དེ་ལ་ཤེས་རབ་དེའི་ངོ་བོ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའོ། །དབྱེ་བ་ནི། ཐོས་པ་ལས་བྱུང་བ་སོགས་གསུམ་མོ། །བྱེད་ལས་ནི། མི་ཤེས་པའི་མུན་པ་སེལ་བའོ། །བྱེད་ལས་ཀྱི་ཡོན་ཏན་ནི། འདི་ཕྱིའི་ལེགས་ཚོགས་ཀྱི་གཞིར་གྱུར་པའོ། །དེ་འདྲ་བའི་ཤེས་རབ་ཀྱི་རྣམ་གྲངས་མདོ་རྒྱུད་བསྟན་བཅོས་ལས་རྒྱ་ཆེར་བཤད་པ་དག་འདིར་གནད་གཅིག་ཏུ་དྲིལ་བ་ནི་བསྡུས་པ་ཡིན་ལ། དེ་ཤེར་ཕྱོགས་ཀྱི་རྣམ་གྲངས་སྡོམ་བྱང་ཀྱང་ཡིན་པས། བསྡུས་པའང་ཡིན་ལ་སྡོམ་བྱང་ཀྱང་ཡིན་པ་སྟེ། གང་བསྡུས་ཤིང་སྡོམ་དུ་བྱས་ཟེར་ན། ཤེས་རབ་ཀྱི་བསླབ་པའི་ཕྱོགས་སུ་གཏོགས་པ་ཐམས་ཅད་དོ། །མཚན་དེས་ནི། ཕྱོགས་གང་དུ་གཏོགས་པ་དང་། སྡེ་སྣོད་གང་ནས་བསྡུས་པ་དང་། དགོས་པ་གང་གི་དོན་ཡིན་པ་སོགས་ཀྱང་ཤེས་པར་བྱེད་དེ་ལྷག་པ་ཤེས་རབ་ཀྱི་བསླབ་པ་བརྗོད་པ་ཉིད་ཀྱི་ཕྱིར་རོ། །གཉིས་པ་གཞུང་དོན་ལ། ཕྱག་འཚལ་བ་དང་། གཞུང་དོན་དངོས། མཇུག་རྫོགས་པའི་བྱ་


MR12_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

བ་གསུམ་ལས། དང་པོ། བླ་མ་ལ་སོགས། གཉིས་པ་ཐོས་དང་སོགས་གཞུང་བཞིན། གསུམ་པ་རྒྱལ་བའི་ཆོས་མཛོད། ༈ རིམ་ལྔ་ལས། སྤྱིར་སྔོན་འགྲོ་དབེན་པ་གསུམ། དངོས་གཞི་བདེན་པ་གཉིས། འབྲས་བུ་ཟུང་འཇུག་རྣམས་སུ་འདུ་བ་ལས། དང་པོ་ལ། ལུས་དབེན་ངག་དབེན་ཡིད་དབེན་གསུམ་ལས། འདིར་ལུས་དབེན་སྐུ་རྡོ་རྗེའི་རྣལ་འབྱོར་ནི། རྡོར་བཟླས་སམ་ངག་དབེན་གྱི་སྔོན་འགྲོར་མཛད་ནས་རྫོགས་རིམ་གྱི་ངོ་བོ་རིམ་པ་ལྔར་བཤད་པའི་དང་པོ། རྡོ་རྗེའི་བཟླས་པ་ནི། འབྱིན་འཇུག་གནས་གསུམ་ཡི་གེ་གསུམ་གྱི་སྒྲ་གདངས་དང་མི་ཕྱེད་པར་གོམས་པས་མགོན་པོ་བཞིའི་རླུང་གི་ཁ་དོག་ཤེས་ཤིང་དེའི་བྱེ་བྲག་ལྷ་མོ་རྣམས་ཀྱི་རླུང་ཡང་ཤེས་ནས་གང་འདོད་པར་འདྲེན་ནུས་པ་བྱུང་ན་རླུང་སེམས་བརྟན་པར་བྱེད་པའི་གཞི་འདིང་བ་ཡིན་ནོ། །དེ་ནས་ཡིད་དབེན་ཐུགས་རྡོ་རྗེའི་རྣམ་འབྱོར་ནི་རླུང་སེམས་དབུ་མར་བསྡུད་པའི་ཐབས་ཏེ། རང་གསང་བ་འདུས་པ་སོགས་སུ་གསལ་བའི་ཐུགས་ཀྱི་ཐད་དུ་འོད་སྔོན་པོའི་དཀྱིལ་དུ་ཐིག་ལེ་ཡུངས་འབྲུ་ཙམ་གྱི་དབུས་སུ་རྟ་རྔ་བརྒྱར་བཤགས་པའི་ཚད་ཙམ་གྱི་ན་དཱ་ནག་པོའམ། ཕྱག་མཚན་གསལ་བཏབ་ལ་དེ་དང་རང་སེམས་བསྲེས་ནས་བསྒོམ་པས་ཟླ་ཉི་མུན་པ་ལྟ་བུའི་སྣང་བ་གསུམ་སྐྱེ་བར་བྱེད་པའོ། །དངོས་གཞི་བདེན་པ་གཉིས་ལ། ཀུན་རྫོབ་སྒྱུ་ལུས་ནི། མཉམ་བཞག་རྗེས་ཐོབ་གཉིས། དང་པོ་མདུན་གྱི་བར་སྣང་སྟོང་པར་ཡིད་དམིགས་རླུང་གསུམ་རྩེ་གཅིག་གཞག་པས། སྣང་གསུམ་གྱི་རྟགས་སྣང་གི་ཐ་མར་འོད་གསལ་བརྗོད་བྲལ་གྱི་མཐར་སྣང་གསུམ་ལུགས་འབྱུང་


MR12_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཤར་བའི་ཉེར་ལེན་བྱས། རླུང་འོད་ཟེར་ལྔ་བའི་ལྷན་ཅིག་བྱེད་རྐྱེན་ལ་བརྟེན་ནས་སྟོང་གཟུགས་ཇི་སྙེད་པ་འཆར་ཞིང་། ཁྱད་པར་སྒྱུ་མའི་རང་བཞིན་གྱི་ལྷ་སྐུ་གསལ་སྟོང་ཆུ་ཟླ་དང་འཇའ་ཚོན་གྱི་ཚུལ་དུ་འཆར་བ་ནི་དག་པའི་སྒྱུ་ལུས་དངོས་ཡིན་ལ། དེ་ལས་ལངས་པའི་རྗེས་ཐོབ་ཏུ་སྣོད་བཅུད་ཐམས་ཅད་སྣང་ཡང་མི་བདེན་པ་སྒྱུ་མ་ལྟ་བུར་རྩལ་སྦྱོང་པས་ཉིན་མཚན་འདའ་བར་བྱའོ། །གཉིས་པ་དོན་དམ་འོད་གསལ་ནི། ལྷ་སྐུའི་སྣང་བ་ལ་སོགས་པ་དེ་དག་རིལ་འཛིན་ནམ། རྗེས་གཞིག་གང་རུང་གི་སྒོ་ནས་སྟོང་པར་བསམས་ཏེ་ཆོམས་ཀྱིས་བཞག་པས། དུ་སོགས་ཀྱི་རྟགས་སྔར་སེམས་དབེན་གྱི་སྐབས་ལས་ཀྱང་ཕྲ་ཞིང་གསལ་བའི་མཐར་འོད་གསལ་ནམ་མཁའ་སྤྲིན་བྲལ་ལྟར་མྱོང་བ་ནི་དངོས་གཞིའོ། །དེ་ལ་བརྟེན་ནས་གཉིད་འཐུག་དང་འཆི་ཁའི་འོད་གསལ་ཀྱང་རང་ཟིན་དུ་འགྱུར་རོ། །གསུམ་པ་འབྲས་བུ་ཟུང་འཇུག་ནི། འོད་གསལ་དེའི་ངང་ལས་སྒྱུ་ལུས་ཀྱི་ལྷ་སྐུར་ལྡང་བ་སྣང་སྟོང་ཟུང་དུ་འཇུག་པ་གང་ཡིན་པའོ། །༼༧༽ །སྦྱོར་བ་དྲུག་ནི། སྔོན་འགྲོ་ལྟོས་མེད་བཞི་ལྡན་ནམ། དབེན་པ་གསུམ་ལྡན་བྱས་ནས། ཉིན་མོ་སྤྲིན་བྲལ་གྱི་ནམ་མཁའ་མ། མཚན་མོ་གསིང་མེད་ཀྱི་མུན་པར་བྱེད་བཅིང་གི་སྒོ་ནས་སྨིན་མཚམས་ཀྱི་ནམ་མཁའ་དང་། རང་སེམས་དབྱེར་མེད་ལྷན་ནེར་བཞགས་པས་སྒོ་ལྔའི་ཤེས་པ་ཡུལ་ལ་འཕྲོ་བ་བསྡུད་ནས་ལས་རླུང་དབུ་མར་འཇུག་པའི་རྟགས། དུ་བ་སོགས་བཅུ་གསུམ་རྫོགས་པར་མཐོང་བ་སོར་སྡུད་དོ། །བསམ་གཏན་ནི། སྔར་སོར་སྡུད་ཀྱིས་གྲུབ་པའི་སྟོང་གཟུགས་ཉིད་ལ་རྩེ་གཅིག་ཏུ་བརྟན་པ་ཐོབ་པར་


MR12_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་ཡིན་ལ། དེ་ཡང་བསམ་གཏན་གྱི་ཡན་ལག་ལྔ་རྫོགས་ཤིང་སྟོང་གཟུགས་རབ་འབྱམས་སུ་ཤར་བའོ། །སོར་བསམ་གཉིས་ནི། ཐོག་མར་དགེ་བ་སྐུ་རྡོ་རྗེའི་ཁྲིད་དོ། །གཉིས་པ་བར་དུ་དགེ་བ་ལ། སྲོག་རྩོལ་ནི་སྔོན་འགྲོ་རྡོ་རྗེ་བཟླས་པས་རྩ་ལམ་སྦྱངས་ནས། དངོས་གཞི་སྟོང་གཟུགས་ཀྱི་རྟགས་སྣང་རླུང་སེམས་དབྱེར་མེད་བསྲེས་ཏེ་ཉམས་སུ་བླང་ནས། མཐར་བུམ་ཅན་གྱི་སྦྱོར་བས་ལུས་ནང་དུ་འོད་གསལ་གྱི་རྟགས་སྣང་དངོས་སུ་འཆར་བ་སྟེ་སྲོག་གི་རླུང་བཅུ་དབུ་མར་འགག་པར་བྱེད་པའི་དོན་ཏོ། །དེ་ལ་སྲོག་རྩོལ་གྱིས་སྲོག་ཐུར་བསྲེས་པ་དེ་ཉིད་དབུ་མའི་ཐིག་ལེར་ཐིམ་པར་བྱེད་པ་ནི་འཛིན་པ་སྟེ། འཁོར་ལོ་ལྔར་བུམ་ཅན་དང་དམིགས་པའི་སྦྱོར་བས་སྟོང་གཟུགས་དྲངས་ཤིང་ཐིམ་པར་བསམ་ཏེ། འཁོར་ལོའི་གནས་སོ་སོར་བུམ་ཅན་ཇི་ལྟར་འདོད་པར་དགག་ནུས་པའི་བར་དུའོ། །སྲོག་འཛིན་གཉིས་ནི་གསུང་རྡོ་རྗེའི་ཁྲིད་དོ། །དེ་ནས་དེ་ལྟར་འཁོར་ལོ་ལྔའམ་དྲུག་ཏུ་རླུང་སེམས་ལ་དབང་ཐོབ་པའི་གནད་ཀྱིས་གཏུམ་མོའི་འབར་སྣང་ལ་ཅི་དགར་སྤྱོད་ཅིང་། བདེ་རླུང་ལ་དབང་ཐོབ་ཅིང་རྩ་ཡི་མདུད་པ་གྲོལ་བ་ཡིན་པས། ལྟེ་བའི་གཏུམ་མོའི་མེས་སྤྱི་བོའི་ཧཾ་ཞུ་བས་བདེ་བ་སྐྱེད་ཅིང་ལས་དང་ཡེ་ཤེས་དང་ཕྱག་ཆེན་གསུམ་གང་རུང་ལ་བརྟེན་ནས་དགའ་བཞིའི་ཉམས་མྱོང་འདྲེན་པ་ནི་རྗེས་དྲན་ནོ། །དེ་འདྲའི་རྗེས་དྲན་གྱིས་དྲང་བའི་བདེ་བ་ཉིད་མི་འགྱུར་བའི་བདེ་བ་བསྒྲུབ་པའི་སླད་དུ་ཡས་བབ་དང་མས་བརྟེན་གྱི་དགའ་བཞིའི་ཉམས་མྱོང་ཁྱད་པར་ཅན་དྲངས་ཏེ། སྟོང་གཟུགས་དང་བདེ་བ་དབྱེར་མེད་པར་འཁོར་ལོའི་གནས་སོ་སོ་བུམ་ཅན་གྱིས་དྲངས་པར་བྱས་པའི་མི་


MR12_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བའི་བདེ་བ་སྐད་ཅིག་དང་པོ་ནས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྫོགས་པའི་བར་དུ་གོམས་པར་བྱས་པས་ཁམས་དཀར་དམར་གྱི་བགྲོད་པ་དབུ་མའི་ནང་དུ་གཡོ་མེད་དུ་བརྟན་པས་མི་འགྱུར་བའི་བདེ་བ་དང་། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཟུང་དུ་འཇུག་པའི་ཉམས་མྱོང་ཁྱད་པར་ཅན་ནི་ཏིང་འཛིན་ནོ། །དེ་ལ་བརྟེན་ནས་ལྷན་སྐྱེས་ཡེ་ཤེས་ཀྱི་སྐུ་འགྲུབ་པར་བྱེད་པའོ། །དགེའོ། །དགེའོ། །དགེའོ།། །།


previousཤེས་རབ་བསྡུས་པའི་སྡོམ་བྱང་།next