རིག་པ་ངོ་སྤྲོད་ཅེར་མཐོང་རང་གྲོལ།
ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ རིག་པ་ངོ་སྤྲོད་ཅེར་མཐོང་རང་གྲོལ་ཞེས་བྱ་བ་བཞུགས་སོ༔
རིག་པ་རང་གསལ་སྐུ་གསུམ་ལྷ་ལ་འདུད༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ རིག་པ་ངོ་སྤྲོད་ཅེར་མཐོང་རང་གྲོལ་བསྟན༔ འདི་ལྟར་རང་གི་རིག་པ་ངོ་སྤྲོད་ཀྱིས༔ ལེགས་པར་དགོངས་ཤིག་སྐལ་ལྡན་རིགས་ཀྱི་བུ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཧོ༔ འཁོར་འདས་ཡོངས་ལ་ཁྱབ་པའི་སེམས་གཅིག་པུ༔ ཡེ་ནས་རང་ཉིད་ཡིན་ཀྱང་ངོ་མ་ཤེས༔ གསལ་རིག་རྒྱུན་ཆད་མེད་ཀྱང་ཞལ་མ་མཇལ༔ འགག་མེད་ཅིར་ཡང་འཆར་ཏེ་ངོས་མ་ཟིན༔ འདི་ཉིད་རང་ངོ་ཤེས་པར་བྱ་བའི་ཕྱིར༔ དུས་གསུམ་རྒྱལ་བས་ཆོས་སྒོ་བརྒྱད་ཁྲི་དང་༔ བཞི་སྟོང་ལ་སོགས་བསམ་གྱིས་མི་ཁྱབ་པ༔ གསུངས་པ་ཐམས་ཅད་འདི་ཉིད་རྟོགས་ཕྱིར་ལས༔ གཞན་དུ་ཅི་ཡང་རྒྱལ་བས་གསུངས་པ་མེད༔ གསུང་རབས་ནམ་མཁའི་མཐའ་མཉམ་དཔག་མེད་ཀྱང་༔ དོན་ལ་རིག་པ་ངོ་སྤྲོད་ཚིག་གསུམ་པོ༔ རྒྱལ་བའི་དགོངས་པ་མངོན་སུམ་ངོ་སྤྲོད་འདི༔ སྦ་འཕྲི་མེད་པར་མཛུབ་ཚུགས་འདི་ཀ་ཡིན༔ ཀྱེ་ཧོ་སྐལ་ལྡན་བུ་དག་ཚུར་ཉོན་དང་༔ སེམས་ཞེས་ཟེར་བའི་ཡོངས་གྲགས་སྒྲ་བོ་ཆེ༔ འདི་ཉིད་མ་རྟོགས་ལོག་རྟོག་ཕྱོགས་རྟོགས་དང་༔ ཡང་དག་ཅི་བཞིན་ཉིད་དུ་མ་རྟོགས་པས༔ གྲུབ་མཐའི་འདོད་པ་བསམ་གྱིས་མི་ཁྱབ་བྱུང་༔ དེ་ཡང་སོ་སོའི་སྐྱེ་བོ་ཐ་མལ་པས༔ མ་རྟོགས་རང་ངོ་རང་གི་མ་ཤེས་པས༔ ཁམས་གསུམ་རྒྱུད་དྲུག་འཁྱམས་ཤིང་སྡུག་བསྔལ་སྤྱོད༔ དེ་ཡང་རང་སེམས་འདི་ཉིད་མ་རྟོགས་སྐྱོན༔ ཕྱི་རོལ་མུ་སྟེགས་ལོག་པར་རྟོག་པ་སྟེ༔ རྟག་ཆད་མཐའ་ལ་ལྟུང་བས་ཕྱིན་ཅི་ལོག༔ དེ་ཡང་རང་སེམས་འདི་ཉིད་མ་རྟོགས་སྐྱོན༔ ཉན་ཐོས་རང་རྒྱལ་ཕྱོགས་ཙམ་བདག་མེད་པར༔ རྟོགས་པར་འདོད་ཀྱང་ཅི་བཞིན་ཉིད་མ་རྟོགས༔ གཞན་ཡང་རང་རང་གཞུང་དང་གྲུབ་མཐའ་ཡི༔ འདོད་པས་བཅིངས་པས་འོད་གསལ་མ་མཐོང་བསྒྲིབས༔ ཉན་ཐོས་རང་རྒྱལ་གཟུངས་འཛིན་ཞེན་པས་བསྒྲིབས༔ དབུ་མ་བདེན་གཉིས་མཐའ་ལ་ཞེན་པས་བསྒྲིབས༔ ཀྲི་ཡོག་བསྙེན་སྒྲུབ་མཐའ་ལ་ཞེན་པས་བསྒྲིབས༔ མ་ཧཱ་ཨ་ནུ་དབྱིངས་རིག་ཞེན་པས་བསྒྲིབས༔ གཉིས་མེད་དོན་ལ་གཉིས་སུ་ཕྱེས་བས་གོལ༔ གཉིས་མེད་གཅིག་ཏུ་མ་གྱུར་སངས་མི་རྒྱ༔ ཐམས་ཅད་རང་སེམས་འཁོར་འདས་དབྱེར་མེད་ལ༔ སྤང་བླང་འདོར་ལེན་ཐེག་པས་འཁོར་བར་འཁྱམས༔ རང་རིག་སྐུ་གསུམ་རྩོལ་མེད་ལྷུན་གྲུབ་ལ༔ འདི་མིན་ཐག་རིང་གཞན་དུ་བགྲོད་ཐབས་ཀྱིས༔ ས་ལམ་རྩི་བའི་རྨོངས་པ་དོན་ལ་གཡེལ༔ སངས་རྒྱས་དགོངས་པ་བློ་ལས་འདས་པ་ལ༔ དམིགས་གཏད་མཚན་མའི་སྒོམ་བཟླས་བྱེད་པས་འཁྲུལ༔ དེ་ཕྱིར་བྱས་ཆོས་བྱེ་བྲག་ཀུན་བསྐྱུར་ལ༔ འདི་ལྟར་རིག་པ་ཅེར་མཐོང་རང་གྲོལ་དུ༔ བསྟན་པས་ཆོས་ཀུན་རང་གྲོལ་ཆེན་པོར་རྟོགས༔ དེ་ཕྱིར་རྫོགས་པ་ཆེན་པོར་ཀུན་ཀྱང་རྫོགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཧོ༔ སེམས་ཞེས་བྱ་བའི་རིག་རིག་ཏུར་ཏུར་པོ༔ ཡོད་ནི་གཅིག་ཀྱང་ཡོད་པ་མ་ཡིན་ཏེ༔ བྱུང་ནི་འཁོར་འདས་བདེ་སྡུག་སྣ་ཚོགས་བྱུང་༔ འདོད་ནི་ཐེག་པ་བཅུ་གཉིས་ལྟར་དུ་འདོད༔ མིང་ནི་བསམ་གྱིས་མི་ཁྱབ་སོ་སོར་བཏགས༔ ལ་ལ་དག་གིས་སེམས་ཉིད་སེམས་ཉིད་ཟེར༔ མུ་སྟེགས་ལ་ལས་བདག་ཅེས་མིང་དུ་བཏགས༔ ཉན་ཐོས་པས་ནི་གང་ཟག་བདག་མེད་ཟེར༔ སེམས་ཙམ་པས་ནི་སེམས་ཞེས་མིང་དུ་བཏགས༔ ལ་ལས་དབུ་མ་ཞེས་པའི་མིང་དུུ་བཏགས༔ ལ་ལས་ཤེས་རབ་ཕ་རོལ་ཕྱིན་པ་ཟེར༔ ལ་ལས་བདེ་གཤེགས་སྙིང་པོ་མིང་དུ་བཏགས༔ ལ་ལས་ཕྱག་རྒྱ་ཆེན་པོ་མིང་དུ་བཏགས༔ ལ་ལས་ཐིག་ལེ་ཉག་གཅིག་མིང་དུ་བཏགས༔ ལ་ལས་ཆོས་ཀྱི་དབྱིངས་ཞེས་མིང་དུ་བཏགས༔ ལ་ལས་ཀུན་གཞི་ཞེས་པའི་མིང་དུ་བཏགས༔ ལ་ལས་ཐ་མལ་ཤེས་པ་མིང་དུ་བཏགས༔ འདི་ཉིད་མངོན་སུམ་མཛུབ་ཚུགས་ངོ་སྤྲད་ན༔ འདས་པའི་རྟོག་པ་རྗེས་མེད་ཡལ་བའི་རྟིང་༔ མ་འོངས་རྟོག་པ་མ་སྐྱེས་སོ་མ་ལ༔ ད་ལྟར་བཟོ་མེད་རང་ལུགས་གནས་པའི་དུས༔ ཐ་མལ་དུས་ཀྱི་ཤེས་པ་འདི་ཀ་ལ༔ རང་གི་རང་ལ་ཅེར་གྱིས་བལྟས་པའི་ཚེ༔ བལྟས་པས་མཐོང་རྒྱུ་མེད་པའི་སལ་ལེ་བ༔ རིག་པ་མངོན་སུམ་རྗེན་པ་ཧྲིག་གེ་བ༔ ཅི་ཡང་གྲུབ་པ་མེད་པས་སྟོང་སང་ངེ་༔ གསལ་སྟོང་གཉིས་སུ་མེད་པས་ཡེར་རེ་བ༔ རྟག་པ་མ་ཡིན་ཅིར་ཡང་གྲུབ་པ་མེད༔ ཆད་པ་མ་ཡིན་སལ་ལེ་ཧྲིག་གེ་བ༔ གཅིག་ཏུ་མ་ཡིན་དུ་མ་རིག་ཅིང་གསལ༔ དུ་མ་མ་གྲུབ་དབྱེར་མེད་རོ་གཅིག་ངང་༔ གཞན་ནས་མེད་དེ་རང་རིག་འདི་ཉིད་དོ༔ དངོས་པོའི་གནས་ལུགས་དོན་གྱི་ངོ་སྤྲོད་དེ༔ འདི་ལ་སྐུ་གསུམ་དབྱེར་མེད་གཅིག་ཏུ་ཚང་༔ ཅིར་ཡང་མ་གྲུབ་སྟོང་པ་ཆོས་ཀྱི་སྐུ༔ སྟོང་པའི་རང་གདངས་གསལ་བ་ལོངས་སྐུ་ཡིན༔ འགག་མེད་ཅིར་ཡང་འཆར་བ་སྤྲུལ་པའི་སྐུ༔ གསུམ་ཀ་གཅིག་ཏུ་ཚང་བ་ངོ་བོ་ཉིད༔ འདི་ཉིད་མཛུབ་ཚུགས་བཙན་ཐབས་ངོ་སྤྲད་ན༔ ད་ལྟ་རང་གི་ཤེས་པ་འདི་ཀ་ཡིན༔ མ་བཅོས་རང་གསལ་འདི་ཀ་ཡིན་པ་ལ༔ སེམས་ཉིད་མ་རྟོགས་བྱ་བ་ཅི་ལ་ཟེར༔ འདི་ལ་བསྒོམ་རྒྱུ་ཅི་ཡང་མེད་པ་ལ༔ བསྒོམ་པས་མ་བྱུང་བྱ་བ་ཅི་ལ་ཟེར༔ རིག་པ་མངོན་སུམ་འདི་ཀ་ཡིན་པ་ལ༔ རང་སེམས་མ་རྙེད་བྱ་བ་ཅི་ལ་ཟེར༔ གསལ་རིག་རྒྱུན་ཆད་མེད་པ་འདི་ཀ་ལ༔ སེམས་ངོ་མ་མཐོང་བྱ་བ་ཅི་ལ་ཟེར༔ ཡིད་ཀྱི་བསམ་མཁན་ཁོ་རང་ཡིན་པ་ལ༔ བཙལ་བས་མ་རྙེད་བྱ་བ་ཅི་ལ་ཟེར༔ འདི་ལ་བྱ་རྒྱུ་ཅི་ཡང་མེད་པ་ལ༔ བྱས་པས་མ་བྱུང་བྱ་བ་ཅི་ལ་ཟེར༔ མ་བཅོས་རང་གསལ་བཞག་པས་ཆོག་པ་ལ༔ གནས་སུ་མ་བཏུབ་བྱ་བ་ཅི་ལ་ཟེར༔ བྱར་མེད་ཅོག་གེར་བཞག་པས་ཆོག་པ་ལ༔ དེ་ལ་མ་ནུས་བྱ་བ་ཅི་ལ་ཟེར༔ གསལ་རིག་སྟོང་གསུམ་དབྱེར་མེད་ལྷུན་གྲུབ་ལ༔ བསྒྲུབས་པས་མ་གྲུབ་བྱ་བ་ཅི་ལ་ཟེར༔ རྒྱུ་རྐྱེན་མེད་པ་རང་བྱུང་ལྷུན་གྲུབ་ལ༔ རྩོལ་བས་མ་ནུས་བྱ་བ་ཅི་ལ་ཟེར༔ རྟོག་པ་ཤར་གྲོལ་དུས་མཉམ་ཡིན་པ་ལ༔ གཉེན་པོས་མ་ཐུབ་བྱ་བ་ཅི་ལ་ཟེར༔ ད་ལྟའི་ཤེས་པ་འདི་ཀ་ཡིན་པ་ལ༔ འདི་ལ་མི་ཤེས་བྱ་བ་ཅི་ལ་ཟེར༔ སེམས་ཉིད་སྟོང་པ་གཞི་མེད་ཡིན་པར་ངེས༔ རང་སེམས་དངོས་མེད་ནམ་མཁའ་སྟོང་པ་འདྲ༔ འདྲ་འམ་མི་འདྲ་རང་གི་སེམས་ལ་ལྟོས༔ སྟོང་པ་ཕྱང་ཆད་ཆད་ལྟ་མ་ཡིན་པར༔ རང་བྱུང་ཡེ་ཤེས་ཡེ་ནས་གསལ་བར་ངེས༔ རང་བྱུང་རང་གསལ་ཉི་མའི་སྙིང་པོ་འདྲ༔ འདྲ་འམ་མི་འདྲ་རང་གི་སེམས་ལ་ལྟོས༔ རིག་པ་ཡེ་ཤེས་རྒྱུན་ཆད་མེད་པར་ངེས༔ རིག་པ་རྒྱུན་ཆད་མེད་པ་ཆུ་རྒྱུན་འདྲ༔ འདྲ་འམ་མི་འདྲ་རང་གི་སེམས་ལ་ལྟོས༔ རྣམ་རྟོག་འགྱུ་དྲན་ངོས་བཟུང་མེད་པར་ངེས༔ འགྱུ་བ་དངོས་མེད་བར་སྣང་སེར་བུ་འདྲ༔ འདྲ་འམ་མི་འདྲ་རང་གི་སེམས་ལ་ལྟོས༔ ཅི་སྣང་ཐམས་ཅད་རང་སྣང་ཡིན་པར་ངེས༔ སྣང་བ་རང་སྣང་མེ་ལོང་གཟུགས་བརྙན་འདྲ༔ འདྲ་འམ་མི་འདྲ་རང་གི་སེམས་ལ་ལྟོས༔ མཚན་མ་ཐམས་ཅད་རང་སར་གྲོལ་བར་ངེས༔ རང་བྱུང་རང་གྲོལ་བར་སྣང་སྤྲིན་དང་འདྲ༔ འདྲ་འམ་མི་འདྲ་རང་གི་སེམས་ལ་ལྟོས༔ སེམས་ལས་མ་གཏོགས་གཞན་ན་ཆོས་མེད་པས༔ ལྟ་བས་བལྟ་རྒྱུ་གཞན་ན་ཆོས་མེད་དོ༔ སེམས་ལས་མ་གཏོགས་གཞན་ན་ཆོས་མེད་པས༔ སྒོམ་པས་བསྒོམ་རྒྱུ་གཞན་ན་ཆོས་མེད་དོ༔ སེམས་ལས་མ་གཏོགས་གཞན་ན་ཆོས་མེད་པས༔ སྤྱོད་པ་སྤྱོད་རྒྱུ་གཞན་ན་ཆོས་མེད་དོ༔ སེམས་ལས་མ་གཏོགས་གཞན་ན་ཆོས་མེད་པས༔ དམ་ཚིག་བསྲུང་རྒྱུ་གཞན་ན་ཆོས་མེད་དོ༔ སེམས་ལས་མ་གཏོགས་གཞན་ན་ཆོས་མེད་པས༔ འབྲས་བུ་བསྒྲུབ་རྒྱུ་གཞན་ན་ཆོས་མེད་དོ༔ ཡང་ལྟོས་ཡང་ལྟོས་རང་གི་སེམས་ལ་ལྟོས༔ ཕྱི་རོལ་ནམ་མཁའི་དབྱིངས་སུ་ཕར་བལྟས་པས༔ སེམས་འདི་འཕྲོ་བས་འཕྲོ་ས་མི་གདའ་ན༔ ནང་དུ་རང་གི་སེམས་ལ་ཚུར་བལྟས་པས༔ རྟོག་པ་འཕྲོ་བའི་འཕྲོ་མཁན་མི་གདའ་ན༔ རང་སེམས་འཕྲོ་འཕྲོ་མེད་པའི་སལ་ལེ་བ༔ རང་རིག་འོད་གསལ་སྟོང་པ་ཆོས་ཀྱི་སྐུ༔ སྤྲིན་མེད་དྭངས་པའི་མཁའ་ལ་ཉི་ཤར་འདྲ༔ རྣམ་རྟོག་མི་མངའ་ཅིར་ཡང་སལ་ལེར་མཁྱེན༔ འདི་དོན་རྟོགས་དང་མ་རྟོགས་ཁྱད་པར་ཆེ༔ གདོད་ནས་མ་སྐྱེས་རང་བྱུང་འོད་གསལ་འདི༔ ཕ་མ་མེད་པའི་རིག་པའི་ཁྱེའུ་ཆུང་མཚར༔ སུས་ཀྱང་མ་བྱས་རང་བྱུང་ཡེ་ཤེས་མཚར༔ སྐྱེ་མ་མྱོང་ཞིང་འཆི་རྒྱུ་མེད་པ་མཚར༔ མངོན་སུམ་གསལ་ཡང་མཐོང་མཁན་མེད་པ་འཚར༔ འཁོར་བ་འཁྱམས་ཀྱང་ངན་དུ་མི་འགྲོ་མཚར༔ སངས་རྒྱས་ཐོབ་ཀྱང་བཟང་དུ་མི་འགྲོ་མཚར༔ ཀུན་ལ་ཡོད་ཀྱང་ངོ་མ་ཤེས་པ་མཚར༔ འདི་བཞག་འབྲས་བུ་གཞན་ཞིག་རེ་བ་མཚར༔ རང་ལ་ཡོད་ཀྱང་གཞན་དུ་བཙལ་བ་མཚར༔ ཨེ་མ་ཧོ༔ ད་ལྟའི་རིག་པ་དངོས་མེད་གསལ་བ་འདི༔ འདི་ཀ་ལྟ་བ་ཀུན་གྱི་ཡང་རྩེ་ཡིན༔ དམིགས་མེད་ཁྱབ་གདལ་བློ་དང་བྲལ་བ་འདི༔ འདི་ཀ་སྒོམ་པ་ཀུན་གྱི་ཡང་རྩེ་ཡིན༔ མ་བཅོས་འཛིན་མེད་ལྷུག་པར་འཇོག་པ་འདི༔ འདི་ཀ་སྤྱོད་པ་ཀུན་གྱི་ཡང་རྩེ་ཡིན༔ མ་བཙལ་ཡེ་ནས་ལྷུན་གྱིས་གྲུབ་པ་འདི༔ འདི་ཀ་འབྲས་བུ་ཀུན་གྱི་ཡང་རྩེ་ཡིན༔ ནོར་བ་མེད་པས་ཐིག་ཆེན་བཞི་བསྟན་པ༔ ལྟ་བ་ནོར་ས་མེད་པའི་ཐིག་ཆེན་ནི༔ ད་ལྟའི་རིག་པ་སལ་ལེ་འདི་ཡིན་པས༔ གསལ་ལ་མི་ནོར་བས་ན་ཐིག་ཅེས་བྱ༔ སྒོམ་པ་ནོར་ས་མེད་པའི་ཐིག་ཆེན་ནི༔ ད་ལྟའི་ཤེས་པ་སལ་ལེ་འདི་ཡིན་པས༔ གསལ་ལ་མི་ནོར་བས་ན་ཐིག་ཅེས་བྱ༔ སྤྱོད་པ་ནོར་ས་མེད་པའི་ཐིག་ཆེན་ནི༔ ད་ལྟའི་ཤེས་པ་སལ་ལེ་འདི་ཡིན་པས༔ གསལ་ལ་མི་ནོར་བས་ན་ཐིག་ཅེས་བྱ༔ འབྲས་བུ་ནོར་ས་མེད་པའི་ཐིག་ཆེན་ནི༔ ད་ལྟའི་ཤེས་པ་སལ་ལེ་འདི་ཡིན་པས༔ གསལ་ལ་མི་ནོར་བས་ན་ཐིག་ཅེས་བྱ༔ མི་འགྱུར་བ་ཡི་གཟེར་ཆེན་བཞི་བསྟན་པ༔ ལྟ་བ་འགྱུར་བ་མེད་པའི་གཟེར་ཆེན་ནི༔ ད་ལྟའི་ཤེས་རིག་སལ་ལེ་འདི་ཀ་ཡིན༔ དུས་གསུམ་བརྟན་པའི་ཕྱིར་ན་གཟེར་ཞེས་བྱ༔ སྒོམ་པ་འགྱུར་བ་མེད་པའི་གཟེར་ཆེན་ནི༔ ད་ལྟའི་ཤེས་རིག་སལ་ལེ་འདི་ཀ་ཡིན༔ དུས་གསུམ་བརྟན་པའི་ཕྱིར་ན་གཟེར་ཞེས་བྱ༔ སྤྱོད་པ་འགྱུར་བ་མེད་པའི་གཟེར་ཆེན་ནི༔ ད་ལྟའི་ཤེས་རིག་སལ་ལེ་འདི་ཀ་ཡིན༔ དུས་གསུམ་བརྟན་པའི་ཕྱིར་ན་གཟེར་ཞེས་བྱ༔ འབྲས་བུ་འགྱུར་བ་མེད་པའི་གཟེར་ཆེན་ནི༔ ད་ལྟའི་ཤེས་རིག་སལ་ལེ་འདི་ཀ་ཡིན༔ དུས་གསུམ་བརྟན་པའི་ཕྱིར་ན་གཟེར་ཞེས་བྱ༔ དུས་གསུམ་གཅིག་ཏུ་བཞག་པའི་མན་ངག་ནི༔ སྔར་རྗེས་མི་བཅད་འདས་པའི་འདུ་ཤེས་དོར༔ ཕྱི་མདུན་མི་བསུ་ཡིད་ཀྱི་འབྲེལ་ཐག་བཅད༔ ད་ལྟ་འཛིན་མེད་ནམ་མཁའི་ངང་ལ་བཞག༔ སྒོམ་དུ་མེད་དེ་ཅིར་ཡང་མི་སྒོམ་ཞིང་༔ ཡེངས་སུ་མེད་དེ་ཡེངས་མེད་དྲན་པ་བརྟེན༔ སྒོམ་མེད་ཡེངས་མེད་ངང་ལ་ཅེར་གྱིས་ལྟོས༔ རང་རིག་ཤེས་པ་རང་གསལ་ལྷང་ངེ་བ༔ ཤར་བ་དེ་ཀ་བྱང་ཆུབ་སེམས་ཞེས་བྱ༔ བསྒོམ་དུ་མེད་དེ་ཤེས་བྱའི་ཡུལ་ལས་འདས༔ ཡེངས་སུ་མེད་དེ་ངོ་བོ་ཉིད་ཀྱིས་གསལ༔ སྣང་སྟོང་རང་གྲོལ་གསལ་སྟོང་ཆོས་ཀྱི་སྐུ༔ སངས་རྒྱས་ལམ་གྱིས་མི་བསྒྲུབ་མངོན་གྱུར་པས༔ རྡོ་རྗེ་སེམས་དཔའ་དུས་འདིར་མཐོང་བ་ཡིན༔ མཐར་ཐུག་ཟད་སར་སྐྱོལ་བའི་གདམས་པ་ནི༔ ལྟ་བ་མི་མཐུན་རྒྱ་ཆེར་གྲངས་མང་ཡང་༔ རང་རིག་སེམས་ཉིད་རང་བྱུང་ཡེ་ཤེས་ལ༔ འདི་ལ་བལྟ་བྱ་ལྟ་བྱེད་གཉིས་སུ་མེད༔ ལྟ་བ་མ་བལྟ་ལྟ་མཁན་མཁན་པོ་ཚོལ༔ ལྟ་མཁན་ཁོ་རང་བཙལ་བས་མ་རྙེད་ན༔ དེ་ཚེ་ལྟ་བ་ཟད་སར་སྐྱོལ་བ་ཡིན༔ ལྟ་བའི་ཕུག་ཀྱང་དེ་ཀ་རང་ལ་ཐུག༔ ལྟ་བས་བལྟ་རྒྱུ་ཅི་ཡང་མེད་པ་ལ༔ ཡེ་མེད་སྟོང་པ་ཕྱལ་བར་མ་སོང་བར༔ ད་ལྟའི་རང་རིག་ཤེས་པ་སལ་ལེ་བ༔ རྫོགས་པ་ཆེན་པོའི་ལྟ་བ་དེ་ཀ་ཡིན༔ རྟོགས་དང་མ་རྟོགས་དེ་ལ་གཉིས་སུ་མེད༔ སྒོམ་པ་མི་མཐུན་རྒྱ་ཆེན་གྲངས་མང་ཡང་༔ རང་རིག་ཐ་མལ་ཤེས་པ་ཟང་ཐལ་ལ༔ བསྒོམ་བྱ་དང་ནི་སྒོམ་བྱེད་གཉིས་སུ་མེད༔ སྒོམ་པས་མ་སྒོམས་སྒོམ་པའི་མཁན་པོ་ཚོལ༔ སྒོམ་པའི་མཁན་པོ་བཙལ་བས་མ་རྙེད་ན༔ དེ་ཚེ་སྒོམ་པ་ཟད་སར་སྐྱོལ་བ་ཡིན༔ སྒོམ་པའི་ཕུག་ཀྱང་དེ་ཀ་རང་ལ་ཐུག༔ བསྒོམ་པར་བྱ་རྒྱུ་ཅི་ཡང་མེད་པ་ལ༔ བྱིང་རྨུགས་འཐིབ་རྒོད་དབང་དུ་མ་སོང་བར༔ ད་ལྟ་མ་བཅོས་ཤེས་པ་སལ་ལེ་བ༔ མ་བཅོས་མཉམ་པར་བཞག་པ་བསམ་གཏན་ཡིན༔ གནས་དང་མི་གནས་དེ་ལ་གཉིས་སུ་མེད༔ སྤྱོད་པ་མི་མཐུན་རྒྱ་ཆེན་གྲངས་མང་ཡང་༔ རང་རིག་ཡེ་ཤེས་ཐིག་ལེ་ཉག་གཅིག་ལ༔ སྤྱད་བྱ་དང་ནི་སྤྱོད་བྱེད་གཉིས་སུ་མེད༔ སྤྱོད་པ་མ་སྤྱོད་སྤྱོད་མཁན་དེ་ཉིད་ཚོལ༔ སྤྱོད་མཁན་དེ་ཉིད་བཙལ་བས་མ་རྙེད་ན༔ དེ་ཚེ་སྤྱོད་པ་ཟད་སར་སྐྱོལ་བ་ཡིན༔ སྤྱོད་པའི་ཕུག་ཀྱང་དེ་ཀ་རང་ལ་ཐུག༔ སྤྱོད་པར་བྱ་རྒྱུ་ཅི་ཡང་མེད་པ་ལ༔ བག་ཆགས་འཁྲུལ་བའི་དབང་དུ་མ་སོང་བར༔ ད་ལྟའི་ཤེས་པ་མ་བཅོས་རང་གསལ་ལ༔ བཅོས་བསླད་བླང་དོར་གང་ཡང་མི་བྱེད་པར༔ དེ་ཀ་རྣམ་པར་དག་པའི་སྤྱོད་པ་ཡིན༔ དག་དང་མ་དག་དེ་ལ་གཉིས་སུ་མེད༔ འབྲས་བུ་མི་མཐུན་རྒྱ་ཆེ་གྲངས་མང་ཡང་༔ རང་རིག་སེམས་ཉིད་སྐུ་གསུམ་ལྷུན་གྲུབ་ལ༔ བསྒྲུབ་བྱ་དང་ནི་སྒྲུབ་བྱེད་གཉིས་སུ་མེད༔ འབྲས་བུ་མ་སྒྲུབས་སྒྲུབ་མཁན་དེ་ཉིད་ཚོལ༔ སྒྲུབ་མཁན་དེ་ཉིད་བཙལ་བས་མ་རྙེད་ན༔ དེ་ཚེ་འབྲས་བུ་ཟད་སར་སྐྱོལ་བ་ཡིན༔ འབྲས་བུའི་ཕུག་ཀྱང་དེ་ཀ་རང་ལ་ཐུག༔ འབྲས་བུ་བསྒྲུབ་རྒྱུ་ཅི་ཡང་མེད་པ་ལ༔ སྤང་བླང་རེ་དོགས་དབང་དུ་མ་སོང་བར༔ ད་ལྟའི་ཤེས་རིག་རང་གསལ་ལྷུན་གྲུབ་ལ༔ མངོན་གྱུར་སྐུ་གསུམ་རང་གསལ་རྟོགས་པ་ཉིད༔ ཡེ་སངས་རྒྱས་པའི་འབྲས་བུ་དེ་ཉིད་དོ༔ རྟག་ཆད་མཐའ་བརྒྱད་བྲལ་བའི་རིག་པ་འདི༔ གང་གི་མཐར་མ་ལྷུང་བས་དབུ་མ་ཟེར༔ དྲན་རིག་རྒྱུན་ཆད་མེད་པས་རིག་པ་ཟེར༔ སྟོང་པ་རིག་པའི་སྙིང་པོ་ཅན་ཡིན་པས༔ དེ་ཕྱིར་བདེ་གཤེགས་སྙིང་པོ་མིང་དུ་བཏགས༔ འདི་དོན་ཤེས་ན་ཤེས་བྱ་ཀུན་གྱི་རབ༔ དེ་ཕྱིར་ཤེས་རབ་ཕ་རོལ་ཕྱིན་པ་ཟེར༔ བློ་འདས་མཐའ་དང་ཡེ་ནས་བྲལ་བའི་ཕྱིར༔ དེ་ཕྱིར་ཕྱག་རྒྱ་ཆེན་པོ་མིང་དུ་བཏགས༔ དེ་ཉིད་རྟོགས་དང་མ་རྟོགས་ཁྱད་པར་ལས༔ འཁོར་འདས་བདེ་སྡུག་ཀུན་གྱི་གཞིར་གྱུར་པས༔ དེ་ཕྱིར་ཀུན་གཞི་ཞེས་པའི་མིང་དུ་བཏགས༔ བཟོ་མེད་ཐ་མལ་རང་གར་གནས་དུས་ཀྱི༔ ཤེས་པ་སལ་ལེ་ཧྲིག་གེ་འདི་ཀ་ལ༔ ཐ་མལ་ཤེས་པ་ཞེས་བྱའི་མིང་དུ་བཏགས༔ བཟང་མདོག་སྙན་མིང་མང་པོ་ཅི་བཏགས་ཀྱང་༔ དོན་ལ་ད་ལྟའི་ཤེས་རིག་འདི་ཀ་ལས༔ འདི་མིན་གཞན་ལས་ལྷག་པ་སུས་འདོད་པ༔ གླང་པོ་རྙེད་ཀྱང་རྗེས་ཚོལ་དེ་བཞིན་དུ༔ སྟོང་གསུམ་ཐག་ཏུ་བྲན་ཡང་རྙེད་མི་སྲིད༔ སེམས་ལས་མ་གཏོགས་སངས་རྒྱས་རྙེད་མི་སྲིད༔ འདི་ངོ་མ་ཤེས་ཕྱི་རོལ་སེམས་བཙལ་ཀྱང་༔ རང་གིས་གཞན་ཚོལ་རང་ཉིད་ཅི་ཕྱིར་རྙེད༔ དཔེར་ན་གླེན་པ་གཅིག་གིས་མི་མང་ཁྲོད༔ ལྟད་མོ་བྱས་པས་རང་ཉིད་སྟོར་ནས་སུ༔ རང་ངོ་མ་ཤེས་གཞན་དུ་ཚོལ་བ་ཡང་༔ རང་གིས་གཞན་ཚོལ་འཁྲུལ་བ་དེ་བཞིན་ནོ༔ དངོས་པོ་གཤིས་ཀྱི་གནས་ལུགས་མ་མཐོང་བས༔ སྣང་བ་སེམས་སུ་མ་ཤེས་འཁོར་བར་གོལ༔ རང་སེམས་སངས་རྒྱས་མ་རྟོགས་མྱང་འདས་བསྒྲིབས༔ འཁོར་འདས་གཉིས་ལ་རིག་དང་མ་རིག་གིས༔ སྐད་ཅིག་གཅིག་གི་བར་ལ་བྱེ་བྲག་ཕྱེད༔ རང་གི་སེམས་ལ་གཞན་དུ་མཐོང་བས་འཁྲུལ༔ འཁྲུལ་དང་མ་འཁྲུལ་ངོ་བོ་གཅིག་པ་སྟེ༔ འགྲོ་ལ་སེམས་རྒྱུད་གཉིས་སུ་མ་གྲུབ་པས༔ སེམས་ཉིད་མ་བཅོས་རང་སར་བཞག་པས་གྲོལ༔ འཁྲུལ་བ་དེ་ཉིད་སེམས་སུ་མ་རིག་ན༔ ཆོས་ཉིད་དོན་དེ་ནམ་ཡང་མི་རྟོགས་པས༔ རང་བྱུང་རང་ཤར་རང་གསལ་རང་ལ་བལྟ༔ སྣང་བ་འདི་དག་དང་པོ་གང་ནས་བྱུང་༔ བར་དུ་གང་ན་གནས་ཤིང་མཐའ་གར་འགྲོ༔ བལྟས་པས་དཔེར་ན་རྫིང་གི་བྱ་རོག་གིས༔ རྫིང་ནས་འཕུར་ཀྱང་རྫིང་ལས་ལོགས་ས་མེད༔ དེ་བཞིན་སྣང་བ་སེམས་ལ་འཆར་བའི་ཕྱིར༔ རང་གི་སེམས་ལ་ཤར་ཞིང་སེམས་སུ་གྲོལ༔ སེམས་ཉིད་ཀུན་ཤེས་ཀུན་རིག་སྟོང་གསལ་འདི༔ གདོད་ནས་གསལ་སྟོང་དབྱེར་མེད་ནམ་མཁའ་ལྟར༔ རང་བྱུང་ཡེ་ཤེས་མངོན་སུམ་གསལ་བ་རུ༔ གཏན་ལ་ཕེབ་ན་དེ་ཀ་ཆོས་ཉིད་དོ༔ ཡིན་པའི་རྟགས་ནི་སྣང་སྲིད་ཐམས་ཅད་ཀུན༔ རང་གི་སེམས་སུ་རིག་ཅིང་སེམས་ཉིད་འདི༔ རིག་ཅིང་གསལ་བས་ནམ་མཁའ་ལྟ་བུར་རྟོགས༔ ཆོས་ཉིད་མཚོན་པའི་ནམ་མཁའ་དཔེར་བཞག་ཀྱང་༔ རེ་ཞིག་ཕྱོགས་ཙམ་མཚོན་པའི་བརྡ་ཙམ་སྟེ༔ སེམས་ཉིད་རིག་བཅས་སྟོང་པ་ཅིར་ཡང་གསལ༔ ནམ་མཁའ་རིག་མེད་སྟོང་པ་བེམ་སྟོང་སྟེ༔ དེ་ཕྱིར་སེམས་དོན་ནམ་མཁས་མཚོན་དུ་མེད༔ ཡེངས་སུ་མེད་དེ་དེ་ཀའི་ངང་ལ་ཞོག༔ སྣང་བ་ཀུན་རྫོབ་སྣ་ཚོགས་འདི་དག་ཀྱང་༔ གཅིག་ཀྱང་བདེན་པར་མ་གྲུབ་འཛིན་པ་བཞིན༔ དེས་ན་སྣང་སྲིད་འཁོར་འདས་ཐམས་ཅད་ཀུན༔ རང་གི་སེམས་ཉིད་གཅིག་གི་མཐོང་སྣང་ཡིན༔ གང་ཚེ་རང་གི་སེམས་རྒྱུད་འགྱུར་ཙམ་ན༔ ཕྱི་རུ་འགྱུར་བས་དེ་ཡི་མཐོང་སྣང་འབྱུང་༔ དེས་ན་ཐམས་ཅད་སེམས་ཀྱི་མཐོང་སྣང་སྟེ༔ འགྲོ་བ་རིགས་དྲུག་སོ་སོའི་སྣང་བར་མཐོང་༔ ཕྱི་རོལ་མུ་སྟེགས་རྟག་ཆད་གཉིས་སུ་མཐོང་༔ ཐེག་པ་རིམ་དགུ་སོ་སོའི་ལྟ་བ་མཐོང་༔ སྣ་ཚོགས་མཐོང་ཞིང་སྣ་ཚོགས་མི་གཅིག་པ༔ ཐ་དད་བཟུང་བས་སོ་སོའི་ཞེན་པས་འཁྲུལ༔ སྣང་བ་ཐམས་ཅད་སེམས་ཀྱི་རིག་པས་ན༔ མཐོང་སྣང་ཤར་ཡང་འཛིན་མེད་སངས་རྒྱས་ཡིན༔ སྣང་བ་མ་འཁྲུལ་འཛིན་པས་འཁྲུལ་བ་ཡིན༔ འཛིན་རྟོག་སེམས་སུ་ཤེས་ན་ངང་གིས་གྲོལ༔ ཅིར་སྣང་ཐམས་ཅད་སེམས་ཀྱིས་སྣང་བ་ཡིན༔ སྣོད་ཀྱི་འཇིག་རྟེན་བེམ་པོར་སྣང་བའང་སེམས༔ བཅུད་ཀྱི་སེམས་ཅན་རིགས་དྲུག་སྣང་བའང་སེམས༔ མཐོ་རིས་ལྷ་མིའི་བདེ་བ་སྣང་བའང་སེམས༔ ངན་སོང་གསུམ་གྱི་སྡུག་བསྔལ་སྣང་བའང་སེམས༔ མ་རིག་ཉོན་མོངས་དུག་ལྔའི་སྣང་བའང་སེམས༔ རང་བྱུང་ཡེ་ཤེས་རིག་པར་སྣང་བའང་སེམས༔ ངན་རྟོག་འཁོར་བའི་བག་ཆགས་སྣང་བའང་སེམས༔ བཟང་རྟོག་མྱང་འདས་ཞིང་ཁམས་སྣང་བའང་སེམས༔ བདུད་དང་འདྲེ་ཡི་བར་ཆད་སྣང་བའང་སེམས༔ ལྷ་དང་དངོས་གྲུབ་ལེགས་པར་སྣང་བའང་སེམས༔ རྣམ་པར་རྟོག་པ་སྣ་ཚོགས་སྣང་བའང་སེམས༔ མི་རྟོག་རྩེ་གཅིག་བསྒོམ་པར་གནས་པའང་སེམས༔ དངོས་པོ་མཚན་མའི་ཁ་དོག་སྣང་བའང་སེམས༔ མཚན་མ་མེད་ཅིང་སྤྲོས་པ་མེད་པའང་སེམས༔ གཅིག་དང་དུ་མ་གཉིས་མེད་སྣང་བའང་སེམས༔ ཡོད་མེད་གང་དུ་མ་གྲུབ་སྣང་བའང་སེམས༔ སེམས་ལས་མ་གཏོགས་སྣང་བ་གང་ཡང་མེད༔ སེམས་ཉིད་མ་འགགས་སྣང་བ་གང་ཤར་ཡང་༔ ཤར་ཀྱང་མཚོ་ཡི་ཆུ་དང་ཆུ་རླབས་བཞིན༔ གཉིས་སུ་མེད་དེ་སེམས་ཀྱི་ངང་དུ་གྲོལ༔ བཏག་བྱ་མ་འགགས་མིང་འདོགས་ཅིར་བཏགས་ཀྱང་༔ དོན་ལ་སེམས་ཉིད་གཅིག་ལས་ཡོད་མ་ཡིན༔ གཅིག་པུ་དེ་ཡང་གཞི་མེད་རྩ་བྲལ་ཡིན༔ གང་གི་ཕྱོགས་སུའང་མཐོང་བ་གཅིག་ཀྱང་མེད༔ དངོས་པོར་མ་མཐོང་ཅིར་ཡང་གྲུབ་པ་མེད༔ སྟོང་པར་མ་མཐོང་རིག་ཅིང་གསལ་བའི་མདངས༔ སོ་སོར་མ་མཐོང་གསལ་སྟོང་དབྱེར་མེད་ངང་༔ ད་ལྟ་རང་གི་རིག་པ་གསལ་ཧྲིག་གེ༔ ཡིན་པར་བྱས་ཀྱང་དེ་ཉིད་བྱེད་མི་ཤེས༔ རང་བཞིན་མེད་ཀྱང་ཉམས་སུ་མངོན་སུམ་མྱོང་༔ འདི་ཉིད་ཉམས་སུ་མྱོང་ན་ཀུན་གྲོལ་ཏེ༔ དབང་པོ་དག་ལ་རྣོ་རྟུལ་མེད་པར་རྟོགས༔ ཏིལ་དང་འོ་མ་མར་གྱི་རྒྱུ་ཡིན་ཀྱང་༔ མ་བསྲུབས་མ་བཙིར་མར་ཁུ་མི་འབྱུང་ལྟར༔ འགྲོ་ཀུན་སངས་རྒྱས་སྙིང་པོ་དངོས་ཡིན་ཀྱང་༔ ཉམས་སུ་མ་བླངས་སེམས་ཅན་སངས་མི་རྒྱ༔ ཉམས་སུ་བླངས་ན་བ་གླང་རྫི་ཡང་གྲོལ༔ བཤད་མི་ཤེས་ཀྱང་མངོན་སུམ་གཏན་ལ་ཕེབ༔ རང་གི་ཁ་རུ་མྱོང་བའི་བུ་རམ་ལ༔ གཞན་གྱིས་དེ་ཡི་རོ་བཤད་མི་དགོས་བཞིན༔ འདི་ཉིད་མ་རྟོགས་པཎྜི་ཏ་ཡང་འཁྲུལ༔ ཐེག་དགུའི་བཤད་པ་ཤེས་བྱར་མཁས་གྱུར་ཀྱང་༔ མ་མཐོང་རྒྱང་གི་གཏམ་རྒྱུད་སྙན་པ་བཞིན༔ སངས་རྒྱས་ལ་ནི་སྐད་ཅིག་ཉེར་མ་སོང་༔ འདི་ཉིད་རྟོགས་ན་དགེ་སྡིག་རང་སར་གྲོལ༔ འདི་ཉིད་མ་རྟོགས་དགེ་སྡིག་གང་སྤྱད་ཀྱང་༔ མཐོ་རིས་ངན་སོང་འཁོར་བ་ལས་མི་འཕགས༔ རང་སེམས་སྟོངས་གསལ་ཡེ་ཤེས་རྟོགས་ཙམ་ན༔ དགེ་སྡིག་ཕན་གནོད་གང་ཡང་མ་གྲུབ་བོ༔ བར་སྣང་སྟོང་པར་ཆུ་མི་ཆགས་པ་བཞིན༔ སྟོང་པ་ཉིད་ལ་དགེ་སྡིག་ཡེ་མ་གྲུབ༔ དེས་ན་རང་རིག་མངོན་སུམ་ཅར་ཕོག་ཏུ༔ ཅེར་མཐོང་རང་གྲོལ་འདི་ཉིད་རབ་ཏུ་ཟབ༔ དེ་ཕྱིར་རང་རིག་འདི་ལ་འདྲིས་པར་གྱིས༔ ཟབ་རྒྱ་རྒྱ་རྒྱ༔ ཨེ་མ་ཧོ༔ རིག་པ་ངོ་སྤྲོད་ཅེར་མཐོང་རང་གྲོལ་འདི༔ མ་འོངས་ཕྱི་རབས་སྙིགས་མའི་སྐལ་ལྡན་དོན༔ རྒྱུད་ལུང་མན་ངག་རང་རིག་ཉམས་མྱོང་ཀུན༔ དགོངས་པ་མདོར་བསྡུས་ཉུང་གསལ་འདི་སྤྱར་རོ༔ ད་ལྟ་མི་སྤེལ་རིན་ཆེན་གཏེར་དུ་སྦ༔ མ་འོངས་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་པ་མངོན་སུམ་ངོ་སྤྲོད་བསྟན་པའི་ཟབ་ཆོས་གཅེར་མཐོང་རང་གྲོལ་ཞེས་བྱ་བ༔ ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ཀྱིས་སྦྱར་བ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་སྟོན་གྲུབ་ཐོབ་ཀརྨ་གླིང་པས་སྒམ་པོ་གདར་གྱི་རི་ལྷ་བྲན་གར་བྱེད་པ་འདྲ་བ་ནས་གདན་དྲངས་པའོ༔