Nitartha Digital Library
Tibetan
རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
གསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་བཅོ་ལྔ་པའི་རྣམ་བཤད།
   
   


 
previousགསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་བཅོ་ལྔ་པའི་རྣམ་བཤད།next

གསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་བཅོ་ལྔ་པའི་རྣམ་བཤད།

བཤད་པ་དང་མ་བཤད་པའི་ཞི་བ་ལ་སོགས་པའི་ལས་རྣམས་ཀྱི་དངོས་གྲུབ་ནི། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཡོངས་སུ་ཤེས་པ་དང་བྲལ་བས་འགྲུབ་པར་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར། ལེའུ་བཅོ་ལྔ་པ་འཆད་པ་ལ་གཉིས་ཀྱི་བསྡུས་པའི་དོན་ནི། ལེའུ་འདིས་བརྗོད་བྱ་དོན་གྱི་གཙོ་བོ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལེའུ་ཡི་སྨད་ནས་སྟོན། སྟོད་ནས་རྣལ་འབྱོར་གྱི་སྤྱོད་པ་དང་། དངོས་གྲུབ་སྒྲུབ་པའི་ཆོ་ག་སྟོན། སྐེད་ནས་རིགས་ཀྱི་དབྱེབས་ལྷ་ལ་དབང་བསྐུར་བ་དང་། དངོས་གྲུབ་ཀྱི་ཆོ་ག་ལ་གཏོགས་པའི་ལས་ཚོགས་དུ་མ་སྟོན་ནོ། །ཡན་ལག་གི་དོན་ལ་གཉིས་ཀྱི། སྡུད་པ་པོའི་ཚིག་གིས་མཚམས་སྦྱར་བ་ནི། ལེའུ་བཅུ་བཞི་པ་རྫོགས་པའི་རྗེས་དེ་ནས། བཀའ་བསྩལ་ཏོ་ཞེས་སྦྱར། དབང་བསྐུར་བ་ཐམས་ཅད་ཀྱིས་དབང་བསྐུར་བས་ན་ཐམས་ཅད་དབང་བསྐུར་རོ། །རིགས་ཐམས་ཅད་ཀྱི་བདག་པོར་གྱུར་པས་ན་ཀུན་མཁྱེན་ནོ། །གང་ཞིག་ཅེ་ན། རྡོ་རྗེ་སྟེ་མི་ཕྱེད་པའི་གསུང་འོག་ནས་འབྱུང་བ་འདིའོ། །སྟོན་པའི་གསུང་གིས་ལེའུ་ལ་འཇུག་པ་ལ་དོན་བརྒྱད་དེ། རིམ་པ་གཉིས་ཀྱིས་སྤྲོས་མེད་ཀྱི་སྤྱོད་པ་བསྟན་པ་དང་། མཆོག་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཆོ་ག་དང་། རྫོགས་རིམ་པའི་སྤྱོད་པ་གསལ་བར་བཤད་པ་དང་། རིགས་ཀྱི་དབྱེ་བས་ལྷ་དབང་བསྐུར་བ་དང་། པྲ་སེ་ན་དབབ་པ་དང་ལས་ཀྱི་ཚོགས་དུ་མ་བསྟན་པ་དང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བསྟན་པ་དང་། གཞུང་ཉེ་བར་བསྡུ་བའོ། །རིམ་པ་གཉིས་ཀྱི་སྤྱོད་པ་བསྟན་པ་ལ་གཉིས་ཏེ། བསྐྱེད་རིམ་པའི་སྤྱོད་པ་དང་། རྫོགས་རིམ་པའི་སྤྱོད་པའོ། བསྐྱེད་རིམ་པའི་སྤྱོད་པ་ལ་ཡང་གཉིས་ཏེ། རྡོ་རྗེ་འཆང་གི་སྤྱོད་པ་དང་། རིགས་གཞན་ལྔའི་སྤྱོད་པའོ། །དང་པོ་ལ་གཉིས་ཏེ། རྣལ་འབྱོར་གྱི་རིམ་པ་དང་། མཆོད་པའི་ཆོ་གའོ། །དང་པོ་ལ་གསུམ་གྱི། རིགས་ཀྱི་བུ་མོ་སྦྱང་བ་ནི་རྟག་ཏུ་སྟེ་དུས་ཐམས་ཅད་དུ་བསྒྲུབ་པ་སྟེ་སྔགས་དང་རྒྱུ་ལ་ལེགས་པར་བྱང་བར་བསླབ་པར་བྱའོ། །སུ་ཞིག་ན། སྨེ་ན་ཅན་ཏེ་རིགས་ངན་གྱི་བུ་མོ། བདག་ཉིད་ཆེ་སྟེ་དད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ། ན་ཚོད་ལོ་གྲངས་བཅུ་གཉིས་ལོན་པའོ། །གང་དུ་ན་སྐྱེ་བོ་འདུས་པ་དང་བྲལ་བའི་དབེན་པའི་གནས་སུའོ། །སུ་ཞིག་གིས་ན་སྒྲུབ་པ་པོས་སོ། །འདིས་ནི་བསྐྱེད་རིམ་པའི་རྣལ་འབྱོར་པ་བསྡུས་པའམ་གཟུངས་ཀྱི་དཀྱིལ་འཁོར་དུ། ཕྱག་རྒྱ་གཅིག་དང་ལྷན་ཅིག་ཏུ་སྤྲོས་མེད་ཀྱི་སྤྲོད་པ་བྱེད་པར་འདོད་པས། མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་ཞིག་ལ། རྗེས་སུ་ཆགས་པའི་སྦྱོར་བ་བསླབ་པར་བྱ་བ་སྟོན་ནོ། །གནས་སྦྱང་བ་ནི། དཀྱིལ་འཁོར་བྱའོ་ཞེས་དྲང་། གང་དུ་ན། སོ་ཕག་ལས་བྱས་པའི་ཁང་པ་རིམ་པ་གསུམ་ལ་སོགས་པ་ཚོགས་ཀྱི་ཁང་པ་དེ་རུའོ། །ཇི་ལྟར་ན་དཀྱིལ་འཁོར་གྱི་ཆོ་ག་ལས་བྱུང་བ་བཞིན་དུ། གྲུ་བཞི་ལྷམ་པ་དང་། སྒོ་བཞི་ལ་སོགས་པ་དང་ལྡན་པའོ། །གང་གིས་ཤེ་ན། བསྒྲུབ་པའི་ཡན་ལག་ཏུ་གྱུར་པས་ན་བཤང་གཅིའི་དམ་ཚིག་སྟེ། བ་སེར་སྐྱའི་ལྕི་བ་དང་། གཅིན་དང་། སོགས་པས་ཙན་དན་ལ་སོགས་པ་དྲི་ཡིད་དུ་འོང་བ་དག་གིས་བྱུགས་པས་སོ། །དེས་མཚོན་ནས་ཉེར་སྤྱོད་ལྔ་དང་། འདོད་ཡོན་ལྔ་ལ་སོགས་པ་མཆོད་པའི་ཡོ་བྱད་རྣམས་ཀྱང་བགོད་པར་བྱའོ། །དཀྱིལ་འཁོར་བའི་ལྷ་བསྐྱེད་པ་སྔོན་དུ་འགྲོ་བས། བུ་མོ་དང་བདེ་བ་སྒྲུབ་པ་ནི། དེ་ཡང་ལྷ་མོ་དང་བྱང་ཆུབ་སེམས་ལ་སོགས་པ་རིགས་སུའི་ཟློས་པ་པོ་ཡིན་ཡང་། སྤྱོད་པའི་སྐབས་སུ་དེ་དག་གི་ལྷག་པའི་ལྷས་གཙོ་བྱས་པའི་དཀྱིལ་འཁོར་བསྒོམ་པ་མེད་དེ། འདིར་དེ་བཞིན་གཤེགས་པ་དྲུག་གིས་གཙོ་བྱས་པ་ལས་གཞན་མ་བཤད་པའི་ཕྱིར་རོ། །དེས་ན་སྤྱོད་པའི་སྐབས་སུ་རིགས་ཀྱི་བྱེ་བྲག་གིས་དེ་བཞིན་གཤེགས་པ་ཁོ་ནས་གཙོ་བོ་བྱེད་དོ། །དེ་ལ་རྡོ་རྗེ་འཆང་ཆེན་པོས་གཙོ་བོ་བྱེད་པའི་དབང་དུ་བྱས་ནས། རྡོ་རྗེའི་དཀྱིལ་འཁོར་བསྒོམ་པ་ཡིས། །ཞེས་ཏེ། རྡོ་རྗེ་ནི་མི་བསྐྱོད་པ་སྟེ། དེའི་དཀྱིལ་འཁོར་གྱི་ལྷ་རྣམས་བསྒོམ་པ་ཡིས་དཀྱིལ་འཁོར་བརྒྱན་པར་བྱའོ། །ལྷ་ཇི་ལྟ་བུས་ཤེ་ན། ཞབས་ལ་སོགས་པ་ནས་དབུ་སྐྲའི་བར་གྱི་མཚན་ཉིད་ཐམས་ཅད་ཡོངས་སུ་དག་ཅིང་འབར་བ་ཡིས་སོ། །དེ་དག་གིས་ནི་རྡོ་རྗེ་འཆང་གི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་བཤད་ལ། དེས་ཉེ་བར་མཚོན་ནས། ལས་རྒྱལ་མཆོག་ཀྱང་ཤེས་པར་བྱ་སྟེ། རྣལ་འབྱོར་གྱི་རིམ་པའོ། །མཆོད་པའི་ཆོ་ག་ནི། ཕྱི་དང་ནང་གི་མ ཆོད་པ་སྔོན་དུ་སོང་ནས་རེག་བྱ་ལ་ལོངས་སྤྱོད་པའི་གསང་མཆོད་ནི། སྨེ་ཤ་ཅན་གྱི་བུ་མོ་ལེགས་པར་བསླབས་པ། གཞན་ལ་མ་ཆགས་པས་ན་རབ་ཏུ་བཟང་ཞིང་སྒྲུབ་པ་པོ་ལ་ཉེ་བར་བལྟ་བས་ན་བཞིན་རས་མཛེས་པ། ཆགས་པའི་སྦྱོར་བ་ཐམས་ཅད་ལ་མཁས་པས་ན། རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས་པས་མ་ཚང་བ་མེད་པ། དེ་ལྟ་བུ་བདག་དང་ལྷན་ཅིག་དཀྱིལ་འཁོར་གྱི་དབུས་སུ་པང་པར་བཞག་ནས། རྣམ་པར་བསྒོམ་པ་སྟེ་འདོད་ཆགས་དང་། འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་བར་མའི་རིམ་པས། རྣམ་པར་དག་པའི་གནས་མངོན་སུམ་དུ་བྱའོ། །རིགས་གཞན་ལྔའི་སྤྱོད་པ་བསྟན་པ་ནི། རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་ཁོ་ནས་སྤྱོད་པ་བྱའམ་ཞེ་ན། མ་ཡིན་གྱིས། རིགས་གཞན་ལྔའི་རྣལ་འབྱོར་གྱིས་ཀྱང་བྱའོ་ཞེས་སྟོན་པ་ནི། མི་བསྐྱོད་པ་ལ་སོགས་པ་དཀྱིལ་འཁོར་ལྔ་སྟེ་རིགས་ལྔའི་ལྷའི་འཁོར་ལོ་ཡིས་སངས་རྒྱས་གཟུགས་སྐུ་སྒྲུབ་པ་པོའི་ལུས་རྣམ་པར་བསྒོམ་ཞིང་བསྐྱེད་ནས། སྔགས་ཀྱི་འཁོར་ལོ་ཅན་ཏེ་སྒྲུབ་པ་པོ་རྣམས་ཀྱི་གསང་བའི་མཆོད་པའི་གནས་ཉམས་དགའ་ཞིང་བླ་ན་མེད་པ་འདིས་བསྒོམ་པར་བྱའོ། །དེ་ལྟར་མདོར་བསྟན་ནས། རྒྱས་པར་བཤད་པ་ལ། རྣམ་སྣང་དང་དེའི་རིགས་ཀྱི་རྣལ་འབྱོར་པས་རྣམ་སྣང་གཙོར་བྱས་པའི་ཕྱག་རྒྱ་གཅིག་དང་ལྷན་ཅིག་སྤྱོད་པ་བྱ་བ་སྟོན་པ་ནི། སྒྲུབ་པ་པོ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་རྣམ་པར་སྣང་མཛད་ཆེན་པོའི་སྐུའི་དཀྱིལ་འཁོར་གྱི་དབུས་སུ་བསྒོམ་པར་བྱའོ། །ཚུལ་ཇི་ལྟར་ཞེ་ན། བསམ་གཏན་སྔགས་ཏེ་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་བཞི་དང་། དེའི་རིགས་ཀྱི་ལྷ་རྣམས་ཤར་ལ་སོགས་པའི་གནས་ཇི་ལྟ་བ་བཞིན་དུ་བཞག་པའི་སྦྱོར་བ་ཡིས་སོ། །ཇི་སྐད་བཤད་པའི་ཚུལ་དེས། སངས་རྒྱས་ཀྱི་ནི་འོད་འདྲར་འགྱུར་བ་སྟེ། སྒྲུབ་པ་པོ་རྣམ་པར་སྣང་མཛད་ཀྱི་བདག་ཉིད་དུ་བསྐྱེད་ནས། དེའི་འོག་ཏུ་གཞན་རྣམས་སྔར་དང་འདྲ་བ་ལ། གསང་མཆོད་ཀྱི་སྐབས་སུ་བཙོ་བླག་མཁན་གྱི་བུ་མོ་ཁ་དོག་དཀར་མོ་དད་སོགས་ཀྱི་ཡོན་ཏན་དང་ལྡན་པས་བདག་ཉིད་ཆེ་བ། པང་པར་བཞག་ནས་བླ་ན་མེད་པའི་མཆོད་པ་བྱའོ། །མི་བསྐྱོད་པ་དང་། དེའི་རིགས་ཅན་གྱི་རྣལ་འབྱོར་པས། མི་བསྐྱོད་པ་གཙོར་བྱས་པའི་ཕྱག་རྒྱ་གཅིག་དང་ལྷན་ཅིག་སྤྱོད་པ་བྱ་བ་ནི། རྡོ་རྗེ་སེམས་དཔའ་སྟེ་མི་བསྐྱོད་པའི་སྦྱོར་བ་སྟེ་དང་པོ་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་ལ་གནས་ནས། དེའི་འོག་ཏུ་ལས་རྒྱལ་མཆོག་དང་། ཕྱི་མཆོད། ནང་མཆོད་སྔར་དང་འདྲ་བ་ལ། གསང་མཆོད་ཀྱི་སྐབས་སུ། སྨེ་ཤ་ཅན་གྱི་བུ་མོ་ཨུཏྤལ་མཐིང་ཀའི་མདོག་འདྲ་བ་རྟག་ཏུ་བསྒྲུབ་པ་སྟེ་སྔགས་དང་རྒྱུད་ལེགས་པར་བསླབས་པ་པང་པར་བཞག་ནས། རྡོ་རྗེ་སེམས་དཔའི་སྦྱོར་བའི་ཆོ་ག་དེ་ཉིད་སྔོན་དུ་བྱས་ནས། དེ་དང་ལྷན་ཅིག་ཇི་ལྟར་འདོད་པའི་ལས་རྣམས་བརྩམ་པར་བྱའོ། །རིགས་གཞན་གསུམ་གྱི་སྤྱོད་པ་བསྟན་པ་ནི། བཤད་མ་ཐག་པ་འདི་ནི་སྔགས་རྣམས་ཐམས་ཅད་དེ་རིན་ཆེན་འབྱུང་ལྡན་དང་། འོད་དཔག་མེད་དང་། དོན་ཡོད་གྲུབ་པའི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་། དམ་ཚིག་སྟེ་བསྒྲུབ་པའི་ཆོ་ག་འདའ་བར་བྱ་བ་མ་ཡིན་པས་ཤིན་ཏུ་འདའ་དཀའ་བའོ། །རིན་པོ་ཆེའི་རིགས་ཀྱི་རྣལ་འབྱོར་པ་སྦྱོར་བ་དེ་དང་ལྡན་པ་དེ་ནི། དེ་མ་ཐག་ཏུ་རིན་ཆེན་འབྱུང་ལྡན་དང་འདྲ་བར་འགྱུར་བས། རྡོ་རྗེ་སེམས་དཔའི་འོད་འདྲ་བར་འགྱུར་བ་སྟེ། དེའི་རྣལ་འབྱོར་དང་ལྡན་པ་དང་། པད་མའི་རིགས་ཀྱི་རྣལ་འབྱོར་པ་སྦྱོར་བ་དེ་དང་ལྡན་པ་ནི། རྒྱལ་པོ་ཆོས་རྣམས་ཀུན་དང་མཚུངས་པ་སྟེ། འོད་དཔག་མེད་དང་འདྲ་བར་འགྱུར་ཞིང་། དེའི་རྣལ་འབྱོར་དང་ལྡན་པ་དང་། ལས་ཀྱི་རིགས་ཀྱི་རྣལ་འབྱོར་པ་སྦྱོར་བ་དེ་དང་ལྡན་པ་ནི། འདོད་དང་ཐར་པ་རབ་ཏུ་སྒྲུབ་པར་བྱེད་པ་དོན་ཡོད་གྲུབ་པ་དང་འདྲ་བར་འགྱུར་ཞིང་དེའི་རྣལ་འབྱོར་དང་ལྡན་པའོ། །དེ་ལ་འོད་དཔག་མེད་དང་དེའི་རིགས་ཅན་གྱི་རྣལ་འབྱོར་པས། འོད་དཔག་མེད་ཀྱིས་གཙོ་བྱས་པའི་ཕྱག་རྒྱ་ཞིག་དང་ལྷན་ཅིག་སྤྱོད་པ་བྱ་བ་ནི། རྡོ་རྗེ་ཆོས་ཏེ་འོད་དཔག་མེད་ཀྱི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་བསྒོམས་ནས། དེའི་འོག་ཏུ་གཞན་རྣམས་སྔར་དང་འདྲ་བ་ལ། གསང་མཆོད་ཀྱི་སྐབས་སུ་གར་མཁན་གྱི་བུ་མོ་ཁ་དོག་དམར་སྐྱར་འདུག་པས་རབ་ཏུ་མཛེས་ཤིང་། སྒྲུབ་པ་པོ་ལ་ལྟ་བས་བཞིན་བཟང་བ། ཤེས་རབ་ཡངས་པས་མིག་དཀྱུས་རིང་བ། སྒྲུབ་པ་པོས་རྟག་ཏུ་བསྒྲུབ་པ་སྟེ། སྔགས་དང་རྒྱུད་ལ་ལེགས་པར་བསླབས་པ་པང་པར་བཞག་ནས་བླ་ན་མེད་པའི་མཆོད་པ་བརྩམ་པར་བྱའོ། །དེ་ལྟར་ཞུགས་པའི་སྒྲུབ་པ་པོ་དེ་ནི་རྡོ་རྗེ་ཆོས་བདག་སྟེ། འོད་དཔག་ཏུ་མེད་པའི་བདག་ཉིད་ས་བཅུ་ལ་གནས་པར་འགྱུར་ཞིང་། རྒྱལ་པོ་གསུང་གི་དམ་ཚིག་སྟེ་ངག་གི་དབང་ཕྱུག་འཛིན་པ་དང་། མངའ་བདག་དམ་པ་ཀུན་གྱི་མཆོག་ནི། འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བ་སྟེ། རྟོག་པའི་རྣལ་འབྱོར་ཡིན་པའི་ཕྱིར་རོ། །འདིས་མཚོན་ནས་རིགས་གཞན་གཉིས་ཀྱི་ཡང་ཤེས་པར་བྱའོ། །རྫོགས་རིམ་པའི་སྤྱོད་པ་བསྟན་པ་ནི། བསྒྲུབ་པར་བྱའོ་ཞེས་དྲང་། སུ་ཞིག་གིས་ན། རྡོ་རྗེ་དང་འདྲ་བར་མི་ཕྱེད་པའི་ཆོས་འདི་ནི། རྫོགས་པའི་རྣལ་འབྱོར་ཏེ་དེའི་བདག་སྟེ་དེ་རྟོགས་པ་དང་ལྡན་པའི་རྣལ་འབྱོར་པས་སོ། །གང་ཞིག་ན། བྲམ་ཟེ་ལ་སོགས་པའི་རིགས་བཞི་ལས་བྱུང་བའི་བུད་མེད་གང་ཡང་རུང་བའོ། །ཚུལ་ཇི་ལྟར་ན། བསྐྱེད་རིམ་པ་ནི། རང་གི་རིགས་དང་མཐུན་པའི་ཕྱག་རྒྱ་དང་ལྷན་ཅིག་སྤྱོད་པ་བྱེད་ལ། རྫོགས་རིམ་པ་ལ་རིགས་ཀྱི་ངེས་པ་མེད་པས། རིགས་བཞི་གང་ཡང་རུང་བའི་བུ་མོ་བླངས་ནས། དེ་དང་ལྷན་ཅིག་འདོད་ཆགས་དང་། འདོད་ཆགས་དང་བྲལ་བ་ལ་སོགས་པའི་རིམ་གྱིས་རྣམ་པ་དག་པའི་གནས་མངོན་སུམ་དུ་བྱེད་པའི་ཚུལ་གྱིས་སོ། །དུས་ནམ་གྱི་ཚེ་ན། སྤྲོས་མེད་ཕྱག་རྒྱ་ཞིག་དང་ལྷན་ཅིག་སྤྱོད་པ་བྱེད་པའི་གསང་མཆོད་དང་དབང་གསུམ་པའི་དུས་སུ། མཆོག་ཐུན་མོང་གི་དངོས་གྲུབ་བསྒྲུབ་པའི་ཆོ་ག་ལ་ལྔ་ལས། རྡོ་རྗེ་འཆང་གི་སྒྲུབ་པ་ནི། གོང་དུ་བཤད་པ་དེ་ལྟ་བུའི་ཆོ་ག་འདི་ནི་གསང་བ་སྟེ་རྡོ་རྗེ་འཆང་ཆེན་པོ་ཐོབ་པར་བྱེད་པ་ཡིན་ལ། དེ་ཡང་མངོན་པར་བྱང་ཆུབ་པའི་རིམ་པས་རྫོགས་པར་བྱ་སྟེ། དེ་ལ་ཕྱིའི་མངོན་པར་བྱང་ཆུབ་པ་ནི། རྡོ་རྗེ་ཉི་མ་ནི་ཉིན་མོ་སྟེ་སྣང་བ་མཆེད་པ་མཚོན་པའོ། །ནུབ་པ་ནི་དམར་ཐག་ཆད་པ་མཚམས་ཀྱི་མུན་པ་སྟེ་ཉེར་ཐོབ་མཚོན་པའོ། །དེའི་འོག་ཏུ་མཚན་མོ་ཟླ་བའི་འོད་དང་བཅས་པ་ནི། སྣང་བ་མཚོན་པའོ། །དེའི་འོག་ཏུ་ཡོ་བྱད་ཇི་སྙེད་པས་བླ་མ་མཉེས་པར་བྱས་ལ། མཚན་ཕྱེད་ཀྱི་དུས་སུ་བླ་མའི་དྲིན་གྱི་དབང་བསྐུར་བ་ཐོབ་ནས། སྐྱ་རེངས་འཆར་བའི་དུས་སུ་སྟེ་མཚན་མོའི་ཆ་འདས་ནས་ཉི་མ་མ་ཤར་བའི་དུས་སུ། བསྒོམ་པའི་མཆོག་སྟེ་མངོན་པར་བྱང་ཆུབ་པའི་རིམ་པ་ལུང་ཕོག་ནས། འགྲུབ་པར་འགྱུར་ཞིང་རྣམ་པར་དག་པར་འགྱུར་རོ། །ནང་གི་མངོན་པར་བྱང་ཆུབ་པའི་རིམ་པ་བསྟན་པ་ནི། དེ་ནས་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལས། རྡོ་རྗེ་ཉི་མ་སྟེ་ཐབས་ཀྱི་ཡེ་ཤེས་སྙོམས་པར་འཇུག་པའི་མཚན་ཉིད་བྱུང་ཞིང་ནུབ་པས་ཏེ། ཤེས་རབ་ཀྱི་ངོ་བོ་འགགས་ཤིང་། འོད་གསལ་སྒྲུབ་པར་བྱེད་པས་ན་བསྒྲུབ་པ་སྟེ། ཀུན་ཏུ་སྣང་བ་ཉེར་ཐོབ་ཀུན་ཏུ་བརྩམ་པ་སྟེ་འབྱུང་བར་འགྱུར་རོ། །དེ་ནས་སྐྱ་རེངས་འཆར་བ་ནི་མ་རིག་པ་སྟེ། དེ་འདས་ཤིང་སོང་བར་གྱུར་པའི་དུས་སུ། སྒྲུབ་པ་པོས་བསྒོམ་པ་མཆོག་གི་སྟེ་སྟོང་པ་དང་། ཤིན་ཏུ་སྟོང་པ་དང་། ཆེན་པོ་སྟོང་པ་ཉིད་ཀྱི་རྒྱུ་རྐྱེན་གྱིས། འོད་གསལ་མངོན་སུམ་དུ་བྱས་པས། ཕྱག་རྒྱ་ཆེན་པོ་འགྲུབ་པར་འགྱུར་རོ། །སྟོང་པ་གསུམ་རིམ་གྱིས་ཐིམ་པའི་ནང་གི་མངོན་པར་བྱང་ཆུབ་པ་མངོན་དུ་བྱས་པ་ལས་རྗེས་དྲན་གྱི་ཡན་ལག་ལུགས་ལྡོག་གི་སྣང་བ་གསུམ་རླུང་དང་བྱས་པ་ལས། ཟུང་འཇུག་ཏུ་བཞེངས་པའི་ཕྱག་རྒྱ་ཆེན་པོ་དེའི་མཚན་ཉིད་ཇི་ལྟ་བུ་ཞེ་ན། མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པས་ན། རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས་ཤིང་། སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་པས། སྤོས་དང་མེ་ཏོག་རྣམས་ཀྱིས་བརྒྱན་པ་ཞིག་སྟེ། རྡོ་རྗེ་སེམས་དཔའ་སྟེ་སྒྲུབ་པ་པོ་རྣམས་ཀྱི། མཆོག་སྟེ་སྟོང་པ་གསུམ་རིམ་གྱིས་ཐིམ་པའི་ནང་གི་མངོན་པར་བྱང་ཆུབ་པ་བསྒོམས་པས། དེ་ལྟ་བུའི་གྲུབ་པས་ཏེ་ཕྱག་རྒྱ་ཆེན་པོ་མྱུར་དུ་འགྲུབ་པར་འགྱུར་རོ། །དེ་ལྟ་བུའི་ཕྱག་རྒྱ་ཆེན་པོ་གྲུབ་པ་འདི་ནི་སྐུ་གསུམ་མཆོག་སྦྱིན་པས་ཏེ། ཁམས་གསུམ་མངོན་པར་འདོད་པའི་འབྲས་བུ་སྟེར་བ་དང་། རབ་ཏུ་གྲགས་པའི་སངས་རྒྱས་ཀྱི་མཚན་རྣམས་ཀྱིས་མཚན་པར་འགྱུར་བ་དང་། དཔག་ཚད་བརྒྱ་ཡིས་མཚོན་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་རང་གི་འོད་ཀྱིས་སྣང་བར་བྱེད་པར་འགྱུར་རོ། །རྫོགས་རིམ་པས་རྟེན་ཟུང་འཇུག་ལ་གནས་ནས་ཞི་སོགས་ཀྱི་ལས་བསྒྲུབ་པར་བྱའོ་ཞེས་སྟོན་པ་ནི། དབང་པོ་གཉིས་ཏེ་བདེན་པ་གཉིས། གཉིས་སུ་མེད་པར་སྦྱོར་བའི་རྡོ་རྗེ་འཆང་ཆེན་པོར་བསྐྱེད་དེ། ཞི་སོགས་ཀྱི་ལས་ཀྱི་སྦྱོར་བ་ཐམས་ཅད་བརྩམ་པར་བྱ་སྟེ། བཤད་མ་ཐག་པའི་ཟུང་འཇུག་གི་ཏིང་ངེ་འཛིན་འདི་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཀྱི་དམ་ཚིག་སྟེ་རྫོགས་པར་བྱེད་པ་དང་། ཤིན་ཏུ་འདའ་དཀའ་ཞིང་འདའ་བར་མི་རུང་བ་ཡིན་ནོ། །འདོད་ཡོན་ལྔ་ལ་ལོངས་སྤྱད་ཚུལ་བསྟན་པའི་སྒོ་ནས་ཟུང་འཇུག་པའི་སྤྱོད་པ་བྱེད་པ་གསལ་བར་བཤད་པ་ནི། རྡོ་རྗེ་ཅན་ཏེ་སྒྲུབ་པ་པོ་གྲུབ་པས་ཏེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འདོད་ན། བཤང་བ་གཟུགས་ལ་སོགས་པའི་ཡུལ་རྣམས་དང་། གཅི་བ་མིག་ལ་སོགས་པའི་དབང་པོ་རྣམས་ཡུལ་དང་ཡུལ་ཅན་དུ་འདུས་པར་གྱུར་པའི་དམ་ཚིག་སོར་སྡུད་བསམ་གཏན་གྱི་རིམ་གྱིས་བཟའ་བར་བྱ་བ་སྟེ། ཉམས་སུ་མྱོང་བ་འདི་ནི། དངོས་གྲུབ་ཐམས་ཅད་ཀྱི་དམ་ཚིག་ཤིན་ཏུ་འདའ་བར་དཀའ་བའི་ལམ་ཡིན་ནོ། །དེ་ལྟར་སྤྱོད་པ་བྱས་པའི་ཕན་ཡོན་སྟོན་པ་ནི། སྒྲུབ་པ་པོས་བཤང་གཅི་དམ་ཚིག་སྟེ། བཤད་མ་ཐག་པའི་ཡུལ་དང་དབང་པོ། སོར་སྡུད་བསམ་གཏན་གཉིས་ཀྱིས་ལོངས་སྤྱོད་པ་སྔོན་དུ་འགྲོ་བས། དབང་པོ་གཉིས་ཏེ་བདེན་པ་གཉིས། གཉིས་སུ་མེད་པར་བྱས་པའི་སྦྱོར་བས། སངས་རྒྱས་བྱང་ཆུབ་སྟེ་མི་གནས་པའི་མྱ་ངན་ལས་འདས་པ། དགེས་ཤིང་ཞི་བ་མི་སླུ་བས་ན་དེ་ཁོ་ན་ཉིད། དངོས་གྲུབ་ཐམས་ཅད་ལས་ཕུལ་དུ་བྱུང་བས། བླ་ན་མེད་པ་འགྲུབ་པར་འགྱུར་རོ། །འདོད་པ་ནི་འཁོར་བའོ། །ཐར་པ་ནི་མྱ་ངན་ལས་འདས་པ་སྟེ། དེ་དག་མཉམ་ཞིང་གཉིས་སུ་མེད་པ་བྱས་པ་མཁྱེན་པས་ན། འདོད་པ་དང་ཐར་པའི་དམ་ཚིག་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའོ། །དྲག་པོའི་ལས་ཀྱི་སྒྲུབ་པ་ལ་དྲུག་སྟེ། སྔགས་དང་བཅས་པའི་སྦྱིན་སྲེག་གིས་དགུགས་པའི་སྦྱོར་བ་དང་སྔགས་དེ་ཉིད་ཀྱིས་ནོར་བླང་བ་དང་། གསད་པའི་སྦྱོར་བ་བསྟན་པ་དང་། གསང་སྔགས་ཕཊ་ལ་བརྟེན་པའི་ཐོ་བ་སྒྲུབ་པ་དང་། རྡོ་རྗེ་དང་སྟ་རེའི་སྒྲུབ་པ་ཕན་ཡོན་དང་བཅས་པ་དང་། ཆར་ལ་སོགས་པའི་ཉེར་འཚེ་བཟློག་པ་བསྟན་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དམ་ཚིག་ཆེན་པོའི་རྡོ་རྗེ་ཁྲོ་བོ་གཤིན་རྗེ་གཤེད་བསྐྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཕྱུང་ངོ་ཞེས་སྦྱར། གང་ཞིག་ན། དེ་བཞིན་གཤེགས་པ་སྟེ་བསྒྲུབ་བྱ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཀུན་ཏུ་སྐྲག་པར་བྱེད་པའི་རྡོ་རྗེ་ཁྲོ་བོ་གཤིན་རྗེ་གཤེད་འདི་སྔགས་ཀྱི་བདག་ཉིད་དུའོ། །གང་ལས་ན་ཉིད་ཀྱི་སྐུ་ལ་སོགས་པ་ལས་སོ། །སྔགས་ནི་ༀ་ཞེས་སོགས་ཏེ། མིང་ནི་སྦྲུལ་ལོ། །སྤེལ་བ་ནི་སྔར་བཞིན་ནོ། །དེ་ཡང་དྲན་པ་གཅིག་པའི་བསྙེན་པ་ལས་སུ་རུང་ཞིང་། ཧྲཱི་ཥྚིའི་སྔགས་འབུམ་ཕྲག་གཅིག་བཟླས་ཤིང་། སྦྱིན་སྲེག་ཁྲི་ཕྲག་གཅིག་བྱས་པའི་རྣལ་འབྱོར་པས། བུ་མོ་དགུག་པའམ། གཞན་གྱི་དཔུང་མནན་པར་འདོད་ན། དྲག་པོའི་ཁྱད་པར་བརྒྱད་དང་ལྡན་པས་བྱས་ཏེ། གཞན་རྣམས་སྔར་དང་འདྲ་ཞིང་ཆོ་གའི་ཁྱད་པར། ཞེ་སྡང་རྡོ་རྗེའི་དང་པོའི་སྦྱོར་བ་སྔོན་དུ་འགྲོ་བས། ཁྲོ་བོ་བཅུ་གཅིག་གི་དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། ལས་རྒྱལ་མཆོག ཤེས་རབ་ཅན་གྱིས་གྲུ་གསུམ་དུ། །ཞེས་པས། ཐབ་ཁུང་གྲུ་གསུམ་བྱས་ལ། ཉི་མའི་དགུང་ངམ་ནམ་ཕྱེད་ན། །འདི་ནི་ཡོང་ཡེ་རབ་ཏུ་ཤིས། །ཞེས་པས། ནམ་ཕྱེད་དམ་ཉི་མ་དགུང་གི་དུས་སུ། ཁྲོ་ཤིང་ཚེར་མའི་མེ་ལ་བསྲེག །ཅེས་པ་པོ་སོ་ཆ་ལ་སོགས་པ་ཚེར་མ་ཅན་གྱི་ཤིང་ལ་མེ་སྦར་ཏེ། མེ་ལྷའི་ཆོ་ག་ཡན་ཆད་རྫོགས་པའི་རྗེས་ལ། ཐབ་ཁུང་དེར། དམ་ཚིག་ཆེན་པོའི་རྡོ་རྗེ་ཁྲོ་བོ་ཞལ་གདངས་པ་མ ཆེ་བ་གཙིགས་ཤིང་ལྗགས་བསྐྱོད་པ་བསྒོམ་ལ། དེ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་ཏེ་བསྟིམ་ལ། བུ་མོའི་མིང་དང་ཚིག་ཏུ་བཅས། །ཞེས་པ། བུ་མོ་དགུག་པར་འདོད་ན། ཆེ་གེ་མོ་ཨ་ཀར་ཤ་ཡ་ཧྲི་ཞེས་དང་སྤེལ། དཔུང་གནོན་ན། ཆེ་གེ་མོ་ན་ཤ་ཡ་སྟཾ་བ་ཡ་ཞེས་པ་དང་སྤེལ་ནས། དུག་ནི་ཁྲག་དང་ཀུན་ཏུ་སྦྱར། །ལན་ཚྭ་སྐྱེ་ཚེ་དེ་བཞིན་ཏེ། །སྟོང་རྩ་བརྒྱད་ནི་ཚུལ་བཞིན་བསྲེག །ཅེས་པ་དུག་ལ་སོགས་པ་མངོན་སྤྱོད་ཀྱི་རྫས་སྟོང་རྩ་བརྒྱད་དུ་སྦྱིན་སྲེག་ཏུ་ཕུལ་ན་དཔུང་གནོན་པའམ། བུ་མོ་དབང་དུ་འགྱུར་རོ། །དུས་ཇི་ཙམ་དུ་བྱ་ཞེ་ན། བུ་མོ་དག་གི་དོན་གྱིས་ཕྱིར། །འདི་ནི་ཉི་མ་གསུམ་དུ་བྱ། །ཞེས་སོ། །དུས་ཇི་སྲིད་གཅིག་ཏུ་བུ་མོ་དབང་དུ་འགྱུར་ཞེ་ན། བསྐལ་པ་གྲངས་མེད་གསུམ་དུ་སྟེ་བྱིས་པ་དང་། ལང་ཚོ་དང་། དར་མ་དེ་དག་འདས་ཏེ། ཇི་སྲིད་གྲངས་མེད་པ་ཉིད་དེ། རྒས་འཁོགས་པ་དེ་སྲིད་དུ། སྦྱོར་བ་དེ་ཡིས་རྟག་ཏུ་གནོན་ཅིང་དབང་དུ་འགྱུར་རོ། །སྦྱོར་བ་དེ་གཞན་གྱི་རིགས་ལས་བཟློག་མི་ནུས་པར་བསྟན་པ་ནི། སངས་རྒྱས་ཏེ་རྣམ་པར་སྣང་མཛད་དང་། ཆོས་འཛིན་ཏེ་འོད་དཔག་ཏུ་མེད་པ་དང་། རྡོ་རྗེ་སེམས་དཔའ་སྟེ་མི་བསྐྱོད་པའི་རྣལ་འབྱོར་པའམ། གཞན་ཡང་རིན་པོ་ཆེའི་རིགས་སམ། ལས་ཀྱི་རིགས་ཀྱི་རྣལ་འབྱོར་གང་ཡང་རུང་བ་དག གལ་ཏེ་རྨོངས་པས་འདས་ནས་ཏེ། གནོན་པ་འདི་གཅོད་པར་འདོད་ན་སྒྲུབ་པ་པོ་དེའི་ཚེ་ནི། ལས་དེ་བརྩམས་པ་ནས་གཟུང་སྟེ། ཟད་ཅིང་མཐར་ཐུག་པར་འགྱུར་རོ། །སྔགས་དེ་ཉིད་ཀྱི་སྦྱོར་བས་ནོར་བླང་བ་དང་། གསད་པ་གཉིས་བསྟན་པ་ནི། སྔ་མའི་དཀྱིལ་འཁོར་རྒྱལ་མཆོག་ཡན་ཆོད་ལ་གནས་ནས་ལས་རྒྱལ་མཆོག་མར་ངོའི་ཚེས་བཅུ་བཞིའམ་བརྒྱད་ལ། མཚོན་གྱིས་བསད་པའི་སྐྱེས་བུའི་རོ་བསྲེགས་པའི་དུར་ཁྲོད་ཀྱི་སོལ་བ་བླངས་ནས། ཐོད་པ་ཁ་སྦྱོར་གྱི་ནང་དུ་བཞག་སྟེ། སྔགས་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ཏེ། དུར་ཁྲོད་ཀྱི་རས་ལ་གཤིན་རྗེ་གཤེད་ཀྱི་གཟུགས་བྲིས་ནས། དེ་ལ་ཡེ་ཤེས་པ་བཅུག་སྟེ། སྙིང་ཁར་ལག་པས་བྱུགས་ནས། ཆོ་ག་བཞིན་དུ་སྔགས་བཏབ་ན་ཞེས་པ། ཕཊ་ཀྱི་འོག་ཏུ་ཆེ་གེ་མོ་ཨི་དཾ་ད་པ་ཡ་ཧྲི་ཞེས་པ་སྤེལ་ནས། མཚན་ཕྱེད་དམ་ཉི་མ་ད གུང་ན་སྟོང་རྩ་བརྒྱད་བཟླས་ན། སྒྲུབ་པ་པོ་ལ་སེམས་ཅན་རྣམས་ཀྱིས་མངོན་པར་འདོད་པའི་འབྲས་བུ་རྟག་ཏུ་སྟེར་བར་འགྱུར་རོ། །གསད་པའི་སྦྱོར་བ་ནི། སྔགས་ཤེས་པ་ཡིས་ཏེ། རྣལ་འབྱོར་པས་སྔ་མ་བཞིན་དུ་བཟླས་པའི་སོལ་བས་དུར་ཁྲོད་ཀྱི་རས་ལ། དགྲ་གང་ཡང་རུང་བའི་གཟུགས་བརྙན་བྲིས་ལ། སྙིང་ཁར་སྔགས་དང་སྤེལ་བས་མིང་བྲིས་ལ། དེ་ལ་རྣམ་ཤེས་བཀུག་སྟེ། དོན་དུ་ཞེན་པས། ཟླ་བ་མར་ངོའི་མངོན་སྤྱོད་ཀྱི་དུས་སུ་ཁྲོ་བོ་གང་ཡང་རུང་བའི་དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། སྔགས་སྤེལ་ཚིག་དང་བཅས་པ་བཟླས་ཏེ། བསམ་གཏན་དག་གིས་ཏེ། དགྲ་བོ་བསད་པའི་བསམ་པས། སོལ་བ་དེ་མཚོན་ཆར་བསམས་ནས་གཟུགས་བརྙན་གྱིས་ཕྱི་རོལ་ནས་བརྩམས་ཏེ་དབུས་སུ་རི་མོ་བྲིས་ན་བྲིས་པ་ཙམ་གྱི་མོད་ལ་སྙིང་གས་ནས་འཆི་བར་འགྱུར་བར་གདོན་མི་ཟའོ། །གསང་སྔགས་ཕཊ་ཀྱིས་ཐོ་བ་སྒྲུབ་པ་ནི། ཐོ་བ་ཞེས་པ་རྐང་པ་གཉིས་ཏེ། གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། ལས་རྒྱལ་མཆོག ཆུ་ངོགས་ཀྱི་ས་བསྒྲུབ་བྱའི་རྐང་རྗེས་ཀྱི་ས་དང་བཅས་པ་ལས་དགྲ་བོའི་གཟུགས་བརྙན་བྱས་ལ། རྣམ་ཤེས་བཀུག་སྟེ་དེའི་ནང་དུ་བཅུག་ནས། ཁྲོས་པས་ཕཊ་ཅེས་བརྗོད་ཅིང་། རྡོ་རྗེ་ཐོ་བས་སྤྱི་བོར་བསྣུན་ཏེ་བརྡུང་བ་ལྟར་བྱས་ན། ངེས་པར་ལྷུང་ཞེས་པ་བསྒྲུབ་བྱའི་མགོ་བོ་ལ་ཐོ་བ་མངོན་སུམ་དུ་འབབ་པར་འགྱུར་རོ། །རྡོ་རྗེའི་བསྒྲུབ་པ་ནི། གནོད་མཛེས་ཀྱི་དཀྱིལ་འཁོར་རྒྱལ་མཆོག་ཡན་ཆོད་ལ་གནས་ནས། ལས་རྒྱལ་མཆོག་བཤད་མ་ཐག་པའི་ཆོ་གས་དགྲ་བོའི་གཟུགས་བརྙན་བྱས་ལ། དེ་ལ་རྣམ་ཤེས་བཀུག་སྟེ་བཅུག་ནས། རང་གི་ལག་ན་གནས་པའི་རྡོ་རྗེ་ཁ་གྱེས་ཤིང་རབ་ཏུ་འབར་བ་དང་བཅས་པའི། ཡི་གེ་ཧཱུྃ་ལས་བྱུང་བའི་འོད་ཟེར་ནག་པོས་ཀུན་ཏུ་ཁྱབ་པར་བསམས་ལ། དེ་དགྲ་བོའི་མགོ་ལ་ལྟུང་བར་གྱུར་པར་རབ་ཏུ་བསྒོམ་མོ། སྒྲུབ་པ་པོས་དེ་ལྟར་བྱས་ན། གདུག་པ་ཐམས་ཅད་འཇིག་པར་བྱེད་ཅིང་ལྟུང་བར་བྱེད་པར་འགྱུར་རོ། །རྣལ་འབྱོར་གང་ལ་གནས་ནས་ལས་འདི་བྱ་ཞེ་ན། ཕྱག་ན་རྡོ་རྗེ་སྟེ་རྡོ་རྗེའི་རིགས་ཁྲོ་བོ་གནོད་མཛེས་ཡིན་པས། དེ་རྗེས་སུ་དྲན་པ་སྟེ་དེའི་སྦྱོར་བ་དང་ལྡན་པས་ལས་འདི་བྱའོ། །སྟ་རེའི་སྒྲུབ་པ་ནི་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་རྒྱལ་མཆོག་མན་ཆོད་ལ་གནས་ནས། ལས་རྒྱལ་མཆོག་རྡོ་རྒྱུས་སམ་སོལ་བ་ལ་སོགས་པ་ཚོན་རྩི་གང་ཡང་རུང་བས། བསྒྲུབ་བྱ་སྐྱེས་པའམ་བུད་མེད་གང་ཡིན་པའི་གཟུགས་དུར་ཁྲོད་ཀྱི་རས་ལ་བྲིས་ལ། དེ་ལ་རྣམ་ཤེས་བཅུག་སྟེ། རང་གི་ལག་པར་ཡི་གེ་ཧཱུྃ་གྱུར་པ་ལས་བྱུང་བའི་སྟ་རེ་བསམས་ནས། ཕཊ་ཅེས་བརྗོད་ནས། དེས་མིད་པ་བཅད་པར་རྣམ་པར་བསྒོམས་ན། སངས་རྒྱས་ཏེ་བསྒྲུབ་བྱ་ཉིད་དུ་ཤེས་པ་དང་། སྐུ་གསུམ་རིན་ཆེན་མཆོག་སྟེ་ཁྱད་པར་ཅན་གྱི་ལུས་དང་ངག་དང་ཡིད་ཀྱི་བདག་ཉིད་ཅན་དང་། མཆོག་དང་། ཐ་མ་དང་། འབྲིང་གི་སེམས་ཅན་ཐམས་ཅད་ལ་ཕན་པ་ཡང་དག་པར་འདོད་པའི་བསྒྲུབ་བྱ་རྣམས་ཀྱང་སྦྱོར་བ་འདི་ཡིས་བསྣན་པར་འགྱུར་བའམ། ཡང་ན་འཆི་བར་འགྱུར་བ་གདོན་མི་ཟའོ། །ཆར་ལ་སོགས་པའི་ཉེ་བར་འཚེ་བ་བཟློག་པ་ནི། བདུད་རྩི་ཐབས་སྦྱོར་རམ། རྟ་མགྲིན་གྱི་དཀྱིལ་འཁོར་རྒྱལ་མཆོག་ཡན་ཆོད་ལ་གནས་ནས། ལས་རྒྱལ་མཆོག་ནི་ལས་ཀྱི་རྡོ་རྗེ་སྟེ་སྣ་ཚོགས་རྡོ་རྗེ་རབ་ཏུ་འབར་བ་ཆེན་པོ་ཆར་གང་འབབ་པའི་ཕྱོགས་སུ་བསམས་ལ། དེའི་དབུས་སུ་བསྐལ་པའི་མེ་ལྟ་བུའི་མེ་སྟག་མང་པོ་འཁྲིགས་པ་ཅན་གྱི་རྡོ་རྗེ་རྩེ་མོ་གྱེན་དུ་བལྟས་པ་བསྒོམས་ནས། དེའི་འོད་ཟེར་གྱི་ཚོགས་རྣམས་ཀྱིས་ཆར་གྱི་རྒྱུར་གྱི་ཚོགས་ཐམས་ཅད་རེངས་པར་བསམ་པ་ནི། ཆུ་སྟེ་ཆར་རྣམས་གནོན་པ་ལ་མཆོག་སྟེ། ཁྱད་པར་དུ་འཕགས་པ་ཡིན་ནོ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལ་སོགས་པ་དག་འབྲི་བ་ན། རླུང་དང་ཆར་དང་ཐོག་འབབ་པ་དང་། དཀྱིལ་འཁོར་གྱི་འོག་ཏུ་ཆུ་དང་སྦྲུལ་འབྱུང་བ་ལ་སོགས་པ་གཞན་གྱིས་སྦྱར་བའམ། དུས་ཀྱི་དབང་གིས་བྱུང་བར་འགྱུར། དེའི་ཚེ་མཆེ་བའི་ཕྱག་རྒྱ་སྟེ། ནོར་རྒྱས་ལ་སོགས་པའི་ཀླུ་རྣམས་ཚར་གཅོད་པའི་ཕྱག་རྒྱ་བཅིངས་ནས། གདུག་པ་སྟེ་བགེགས་རྣམས་ཀྱི་དགྲ་རྟ་མགྲིན་ཡིད་ལ་དྲན་ཞིང་བསྒོམས་པ་སྟེ། རང་གི་ལག་གི་མཚོན་ཆས་བགེགས་རྣམས་བཟློག་པར་བྱའོ། །དེ་ལྟར་བྱས་ན་སངས་རྒྱས་ཏེ་རང་གི་སྡེ་པ་དང་། བྱང་ཆུབ་སེམས་དཔའ་ཏེ་གཞན་གྱི་སྡེ་པའི་སྔགས་པ་དག་གིས། གང་ཞིག་སྤྲུལ་ཞིང་སྦྱར་བའི་བགེགས་ཀྱི་རིགས་བྱུང་ན། ཕྱག་རྒྱ་མཐོང་བ་ཙམ་གྱིས་འགག་པ་སྟེ་མི་སྣང་བར་འགྱུར་རོ། །དཀྱིལ་འཁོར་ལ་སོགས་པ་འབྲི་བའི་ཚེ་ཇི་སྐད་བཤད་པའི་འཚེ་བ་བྱུང་ན། གཞན་དུ་བྱས་ནས་ཏེ་རང་བཞིན་དེ་ལྟར་མི་བྱེད་ན། འཇིག་པར་འགྱུར་ཞིང་བརྩམས་པའི་ལས་འགྲུབ་པར་མི་འགྱུར་རོ། །

ཕཊ་ཀྱིས་གསང་སྔགས་ཀྱི་ནུས་པ་སྟོན་པ་ནི། སངས་རྒྱས་བྱང་ཆུབ་སེམས་དཔའ་སྟེ། རང་གཞན་གྱི་སྡེ་པའི་བསྔགས་པ་དང་། སྐྱེ་བོ་གདུག་པ་སེམས་ཅན་ཐ་མལ་གཞན་དག་ཀྱང་། ཕཊ་ཅེས་པའི་སྔགས་འདིས་སྐྲག་ཅིང་། བསྡིགས་པར་བྱས་ན་འཆི་བར་འགྱུར་བར་གདོན་མི་ཟའོ། །དྲག་པོའི་ལས་རྣམས་ལ། འོག་ནས་བཤད་པ་འདི་ནི། སྔགས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྦ་བར་བྱ་བས་ན་གསང་བ། སྙིང་པོ་ནི་གདུག་པའི་སྔགས་ཏེ་ཆེ་གེ་མོ་ནི་སྲོག་ཕྲོགས་ཤིག་པའོ། །གང་ཡིན་ཞེ་ན། ཕཊ་ཅེས་པ་སྟེ་གསོད་པའོ། །སྔར་བཤད་པའི་རྫོགས་རིམ་པའི་སྤྱོད་པ་གསལ་བར་བསྟན་པ་ལ་གསུམ་སྟེ། ཕྱག་རྒྱ་ལྔ་དང་སྤྱོད་པ་བྱ་བ་དང་། གཅིག་དང་སྤྱོད་པ་བྱ་བ་དང་། དེ་དག་གི་དུས་ཀྱི་ཁ་ཟས་ཀྱི་ཁྱད་པར་བསྟན་པའོ། །དང་པོ་ནི། འདིར་འབྱུང་བ་བཞི་དག་པའི་སངས་རྒྱས་སྤྱན་ལ་སོགས་པ་བཞི་དང་། རྣམ་ཤེས་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་སྟེ། གཟུངས་ཀྱི་ལྷ་མོ་ལྔ་དང་སྤྲོས་མེད་ཀྱི་སྤྱོད་པ་བྱ་བ་སྟོན་ནོ། །དེ་ཡང་ཁང་པ་མངོན་པར་འདུ་བྱ་བ་དང་། སྤྱོད་པའི་ཡོ་བྱད་བགོད་པ་ནི་གཞན་དང་འདྲ་ལ། ཚོགས་ཀྱི་དཀྱིལ་འཁོར་འདུ་བྱ་བའི་རིམ་པ་ལ། ཁང་པ་གསུམ་པར། སྣ་ཚོགས་པད་མ་རས་ཀྱིས་གཡོགས་པ་ལྔ་བཤམ་པ་དང་། རིགས་གང་ཡང་རུང་བའི་བུ་མོ་བཞི་སངས་རྒྱས་སྤྱན་ལ་སོགས་པར་ཆ་ལུགས་བསྒྱུར་ཏེ། མཚམས་བཞིར་བཞག་པ་དང་། བདག་ཉིད་དབུས་སུ་དབུགས་དབྱུང་གི་གཙོ་བོ་གང་ཡིན་པའི་ཆ་ལུགས་སུ་བསྒྱུར་བ་དང་། ཕྱག་རྒྱ་ཆོས་དབྱིངས་རྡོ་རྗེ་མའི་ཆ་ལུགས་བསྒྱུར་བ་དང་ལྷན་ཅིག་གནས་པ་ནི་ཁྱད་པར་རོ། །རྣལ་འབྱོར་གྱི་རིམ་པ་ནི། ཚོགས་ཀྱི་ཁང་པ་དེ་ཉིད་སྐད་ཅིག་ཙམ་གྱིས་གཞལ་ཡས་ཁང་དུ་བསྐྱེད་ལ། རླུང་སེམས་ཙམ་ལས་སྒྱུ་མ་ལྟ་བུའི་སྐུར་བསྐྱེད་དེ། དེ་བསམ་གཏན་གཉིས་གང་རུང་གིས་བཤིག་ནས། འོད་གསལ་མངོན་སུམ་དུ་བྱས་ཏེ། ལུགས་ལྡོག་གི་སྣང་བ་གསུམ་རླུང་བཅས་པ་ལས། ཟུང་འཇུག་གི་སྐུར་བཞེངས་ཏེ། སྤྲུལ་སྐུར་བསྒྱུར་བའི་དང་པོ་སྦྱོར་བ་ནི། ཡེ་ཤེས་སེམས་དཔའི་ཞེས་སོགས་ཀྱིས་སྟོན་ཏེ། དེ་ལ་ཡེ་ཤེས་ཀྱི་རིམ་པ་བསྐྱེད་པའི་སེམས་དཔའ་ནི་ཡེ་ཤེས་སེམས་དཔའ་སྟེ། དེའི་སྦྱོར་བ་ནི་ལུགས་ལྡོག་གི་སྣང་བ་གསུམ་རླུང་དང་བཅས་པ་ལས་སྐད་ཅིག་ཙམ་གྱིས། གདན་རྣམ་པ་བཞིའི་དབུས་ཀྱི་གདན་ལ་གཟུགས་ཏེ་རྡོ་རྗེ་འཆང་ཆེན་པོའི་སྐུར་བདག་ཉིད་བསྒོམ་པར་བྱའོ་ཞེས་པའོ། །དཀྱིལ་འཁོར་རྒྱལ་མཆོག་ནི། ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལས། བདེ་བའི་སྣང་བ་ཙམ་ལས་ལྷ་སོ་གཉིས་བསྐྱེད་ནས། ངེས་དོན་གྱི་འབྱིན་སྔགས་ཀྱིས་ཕྱུང་ནས། སྤྲོས། བསྡུས་ནས་ཚོགས་ཡོད་པ་ནི་རང་གི་ཚོགས་ལ་བསྟིམ། མེད་པ་ནི་རང་རང་གི་གནས་སུ་འགོད་པ་མ་རའི་བཞེད་པ་ཡིན་ལ། ཚོགས་དང་གྲངས་མཉམ་པའི་ལྷ་བསྐྱེད་དེ། རང་རང་གི་ཚོགས་ལ་བསྟིམ་པ་ནི། སྡོག་གོང་མའི་ཡེ་ཤེས་སེང་གེ་བཞེད་པའོ། །དེ་དག་གི་སྔགས་ཤེས་པའི་ཞེས་སོགས་ཀྱིས་སྟོན་ཏེ། སྔགས་དེ་ལྷའི་དེ་ཁོ་ན་ཉིད་ཤེས་པའི་རྣལ་འབྱོར་པས་སྤྱན་ལ་སོགས་པའི་གནས་བཞི་རུ། སྔགས་དང་ཕྱག་རྒྱ་ལེགས་པར་བསླབས་པའི་བུད་མེད་བཞི། སྤྱན་ལ་སོགས་པའི་དངོས་པོར་ཆ་ལུགས་བསྒྱུར་ནས། རྟག་ཏུ་སྟེ་ཉིན་དང་མཚན་དུ་བཞག་པར་བྱའོ། །ཇི་ལྟ་བུ་ཞེ་ན། ཀ་ར་ནའི་སྦྱོར་བ་ཐམས་ཅད་ལ་མཁས་པས་ན་རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས་པ་དང་གཟུགས་བཟང་ཞིང་མཛེས་པ་ལ་སོགས་པ་བུད་མེད་ཀྱི་མཚན་རྣམས་ཐམས་ཅད་ཀྱིས་མཚན་པའོ། །དེ་དག་གིས་ནི་དཀྱིལ་འཁོར་རྒྱལ་མཆོག་བསྟན་ཏེ། དེས་མཚོན་ནས་ལས་རྒྱལ་མཆོག་ཀྱང་ཤེས་པར་བྱའོ། །མཆོད་པའི་ཆོ་ག་ནི། ཕྱིའི་མཆོད་པ་སྔོན་དུ་སོང་ནས། ཡུལ་ལྔ་ལ་ཉེ་བར་ལོངས་སྤྱོད་པའི་ནང་གི་མཆོད་པ་ནི། མིག་ལ་སོགས་པ་དབང་པོ་ལྔའི་སྒོ་ནས་འབྱུང་བའི་རྒྱུ་བ་ལ་སོགས་པའི་རླུང་ལྔ་པོས་གཟུགས་ལ་སོགས་པའི་ཡུལ་ལྔའི་རྣམ་པར་བསྒོམ་ཞིང་། དེའང་སེམས་སྣང་བ་གསུམ་དུ་ཤེས་པར་བྱ་བ་དང་། དེའང་རང་བཞིན་མེད་པ་སྟོང་པ་ཉིད་དུ་ཤེས་པར་བྱས་ལ། ལོངས་སྤྱོད་པར་བྱ་བ་ནི་སྒོམ་བསམ་ཤིན་ཏུ་སྤྲོས་མེད་དོ། །དེ་ནི། པད་མོ་རབ་ཏུ་རྒྱས་བྱས་ནས། །ཞེས་པ་ཚིགས་བཅད་གཅིག་གིས་སྟོན་ཏེ། བསྒོམ་པར་བྱ་བ་སྟེ། ཤེས་པར་བྱའོ། །གང་ཞེ་ན། སྙིང་ཁའི་པད་མ་དང་། བཞིན་གྱི་པད་མོ་རབ་ཏུ་རྒྱས་ཤིང་ཁ་བྱེ་བར་བྱས་ནས་འབྱུང་བའི་འཁོར་ལོའི་སྔགས། ཡན་ལག་གི་རླུང་ལྔ། ཕྱིར་ལྡང་བའི་བདག་ཉིད་ཡི་གེ་ཧཱུྃ་འདིའོ། །ཚུལ་ཇི་ལྟར་བསྒོམ་པར་བྱ་ཞེ་ན། ཡན་ལག་གི་རླུང་ལྔ་ཕྱིར་ལྡང་བའི་བདག་ཉིད་ཀྱི་ཧཱུྃ་དེ་ཉིད་ཐ་སྙད་དུ་གཟུགས་ལ་སོགས་པ་ཡུལ་ལྔའི་ངོ་བོ་དང་། ཅུང་ཟད་དཔྱད་ན་རྣམ་ཤེས་གསུམ་གྱི་རང་བཞིན་དང་། དོན་དམ་པར་སྟོང་པ་ཉིད་ཀྱི་རང་བཞིན་དུ་བསྒོམ་ཞིང་ཤེས་པར་བྱའོ། །ཚུལ་དེ་ལྟར་ཤེས་པར་བྱས་ནས། བསྒོམ་ཞིང་བསླབ་པར་བྱའོ། གང་ལ་ཞེ་ན། རྡོ་རྗེ་ཅན་གྱི་སྦྱོར་བ་ནི། རྣམ་ཤེས་གསུམ་མམ་སྟོང་པ་ཉིད་ཀྱི་རང་བཞིན་གྱི་རྡོ་རྗེ་འཆང་ཆེན་པོ་གཟུགས་སོགས་ཡུལ་ལྔའི་རྣམ་པར་སྣང་བ་ཡིན་ལ། འོད་ཟེར་ལྔ་ནི་མིག་ལ་སོགས་པའི་དབང་པོ་ལྔ་སྟེ། རབ་ཏུ་འབར་བ་ནི་དབང་པོ་ལྔ་རབ་ཏུ་གསལ་བའམ་ཉམས་སུ་མྱོང་བའོ། །དེ་ལྟར་ན་བཤད་མ་ཐག་པའི་སྒོམ་བསམ་སྤྲོས་མེད་དང་། ཤིན་ཏུ་སྤྲོས་མེད་ཀྱིས་ཟིན་པའི་སྒོ་ནས། མིག་སོགས་དབང་པོ་ལྔ་གཟུགས་སོགས་ཡུལ་ལྔ་ལ་ལོངས་སྤྱད་པར་བྱའོ་ཞེས་པའི་དོན་ཏོ། །གསང་བའི་མཆོད་པ་ནི། དེ་ལྟར་ཡུལ་ལྔ་ལ་ལོངས་སྤྱོད་པ་ནང་གི་མཆོད་པ་བྱས་པའི་འོག་ཏུ་ཕྱག་རྒྱ་དང་སྙོམས་པར་ཞུགས་ཏེ། རང་གི་ལུས་ངག་སེམས་ཀྱི་རྡོ་རྗེ་ལ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཕབ་སྟེ། འདོད་ཆགས་དང་། འདོད་ཆགས་དང་བྲལ་བ་ལ་སོགས་པའི་རིམ་གྱིས་བྱང་ཆུབ་སྟེ་རྣམ་པར་དག་པའི་གནས་འོད་གསལ་བ་རྟོགས་ཤིང་ཐོབ་པར་འགྱུར་རོ། །སྤྱོད་པའི་ཕན་ཡོན་བསྟན་པ་ནི། དེ་ལྟར་སྤྱོད་པའི་རྣལ་འབྱོར་པ་དེ་ནི། དེ་མ་ཐག་ཏུ་སྟེ་རིང་པོ་མི་ཐོགས་པར་རྣམ་པར་སྣང་མཛད་འདྲ་བ་སྟེ། སྐུ་རྡོ་རྗེ་འདྲ་བ་དང་། དེ་བཞིན་དུ་རྡོ་རྗེ་སེམས་དཔའ་མི་བསྐྱོད་པ་དང་། རྒྱལ་པོ་ཆེ་རིན་ཆེན་འབྱུང་ལྡན་དང་། སངས་རྒྱས་འོད་དཔག་ཏུ་མེད་པ་དང་། སྐུ་གསུམ་རྡོ་རྗེ་འཛིན་པ་དོན་ཡོད་གྲུབ་པ་དང་མཉམ་པར་འགྱུར་རོ། །སེམས་དཔའ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་ཏེ། དེ་དག་བསྐྱེད་ཅིང་འབྱུང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ནོ། །ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་དང་སྤྱོད་པ་བྱ་བ་ནི། དེའང་རྣལ་འབྱོར་ཕོ་མོ་ཆ་ལུགས་བསྒྱུར་བ་ནི། བདག་ཉིད་དབུགས་དབྱུང་གི་གཙོ་བོ་གང་རུང་གི་ཆ་ལུགས་བསྒྱུར་བ་དང་། བྲམ་ཟེ་ལ་སོགས་པ་རིགས་བཞི་གང་ཡང་རུང་བའི་བུ་མོ་རང་གི་རིགས་ཀྱི་ཡུམ་དུ་ཆ་ལུགས་བསྒྱུར་བ་དང་ལྷན་ཅིག་ཏུ་སྣ་ཚོགས་པད་མ་རས་ཀྱིས་གཡོགས་པའི་གདན་ལ། ཚོགས་ཀྱི་ཁང་པ་འདུ་བྱས་པའི་ནང་དུ་འདུག་པར་བྱའོ། །རྣལ་འབྱོར་གྱི་རིམ་པ་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ། །མཆོད་པའི་ཆོ་ག་ལ། ཕྱི་མཆོད་དང་། ནང་མཆོད་སྔོན་དུ་སོང་ནས། གསང་བའི་མཆོད་པ་ནི། བཞིན་རབ་ཏུ་དྭངས་པས་བཞིན་བཟང་ཞིང་། སྒྲུབ་པ་པོ་ལ་ཕན་པར་འདོད་པའི་བུད་མེད་རིགས་བཞི་ལས་གང་ཡང་རུང་བ་རྙེད་ནས། འདི་ལས་འབྱུང་བའི་ཆོ་ག་བཞིན་དུ་སྐྱེ་བོ་འདུས་པ་དང་བྲལ་བའི་དབེན་པར་སྙོམས་འཇུག་གི་མཆོད་པ་བརྩམ་པར་བྱའོ། །དེས་ཅི་ཞིག་བྱ་ཞེ་ན། གསང་བ་བླངས་ནས་ཏེ། ཆགས་པ་ལ་སོགས་པ་གསུམ་གྱི་རིམ་པ་ངེས་པར་བྱས་ནས། བཟའ་བར་བྱ་བ་སྟེ་འོད་གསལ་བས་རྣམ་པར་སྦྱར་བར་བྱའོ། །

དེ་ལྟར་སྤྱོད་པ་བྱས་པས་ཕན་ཡོན་ཅི་འཐོབ་ཅེ་ན། དེ་ལྟར་སྦྱངས་པའི་རྣལ་འབྱོར་པ་དེ་ནི། དེ་མ་ཐག་ཏུ་སྟེ་རིང་པོ་མི་ཐོགས་པར་འཇམ་དཔལ་ཏེ་རྡོ་རྗེ་འཆང་ཆེན་པོ་དང་། གཟི་བརྗིད་དེ་མཐུ་མཉམ་པར་འགྱུར་ཞིང་། མི་སྣང་བ་སྟེ་ཐ་མལ་པའི་རང་བཞིན་གྱི་ལུས་སྤངས་ནས། དེའི་འོག་ཏུ་བདག་པོ་སྟེ་རྡོ་རྗེའི་ལུས་མངའ་བའི་གཙོ་བོར་འགྱུར་ཞིང་། ཕྱག་རྒྱ་དང་བཅས་པའི་དངོས་གྲུབ་ཐོབ་པའི་དཔལ་དང་ལྡན་པ་དང་། འཛམ་བུ་གསེར་གྱི་མདངས་འདྲ་བ་སྟེ་རིན་ཆེན་ཏོག་དང་མཉམ་པར་འགྱུར་ཞིང་། ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་གྱིས་སེམས་ཅན་གྱི་དོན་རྫོགས་པར་བྱེད་པར་འགྱུར་རོ། །སྤྱོད་པའི་དུས་ཀྱི་ཟས་ཀྱི་བྱ་བ་བསྟན་པ་ནི། སྤྱོད་པ་བྱེད་པའི་དུས་སུ། ཁ་ཟས་བསྒྲུབ་པའི་རྩོལ་བས་སེམས་གཡེངས་པར་གྱུར་པ་དགག་པའི་ཕྱིར། ཁ་ཟས་གང་དང་གང་རྙེད་པ་བྱིན་གྱིས་བརླབས་ཏེ། ལོངས་སྤྱད་པར་བྱའོ་ཞེས་སྟོན་པ་ནི། བ་ལང་གི་ལྕི་བ་ལ་སོགས་པའི་བཤང་བའམ། འཇིག་རྟེན་དང་ཐུན་མོང་དུ་གྱུར་པའི་ཟན་དང་འབྲས་ཆན་ལ་སོགས་པའི་བཟའ་བའམ། ཅི་རིགས་པར་རྙེད་པའི་ཤ་དག་ཀྱང་ཆོ་ག་ཤེས་པའི་མཁས་པས་ཆོ་ག་བཞིན་དུ་བསྔགས་ནས་ཏེ། སྦྱང་བ་ལ་སོགས་པའི་རིམ་པས་མངོན་པར་འདུ་བྱས་ཤིང་། སྙིང་ཁ་དང་ལྐོག་མ་ཡང་སྦྱངས་ནས་ཁར་གཞུག་པར་བྱས་ཤིང་ཟོས་ན། སངས་རྒྱས་ཏེ་མཁས་པ་རྣམས་སམ། སྐལ་བ་ངན་པ་གཞན་དག་གིས་ཀྱང་མི་མཐོང་བ་སྟེ་ཤེས་པར་མི་འགྱུར་རོ། །རིལ་བུ་སྒྲུབ་པའི་བྱེ་བྲག་བཅུ་བསྟན་པ་ནི། དེ་ཡང་ནང་ལ་མཆོག་ཏུ་གཞོལ་བ་ཐུན་མོང་གི་བསྙེན་པ་ལས་སུ་རུང་བའི་རྣལ་འབྱོར་པས། རིལ་བུའི་སྦྱོར་བ་ལ་བསྟེན་ནས་མི་སྣང་བའི་དངོས་གྲུབ་བསྒྲུབ་པར་འདོད་ན། རང་གི་ལྷག་པའི་ལྷ་གང་ཡིན་གྱི་དང་པོའི་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་ལ་གནས་པས། ལས་རྒྱལ་མཆོག་ནི། རྒྱུ་མི་འདྲ་བ་བཅུ་པོ་གང་ཡང་རུང་བ་ལས་རིལ་བུ་བྱས་ཏེ། གསེར་དང་དངུལ་དང་ཟངས་ཀྱི་ལྗང་པ་གསུམ་གྱིས་བཀྲ་ཤིས་པའི་རིལ་བུ་དེ་ཟླ་བ་གཟས་ཟིན་པའི་དུས་སུ། ཡུམ་གྱི་ཆོས་འབྱུང་གི་ནང་དུ་བཅུག་ལ། ཟླ་བ་གཟས་བཏང་གི་བར་དུ་སྙོམས་འཇུག་བྱའོ། །དེ་ནས་བཏོན་ལ་མཚན་མ་ལ་བལྟས་ཏེ། དུ་བ་ལ་སོགས་པ་བྱུང་ན་གྲུབ་པ་ཡིན་པར་ཤེས་པར་བྱ་སྟེ། ཁར་བཅུག་ན་དེའི་ཚེ་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མི་མཐོང་ངོ་། སྦྱོར་བ་སྔ་མ་གཉིས་ལ་ཆོས་འབྱུང་དུ་གཞུག་པ་མེད་ཀྱང་། འོག་མ་རྣམས་ཀྱིས་ཉེ་བར་མཚོན་ནས་ཤེས་པར་བྱའོ། །དེ་བས་ན་རྒྱུའི་འདྲ་བ་མ་གཏོགས་ཆོ་ག་གཞན་ཁྱད་པར་མེད་དོ། །ཚིག་དོན་ནི། ཉིན་ཞག་དེ་ཉིད་ལ་སྐྱེས་པའི་བུ་ཆུང་གི་བཤང་བ་དང་། ཆོ་ག་བཞིན་དུ་སྟེ་ས་ལ་མ་རེག་པར་བླངས་ནས། ཁམ་ཕོར་ཏེ་ཐོད་པ་ཁ་སྦྱར་གྱི་ནང་དུ་བཞག་ལ། ཡི་གེ་གསུམ་བརྒྱ་རྩ་བརྒྱད་ཀྱི་བར་དུ་བཟླས་ཤིང་། ཡང་དག་པར་བསྐུལ་ནས་རིལ་བུ་བྱས་ལ། ལྕགས་གསུམ་གྱིས་དཀྲིས་ཏེ། ཆོས་འབྱུང་དུ་བཅུག་ནས་ཟླ་བ་གཟས་ཟིན་གྱི་དུས་སུ་སྙོམས་འཇུག་བྱས་པས་རྟགས་གསུམ་གང་རུང་བྱུང་བ་ན། ཁར་བཅུག་ན་སྒྲུབ་པ་པོ་སངས་རྒྱས་ཉི་མ་སྟེ་རིག་པ་འཛིན་པ་རྣམས་ཀྱིས་ཀྱང་མི་མཐོང་ངོ་། །དེ་བཞིན་དུ་ཁྱིའི་ཤ་ལ་སོགས་པ་ཆོ་ག་བཞིན་དུ་སྟེ། ས་ལ་མ་རེག་པར་བླངས་ནས། སྦྱོར་བའི་ཐབས་ཀྱིས་ཏེ་ཐོད་པ་ཁ་སྦྱར་གྱི་ནང་དུ་བཞུགས་ལ། སྔ་མ་བཞི་ནདུ་བཟླས་ཏེ། རིལ་བུ་བྱས་ནས་ཟོས་ཤིང་ཁར་བཅུག་ན་གྲུབ་པ་ལ་སོགས་པ་རྣམས་ཀྱིས་ཀྱང་མི་མཐོང་ངོ་། །བཤང་བ་དང་ལྷན་ཅིག་བདུད་རྩི་བཞི་པོ་སྦྱར་ནས་རིལ་བུ་བྱས་ལ། གསེར་ལ་སོགས་པ་ལྕགས་གསུམ་གྱིས་དཀྲིས་ཏེ། ཆོས་འབྱུང་དུ་བཅུག་ནས། ཟླ་བ་གཟས་ཟིན་གྱི་དུས་སུ་དབང་པོ་གཉིས་ཀྱི་སྦྱོར་བ་ཡིས་སྙོམས་འཇུག་བྱས་པས། དུ་བ་ལ་སོགས་པའི་རྟགས་བྱུང་བའི་ཚེ། ཁར་བཅུག་ན་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མི་མཐོང་ངོ་། །ཤ་ཆེན་བདུད་རྩི་ལྔ་དང་སྦྱར་བ་ཡི་རིལ་བུ་ལྕགས་གསུམ་གྱིས་དཀྲིས་པ། བཤད་མ་ཐག་པའི་དབང་པོ་གཉིས་ཀྱི་སྦྱོར་བ་ཡིས་བསྒྲུབས་ན་ཡང་སྔ་མ་བཞིན་དུ་འགྱུར་རོ། །དེ་བཞིན་དུ་བ་ལང་གི་ཤ་དང་། བདུད་རྩི་ལྔ་ལྷན་ཅིག་སྦྱར་བའི་རིལ་བུ་དང་། བཤང་བ་དང་ལྷན་ཅིག་བྱུང་བའི་སྲོག་ཆགས་བདུད་རྩི་ལྔ་དང་ལྷན་ཅིག་སྦྱར་བའི་རིལ་བུ་དང་། ཙན་དན་དམར་པོ་དང་། ག་བུར་གཉིས་བདུད་རྩི་ལྔ་དང་ལྷན་ཅིག་སྦྱར་བའི་རིལ་བུ་དང་། གི་ཝང་དང་ཨ་ཀ་རུ་ནག་པོ་གཉིས་བདུད་རྩི་ལྔ་དང་སྦྱར་བའི་རིལ་བུ་དང་། ག་བུར་གུར་གུམ་གཉིས་བདུད་རྩི་ལྔ་དང་སྦྱར་བའི་རིལ་བུ་རྣམས་ལྕགས་གསུམ་གྱིས་དཀྲིས་ཏེ། སྔར་བཤད་པའི་ཚུལ་གྱིས་དབང་པོ་གཉིས་ཀྱི་སྦྱོར་བ་ཡིས་བསྒྲུབས་ནས་ཁར་བཅུག་ན། སྒྲུབ་པ་པོ་སངས་རྒྱས་ཀུན་གྱིས་ཀྱང་མི་མཐོང་ངོ་། །རྫོགས་རིམ་པས་ཞི་བ་ལ་སོགས་པའི་ལས་བསྒྲུབ་པ་ཕན་ཡོན་དང་བཅས་པ་ནི་ཟུང་འཇུག་པའི་རྣལ་འབྱོར་པས། སྒྱུ་ལུས་འོད་གསལ་དུ་བཅུག་སྟེ་ཟུང་འཇུག་ལོངས་སྐུར་བཞེངས་ནས། དེའི་འོག་ཏུ་ཞི་བའམ་དྲག་པོའི་རྡོ་རྗེ་འཛིན་པ་སྟེ། རང་གི་ལྷག་པའི་ལྷ་གང་ཡང་རུང་བའི་སྤྲུལ་སྐུ་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ཤིང་བསྐྱེད་པའི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། གདུལ་བྱའི་སྐྱེ་བོ་རྣམས་དད་པར་བྱ་བའི་ཕྱིར། མགོན་པོ་བཞིའི་རླུང་དགུ་བརྒྱ་པ་ཕྲག་རེ་རེ་རྒྱུ་བའི་ཚེ། རྡོ་རྗེ་བཟླས་པ་བྱས་ཏེ། ཞི་སོགས་ཀྱི་ལས་བསྒྲུབས་ན་འགྲུབ་པར་འགྱུར་ཞིང་། དེར་མ་ཟད་རྣལ་འབྱོར་པ་དེ་ནི། རྡོ་རྗེ་འཆང་ཆེན་པོ་ཅི་འདྲ་བ་དེ་འདྲ་བའི་ཡོན་ཏན་གྱི་དབང་ཕྱུག་བརྒྱད་དང་ལྡན་པའི་དཔལ་དང་ལྡན་པར་འགྱུར་ཞིང་། ཁམས་གསུམ་འདུལ་བས་སྟོབས་ཆེན་ཕ་རོལ་གནོན་པར་འགྱུར་རོ། །གཞན་ཡང་སྐད་ཅིག་མ་གཅིག་གིས་དཔག་ཚད་བྱེ་བ་རྫོགས་པའི་ཚད་ཙམ་གྱི་སའི་སྟེང་དུ་འགྲོ་བར་འགྱུར་ཞིང་། དེ་སྲིད་ཀྱི་ཚད་ཙམ་གྱི་ས་འོག་ཏུ་ཡང་རྡོ་རྗེ་གནམ་ལྕགས་ལྟ་བུར་འགྲོ་བ་དང་། དེ་བཞིན་དུ་ཤར་ལ་སོགས་པའི་ཕྱོགས་དང་མཚམས་རྣམས་དང་། སྐད་ཅིག་གིས་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་རྣམས་སུ་ཐོགས་པ་མེད་པར་བགྲོད་པར་འགྱུར་ལ། ཕྱག་རྒྱའི་ཚོགས་དཔག་ཏུ་མེད་པ་ལྡན་པས་ན་དཔལ་དང་ལྡན་པ་དང་། སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པའི་ཡོན་ཏན་དང་ལྡན་པས་ན། སངས་རྒྱས་དང་འོད་དེ་གཟི་བརྗིད་འདྲ་བར་འགྱུར་རོ། །དེ་ལྟར་ཐོགས་པ་མེད་པར་འགྲོ་བས་ཇི་ལྟར་དགའ་བར་འགྲོ་བའི་ཕྱིར། རྒྱལ་ཆེན་རིགས་བཞི་ནས། གཞན་འཕྲུལ་དབང་བྱེད་ཀྱི་བར་གྱི་འདོད་པའི་ཁམས་ན་གནས་པའི་ལྷ་མོ་རྣམས་དང་། ལྷ་མོ་དང་འདྲ་བས་ན་ལྷའི་ལོངས་སྤྱོད་འཁོར་ལོས་བསྒྱུར་བ་ལ་སོགས་པའི་བུ་མོར་གྲགས་པ་དགུག་པ་དང་། ཀླུ་དང་ལྷ་མ་ཡིན་ལ་སོགས་པའི་རིགས་ཀྱི་བརྟུལ་ཞུགས་ཏེ། དེ་དང་འབྲེལ་བའི་བུ་མོ་རྣམས་ལ་ཡང་སྟོབས་ཆེན་གྱིས་འདོད་པ་ལ་སྤྱོད་པར་བྱེད་དོ། །འདོད་པའི་ཁམས་ན་གནས་པ་འབའ་ཞིག་ལ་འདོད་པ་སྤྱོད་པར་མ་ཟད་ཀྱི། གལ་ཏེ་གཟུགས་ཀྱི་ཁམས་ན་བུད་མེད་ཡོད་ན་ཡང་། དེ་ལ་ཡང་སྤྱོད་པར་བྱེད་དོ། །ཞེས་ཕུལ་དུ་བྱུང་བའི་ཁྱད་པར་སྟོན་པ་ནི། ཡང་ན་ཞེས་སོ། དམ་ཚིག་ནི་ཐ་མལ་པའི་ལུས་ཏེ། སེམས་དཔའ་གང་གིས་དེ་མི་སྣང་བར་བྱས་པ་ནི། དམ་ཚིག་མི་སྣང་བའི་རྡོ་རྗེ་ཆེན་པོ་སྟེ་རྡོ་རྗེ་འཆང་ཆེན་པོའོ། །འཆད་པ་པོ་ལ་དད་པས་ཆོ་ག་ལ་ངོ་མཚར་སྐྱེས་པའི་སྒོ་ནས་གཞུང་བསྡུ་བ་ནི། དེ་ནས་བཀའ་བསྩལ་ཏོ་ཞེས་སྦྱར། སུ་ཞིག་གིས་ན། སངས་རྒྱས་ཏེ་རིན་པོ་ཆེ་ལྟ་བུའི་གང་ཟག་དག དང་པོ་ཐོས་པ་ཙམ་གྱིས་སེམས་འཁྲུལ་པ་སྟེ། ཤིན་ཏུ་ཡང་ངོ་མཚར་དུ་གྱུར་པའི་ཕྱིར་རོ། །ཕྱིས་ནས་བསམ་པ་དང་བསྒོམ་པའི་ངོ་བོ་ཉིད་ཀྱིས་རྟོགས་པར་འགྱུར་བའི་ཕྱིར། ཡིད་ལ་དབང་བ་སྟེ། ཡེ་ཤེས་ཤར་བའོ། །དེའི་འོག་ཏུ་སྟོན་པ་ལ་དད་པས་རབ་ཏུ་དགེས་ནས། དེ་ཉིད་ཀྱིས་ངོ་མཚར་དུ་གྱུར་ཞིང་སྤྱན་གདངས་ནས་སོ། །གང་ཞིག་ཅེ་ན། མཉེས་པ་སྟོན་པའི་གསུང་འོག་ནས་འབྱུང་བ་འདིའོ། །ཨེ་མ་ཧོ་ཞེས་པ་ནི་ངོ་མཚར་སྐྱེས་པ་སྟེ་སྔགས་གཅིག་པུ་ཉིད་ཀྱིས་ལས་དཔག་ཏུ་མེད་པ་སྒྲུབ་པ་གང་ཡིན་པ་འདི་ནི། རབ་ཏུ་ངོ་མཚར་ཆེ་ཞིང་རྨད་དུ་བྱུང་བ་དང་། བུད་མེད་དང་ལྷན་ཅིག་རོལ་པས་ཀྱང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྒྲུབ་པར་བྱའོ་ཞེས་པའི་གསང་གནས་མི་འགྱུར་བ་གང་ཡིན་པ་དེ་ཡང་ངོ་མཚར་ཆེ་བ་དང་། བདུད་རྩི་ལྔ་དང་ཤ་ལྔ་ལ་སོགས་པའི་རིལ་བུ་རྣམས་ཀྱིས་ཀྱང་། གང་གི་ཕྱིར་དངོས་གྲུབ་ཕུན་སུམ་ཚོགས་པ་དེ་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱིས་དག་པས་ཏེ། འདི་ཡང་ངོ་མཚར་ཆེ་བ་དང་གང་ཡང་རུང་བའི་ཕྱག་རྒྱ་ཆེན་པོ་ལ་དམིགས་ནས། རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་འགྱུར་པ་དེ་ལ། གོས་པ་མེད་ཅིང་ཤིན་ཏུ་དྲི་མ་མེད་པའི་ཆོས་དེ་ཡང་ངོ་མཚར་ཆེའོ། །རིགས་ཀྱི་དབྱེ་བས་ལྷ་དབང་བསྐུར་བ་ལ་གསུམ་སྟེ། སྡུད་པ་པོའི་ཚིག་གིས་སྟོན་པའི་ཁྱད་པར་བསྟན་པ་དང་། དབང་བསྐུར་བ་དངོས་དང་། དེའི་ཕན་ཡོན་བསྟན་པའོ། །དང་པོ་ནི། དེ་ནས་བཀའ་བསྩལ་ཏོ་ཞེས་སྦྱར། སུ་ཞིག་གིས་ན། སྟོན་པ་རྡོ་རྗེ་འཛིན་ཏེ། རྡོ་རྗེ་འཆང་ཆེན་པོས་སོ། །དེའི་ཁྱད་པར་ནི། གདུག་པ་རྣམས་འདུལ་བས་ན་སྟོན་པ། རྣམ་པར་སྣང་མཛད་ལ་སོགས་པ་འབྱིན་པས་ན་བསྐྱེད་པ། འཇིག་རྟེན་པ་ལ་སོགས་པའི་དངོས་གྲུབ་བསྐྱེད་པར་མཛད་པས་ན་བྱེད་པ། དྲུག་པའི་ངོ་བོ་ཉིད་དུ་གྱུར་པས་ན་མི་འགྱུར་ཆེ། སངས་རྒྱས་རྣམ་པར་སྣང་མཛད་དང་། རྡོ་རྗེ་མི་བསྐྱོད་པ་དང་། ཆོས་ཆེན་པོ་འོད་དཔག་ཏུ་མེད་པ་སྟེ། རྡོ་རྗེ་གསུམ་གྱི་བདག་ཉིད་ཅན་གྱིས་སོ། །གང་ཞིག་ན། རྡོ་རྗེའི་གསུང་འོག་ནས་འབྱུང་བ་འདིའོ། །དབང་བསྐུར་བ་དངོས་ནི། ལུགས་གཞན་ལྟར། དཀྱིལ་འཁོར་པའི་ལྷ་ལ་ལྷ་མོ་རྣམས་ཀྱིས་བུམ་པའི་ཆུས་དབང་བསྐུར་བས་རིགས་ཀྱི་བདག་པོ་གྲུབ་པ་ནི་མ་ཡིན་ཏེ། འདིར་དཀྱིལ་འཁོར་པའི་ལྷ་གང་དང་གང་གྲུབ་པ་དེའི་དབུ་ལ་རིགས་ཀྱི་བདག་པོ་དེ་དང་དེ་རང་ཆས་སུ་གྲུབ་པར་བསྒོམ་པ་ཡིན་ནོ། །དེའི་དགོས་པ་ནི། རང་རང་གི་རིགས་སུ་མ་འདྲེས་པར་ཤེས་པར་འགྱུར་བའོ། །དེ་ལྟར་གྱུར་པས་རྣམ་སྣང་གི་རིགས་ཀྱིས་ཞི་བའི་ལས་འགྲུབ་པ་སོགས་འཇིག་རྟེན་པའི་དངོས་གྲུབ་མྱུར་དུ་འགྲུབ་པར་འགྱུར་ཏེ། ལས་གང་ལ་ལྷ་གང་ཤིས་པའི་བྱེ་བྲག་བཤད་པའི་ཕྱིར་རོ། །དེ་ལ་རྡོ་རྗེ་སེམས་དཔའ་སྟེ་མི་བསྐྱོད་པ་ཡབ་ཡུམ་སྤྱི་བོར་འཇོག་པའི་སྦྱོར་བ་ཡིས། རྡོ་རྗེ་འཛིན་པ་སྟེ་མི་བསྐྱོད་པའི་རིགས་དང་ལྡན་པ་རྣམས། མཉེས་པ་སྟེ་དབང་བསྐུར་བར་བྱའོ། །སངས་རྒྱས་བྱང་ཆུབ་སྟེ་རྣམ་པར་སྣང་མཛད་ཡབ་ཡུམ། རབ་དབྱེ་སྟེ་རང་གི་རིགས་དང་ལྡན་པ་རྣམས་ཀྱི་སྤྱི་བོར་སོ་སོར་བཞུགས་པས་སངས་རྒྱས་རྡོ་རྗེ་ཅན་ཏེ། རྣམ་སྣང་གི་རིགས་དང་ལྡན་པ་རྣམས་མཉེས་པ་སྟེ་དབང་བསྐུར་བར་བྱའོ། །རྡོ་རྗེ་སྤྱན་ལ་སོགས་པ་རྣམས་ལ། གཟུགས་ལ་སོགས་པ་སྟེ་རྣམ་པར་སྣང་མཛད། ལ་སོགས་པ་གཙུག་ཏོར་ཏེ་དབུ་རྒྱན་དུ་འཇོག་པས་མཉེས་ཤིང་གསལ་བར་བྱའོ། །རྣམ་སྣང་ལ་སོགས་པའི་རིགས་དང་འབྲེལ་པའི་ཁྲོ་བོ་རྣམས་ལའང་། སངས་རྒྱས་རྡོ་རྗེ་སྟེ་རྣམ་པར་སྣང་མཛད་ལ་སོགས་པས་དབུ་བརྒྱན་པར་རབ་ཏུ་བསྒོམ་མོ། །རིག་པ་ནི་མཱ་མ་ཀི་སྟེ་དེའི་རྒྱལ་པོ་ནི་རིན་ཆེན་འབྱུང་ལྡན་ནོ། །དེ་རྣམས་གཙོ་བོར་གྱུར་པ་གང་ཡིན་པ་དེ་ནི། རིག་པའི་རྒྱལ་པོ་ཆོས་མཆོག་སྟེ། རིན་པོ་ཆེའི་རིགས་རྣམས་ཡིན་ལ། དེ་རྣམས་ལ་ནི་དཀོན་མཆོག་དཔལ་གྱིས་དབུ་བརྒྱན་པར་བསྒོམ་མོ། །རིགས་པའི་རྒྱལ་མོ་ནི། གོས་དཀར་མོ་སྟེ་དེའི་སྦྱོར་བ་ནི་དེ་དང་འབྲེལ་བའི་པད་མའི་རིགས་རྣམས་ཏེ། དེ་རྣམས་ལ་ནི་ཚེ་དཔག་མེད་པ་དབུ་བརྒྱན་དུ་བསྒོམ་མོ། །ཐམས་ཅད་ལས་བྱེད་སྔགས་རྣམས་ནི་ལས་ཀྱི་རིགས་རྣམས་ཏེ། དེ་རྣམས་ལ་ནི་གདོན་མི་ཟ་བའི་ཡེ་ཤེས་དོན་ཡོད་གྲུབ་པ་དབུ་རྒྱན་དུ་བསྒོམ་མོ། །སྔགས་རྣམས་ཐམས་ཅད་དེ་རྣམ་སྣང་ལ་སོགས་པའི་དེ་བཞིན་གཤེགས་པ་བཞི་ལ་ནི། རྡོ་རྗེ་སེམས་དཔའ་སྟེ་མི་བསྐྱོད་པས་དབུ་བརྒྱན་པར་རྣམ་པར་བསྒོམ་མོ། །གཞན་དག་ན་རེ། དེའི་དགོས་པ་ནི། མི་བསྐྱོད་པ་ནི་རྣམ་ཤེས་ཕུང་པོའི་ངོ་བོ་ཡིན་ལ། རྣམ་སྣང་ལ་སོགས་པ་ནི་གཟུགས་ལ་སོགས་པ་ཕུང་པོ་བཞིའི་ངོ་བོ་ཡིན་པས། རྣམ་ཤེས་ལས་གཟུགས་ལ་སོགས་པའི་ཕུང་པོ་ལོགས་པ་མེད་དོ། །ཞེས་བསྟན་པའི་དོན་དུ། མི་བསྐྱོད་པས་དེ་བཞིན་གཤེགས་པ་བཞི་ལ་དབུ་བརྒྱན་པ་ཡིན་ལ། མི་བསྐྱོད་པ་ལ་རྡོ་རྗེ་འཆང་གིས་དབུ་བརྒྱན་པ་ནི། རྡོ་རྗེ་འཆང་སྟོང་པ་ཉིད་ཀྱི་ངོ་བོ་ཡིན་པས། རྣམ་པར་ཤེས་པ་དེའང་སྟོང་པའི་ངོ་བོ་ཡིན་ནོ་ཞེས་རྟོགས་པར་བྱ་བའི་དོན་དུའོ། །རྡོ་རྗེ་འཆང་ལ་མི་བསྐྱོད་པས་དབུ་བརྒྱན་པ་ནི། སྟོང་པ་དེའང་རང་རིག་པའི་ངོ་བོ་ཡིན་ནོ་ཞེས་རྟོགས་པའི་དོན་དུ་འཆད་དོ། །རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པའི་གནོད་སྦྱིན་མོ་རྣམས་ཀྱི་སྔགས་ཏེ། རང་གི་ས་བོན་ལས་བྱུང་བའི་རྒྱུད་དེ། ཕྱག་རྒྱ་ཆེན་པོའི་གཟུགས་ལ་དབང་བསྐུར་བའི་དུས་སུ། གཤིན་རྗེ་གཤེད་ཉིད་སྤྱི་བོར་བརྟག་པ་སྟེ་བཞག་པར་བྱའོ། །བཤད་མ་ཐག་པའི་སྔགས་ཏེ། ལྷ་རྣམས་བདེ་སྟོང་དུ་དབང་སྐུར་བའི་ཚེ། སྤྱི་བོ་ན་གནས་པའི་རང་གི་རིགས་ཀྱི་བདག་པོ་ཕྱག་རྒྱ་དང་བཅས་པ་བདེ་བ་ཆེན་པོ་རྗེས་སུ་མྱོང་བས་བྱང་ཆུབ་ཀྱི་སེམས་ཀྱིས་བསྐུལ་བ་ཤིས་པ་སྟེ་ཚིམ་པར་བྱེད་པར་བསམ་མོ། །དེའི་ཕན་ཡོན་ནི། དབང་བསྐུར་བའི་བསམ་གཏན་རྒྱས་པར་བཤད་པ་འདི་ཡིས་ནི། སྔགས་ཏེ་ལྷ་རྣམས་མཉེས་པར་བྱེད་པ་དང་། སྙིང་པོ་ལེན་པར་བྱེད་པའི་དཀྱིལ་འཁོར་ལ་དམ་ཚིག་ཆེན་པོ་སྟེ། ཕྱག་རྒྱ་ཆེན་པོ་བསྒྲུབ་ཅིང་སྐྱེད་པར་བྱེད་པ་དང་། སྒྲུབ་པ་པོ་ལ་ཕན་པ་སྐྱེད་པར་བྱེད་པར་གསུངས་སོ། །པྲ་སེ་ན་དབབ་པ་ལ་གསུམ་ལས། སྡུད་པ་པོའི་ཚིག་གིས་སྟོན་པའི་ཁྱད་པར་བསྟན་པ་ནི། དེ་ནས་བཀའ་བསྩལ་ཏོ་ཞེས་སྦྱར། སུ་ཞིག་གིས་ན། སྟོན་པ་རྡོ་རྗེ་འཛིན་གྱིས་སོ། །དེའི་ཁྱད་པར་ནི། བགེགས་རྣམས་ཞི་བར་མཛད་པས་ན་སྟོན་པ། ཁམས་གསུམ་གྱི་བདག་པོར་གྱུར་པས་གཙོ་བོ། གཟུགས་ཀྱི་ཕུང་པོ་ལ་སོགས་པའི་གཙོ་བོ་ཡིན་པས་ན་ཆོས་ཀྱི་དབང་ཕྱུག རྡོ་རྗེ་གསུམ་མི་ཕྱེད་པའི་ངོ་བོ་ཡིན་པས་ན་སྐུ་གསུང་ཐུགས་ཡོངས་སུ་དག་པའོ། །གང་ཞིག་ཅེ་ན། ཡེ་ཤེས་རྡོ་རྗེ་སྟེ་འདས་པ་ལ་སོགས་པ་ཡོངས་སུ་མཁྱེན་པའི་ཆོ་ག་མི་ཕྱེད་པ་འོག་ནས་འབྱུང་བ་འདིའོ། །གནས་དང་བཅས་པའི་མངོན་དུ་བྱ་བའི་ཆོ་ག་ནི། རི་རྩེ་དང་འདྲ་བའི་ཁང་པ་རྩེག་མ་ཆེན་པོའི་སྟེང་གི་ས་ཕྱོགས་དང་། དེ་ལས་གཞན་པའི་ཉམས་དགའ་བའི་གནས་རྣམས་སུ་དང་། ནགས་ཚལ་ཏེ་སྐྱེད་མོས་ཚལ་ལ་སོགས་པ་སྐྱེ་བོའི་འདུ་འཛི་དང་བྲལ་བའི་དབེན་པའི་གནས་རྣམས་སུ་རིམ་པ་གཉིས་ཀྱི་རྣལ་འབྱོར་པ་བསྙེན་པ་ལས་སུ་རུང་བས་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར། བསམ་གཏན་རྡོ་རྗེ་སྟེ་སྔགས་ཀྱི་སྐུ་དང་། ཡེ་ཤེས་ཀྱི་སྐུའི་དབྱེ་བས་ཕྱག་རྒྱ་ཆེན་པོ་རྣམ་པ་གཉིས་ལ་དམིགས་ནས། སྔགས་ཏེ་ངག་གི་བཟླས་པ་དང་། བཟླས་པ་སྟེ་རྡོ་རྗེའི་བཟླས་པ་རྣམས་ཀྱི་སྦྱོར་བ་ཉམས་སུ་བླང་བར་བྱའོ། །དོན་ནི། བསྐྱེད་རིམ་པས་སྔགས་ཀྱི་སྐུ་ལ་དམིགས་ནས། ཧཱུྃ། ཧ། ཨ། ཛཱཻ་ཞེས་པའི་སྔགས་འབུམ་ཕྲག་གཅིག་ཏུ་བཟླས་ཤིང ། དེ་དང་འབྲེལ་བའི་སྦྱིན་སྲེག་ཁྲི་ཕྲག་གཅིག་གིས་ལྷ་ཚིམ་པར་བྱས་ཏེ། བསྙེན་པ་ལས་སུ་རུང་བ་དང་། རྫོགས་རིམ་པས་ཡེ་ཤེས་ཀྱི་སྐུ་ལ་དམིགས་ཏེ། རླུང་སྔགས་མཉམ་པར་སྦྱོར་བའི་རྡོ་རྗེ་བཟླས་པ་བྱས་ནས། བསྙེན་པ་ལས་སུ་རུང་བར་བྱའོ་ཞེས་པའོ། །ཅིའི་ཕྱིར་འདི་ལྟར་བྱ་ཞེ་ན། རྡོ་རྗེ་སེམས་དཔའ་སྟེ་མི་བསྐྱོད་པ་དང་། རྣམ་སྣང་ལ་སོགས་པའི་དེ་བཞིན་གཤེགས་ཀུན། རང་གི་སྔགས་དང་། རང་གི་ཕྱག་རྒྱ་ལ་དམིགས་པའི་བསམ་གཏན་གྱིས་བསྐུལ་བས། གསུང་གི་ལས་ཏེ། གསུང་གི་རྡོ་རྗེ་འོད་དཔག་ཏུ་མེད་པའི་བཀའ་བཞིན་དུ་ལས་ཀྱི་ལམ་སྣ་ཚོགས་པ་སྒྲུབ་པར་བྱེད་པར་འགྱུར་བས་སོ། །སྣོད་སྦྱང་བ་ནི། དེ་ལྟར་སྔོན་དུ་བསྙེན་པ་ལས་སུ་རུང་བར་བྱས་པའི་སྒྲུབ་པ་པོས། བདག་ཉིད་མི་བསྐྱོད་པའི་དཀྱིལ་འཁོར་རྒྱལ་མཆོག་ཡན་ཆོད་ལ་གནས་ནས། སྣོད་ཁྱེའུའམ་བུ་མོ་གཙང་མ་མངོན་པར་བྱང་ཆུབ་པ་ལྔའི་རིམ་གྱིས། རྡོ་རྗེ་ཆོས་ཏེ་འོད་དཔག་ཏུ་མེད་པའི་གཟུགས་ཆེན་པོ་པད་མ་རཱ་གའི་འོད་འདྲ་བ་བསམ་ལ། དེའི་མགོ་དང་། ལྐོག་མ་དང་། སྙིང་ཁ་གསུམ་དུ་ཡི་གེ་གསུམ་བཀོད་ལ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལ་ཞེས་པ་བགོད་པ་གསུམ་ནང་དུ་བསྟིམ་མོ། །དེ་ནི་གནས་གསུམ་དུ་ནི་རིགས་བརྟག་གོ་ཞེས་པའོ། །དབབ་པའི་ཆོ་ག་དངོས་ལ་གཉིས་ཀྱི། མདོར་བསྟན་པ་ནི། དེ་ལྟར་སྣོད་སྦྱང་བར་བྱས་ནས། དབབ་པའི་ཆོ་ག་འོག་ནས་འབྱུང་བ་ཐམས་ཅད་བྱས་ཤིང་བསྒྲུབས་ན། གདོན་མི་ཟ་བར་འགྲུབ་པར་འགྱུར་རོ། །ལྷའི་བཀས། དང་པོ་སྣོད་ཀྱི་ཐ་མལ་པའི་ང་རྒྱལ་བསལ་ནས། ཤིང་ལྟར་མི་གཡོ་བར་བྱས་པའི་གནས་སྐབས་ནི་རེངས་པའོ། །ཏིང་ངེ་འཛིན་གྱི་དབང་གིས་ལུས་འགུལ་བ་དང་། གཡོ་བ་བསྐྱེད་པ་ནི་བསྐུལ་བའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་འཇིག་རྟེན་ལས་འདས་པའི་ལྷ་རྣམས་རབ་ཏུ་ཞུགས་ནས། བབས་པའི་སྐད་ཅིག་ལ་ཞུགས་པ་ནི་ལྷ་ཆེན་པོའོ། །ལྷ་ཆེན་པོ་དེས་འདས་པ་ལ་སོགས་པའི་དོན་ཇི་ལྟ་བ་བཞིན་དུ་སྟོན་པ་ནི་འཕགས་པའི་ལམ་སྟེ། གནས་སྐབས་བཞི་པོ་དེ་དག་ནི་རྡོ་རྗེ་གྲུབ་པའི་ངོ་བོ་ཡིན་པས། དེ་ལྟར་བྱས་ན་སྣོད་ལ་དབབ་པའི་ཆོ་ག་རྟག་ཏུ་འགྲུབ་པར་འགྱུར་རོ། སྣོད་ཀྱི་མཚན་ཉིད་ཇི་ལྟ་བུ་ཞེ་ན། བུ་མོ་ན་ཚོད་ལ་གྲངས་བཅུ་གཉིས་མ། གཞོན་ནུ་མའི་ཚུལ་མ་ཉམས་པའམ། ཁྱེའུ་ལོ་གྲངས་བཅུ་གཉིས་ལོན་པ་བུད་མེད་ཀྱི་ཡུལ་དང་མ་འཕྲད་པ། ཡན་ལག་དང་ཉིང་ལག་མ་ཚང་བ་མེད་པས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་བཟུང་ནས། སྔར་བཤད་པའི་རིམ་པས་མངོན་པར་སྦྱང་བར་བྱས་ནས། དབབ་པ་བཞི་པོ་རབ་ཏུ་བརྟག་པར་བྱའོ། །མངོན་པར་སྦྱང་བ་ལ་སོགས་པ་དང་པོར་བྱ་བའི་ཆོ་ག་ཐམས་ཅད་རྫོགས་པར་བྱས་ནས་དེའི་འོག་ཏུ་དབབ་པའི་ལས་རབ་ཏུ་བསྒྲུབ་པར་བྱའོ། །དེ་ལས་རྣམ་པ་གཞན་དུ་ཆོ་ག་མ་ཚང་བར་བྱས་ན། ཁམས་གསུམ་སྟེ་ཐ་མ་དང་འབྲིང་དང་མཆོག་གི་སྐྱེ་བོས་སྤྱས་ཤིང་སྨད་པར་འགྱུར་རོ། དབབ་པའི་ཆོ་ག་རྒྱས་པར་བཤད་པ་ལ་གཉིས་ཀྱི། མདོར་བསྡུས་པའི་དོན་བསྟན་པ་ནི། དེ་ཡང་སྔར་བཤད་པའི་ཚུལ་གྱིས། བསྙེན་པ་ལས་སུ་རུང་བས། རིགས་གང་གི་ཐོས་པ་པོ་ཡིན་ཡང་། མི་བསྐྱོད་པའི་དཀྱིལ་འཁོར་རྒྱལ་མཆོག་གི་བར་བསྐྱེད་ལ། མཚན་ཉིད་དང་ལྡན་པའི་སྣོད་ཁྱེའུའམ། བུ་མོ་གཙང་མ་ཁྲུས་དང་གོས་གཙང་མ་བགོ་བ་དང་། དཀར་གསུམ་བཟར་གཞུག་པ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་ལྷག་པར་གནས་པ་བྱས་ལ། དེ་ནས་དབབ་པ་ནི། སྣོད་འོད་དཔག་ཏུ་མེད་པར་མངོན་བྱང་ལྔས་བསྐྱེད་པའི་སྤྱི་བོར་ཟླ་བའི་སྟེང་དུ་ཡི་གེ་ཧ། ལྐོག་མར་པད་མའི་སྟེང་དུ་ཨ། སྙིང་ཁར་ཉི་མ་ལ་ཧཱུྃ་བཀོད་པ་ལས། སྣོད་ཀྱི་ཐ་མལ་པའི་ང་རྒྱལ་བསལ་ནས། ཤིང་ལྟར་མི་གཡོ་བར་བྱས་པ་ལ་རེངས་པ་ཞེས་བྱའོ། །དེ་ནས་རྐང་པའི་འོག་ཏུ་རླུང་དང་། མེའི་དཀྱིལ་འཁོར་གྱི་སྟེང་དུ་ཛཱཻ་དམར་པོ་བསམ། རླུང་གིས་མེ་སྦར་བས་ཛཱཻ་བསྐུལ་ནས། འོད་ཟེར་དམར་པོ་རྐང་པའི་མཐིལ་ནས་ཞུགས་ཏེ་སྤྱི་བོའི་བར་དུ་གང་བས། ལུས་ཀྱི་གཤིས་ཐམས་ཅད་སྦྱངས་པས། འགུལ་བ་དང་གཡོ་བ་འབྱུང་བ་ནི་བསྐུལ་བ་ཞེས་བྱའོ། །དེ་ནས་སྣོད་ཀྱི་སྙིང་ཁའི་ཧཱུྃ་ཡོངས་སུ་གྱུར་པ་ལས། མི་བསྐྱོད་པ་ཡབ་ཡུམ་མགོ་བོའི་ཧ་གྱུར་པ་ལས་སྐུ་རྡོ་རྗེ་ཡབ་ཡུམ། ལྐོག་མའི་ཨ་གྱུར་པ་ལས་འོད་དཔག་ཏུ་མེད་པ་ཡབ་ཡུམ་དུ་བསྒོམ་ལ། ཛཱཻ་འོད་དམར་པོས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡབ་ཡུམ་བསྐུལ་བས། དེ་དག་སྙོམས་པར་ཞུགས་པའི་ཐབས་ཀྱི་ཡེ་ཤེས་བྱང་ཆུབ་ཀྱི་སེམས་དམར་པོ་བྱུང་བ་ལས་ལུས་ཐམས་ཅད་གང་བར་བསམས་ཤིང་། ས་བོན་བཞི་པོ་དྲིལ་བུ་དཀྲོལ་བ་དང་བཅས་པ་བརྗོད་ཅིང་བསྐུལ་བས། ཡེ་ཤེས་ཕེབས་པའི་རྟགས་སྔར་བཤད་པ་ལྟ་བུ་གང་ཡང་རུང་བ་བྱུང་བ་ནི། ལྷ་ཆེན་པོའི་གནས་སྐབས་སོ། །དེ་ནས་བྷྲུ་ཧི་བཛྲ་ཞེས་བརྗོད་ནས། འདས་མ་འོངས་ལ་སོགས་པའི་དོན་བདེན་པ་སྟོན་པར་འགྱུར་བ་ནི་འཕགས་པའི་ལམ་གྱི་གནས་སྐབས་སོ། །དེ་ནས་ཧཱུྃ་ཨ་མུ་ཞེས་པ་ཡེ་ཤེས་ཕབ་པ་དེ་གཤེགས་སུ་གསོལ་བར་བྱའོ། །འདི་ནི་སློབ་མ་ལ་དབང་བསྐུར་བའི་དུས་སུ་ཡེ་ཤེས་འབེབས་པའི་ཆོ་ག་དང་། འདས་མ་འོངས་ལ་སོགས་པ་ཤེས་པར་བྱ་བའི་དོན་དུ་པྲ་དབབ་པའི་ཆོ་ག་ཡང་ཡིན་ནོ། །ཚིག་གི་དོན་ནི་དབབ་པའི་ཆོ་ག་དེ་ཐུགས་ལས་བྱུང་བའི་ཕྱིར་སྙིང་པོ་གསང་བ་ཡིན་པས་ན་སྔགས། སྔགས་ཀྱི་ཚིག་ནི་ཧཱུྃ་ཞེས་པ་ཡི་གེ་བཞི་པོ་འདི་ཡིན་ཏེ། སྒྲུབ་པ་པོས་རིམ་པ་འདིས་དབབ་པར་བྱའོ། །

བསྒོམ་པའི་ཆེ་བའི་བདག་ཉིད་སྟོན་པ་ནི། ནམ་མཁའི་ཁམས་ལྟར་སྟོང་པར་འགྱུར་ལ། ཤི་བའི་ལུས་ལྟ་བུ་རྣམ་ཤེས་དང་བྲལ་བའི་སེམས་མེད་ཅིང་། རྟོག་པ་ཐམས་ཅད་རྣམ་པར་སྤངས་པ་ཡིན་ཡང་། ཇི་སྐད་བཤད་པའི་ཆོ་ག་བཞིན་དུ་བྱས་ན། རྡོ་རྗེ་སེམས་དཔའ་བདག་ཉིད་ཀྱང་མངོན་སུམ་དུ་འབབ་ན། སེམས་དང་ལྡན་པ་གཞན་པ་ལྟ་ཅི་སྨོས་ཞེས་པའོ། །ཡི་གེ་བཞིའི་དགོས་པ་བསྟན་པ་ནི། ཧཱུྃ་ལ་ནི་རྡོ་རྗེ་སེམས་དཔའི་བདག་སྟེ་ཐུགས་རྡོ་རྗེ་བཞུགས་སོ། །ཧ་ལ་ནི་སྐུའི་རྡོ་རྗེ་ཅན་བཞུགས་སོ། །ཨ་ལ་ནི་ཆོས་འཛིན་རྒྱལ་པོ་སྟེ་འོད་དཔག་ཏུ་མེད་པ་བཞུགས་ཏེ། གསུང་རྡོ་རྗེ་འདི་ནི་གསང་ཚིག་བསྟན་པ་སྟེ། གང་དབབ་པར་བྱ་བའི་ཡུལ་ཡིན་ནོ། །ཡི་གེ་ཛཱཻ་ནི་བསྐུལ་བ་བསྐྱེད་པར་བྱེད་པ་ཡིན་ཏེ། འཁོར་ལོ་བཞིན་དུ་འགུལ་བ་དང་། གཡོ་ཞིང་སྐྱོད་པར་བྱེད་པ་ལ་ཡང་ཛཱཻ་ཡིན་ནོ། །ཛཱཻ་ཞེས་པ་འདི་ནི། བསྐུལ་བ་ཐམས་ཅད་དེ། རེངས་པ་ལ་སོགས་པ་གསུམ་ལ་ཡང་། གསང་བ་སྟེ། སྙིང་པོ་ཡིན་པར་བཤད་དོ། །རྡོ་རྗེ་རྒྱལ་པོ་སྟེ། མི་བསྐྱོད་པའི་ཏིང་ངེ་འཛིན་དང་། ཡི་གེ་ཧཱུྃ་གིས་རབ་ཏུ་བསྐུལ་ཞིང་གསལ་བར་བྱས་པས། རྡོ་རྗེ་སེམས་དཔའི་བཀའ་ལས་འདས་པས་འཇིགས་ཤིང་སྐྲག་ལ་འཁྲུལ་ནས་འཕར་བར་འགྱུར་རོ། །ཇི་ཙམ་དུ་ཞེ་ན་ས་གཞི་ལས་ཁྲུ་གང་ལ་སོགས་པར་རོ། །སྔ་མ་བཞིན་དུ་སྟེ་ས་བོན་ཐ་མ་ཛཱཻ་འདི་གསང་བ་ཐོབ་པ་སྟེ། འབེབས་པར་བྱེད་པ་ཡིན་པ་དེ་བཞིན་དུ། ས་བོན་ལྷག་མ་གསུམ་པོ་ཐམས་ཅད་ཀྱང་ཐ་མ་ནས་བརྩམས་ཏེ། ས་བོན་དང་པོའི་བར་དུ་དེ་དང་འདྲ་བར་འབེབས་པར་བྱེད་པར་འགྱུར་རོ། །དེ་བས་ན། ཨཱ་ནི་སྐུལ་བར་བྱེད་པར་བཤད། །ཅེས་སོགས་ཧཱུྃ་གི་བར་ལ་སྦྱར་བར་བྱའོ། །དངོས་གྲུབ་ཀྱི་ཕྱོགས་ལ་གཏོགས་པའི་ལས་ཚོགས་དུ་མ་བསྟན་པ་ལ་གཉིས་ཏེ། གདུག་པ་འདུལ་བའི་སྦྱོར་བ་དང་། ཞི་བའི་སྦྱོར་བ་བསྟན་པའོ། །དང་པོ་ལ་གསུམ་གྱི། སྡུད་པ་པོའི་ཚིག་གིས་སྟོན་པའི་ཁྱད་པར་བསྟན་པ་ནི། དེ་ནས་བཀའ་བསྩལ་ཏོ་ཞེས་སྦྱར། སུ་ཞིག་གིས་ན། རྒྱལ་པོ་རྡོ་རྗེ་འཛིན་གྱིས་སོ། །དེའི་ཁྱད་པར་ནི་དེ་བཞིན་གཤེགས་པ་ཀུན་ནི་སྤྱན་མ་ལ་སོགས་པ་སྟེ་དེའི་བདག་པོ་དང་། སྐུ་གསུམ་ནི་སྐུ་གསུང་ཐུགས་སོ། །དེའི་གནས་ནི་འོད་གསལ་བ་སྟེ། དེ་ཡོངས་སུ་དག་པས་གང་ཞིག་ན་འོག་ནས་འབྱུང་བའི་གསུང་འདིའོ། །སྒྲུབ་པ་པོའི་མཚན་ཉིད་རྣལ་འབྱོར་དང་བཅས་པ་ནི། སྔར་དྲན་པ་གཅིག་པའི་ཏིང་ངེ་འཛིན་མཐར་ཕྱིན་ཅིང་། རིག་པའི་བརྟུལ་ཞུགས་ལ་བྱང་བར་བྱས་ནས། ཕྱིས་ཞིང་དང་ཚོང་དང་། བསྙེན་བསྐུར་བ་ལ་སོགས་པ་ལ་ཞུགས་པ། རྩེ་གཅིག་ཏུ་མ་གྱུར་པའི་སྒྲུབ་པ་པོ་ཡིས་ཀྱང་། བརྟུལ་ཞུགས་བརྟན་པ་སྟེ་དགྲ་བོ་ཚར་གཅོད་པ་ལ་བརྩོན་པས། འོག་ནས་འབྱུང་བ་འདི་དག་བྱའོ། །སྦྱོར་བ་གང་གིས་བྱ་ཞེ་ན། སྦྱོར་བ་གཞན་ནི་རྣམ་སྣང་ལ་སོགས་པ་ནས། གནོད་མཛེས་ལ་ཐུག་པའི་བར་གྱི་སྦྱོར་བས་ཏེ། དེ་དག་མིན་པ་མི་བསྐྱོད་པའི་དཀྱིལ་འཁོར་རྒྱལ་མཆོག་ལ་གནས་པའི་སྦྱོར་བས་གདུག་པ་རྣམས་གཞིག་པའི་ལས་འདི་བྱའོ། །གདུག་པ་འདུལ་བའི་ལས་སྦྱོར་དངོས་ལ་བརྒྱད་དེ། སྔགས་དང་བཅས་པའི་རྫས་དང་། སྦྱིན་སྲེག་གིས་སྒྲུབ་པ་དང་། བསམ་གཏན་གྱིས་སྒྲུབ་པ་དང་། རྫས་ཀྱི་སྦྱོར་བས་གསད་པ་དང་། ཁ་སྦྱོར་དབྱེ་བའི་ཆོ་ག་ལྷག་མ་དང་། བསམ་གཏན་གྱིས་བསད་པའི་ཆོ་ག་ལྷག་མ་དང་། གཞན་གྱི་རིག་པ་བཟློག་པའི་སྦྱོར་བ་དང་། རྫོགས་རིམ་པས་གསད་པའི་ཆོ་ག་དང་། ལས་ཕྲན་ཚེགས་ཀྱི་སྒོ་ནས་བསྒྲུབ་པའོ། །དང་པོ་ལ་བཞི་ཡོད་པའི་རྫས་ཀྱི་སྦྱོར་བས་གསང་བའི་ཆོ་ག་གཉིས་བསྟན་པ་ནི། དེ་ཡང་དྲན་པ་གཅིག་པའི་ཏིང་ངེ་འཛིན་མཐར་ཕྱིན་ཅིང་། ཁྲོ་བོ་གང་ཡང་རུང་བའི་སྔགས་འབུམ་བཟླས་ཤིང་། སྦྱིན་སྲེག་ཁྲི་ཕྲག་གཅིག་གིས་ལྷ་ཚིམ་པར་བྱས། རིག་པའི་བརྟུལ་ཞུགས་ལ་བྱང་བར་བྱས་པའི་རྣལ་འབྱོར་པས། མི་བསྐྱོད་པའི་དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། ལས་རྒྱལ་མཆོག་དུར་ཁྲོད་ཀྱི་སོལ་བ་དང་། ཕུབ་མ་དང་དུག་དང་། ད་དུ་ར་དང་སྐེ་ཚེ་དང་། ལན་ཚ་དང་། ཡུངས་མར་ལ་སོགས་པ་ལ་དགྲ་བོའི་གཟུགས་བརྙན་བྱས་ལ། མངོན་སྤྱོད་ཀྱི་རྫས་ཀྱིས་དུར་ཁྲོད་ཀྱི་རས་ལ། བསྒྲུབ་བྱའི་མིང་དང་སྤེལ་བའི་སྔགས་བྲིས་ལ། གཟུགས་བརྙན་གྱི་སྙིང་ཁར་རྣམ་ཤེས་བཀུག་པ་སྔོན་དུ་འགྲོ་བས་བཅུག་སྟེ། ལྷོ་ཕྱོགས་སུ་ཁ་བལྟས་ལ་སྐྲ་བཤིག་གཅེར་བུར་ཕྱུང་ནས། ནམ་ཕྱེད་དམ་ཉི་མ་ཕྱེད་ན་གཤིན་རྗེ་གཤེད་ལ་སོགས་པ་ཁྲོ་བོ་གང་ཡང་རུང་བའི་སྔགས་སྟོང་བརྒྱ་རྩ་བརྒྱད་བཏོན་ན། ཁམས་གསུམ་དག་ཀྱང་འཇིག་པར་བྱེད་ན། བསྒྲུབ་བྱ་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའོ། །དེ་བཞིན་དུ་རོ་བསྲེགས་པའི་ཐལ་བ་ཡུངས་མར་དང་སྦྲུས་པ་ལས། དགྲ་བོའི་གཟུགས་བརྙན་བྱས་ལ། སྔ་མ་བཞིན་དུ་མིང་ལ་རྣམ་ཤེས་བཀུག་ནས་ནང་དུ་བཅུག་སྟེ། མི་བསྐྱོད་པའི་རྣལ་འབྱོར་ལ་གནས་ནས། ཁྲོ་བོའི་སྔགས་སྟོང་ངམ་བརྒྱ་རྩ་བརྒྱད་བཟླས་ན། བསྒྲུབ་བྱ་ངེས་པར་འཆི་བར་འགྱུར་རོ། །སྦྱིན་སྲེག་གིས་གསད་པའི་ཆོ་ག་ལྔ་བསྟན་པ་ནི། ལྷའི་རྣལ་འབྱོར་སྔ་མ་དང་འདྲ་ལ། ལས་རྒྱལ་མཆོག་རོ་བསྲེགས་པའི་ཐལ་བ་ལས། དཀྱིལ་འཁོར་ཏེ་ཐབ་ཁུང་གྲུ་གསུམ་བྱས་ལ། དེར་ཚེར་མ་ཅན་གྱི་ཤིང་ལ་མེ་སྦར་ལ། ཐབ་ཀྱི་ནང་དུ་མི་བསྐྱོད་པ་ཞེ་སྡང་རྡོ་རྗེ་བསྐྱེད། བ་ལང་གི་ཤ་ལ་སོགས་པ་ལས་དགྲ་བོའི་གཟུགས་བརྙན་བྱས་ཏེ། དུར་ཁྲོད་ཀྱི་རས་ལ་སྔགས་དང་མིང་སྤེལ་བ་བྲིས་ཏེ། རྣམ་ཤེས་དགུག་པ་སྔོན་དུ་འགྲོ་བས། གཟུགས་བརྙན་གྱི་སྙིང་ཁར་བཅུག་ལ། སྒྲུབ་པ་པོ་སྐྲ་བཤིག གཅེར་བུར་ཕྱུང་ནས། མངོན་སྤྱོད་ཀྱི་དུས་སུ་ཁྲོ་བོའི་སྔགས་བཟླས་ཏེ། གཟུགས་བརྙན་གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་བྱའོ། །དེ་ལྟར་བྱས་ན། རྡོ་རྗེའང་གདོན་མི་ཟ་བར་འཇིག་ཅེས་པ་ལས་ཀྱི་ཆེ་བ་བསྟན་ཏོ། །ཡང་ཤ་ཆེན་ལས་དགྲ་བོའི་གཟུགས་བརྙན་བྱས་ནས། སྔར་བཞིན་དུ་སྦྱིན་སྲེག་བྱས་ན། ཤ་ལས་བྱས་པའི་སྦྱོར་བ་ཐམས་ཅད་ཀྱི་ནང་ན། རྡོ་རྗེ་ལས་བྱུང་བ་ནི་ཤིན་ཏུ་མི་ཟད་པར་བཤད་དོ། །དེ་ཉིད་ཀྱི་ཕྱིར་འདི་ནི། དགྲ་ཐམས་ཅད་ཀྱི་འཇིགས་པ་ཤིན་ཏུ་མི་བཟད་པ་ཡིན་ནོ། །ཆོས་མཆོག་ཅན་ཏེ་སྨེ་ཤ་ཅན་ལ་སོགས་པའི་བཤང་གཅི་དག་ལ་དགྲ་བོའི་གཟུགས་བརྙན་བྱས་ལ། མིང་ལ་རྣམ་ཤེས་བཀུག་པ་སྔོན་དུ་འགྲོ་བས་སྔགས་བཟླས་ཏེ་ཐབ་ཁུང་གྲུ་གསུམ་པའི་ནང་དུ་ཚེར་མའི་མེ་ལ་ཁྲོས་པས་གཏུབ་ཅིང་གཏུབ་ཅིང་བསྲེག་ན། སངས་རྒྱས་དག་ཀྱང་ངེས་པར་འཇིག་གོ ། ནུབ་ཕྱོགས་རྒྱ་མཚོར་འབབ་པའི་ཆུ་བོའི་འགྲམ་གཉིས་ཀྱི་ས་བླངས་ལ། དགྲ་བོའི་གཟུགས་བརྙན་བྱས་ཏེ། ཤྲིང་གི་བཙན་དུག་གོ།ལ་སོགས་པ་དུག་དང་། པོ་སོ་འཆའི་ཚེར་མ་དང་། ས་ཀོ་ཙ་ལ་སོགས་པའི་དུག་གམ། སརྦ་ཀཎ་ཌ་ཀའི་དུག་ཏིལ་གྱི་འབྲས་བུ་ཙམ་གྱིས་ཡན་ལག་ཀུན་བཀང་ལ། མིང་ལ་རྣམ་ཤེས་བཀུག་པ་སྔོན་དུ་འགྲོ་བས་ཆེ་གེ་མོ་མ་ར་ཡ་ཕཊ་ཅེས་བྱ་བའི་སྤེལ་ཚིག་དང་བཅས་པས་སྦྱིན་སྲེག་བྱས་ན་སངས་རྒྱས་དག་ཀྱང་ངེས་པར་འཇིག་པར་འགྱུར་རོ། །ཀེ་ཚེ་དང་ལན་ཚྭ་ལ་སོགས་པ་མངོན་སྤྱོད་ཀྱི་རྫས་ལ་དགྲ་བོའི་གཟུགས་བརྙན་བྱས་ཏེ། ཚེར་མ་ཅན་གྱི་མེ་ལ་སྦྱིན་སྲེག་བྱས་ན། སངས་རྒྱས་ཐམས་ཅད་དེ་བསྒྲུབ་བྱ་ཐམས་ཅད་གསད་པར་བྱ་བ་ལ་འདི་ནི་མཆོག་ཏུ་གྱུར་པར་བཤད་དོ། །རྫས་ཀྱི་སྦྱོར་བས་གསད་པ་གསུམ་བསྟན་པ་ནི། བསྙེན་པ་ལས་སུ་རུང་བའི་རྣལ་འབྱོར་པས། མི་བསྐྱོད་པའི་དཀྱིལ་འཁོར་རྒྱལ་མཆོག་ཡན་ཆོད་ལ་གནས་ནས། ལས་རྒྱལ་མཆོག་མི་རུས་ཀྱི་ཕྱེ་མ་དང་། ཁྲག་དང་། དུག་རྣམས་ལས་དགྲ་བོའི་གཟུགས་བརྙན་བྱས་ལ། དེ་ལ་རྣམ་ཤེས་བཀུག་ལ་སྔོན་དུ་འགྲོ་བས། སྒྲུབ་པ་པོས་སོལ་ཁུས་གཤེར་བའི་གོས་གྱོན་ཏེ། ཁྲོས་ཏེ་རྐང་པས་གཟུགས་བརྙན་གྱི་ལིངྒ་མནན་ལ། ཆེ་གེ་མོ་སྲིན་པོས་ཁྱེར་དུ་ཆུག་ཅིག་ཅེས། བསྐུལ་ཚིག་དང་བཅས་པར་གནོད་མཛེས་ཀྱི་སྔགས་བཟླས་ན། སྲིན་པོས་ཁྱེར་བར་གནོད་མི་ཟའོ། །སྦྱོར་བའི་ཆེ་བའི་མཐུ་བསྟན་པ་ནི། རྡོ་རྗེ་སེམས་དཔའ་དྲག་པོ་ཡང་། །ཞེས་སོ། །ཡང་ལྷའི་རྣལ་འབྱོར་སྔ་མ་ལ་གནས་ནས། སྐེ་ཚེ་དང་བཤང་གཅི་སོགས་ནས་བསྒྲུབ་བྱའི་གཟུགས་བརྙན་བྱས་ལ། དེ་ལ་རྣམ་ཤེས་བཀུག་པ་སྔོན་དུ་འགྲོ་བས། ལིངྒ་དེ་རྐང་པས་མནན་ནས། ཆེ་གེ་མོ་རབ་ཏུ་ཚ་བས་འཁྱེར་དུ་ཆུག་ཅིག་ཅེས་བསྐུལ་བ་དང་བཅས་པར། བདུད་རྩི་ཐབས་སྦྱོར་གྱི་སྔགས་བརྗོད་ན། བསྒྲུབ་བྱ་ཚ་བ་ཆེན་པོས་བཏབ་པར་འགྱུར་རོ། །དེ་དག་ཐམས་ཅད་དང་འབྲེལ་བའི་སྔགས་མཇུག་བསྡུ་དང་བཅས་པ་བསྟན་པ་ནི། བཤད་མ་ཐག་པའི་དྲག་པོའི་ལས་འདི་དག་ཐམས་ཅད་ལ། འོག་ནས་བཤད་པ་འདི་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོའི་ཁྲོ་བོ་ནི། བདུད་རྩི་ཐབས་སྦྱོར་ཏེ། དེའི་སྙིང་པོ་ནི་གསོད་པའི་ཡུལ་ལ་ཕྲེང་སྔགས་ཐམས་ཅད་ཀྱི་ཤིན་ཏུ་དམ་པར་གྱུར་པ་ཡིན་ནོ། །སྔགས་ནི་ན་མ་ཞེས་སོགས་སོ། །བཤད་མ་ཐག་པའི་སྦྱིན་སྲེག་གི་ལས་དང་། འོག་ནས་འཆད་པའི་བསམ་གཏན་འདི་དག་ནི། དགྲ་བོའི་ལུས་ལ་སོགས་པ་འཇིགས་པར་བྱེད་པ་ཡིན་ཏེ། དེའི་ཕྱིར་མ་ཡེངས་པ་སྟེ། རྩེ་གཅིག་པའི་སེམས་ཀྱིས་དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་ལ་སོགས་པའི་དགྲ་བོ་རྣམས་གསོད་པའི་ལས་ཀྱི་མཆོག་འདི་བྱའོ། །བསམ་གཏན་གྱི་སྒྲུབ་པ་ལ་གཉིས་ལས། ཐུན་མོང་གི་ཁ་སྦྱར་དབྱེ་བའི་ཆོ་ག་ནི། མངོན་སྤྱོད་ཀྱི་སྐབས་སུ་རང་ཉིད་ཞེ་སྡང་རྡོ་རྗེར་བསྐྱེད་པའི་ཕྱག་གཡས་ཀྱི་དང་པོའི་རྡོ་རྗེ་ལས་འོད་ཟེར་འཕྲོས་པས། སེམས་ཅན་ཐམས་ཅད་ཀྱི་ཞེ་སྡང་གི་དུམ་བུ་རྣམས་འོད་ཟེར་ནག་པོའི་རྣམ་པར་དྲངས་ནས། དེ་ཡོངས་སུ་གྱུར་པ་ལས། འོད་ཟེར་ནག་པོའི་གཟུགས་སུ་བསམས་ཏེ། དེ་བསྒྲུབ་བྱ་ལ་བསྟིམས་པས། བསྒྲུབ་བྱ་དེ་རྡོ་རྗེ་སེམས་དཔའ་སྟོབས་ཆེ་ཞིང་ཕ་རོལ་གནོན་ལ་རྣམ་པར་བགྲད་པ་སྨིན་མ་བསྐྱོད་པ་སོགས་པ་དང་ལྡན་ཞིང་འཚེ་བ་ལ་བརྩོན་པས་འཇིགས་འཇིགས་ལྟ་བུ་སྟ་རེ་ཐོ་བ་ཕྱག་ན་བསྣམས་པ་བསམས་ལ། འོག་ནས་བཤད་པའི་བསམ་གཏན་འདིས་རབ་ཏུ་བརྟག་པར་བྱའོ། །བསམ་གཏན་ཇི་ལྟ་བུ་ཞེ་ན། གསོད་པའི་ལས་དེ་ལ་འོག་ནས་འབྱུང་བ་འདི་ནི། དྲག་པོ་ཆེན་པོའི་ཁྲོ་བོ་ནི་མི་བསྐྱོད་པ་སྟེ། དེའི་དམ་ཚིག་སྟེ་འདའ་བར་མི་བྱ་བའི་གསུང་ངོ་། །ནམ་མཁའི་དབྱིངས་ཐམས་ཅད་ཉན་ཐོས་དང་རང་སངས་རྒྱས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཡོངས་སུ་གང་བར་བསྒོམས་ལ། དེ་ཐམས་ཅད་གདུག་པ་སྟེ་གནོད་སྦྱིན་སྲིན་པོར་གྱུར་པ་དེ་ཡིས་ཐོ་བས་བསྣུན་ཅིང་སྟ་རེས་བཅད་ནས་གསད་པར་བསམས་ལ། དེ་ནས་འདས་མ་འོངས་ཀྱི་ལས་རྣམས་བྱ་སྟེ། དེ་ལྟར་བྱས་ན་དེ་མ་ཐག་ཏུ་བསྒྲུབ་བྱ་འཆི་བར་འགྱུར་རོ། །སངས་རྒྱས་ནི་བསྟན་པ་ལ་གནས་ཤིང་། ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་དང་ལྡན་པ་རྣམས་དང་། བྱང་ཆུབ་སེམས་དཔའ་ནི་དེ་དང་རྗེས་སུ་འབྲེལ་བའི་བསླབ་པ་ལྔ་ལ་སོགས་པ་དང་ལྡན་པ་སྟེ། མིའི་འཇིག་རྟེན་དེ་དག་གིས་ཡོངས་སུ་གང་བར་བསྒོམས་ནས། གདུག་པས་གསད་པར་བསམས་ནས་ལས་བྱ་སྟེ། དེ་ལྟར་ན་རྡོ་རྗེ་འཛིན་པ་ཉིད་ཀྱང་འཆི་ཞེས་པ་སྦྱོར་བའི་ཕུལ་དུ་བྱུང་བའི་ཁྱད་པར་གསུངས་པའོ། །བཤད་མ་ཐག་པའི་རྣམ་པས་སངས་རྒྱས་རྣམས་ལ་གནོད་པ་བྱེད་པའི་དགྲ་བོ་རྣམས་སྡིག་པ་བསགས་པར་གྱུར་པ་ལ་འགྱོད་པས་སྐྲག་ཅིང་། དེ་ཉིད་ཀྱིས་ཕྱིར་འཇིགས་པས་དཀྲུགས་ལ། སྐྱབས་མེད་པར་བསམས་ནས་ལས་བྱས་ན་འཆི་བར་འགྱུར་རོ། །གསད་པའི་སྦྱོར་བ་བསྟན་པ་ནི། བསྒྲུབ་བྱ་རྡོ་རྗེ་གནོད་སྦྱིན་སྲིན་པོས་སངས་རྒྱས་ལ་སོགས་པ་ཐམས་ཅད་བསད་པས་འགྱོད་ཅིང་སྐྲག་སྟེ། སྐྱབས་མེད་པར་གྱུར་པ་ལ། གནོད་མཛེས་ལ་བཀའ་བསྒོ་བས། དེས་བཀུག་སྟེ་མདུན་ན་གནས་པ་ལ་ལེའུ་བཅུ་གསུམ་པ་ནས་འབྱུང་བའི་ཚིགས་བཅད་ཀྱིས་བཀའ་བསྒོ་བས། ཕྱི་རོལ་གྱི་དུར་ཁྲོད་དུ་ཁྱེར་ནས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འཁོར་རྣམས་ཀྱིས་མཚོན་ཆ་སྣ་ཚོགས་པས་བཅད་ཅིང་གཏུབས་ཏེ་བསད་ནས་ཤ་རྣམས་ཟོས་པར་བསྒོམ་པ་ནི་སྲིན་པོ་ལ་སོགས་པ་ཁྲོས་ཤིང་འཚེ་བའི་བདག་ཉིད་ཅན། ཤ་དང་ཁྲག་དང་ཚིལ་དང་ཞག་ལ་སོགས་པ་རྣམས་ཟ་བ་རྣམ་པ་སྣ་ཚོགས་པས་གཏུམ་ཞིང་འཇིགས་སུ་རུང་བ་དང་། ཁྲོ་བོ་མི་བཟད་པ་སྟེ་ཁྲོ་བོའི་མེ་དང་དུ་བ་བལྟ་བར་དཀའ་བ་རྣམས་ཀྱིས་བསྒྲུབ་བྱ་དེ་མཚོན་སྣ་ཚོགས་པས་བཅད་ཅིང་གཏུབས་པ་ལ་སོགས་པས་སྐྲག་པར་བྱས་པར་བསམས་ན། བསམ་གཏན་དེས་རྡོ་རྗེ་འཛིན་པ་ཉིད་ཀྱང་འཆི་ཞེས་པ་ཕུལ་དུ་བྱུང་བའི་ཁྱད་པར་གསུངས་པའོ། །དེ་ནས་དེའི་ཤ་དང་རྒྱུ་མ་ལ་སོགས་པ་འུག་པ་དང་ཁྲ་ལ་སོགས་པ་རྣམས་ཀྱིས་ཟོས་པར་བསམས་ན། སངས་རྒྱས་ཉིད་ཀྱང་ངེས་པར་འཇིག་ན། བསྒྲུབ་བྱ་ཉིད་ལྟ་ཅི་སྨོས་ཞེས་པའོ། །རྫས་ཀྱི་སྦྱོར་བས་བསད་པ་ནི། ནང་ལ་མཆོག་ཏུ་གཞོལ་བ་བསྙེན་པ་ལས་སུ་རུང་བའི་རྣལ་འབྱོར་པས་མི་བསྐྱོད་པའི་དཀྱིལ་འཁོར་རྒྱལ་མཆོག་མན་ཆད་ལ་གནས་ནས། ལས་རྒྱལ་མཆོག་མི་བཟད་པ་དུག་གིས་ཁྱབ་པའི་སྦྲུལ་ནག་པོ་རབ་ཏུ་ཁྲོ་བ་འཇིགས་པ་དག་ཀྱང་འཇིགས་པར་བྱེད་པའི་གདེངས་ཀ་ལྔ་དང་ལྕེ་གཉིས་ཡོད་ཅིང་། མཆེ་བ་གཙིགས་པ་བྲིས་པའམ། གཟུགས་བརྙན་བྱས་ལ། རང་གི་ཏིང་ངེ་འཛིན་སེམས་དཔའ་ཧྲི་ལས་འོད་ཟེར་འཕྲོས་པས། དུག་གི་མཆོག་གི་དམ་ཚིག་འདི་སྟེ་རྒྱུ་བ་དང་མི་རྒྱུ་བའི་དུག་རྣམས་ཁ་དོག་ནག་པོར་དྲངས་ཏེ། སྦྲུལ་གྱི་དཔྲལ་བར་ཁྃ་བསམས་ཏེ་དེ་ལ་གཞུག་པའམ། སྦྲུལ་གྱི་ཁར་གཞུག་པར་བསམ་མོ། །དེ་ནས་ནོར་རྒྱས་ལ་སོགས་པའི་ཀླུ་གང་ཡང་རུང་བའི་རྣམ་ཤེས་ཧྲིའི་འོད་ཟེར་གྱིས་བཀུག་ནས། གཟུགས་བརྙན་དེ་ལ་བཅུག་པས། གཟུགས་བརྙན་དེ་ཁྱད་པར་དུ་འཕགས་པ་སྟེ། འགྲོ་བའམ་རྒྱུག་པར་འགྱུར་རོ། །དེ་ནས་དེ་ལ། ཆེ་གེ་མོ་ཟོ་ཞིག་ཅེས་བསྐུལ་ནས། དེ་ཟོས་པར་བསམས་ན། ཟ་བར་འགྱུར་ཞིང་དེའང་ངེས་པར་འཆི་བར་འགྱུར་རོ། །སྡིག་པ་དང་རུས་སྦལ་ལ་སོགས་པ་སྦད་པ་ལ་ཡང་ཆོ་ག་དེ་བཞིན་བྱ་སྟེ། དེ་དག་གི་གཟུགས་བརྙན་བྱས་པའམ་བྲིས་ལ། ཧྲིའི་འོད་ཟེར་གྱིས་དུག་བསྡུ་བ་དང་། རྣམ་ཤེས་དགུག་པ་དང་། དེ་ནས་འགྲོ་བར་འགྱུར་བ་དང་། ཆེ་གེ་མོ་ཟོ་ཞིག་ཅེས་པས་བསྐུལ་ན་ཟ་བར་འགྱུར་རོ། ཁ་སྦྱར་དབྱེ་བའི་ཆོ་ག་ལྷག་མ་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་སེམས་ཅན་དང་འབྲེལ་བའི་འཚེ་བ་སྟེ། སྦྲུལ་དང་དུག་ལ་སོགས་པ་ལས་བྱས་པའི་འཇིགས་པ་ཁམས་འཁྲུག་པ་སྐྱེད་པར་བྱེད་པའི་དུག་གི་འགྱུར་བ་རྣམས་ཕྱག་མཚན་གྱི་འོད་ཟེར་གྱིས་དྲངས་ཏེ། འབྱུང་པོ་ནག་པོའི་གཟུགས་སུ་བསམས་ལ། དགྲ་བོ་ལ་ངེས་པར་དབབ་པར་བྱས་ཏེ། བཤད་མ་ཐག་པ་འདི་ནི་སྐུལ་བའི་མཆོག་སྟེ། གདུག་པ་འདུལ་བ་ལ་ཤིན་ཏུ་སྟོབས་དང་ལྡན་པ་ཡིན་ནོ། །བསམ་གཏན་གྱིས་གསད་པའི་ཆོ་ག་ལྷག་མ་ནི་དེ་ལྟར་སྡིག་པའི་དྲི་མ་བསགས་པའི་བསྒྲུབ་བྱ་མདུན་དུ་བསམ་ལ། རང་ཉིད་ཞེ་སྡང་རྡོ་རྗེའི་དཀྱིལ་འཁོར་རྒྱལ་མཆོག་མན་ཆོད་ལ་གནས་ནས། ཐོ་བས་བསྒྲུབ་བྱའི་སྙིང་ཁར་བརྡེག་པར་བསམས་ན། རྡོ་རྗེ་འཛིན་པ་ཆེན་པོའི་བཀའ་བཞིན་དུ་དགྲ་བོའི་སྲོག་མེད་པར་བྱེད་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཅན་ཏེ་སྒྲུབ་པ་པོས་བསྒྲུབ་བྱ་དེ་ལ་སྟ་རེ་དང་ཐག་མདུང་ལ་སོགས་པས། གཤག་ཅིང་གཏུབས་པར་བསམས་ན། སྐུ་གསུམ་སྟེ་དམན་པ་དང་། འབྲིང་དང་། བར་མའི་སེམས་ཅན་རྣམས་ལ་མཆོག་སྦྱིན་པས་ཏེ། ཡིད་དུ་འོང་བའི་འབྲས་བུ་སྟེར་བ་དང་། རྡོ་རྗེ་སེམས་དཔའ་སྟེ་རྫུ་འཕྲུལ་བརྟུལ་བ་ཅན་གྱི། དྲག་པོ་སྟེ་སྡིག་པའི་དྲི་མ་བསགས་པའི་བསྒྲུབ་བྱ་འཆི་བར་འགྱུར་རོ། །གཞན་གྱི་རིག་པ་བཟློག་པའི་སྦྱོར་བ་ནི། ནང་ལ་མཆོག་ཏུ་གཞོལ་བ་བསྙེན་པ་ལས་སུ་རུང་བས། མི་བསྐྱོད་པའི་དཀྱིལ་འཁོར་རྒྱལ་མཆོག་གི་བར་དུ་བསྐྱེད་པའི་རྟེན་དེ་ལ་གནས་ཏེ། མ་དད་པར་སྨྲ་བ་ལ་སོགས་པའི་བསྒྲུབ་བྱ་དེ་ལ། གནོད་པ་ཟློག་པར་བྱེད་པའི་ཕུར་བཟློག་མཁན་གྱི་བཟླས་བརྗོད་དང་། སྦྱིན་སྲེག་ལ་སོགས་པ་དེ་ལ་ཕན་པར་འདོད་པས་བྱེད་བཞིན་པ་དང་། བསྒྲུབ་བྱ་བསྲུང་བར་བྱེད་པའི་ཕྲེང་སྔགས་ལ་སོགས་པ་རྣམས་དང་། བསྒྲུབ་བྱ་མཉེས་པར་བྱས་པའི་ལྷ་རྣམས་ཀྱང་སྔར་ཇི་སྐད་བཤད་པའི་ཚུལ་གྱི་བསམ་གཏན་གྱི་ཕུར་བུས་གདབ་པར་བྱའོ། །བཤད་མ་ཐག་པའི་རིམ་པ་འདི་ནི་གཞན་གྱིས་རིག་པ་གཅོད་པར་བྱེད་པ་དང་། གསོད་པར་བྱེད་པའི་ཡུལ་ལ་མཆོག་ཏུ་གྱུར་ཅིང་ཁྱད་པར་དུ་འཕགས་པ་དང་། དམ་ཚིག་ཤིན་ཏུ་འདའ་དཀར་བ་ཡིན་པར་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །རྫོགས་རིམ་པས་གསད་པའི་ཆོ་ག་བཤད་པ་ནི། བདག་ཉིད་ཟུང་འཇུག་གི་དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། ལས་རྒྱལ་མཆོག་རྡོ་རྗེ་ཕུང་པོ་སྟེ་ཕུང་པོ་ལྔའི་བདག་ཉིད་ཀྱི། འཇིག་རྟེན་གསུམ་པོ་འདི་དག་གི་ནང་གི་དཀྱིལ་འཁོར་དུ་སེམས་ཅན་སྒོང་ང་ལས་སྐྱེས་པ་ལ་སོགས་པའི་ནང་ན། མ་དད་པར་སྨྲ་བ་ལ་སོགས་པ་གསད་པར་བྱ་བའི་ཡུལ་ཇི་ཙམ་གནས་པ་དེ་དག་བསམ་གཏན་གཉིས་གང་རུང་གིས་བཤིག་སྟེ། འོད་གསལ་དུ་བཅུག་ནས་གསད་ཅིང་གཞོམ་པར་བྱས་པ་དེའི་འོག་ཏུ། དེའི་རྣམ་པར་ཤེས་པ་འོད་ཀྱི་གོང་བུའི་ཚུལ་དུ་བྱུང་བ་དེ། རང་གི་སེམས་ཙམ་དུ་རྟོགས་པར་བྱས་ནས། རང་ལ་བསྡུས་ཏེ། བདག་ཉིད་དུ་རྟོགས་པ་སྟེ་མི་བསྐྱོད་པའི་ཞིང་དུ་རྡོ་རྗེ་སེམས་དཔར་འགྱུར་བར་བསམས་ན། མཉེས་པར་འགྱུར་བ་སྟེ་གསད་པར་འགྱུར་བའི་སེམས་ཅན་དེ་རྣམས་མི་བསྐྱོད་པའི་འཇིག་རྟེན་གྱི་ཁམས་སུ་རོལ་བར་འགྱུར་གྱི། དེ་ལས་གཞན་དུ་མཚོན་ཆ་ལ་སོགས་པས་བཅོམ་སྟེ་གསད་པ་ནི་དེ་ལྟར་འགྱུར་བ་མིན་ནོ། །ཡང་དག་པ་དེ་ཉིད་གསལ་བར་བསྟན་པ་ནི། ཟུང་འཇུག་པས་ལོགས་སུ་སྟོན་པ་སངས་རྒྱས་ཏེ་སྐུ་རྡོ་རྗེ་དང་། རྡོ་རྗེ་འཛིན་ཏེ་ཐུགས་རྡོ་རྗེ་དང་། རྡོ་རྗེ་ཆོས་ཏེ་གསུང་རྡོ་རྗེ་དང་གསུམ་གྱི་རང་བཞིན་གྱི་སྤྲུལ་སྐུར་བསྒྱུར་བའི་རྡོ་རྗེ་ཅན་ཏེ་སྒྲུབ་པ་པོ་རང་ཉིད། རྡོ་རྗེ་ཐུགས་ཏེ་རྡོ་རྗེ་འཆང་ཆེན་པོའི་བཀའ་བཞིན་དུ་རིལ་འཛིན་དང་རྗེས་གཞིག་གི་བསམ་གཏན་གཉིས་གང་རུང་གི་སྦྱོར་བས་བཤིག་སྟེ། དེ་བཞིན་ཉིད་ལ་དམིགས་པ་ན། བདག་གི་རྒྱུད་དུ་གཏོགས་པའི་ཕུང་པོ་རྣམས་འཇིགས་པར་སྣང་བ་དེ་བཞིན་དུ། བསྒྲུབ་བྱ་མ་དད་པར་སྨྲ་བ་ལ་སོགས་པའི་ཕུང་པོ་རྣམས་ཀྱང་གསད་པའི་བསམ་པས། བསམ་གཏན་གཉིས་གང་རུང་གིས་བཤིག་པས། འོད་གསལ་དུ་བཅུག་པ་ན་འཆི་བར་འགྱུར་བ་ཡིན་ནོ། །གསད་པའི་ཆོ་ག་འདི་ནི་རྫོགས་རིམ་ལ་གནས་པ་རྣམས་ཀྱི་ཡིན་ཏེ། འདི་ནི་རྡོ་རྗེ་འཆང་ཆེན་པོའི་བཀའོ། ཁྲོ་བོ་ཆེན་པོའི་དམ་ཚིག་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ལས་བྱུང་བ་ནི་དེ་དང་གཅིག་ཏུ་གྱུར་པ་ཞེ་སྡང་རྡོ་རྗེ་ནི། རྡོ་རྗེ་ཁྲོ་བོ་སྟེ་དེས་དེ་སྐད་ཅེས་བཀའ་བསྩལ་ཏོ། །ལས་ཕྲན་ཚེགས་བསྟན་པ་ལ་གསུམ་གྱི་བསྡུ་བ་པོའི་ཚིག་གིས་སྟོན་པའི་ཁྱད་པར་བསྟན་པ་ནི། དེ་ནས་བཀའ་བསྩལ་ཏོ་ཞེས་སྦྱར། སུ་ཞིག་གིས་ན། རྒྱལ་པོ་རྡོ་རྗེ་འཛིན་ཏེ། ཞེ་སྡང་རྡོ་རྗེས་སོ། དེའི་ཁྱད་པར་ནི། ཐམས་ཅད་སྟོང་པའི་བདག་ཉིད་ཡིན་པས་ན་ཐམས་ཅད་ནམ་མཁའ། དེ་ཉིད་ཀྱིས་ན་ཐུབ་པ་ཆེན་པོ། ཐམས་ཅད་དབང་བསྐུར་བ་ནི་དེར་ཟད་ཅིང་འཇིག་པ་སྟེ། དེ་ལས་འདས་པས་ན་རྫོགས་སངས་རྒྱས་སོ། །ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བར། འདོད་པའི་འབྲས་བུ་སྟེར་བའི་ཡེ་ཤེས་རྡོ་རྗེས་སོ། །གང་ཞིག་ན། འོག་ནས་བྱུང་བའི་ཆེད་དུ་བརྗོད་པ་འདིའོ། །སྟོན་པའི་གསུང་གིས་ཆེད་དུ་བརྗོད་པ་ནི། ཨེ་མ་ཧོ་སྟེ་ངོ་མཚར་བའོ། །གང་ཞིག་ངོ་མཚར་ཞེ་ན། རྒྱུ་དང་བྲལ་བའི་ཕྱིར། གདོད་མ་ནས་མ་སྐྱེས་པའི་ཆོས་ཟིན་པ་དང་མ་ཟིན་པའི་ཕུང་པོ་སོགས་ལ། དུས་གསུམ་གྱི་རྒྱལ་བ་རྣམས་ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་ཉམས་སུ་བླངས་པས། དེའི་འབྲས་བུ་སྐྱེ་བར་བསྟན་པ་གང་ཡིན་པ་དེའོ། །ཐབས་གང་ལས་ཤེས་ན། རྣམ་རྟོག་ཐམས་ཅད་དང་བྲལ་བའི་ཕྱིར་ངོ་བོ་ཉིད་ཀྱིས་དག་པའི་རྡོ་རྗེ་ཐེག་པ་སྟེ་འོད་གསལ་བ་བླ་ན་མེད་པར་གང་ཞིག་བསྒོམ་པ་ལས་སོ། །ལས་སྦྱོར་དངོས་བསྟན་པ་ལ་གཉིས་ཀྱི། དུག་དྲང་བའི་ཆོ་ག་ནི། ཆོས་བདག་མེད་པར་གནས་པ་དེ་ལ། འོག་ནས་བཤད་པ་འདི་ནི། ཡོ་བྱད་ཉུང་ངུ་ཙམ་གྱིས་བསྒྲུབ་པར་བྱ་བ་ཡིན་པས་ན་ལས་ཕྲན་ཚེགས། སྙིང་པོར་གྱུར་པས་ན་རྡོ་རྗེ། དེ་ཉིད་ཀྱིས་སྦ་བར་བྱ་བས་ན་གསང་བའོ། །དེ་ལ་བསྙེན་པ་ལས་སུ་རུང་བའི་རྣལ་འབྱོར་པས། ཞེ་སྡང་རྡོ་རྗེའི་དཀྱིལ་འཁོར་རྒྱལ་མཆོག་ཡན་ཆོད་ལ་གནས་ནས། ལས་རྒྱལ་མཆོག་སྦྲུལ་གདེངས་ཀ་གཅིག་པའམ། གདེངས་ཀ་གསུམ་ལ་སོགས་པ་དང་ལྡན་པས། མི་སྡུག་ཅིང་གཟུགས་ངན་པ་དང་། འཇིགས་པར་བྱེད་པ་རྣམ་པར་འགྱུར་བ། འོད་ནག་པོ་འབར་བ་འཁྲུག་ཅིང་ཁྲོ་ལ། ལྕེ་གཉིས་ཀུན་ཏུ་བསྐྱོད་པ། ཁ་རེ་རེ་ཞིང་མཆེ་བའི་ཕྲེང་བས་གཏམས་པ། རྡོ་རྒྱུས་སམ་སོལ་བས་བྲིས་ཤིང་བསམས་ལ། དེ་ལ་འདི་ནི་སྟེ་འོག་ནས་བཤད་པའི་ཀླུའི་ཁྲོ་བོ་བསྐུལ་བའི་སྙིང་པོ་སྟེ། ས་བོན་བསལ་པར་བྱའོ། །དེ་ནི་ཁཾ་ཞེས་པ་སྟེ། ཀླུའི་ཁའི་ནང་དུ་ཁཾ་ནག་པོ་བཀོད་ལ། དེ་ཡོངས་སུ་གྱུར་པ་ལས་བྱུང་བའི་མི་བཟད་པའི་དུག་ཧ་ལ་ཧ་ལ་དང་འདྲ་བར་གནག་པ། མེ་ལྟར་བསྲེག་པ་བཟོད་པར་དཀའ་བ་བསྒོམ་ལ། ནོར་རྒྱས་ལ་སོགས་པ་ཀླུ་གང་རུང་གི་རྣམ་ཤེས་རང་གི་ཏིང་ངེ་འཛིན་སེམས་དཔའ་ཧྲི་ལས་བྱུང་བའི་འོད་ཟེར་གྱི་ལྕགས་ཀྱུས་དྲངས་ནས་བཅུག་པས། སྦྲུལ་རྣམ་པར་གཡོ་བར་བསྒོམས་ན་འགུག་པར་འགྱུར་བར་གདོན་མི་ཟའོ། །དེ་ནས་ཆེ་གེ་མོ་ཟོ་ཞིག་ཅེས་བསྐུལ་བས་ཟ་བར་འགྱུར་རོ། །སྦྲུལ་དེ་ལ་འོག་ནས་འབྱུང་བ་འདི་ནི། རྒྱུ་བ་དང་། མི་རྒྱུ་བ་རྣམས་ལས། དུག་རྣམས་ཐམས་ཅད་འབྱིན་པའི་སྙིང་པོ་སྟེ། གང་ཞེ་ན། ཧྲི་ཞེས་པའོ། །རྒྱུ་བ་དང་མི་རྒྱུ་བ་རྣམ་པ་སྣ་ཚོགས་པ་ལས་བྱུང་བའི་དུག་ཁམས་གསུམ་སྟེ་མཆོག་དང་འབྲིང་དང་ཐ་མའི་སྣོད་ལ་གནས་པ་མ་ལུས་པ་ཀུན། ཧྲི་དེས་ཁྱེར་ཤིང་དྲངས་པར་བསྒོམ་ལ། དེ་ནས་སྦྲུལ་གྱི་ལུས་ལ་འབབ་པར་གྱུར་པར་བསམས་ན། སྦྲུལ་དེ་དེ་མ་ཐག་ཏུ་སྟེ་བསམ་པ་ཙམ་གྱིས་དུག་གི་རྒྱ་མཚོ་ལྟར་ཤིན་ཏུ་མི་བཟད་པར་འགྱུར་རོ། །དེ་ནས་ཧྲི་ཞེས་པའི་སྔགས་འདིས་བསྐུལ་བས། སྦྲུལ་དེས་རེག་མ་ཐག་ཏུ་སྟེ་ཟིན་པ་ཙམ་གྱིས་སྐྱེ་བོ་ཀུན་དུག་གིས་ཕོག་སྟེ་འཇིག་ཅིང་འཆི་བར་ཐེ་ཚོམ་མེད་དོ། །དེ་བཞིན་དུ་སྡིག་པ་དང་། སྦལ་པ་ལ་སོགས་པ་སྲོག་ཆགས་ཀྱི་བྱེ་བྲག་སྣ་ཚོགས་པ་དག་ལ་ཡང་། དུག་དབབ་པའི་ཆོ་ག་བཤད་མ་ཐག་པ་འདི་བཞིན་དུ་རབ་ཏུ་སྦྱར་བར་བྱའོ། །གང་གིས་ཤེ་ན། སྦྱོར་བ་འབྱུང་བའི་མཚན་ཉིད་ཀྱིས་ཞེས་ཏེ། སྦྱོར་བ་ནི་དུག་གོ དེ་སྡིག་པ་ལ་སོགས་པ་འབྱུང་བའི་མཚན་ཉིད་ལ་མཁས་པས་སོ། །འདི་དག་གི་དོན་ནི། སྔར་རྫས་ཀྱིས་གསད་པའི་སྐབས་དང་འདྲ་བར་ཤེས་པར་བྱའོ། །དུག་སྤོ་བའི་ཆོ་ག་ནི། དེ་ཡང་ལྷས་སྦྱིན་དུག་དང་ལྡན་པ་ལྟ་བུའི་དུག་དེ། མ་དད་པར་སྨྲ་བ་མཆོག་སྦྱིན་ལྟ་བུ་ལ་སོགས་པའམ། ཀླུ་ལ་སོགས་པ་གདུག་པ་ཅན་ལ་ཡོད་པའི་དུག་སྟེ། མ་དད་པར་སྨྲ་བ་ལ་སོགས་པའི་བསྒྲུབ་བྱ་ལ་སྤོ་བར་བྱེད་ན། བསྙེན་པ་དང་ལྷའི་རྣལ་འབྱོར་སྔ་མ་དང་འདྲ་ལ། ལས་རྒྱལ་མཆོག་ལྟ་བ་རྡོ་རྗེའི་དུག་དང་། མཆེ་བའི་དུག་ལ་སོགས་པ་དང་། སེམས་ཅན་གཞན་ཡང་མི་བཟད་པའི་དུག་དང་ལྡན་པ་དེ་དག་གི་སྤྱི་བོར་ༀ་ལས་འཁོར་ལོ་བརྩིབ་བཅུ་གཉིས་ཀྱི་ལྟེ་བར་ༀ་གྱིས་མཚན་པ་བསམ། རྐང་པའི་འོག་ཏུ་ཡང་དེ་ལྟར་བསམས། དེ་ནས་སྤྱི་བོའི་ༀ་དཀར་པོའི་འོད་ཀྱིས་དུག་ཐམས་ཅད་ཕུལ་ཏེ་རྐང་པའི་འོག་གི་ༀ་ལ་ནག་ཕུངས་ཀྱིས་བྱུང་བར་བསམ་ལ། དེ་ནས་ནམ་མཁའ་རྡོ་རྗེའི་དཀྱིལ་འཁོར་ཏེ། བསྒྲུབ་བྱ་མ་དད་པར་སྨྲ་བའི་སྙིང་ཁར་ཡི་གེ་ཁཾ་བསམས་ཏེ། ཡེ་ཤེས་རྡོ་རྗེ་སྟེ་ཏིང་ངེ་འཛིན་སེམས་དཔའི་ཧྲིའི་འོད་ཟེར་གྱིས། རྐང་པ་འོག་གི་ༀ་ལ་བསྡུས་པའི་དུག་རྣམས་དྲངས་ཏེ། བསྒྲུབ་བྱའི་སྙིང་ཁའི་ཁཾ་ལ་བཅུག་པས། དེ་ཉིད་དུག་དང་ལྡན་པར་འགྱུར་རོ། །དུག་གི་དམ་ཚིག་ཆེན་པོའི་རྡོ་རྗེ་ནི། རྡོ་རྗེ་འཆང་ཆེན་པོའོ། །དེ་ལྟར་དྲག་པོའི་ལས་སྦྱོར་བསྟན་ནས། ཞི་བའི་ལས་སྦྱོར་ལ་གཉིས་ཏེ། དུག་བསལ་བ་དང་། ནད་བསལ་བའོ། །དང་པོ་དུག་བསལ་བའི་སྦྱོར་བ་གཉིས་བསྟན་པ་ནི། ནང་ལ་མཆོག་ཏུ་གཞོལ་བ་བསྙེན་པ་ལས་སུ་རུང་བས། རྣམ་སྣང་གི་དཀྱིལ་འཁོར་རྒྱལ་མཆོག་གི་བར་ལ་གནས་ནས་ལས་རྒྱལ་མཆོག ཧཱུྃ་རྡོ་རྗེ་ཆེན་པོའི་སྙིང་པོ་འདི། །ཞེས་པ་དུག་དང་ལྡན་པའི་བསྒྲུབ་བྱའི་རྐང་པའི་འོག་ཏུ་དུག་གསོ་བའི་སྙིང་པོ་ཡི་གེ་ཧྃ་འདི་ཡོངས་སུ་གྱུར་པ་ལས། སྣ་ཚོགས་རྡོ་རྗེ་ཆེན་པོ་ཁ་དོག་དཀར་པོ་འོད་ཀྱི་སྤྲིན་ཏེ། ཚོགས་ཤིན་ཏུ་འབར་བ་ཟླ་བའི་འོད་ཟེར་བཞིན་དུ་ཤིན་ཏུ་བསིལ་བ་ལྟེ་བ་ཧཱུྃ་གིས་མཚན་པ་བསམ། གནས་བཞི་དག་ཏུ་སྦྱོར་བ་ཡིས། དེ་མ་ཐག་ཏུ་སྡུད་པས་ལྡང་། །ཞེས་པ་ཧཱུྃ་གི་འོད་ཀྱིས་དུག་ཐམས་ཅད་མདོམས་ཀྱི་པད་མོའི་བར་དུ་གྱེན་དུ་ཕུལ་བས། དེ་མན་ཆད་དཀར་སངས་ཀྱིས་སོང་བར་བསམ། ཡང་འོད་དེས་ལྟེ་བའི་པད་མར་ནག་ཕུངས་ཀྱིས་ཕུལ་བས། དེ་མན་ཆད་དཀར་སངས་ཀྱིས་སོང་བས་བསམ། དེ་ནས་སྙིང་ཁའི་བར་དུ་ཕུལ། དེ་ནས་ཡང་ལྐོག་མའི་བར་དུ་ཕུལ་ཏེ། དེ་ལྟར་སྡུག་པའི་སྦྱོར་བས། ལྟར་བ་སྟེ་དེ་མ་ཐག་ཏུ་དུག་སྟེང་དུ་འགྲོའོ། །དེ་བཞིན་དུ་ལན་གསུམ་ལ་སོགས་པ་ཡང་དང་ཡང་དུ་བསྒོམས་ནས། ཁ་ནས་མར་ལ་དུག་ཐམས་ཅད་ནག་ཕུངས་ཀྱི་སྐྱུག་པར་རྣམ་པར་བསམས་ན། ནམ་མཁའི་ཁམས་ཀུན་དུག་གིས་གང་བ་ཡང་དུག་མེད་པར་བྱེད་པར་འགྱུར་ཅིང་། བདེ་བར་གནས་པར་འགྱུར་རོ། །དུག་བསལ་བའི་སྦྱོར་བ་གཉིས་པ་ནི། དེ་ལ་འོག་ནས་འབྱུང་བ་འདི་ནི། ད་དུ་ར་དང་། ལང་ཀུ་ལ་སོགས་པ་དང་། སྦྱར་བའི་དུག་ལ་སོགས་པ་ཉེ་བའི་དུག་ཐམས་ཅད་གསོ་བའི་སྙིང་པོའོ། །གང་ཞེ་ན་ཨཱ་ཞེས་པའོ། །ཉེ་བའི་དུག་འབའ་ཞིག་གི་གཉེན་པོར་འགྱུར་བར་མ་ཟད་ཀྱི། བྱ་ལ་དང་། གར་ད་བ་ལ་སོགས་པའི་འབྲས་དང་། འབྲུམ་ཕྲན་ལ་སོགས་པའི་ཕོལ་མིག་དང་། ཨེ་ནི་པ་ཏི་ཏ་ལ་སོགས་པ་འབྲུམ་བུ་རྣམས་དང་། གང་གཞན་ནད་དུ་བཤད་པ་རིམས་དང་། འགོ་བའི་ནད་ལ་སོགས་པ་རྣམས་ཀྱང་། ཕྱག་ན་རྡོ་རྗེའི་བཀས་བསྟན་པ་ཇི་བཞིན་དུ་བསམས་པ་ཙམ་གྱིས་ཏེ། འོག་ནས་བཤད་པའི་བསམ་གཏན་གྱིས་མེད་པར་འགྱུར་རོ། །དེ་ཡང་རྣམ་སྣང་གི་དཀྱིལ་འཁོར་རྒྱལ་མཆོག་ལ་གནས་པས་ལས་རྒྱལ་མཆོག་ནི་རང་གི་ལག་པ་གཡོན་པའི་མཐིལ་དུ་པད་མ་འདབ་མ་བརྒྱད་པ་ཟླ་བའི་འོད་བཞིན་དུ་དྲི་མ་མེད་པ་དཀར་པོ་དེའི་དབུས་ན་འདུག་པའི་ཡི་གེ་ཨ་དཀར་པོ་འོད་ཟེར་ལྔ་རྫོགས་པ་བསམས་ཤིང་། འདབ་མ་བརྒྱད་པ་ཡང་ཧྲི་བརྒྱད་བསྒོམ་ལ། ཡི་གེ་ཧྲི་འདོན་ཅིང་ལག་པས་ནད་པ་ལ་བྱབས་པས། ཧྲིའི་འོད་ཟེར་གྱིས་ནད་པའི་དུག་རྣམས་དྲངས་ཏེ། ཡི་གེ་ཨ་བཅུག་པས་ཨ་ནག་པོར་སོང་བར་བསམས་པ་ནི། བསྐུལ་བ་ན་ནི་དམ་ཚིག་གནག ། ཅེས་ཏེ། བསྐུལ་བ་ནི་ནད་བླངས་པའོ། །དེ་ནས་དུག་ས་ལ་ཕོ་བས་ཨ་དེ་དཀར་པོར་སོང་བར་བསམ་པ་ནི། སྡུད་པ་ན་ནི་དམ་ཚིག་དཀར། །ཞེས་ཏེ། སྡུད་པ་ནི་དུག་བསལ་བའོ། །དེ་ལྟར་བྱབས་པ་བྱས་ན་དུག་མེད་པར་འགྱུར་རོ། །

སྔར་བཤད་པའི་བསམ་གཏན་གྱི་གནས་ལ་ས་བོན་གྱི་རྣམ་པ་འདི་ནི། སྐལ་པ་ངན་པ་རྣམས་ལ་སྦ་བར་བྱ་བས་གསང་བ་དང་། འོད་གསལ་གྱིས་སྦྱང་བའི་ཕྱིར་ཡེ་ཤེས་དྲི་མ་མེད་པ་དང་། གསང་ཆེན་སྟེ་སངས་རྒྱས་རྣམས་ཀྱི་གསང་བའོ། །གཉིས་པ་ནད་བསལ་བའི་སྦྱོར་བ་ལ་གཉིས་ཀྱི། བསྐྱེད་རིམ་པའི་སྔགས་གསུམ་གྱི་སྒོ་ནས་ནད་བསལ་བ་ལ། མདོར་བསྡུས་པའི་དོན་ནི། སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་དྲན་པ་གཅིག་པ་མཐར་ཕྱིན་ཅིང་། སྔགས་གསུམ་ལ་འབུམ་ཕྲག་རེ་བཟླས་པ་དང་། སྔགས་དེ་དག་གི་སྦྱིན་སྲེག་གི་ཁྲི་ཕྲག་རེས་ལྷ་མཉེས་པར་བྱས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རྣལ་འབྱོར་པ་གསུམ་གྱིས། ནད་བསལ་བར་འདོད་ན། རྣམ་པར་སྣང་མཛད་ལ་སོགས་པའི་རིགས་གསུམ་གྱི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་ལ་གནས་པས། ལས་རྒྱལ་མཆོག་ནི། རང་རང་གི་ཏིང་ངེ་འཛིན་སེམས་དཔའ་ༀ་ལ་སོགས་པ་ལ། རང་རང་གི་སྔགས་ༀ་ཛི་ན་ཛིག་ལ་སོགས་པའི་སྔགས་ཀྱིས་སྦྲུལ་འཁྱིལ་བ་ལྟར་བསྐོར་བའི་ཏིང་ངེ་འཛིན་སེམས་དཔའ་ལས། རང་རང་གི་སྔགས་ཀྱི་ཕྲེང་བ་མུ་ཏིག་སྟར་ལ་བརྒྱུས་པ་བཞིན་བདག་གི་སྣ་བུག་གཡས་པ་ནས་བྱུང་སྟེ། བདག་གི་མདུན་དུ་ཟླ་བའི་སྟེང་ན་གནས་པའི་ནད་པའི་སྣ་བུག་གཡོན་པ་ནས་ཞུགས་ནས། སྙིང་ཁའི་ཟླ་བ་ལ་སྦྲུལ་འཁྱིལ་བའི་ཚུལ་དུ་གནས་པར་བསམ་ཞིང་རང་རང་གི་སྔགས་བཟླས་པས། སྔགས་ཀྱི་འོད་ཟེར་གྱིས་ནད་པའི་ལུས་ལ་ཡོད་པའི་ནད་ཀྱི་དངོས་པོ་ཐམས་ཅད་སྤྲེའུའམ་ཁྱིའི་དངོས་པོར་བསྡུས་ནས། ནད་པའི་སྣ་བུག་གཡས་པ་ནས་ཕྱུང་སྟེ། བདག་གི་མདུན་ན་གནས་པ་ལ་རྣམ་སྣང་གིས་འཁོར་ལོ་དང་། མི་བསྐྱོད་པས་རྡོ་རྗེ་དང་། འོད་དཔག་མེད་ཀྱིས་པད་མ་བརྒྱབ་པས། ཐལ་བར་བྱས་པར་བསམ་པར་བྱའོ། །དེ་ནས་ཡང་རང་རང་གི་ཡུམ་དང་སྙོམས་པར་ཞུགས་པ་ལས། སྦྱོར་མཚམས་ནས་རྣམ་སྣང་ལ་སོགས་པས་གཙོ་བྱས་པའི་རང་རང་གི་དཀྱིལ་འཁོར་མདུན་གྱི་ནད་པའི་སྟེང་གི་བར་སྣང་ལ་སྤྲོས་ལ། དེ་དག་རང་གི་ཡུམ་དང་སྙོམས་པར་ཞུགས་པ་ལས། བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་གྱིས། ནད་པ་ལ་དབང་བསྐུར་བར་བསམ་པར་བྱའོ། །དེ་ལྟར་ཞག་བདུན་ལ་སོགས་བྱས་ན་ནད་ལས་ཐར་པར་འགྱུར་རོ། །ཚིག་གི་དོན་ནི། དེ་ལ་འོག་ནས་འབྱུང་བ་འདི་ནི། མཚོན་ཆ་ལ་སོགས་པ་གློ་བུར་གྱི་རྒྱུ་ལས་བྱུང་བ་དང་། མངོན་སྤྱོད་ཀྱི་རྒྱུ་ལས་བྱུང་བ་ཕྱིའི་དང་། ནད་གཞི་དང་ཁམས་མ་སྙོམས་པ་དང་། ཁ་ཟས་མི་མཐུན་པའི་རྒྱུ་ལས་བྱུང་བ་ནང་གི་ནད་རྣམས་བསལ་བའི་སྔགས་ནི། ཛི་ན་ཛིག་ཅེས་སོགས་སོ། །དེ་ལ་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རྣལ་འབྱོར་པ་གསུམ་གྱིས་ནད་ཀྱི་རྡོ་རྗེ་སྟེ་གསོ་བར་དཀའ་བའི་ནད་བསྐུལ་བ་སྟེ་བསལ་བར་འདོད་པའི་བསམ་པས། བཤད་མ་ཐག་པའི་སྔགས་ཀྱི་ཡི་གེའི་ཚིག་འདི་དག་ལས། གང་འདོད་ཅིང་གང་ལ་དགའ་བས། དད་པས་ཏེ་མོས་པས་བསྟེན་ན། ནད་ཞི་བའི་ཡོན་ཏན་ཐོབ་པར་འགྱུར་རོ། །ལྷའི་རྣལ་འབྱོར་ཇི་ལྟ་བུ་ལ་བརྟེན་ཅེ་ན། སྔགས་དེ་དང་འདྲ་བས་ཏེ། རྗེས་སུ་མཐུན་པའི་རྣམ་སྣང་ལ་སོགས་པའི་གཟུགས་ཏེ་ལྷའི་སྐུ་བསྒོམ་ཞིང་བསམ་པར་བྱའོ། །རྣམ་སྣང་ལ་སོགས་པ་གང་རུང་གི་དཀྱིལ་འཁོར་རྒྱལ་མཆོག་ཡན་ཆད་ལ་གནས་ནས། ལས་རྒྱལ་མཆོག་ནད་པ་རང་གི་ལུས་ངག་སེམས་ལ་གནས་པའི་དམ་ཚིག་སྟེ་ནད་སྤྲེའུའམ་ཁྱི་ལས་བྱུང་བ་སྟེ། ཁྱི་ལྟ་བུའི་རྣམ་པ་ཅན་ནད་པ་ལས་ཕྱིར་བྱུང་བར་བསམས་ནས། འཁོར་ལོའམ་རྡོ་རྗེ་ཁ་གྱེས་པ་རྡོ་རྗེའི་གོ་འཕང་སྟེ་རང་གི་ལག་པ་གཡས་པ་ན་གནས་པར་བསམ་ལ། ནད་པའི་ལུས་ངག་སེམས་ལ་གནས་པའི་དམ་ཚིག་སྟེ་ནད་རྣམས་དེས་བསྣུན་པས། ནད་རྣམས་ཕྱེ་མར་བརླག་ཅིང་ཐལ་པར་འགྱུར་བར་བསྒོམ་པར་བྱའོ། །དུས་དེ་ནས་བརྩམས་ཏེ་མི་བསྐྱོད་པ་ལ་སོགས་པ་རྫོགས་པའི་སངས་རྒྱས་རྣམས་དང་། བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རང་གི་ལུས་ལ་གནས་པ་གྲགས་ཆེན་རྣམས། ནད་པ་དེ་ལ་ནད་ལས་ངེས་པར་རྒྱལ་བའི་བྱིན་བརླབས་གོ་འཕང་དམ་པ་དག་རབ་ཏུ་སྩོལ་བར་མཛད་དོ། །ཇི་ལྟར་ཞེ་ན། འོག་ནས་འབྱུང་བ་འདི་སྐད་ཅེས་ཀྱང་བཀའ་བསྩལ་ཏོ། སངས་རྒྱས་སྤྲིན་ཏེ་སྤྱན་མ་དང་སྙོམས་པར་ཞུགས་པའི་རྣམ་སྣང་གི་ཚོགས་དང་། རྡོ་རྗེ་རྒྱལ་པོ་སྤྲིན་ཏེ་མི་བསྐྱོད་པའི་ཚོགས་དང་། འོད་དཔག་ཏུ་མེད་པའི་ཚོགས་རང་རང་གི་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་གྱིས། ནད་པའི་རང་ལུས་ངག་སེམས་རྡོ་རྗེ་ལ་དབང་བསྐུར་བས་ནད་ལས་ཐར་པར་བསྒོམ་པར་བྱའོ། །རྫོགས་རིམ་པས་ནད་ཞི་བའི་སྦྱོར་བ་ནི། ཟུང་འཇུག་པས་རང་རང་གི་ལྷག་པའི་ལྷས་གཙོ་བྱས་པའི་དཀྱིལ་འཁོར་རྒྱལ་མཆོག་ཡན་ཆད་ལ་གནས་ནས། ལས་རྒྱལ་མཆོག་ནད་ཞི་བའི་སྦྱོར་བ་གསུམ་ཡོད་པ་ལས། འོད་གསལ་གྱིས་ཞི་བར་བྱ་བ་ནི། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ནི་ནད་པའི་གཟུགས་ལ་སོགས་པའི་ཕུང་པོ་རྣམས་སོ། །བློ་ལྡན་ནི་རང་གི་རྣམ་ཤེས་དང་ལྡན་པའོ། །བྱང་ཆུབ་སེམས་དཔའ་ནི་མིག་ལ་སོགས་པའི་དབང་པོ་རྣམས་ཏེ། དེ་དག་ནད་པ་དེ་ལ་ནད་ཀྱིས་བསྐྱོད་པས་ཁྲོས་པར་བསམས་ནས། འཆི་བར་བྱེད་པ་དམ་པ་སྟེ་ནད་བསལ་བར་འདོད་པའི་བསམ་པས། ནད་པའི་གཟུགས་ལ་སོགས་པའི་ཕུང་པོ་རྣམས་བསམ་གཏན་གཉིས་གང་རུང་གིས་འོད་གསལ་དུ་བཅུག་ན། འོད་གསལ་ལ་དམིགས་པའི་བསམ་གཏན་གྱི་སྦྱོར་བ་འདི་དག་གིས། ནད་ཀྱི་རིགས་གང་ཡིན་པ་ལས་ལས་སྐྱེས་པ་ལ་སོགས་པར་གྲགས་པ་དེ་དག་ཉི་མ་བདུན་གྱིས་འཇིག་ཅིང་མེད་པར་འགྱུར་རོ། །གཉིས་པ་རྡོ་རྗེའི་བཟླས་པས་ཞི་བར་བྱ་བ་ནི། ཡང་ན་ཆུའི་དཀྱིལ་འཁོར་དཀར་པོ་དལ་ཞིང་རྒྱུ་བ་དེའི་ཚེ། རླུང་སྔགས་མཉམ་པར་སྦྱར་ནས། བརྒྱ་རྩ་བརྒྱད་དེ་དགུ་བརྒྱ་བ་ཕྲག་ཅིག་བཟླས་པའི་སྦྱོར་བ་ཡིས་ནད་རྣམས་འཇིག་པར་འགྱུར་རོ། །གསུམ་པ་བདག་བྱིན་བརླབས་ཀྱི་ཞི་བའི་སྦྱོར་བ་ནི། ཡང་ན་བདག་གི་སྔགས་རྒྱལ་ཏེ། བདག་བྱིན་གྱིས་བརླབ་པའི་སྦྱོར་བས་རྡོ་རྗེ་སྟེ་ནད་རྣམས་འཇིག་པའི་བསམ་གཏན་གྱི་ཆོ་ག་བསམ་མོ། །དེ་ཡང་ནད་པ་མི་དམིགས་པ་ལས། རླུང་སེམས་ཙམ་ལས་གྲུབ་པའི་རྡོ་རྗེ་སེམས་དཔའི་སྐུ་སྒྱུ་མ་ལྟ་བུའི་སྐུར་བསམས་པས་ནད་ལས་ཐར་པར་འགྱུར་རོ། །བཤད་མ་ཐག་པའི་ཆོ་ག་འདི་རྣམས་ནི། ཕྱི་ནང་གི་ནད་ཐམས་ཅད་ཀྱི་གཉེན་པོར་དམ་ཚིག་སྟེ་རྡོ་རྗེ་འཆང་ཆེན་པོས་གསུངས་པ་ཤིན་ཏུ་འདའ་བར་དཀའ་བའོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་བཞི་སྟེ། དངོས་གྲུབ་ཀྱི་མཚན་མའི་རྨི་ལམ་བསྟན་པ་དང་། སྒྱུ་མ་ལྟ་བུ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། གཞུང་བསྡུ་བའོ། །དང་པོ་ལ་བཞི་སྟེ། སྡུད་པ་པོའི་ཚིག་གིས་སྟོན་པའི་ཁྱད་པར་བསྟན་པ་དང་། རྨི་ལམ་གྱི་དཔེའི་དགོས་པ་དང་། དངོས་གྲུབ་ཐོབ་པའི་རྨི་ལམ་མཇུག་སྡུད་དང་བཅས་པ་དང་། དངོས་གྲུབ་མི་ཐོབ་པའི་རྨི་ལམ་བསྟན་པའོ། །དང་པོ་ནི། དེ་ནས་བཀའ་བསྩལ་ཏོ་ཞེས་སྦྱར། སུ་ཞིག་གིས་ན། རྒྱལ་པོ་རྡོ་རྗེ་འཛིན་གྱིས་སོ། །དེའི་ཁྱད་པར་ནི། ཡེ་ཤེས་ཀྱོ་བ་ནི་རྣམ་སྣང་ལ་སོགས་པ་སྟེ། དེའི་ནང་ན་འོད་པོ་ཆེ་ནི་གཙོ་བོར་གྱུར་པའོ། །འདོད་པ་སྤྱད་པས་ཐར་པ་རྩོལ་བར་མཛད་པས་ན། འདོད་དང་ཐར་པ་རྡོ་རྗེ་ཆེ་སྟེ་རྡོ་རྗེ་འཆང་ཆེན་པོས་སོ། །གང་ཞིག་ན་འོག་ནས་འབྱུང་བའི་གསུང་འདིའོ། །རྨི་ལམ་གི་དཔེའི་དགོས་པ་བསྟན་པ་ནི། དེ་ཡང་རྨི་ལམ་གྱི་དཔེས། ཆོས་ཐམས་ཅད་ཡང་དག་པར་ཡོད་པའམ། མེད་པར་བལྟ་བ་བཀག་ནས། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་སྟོན་པ་ནི། རབ་ཏུ་གསུང་ངོ་ཞེས་དྲངས། གང་ཞིག་ན། འཁྲུལ་པས་ཏེ་སེམས་རྨོངས་པས་རྟག་པའམ་ཆད་པའི་མཐར་ཞེན་པ་དེ་ཉིད་འཇོམས་པར་བྱེད་པའི་རྡོ་རྗེ་རྟག་ཆད་ཀྱི་མཐའ་དང་བྲལ་བའི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནོ། །སུ་ཞིག་གིས་ན། རྡོ་རྗེ་འཆང་ཆེན་པོས་སོ། །དཔེ་གང་གི་སྒོ་ནས་ཞེ་ན། ཕྱི་ནང་གི་ཆོས་རྣམས་མེད་བཞིན་དུ་སྣང་བ་རྨི་ལམ་ལྟ་བུའི་དཔེའི་སྒོ་ནས་སོ། །དོན་གང་ཞིག་གསུང་ན། སྐྱེ་བའི་རྒྱུ་མེད་པས་དངོས་པོ་རྣམས་ངོ་བོ་ཉིད་ཀྱིས་ཏེ། གདོད་མ་ནས་མ་སྐྱེས་པར་རྨི་ལམ་ལྟ་བུར་བསྟན་པའི་སྒོ་ནས་རང་བཞིན་ཏེ་འོད་གསལ་བས་རྣམ་པར་དག་པའི་དེ་ཁོ་ན་ཉིད་ལྷའི་སྐུ་སྒྱུ་མ་ལྟ་བུ་དེ་ཉིད་དོ། །དངོས་གྲུབ་ཐོབ་པའི་རྨི་ལམ་མཇུག་སྡུད་དང་བཅས་པ་བསྟན་པ་ནི། རིམ་པ་གཉིས་ཀྱིས་བསམ་གཏན་དང་། བཟླས་པ་ལ་རྟག་ཏུ་བརྩོན་པའི་སྒྲུབ་པ་པོ་རྣམ་པ་གཉིས་ཀྱིས། རྟག་ཏུ་སྟེ་རྒྱུན་དུ་བསླབས་ན་མཚན་བཅས་དང་། མཚན་མེད་ཀྱི་དབྱེ་བ་རྣམས་གཉིས་ཀྱིས་རྨི་ལམ་རྣམ་པ་གཉིས་སྣང་ཞིང་མཐོང་བར་འགྱུར་རོ། །གང་གིས་གང་ཞིག་མཐོང་ཞེ་ན། སངས་རྒྱས་ཏེ་ནང་ལ་མཆོག་ཏུ་གཞོལ་བ་རྣམས་ཀྱིས་མཚན་མ་མེད་པ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པའི་རྨི་ལམ་དང་། བྱང་ཆུབ་སེམས་དཔའ་སྔགས་ལ་མཆོག་ཏུ་གཞོལ་བ་རྣམས་ལ་ཞི་སོགས་ཀྱི་དངོས་གྲུབ་འགྲུབ་པའི་མཚན་མ་དང་བཅས་པའི་རྨི་ལམ་མཐོང་བར་འགྱུར་རོ། །དེ་ལ་འོག་ནས་འབྱུང་བ་འདི་ནི། སྒྲུབ་པ་པོ་རྣམ་པ་གཉིས་ལ་འབྲས་བུ་ཆེན་པོ་སྟོན་པའི་རྨི་ལམ་ཡིན་པས་ན་རྨི་ལམ་ཆེན་པོ་སྟེ། དེ་ཉིད་མི་སླུ་བས་ན་དམ་ཚིག་གི་གནས་སོ། །བྱང་ཆུབ་ཡེ་ཤེས་མཆོག་ནི་འོད་གསལ་བ་སྟེ། དེ་ཐོབ་ཅིང་དེར་ཞུགས་པར་བདག་ཉིད་མཐོང་བ་དང་། རྫོགས་པའི་སངས་རྒྱས་འོད་བཟང་པོ་སྟེ། ཡེ་ཤེས་ཀྱི་སྐུར་མཐོང་བ་དང་། རྒྱ་ལམ་ན་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་རྣལ་འབྱོར་པ་དེས་བདག་ཉིད་མཐོང་ན་མྱུར་དུ་སྟེ་རིང་པོ་མི་ཐོག་པར་དེ་དག་མངོན་སུམ་དུ་བྱེད་པར་འགྱུར་རོ། སེམས་དཔའ་ཆེན་པོ་ཁམས་གསུམ་པ་སྟེ། ཚངས་པ་དང་། བརྒྱ་བྱིན་ལ་སོགས་པ་མཐུ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་བསྒྲུབ་པ་པོ་དག་ལ་མཆོད་པ་བྱེད་པར་མཐོང་བ་དང་། རང་གི་ལུས་ཡེ་ཤེས་ཆེན་པོ་སྟེ་རྡོ་རྗེ་འཆང་ཆེན་པོའི་འོད་དང་འདྲ་བའི་གཟུགས་སུ་མཐོང་བ་དང་། སངས་རྒྱས་བྱང་ཆུབ་སེམས་དཔའ་ཁྱད་པར་ཅན་རྣམས་ཀྱིས། གཟུགས་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས་རྟག་ཏུ་བདག་ལ་མཆོད་པ་བྱེད་བཞིན་པར་མཐོང་ན། རིང་པོ་མི་ཐོགས་པར་སྒྲུབ་པ་པོ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མངོན་དུ་བྱེད་པར་འགྱུར་རོ། །རྡོ་རྗེ་སེམས་དཔའ་སྟེ་མི་བསྐྱོད་པའི་སྐུ་དང་། གཟུགས་ཆེན་རྣམ་པར་སྣང་མཛད་ཀྱི་སྐུ་དང་། གྲགས་པ་ཆེན་པོ་རིན་ཆེན་འབྱུང་ལྡན་གྱི་སྐུ་དང་། རྡོ་རྗེ་ཆོས་འོད་དཔག་ཏུ་མེད་པའི་སྐུ་དང་གསང་བའི་རྡོ་རྗེ་དོན་ཡོད་གྲུབ་པའི་སྐུ་སྒྲུབ་པ་པོ་རང་གི་གཟུགས་མཐོང་བ་དང་། བྱང་ཆུབ་སེམས་དཔའ་སྟེ་ཡེ་ཤེས་རྟོགས་པ་རྣམས་དང་། རྡོ་རྗེ་ཅན་ཏེ་སློབ་བཞིན་པའི་རྣལ་འབྱོར་པ་རྣམས་དང་། སངས་རྒྱས་ཆེན་པོ་སྟེ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཕྱག་འཚལ་བའི་རྨི་ལམ་འདི་འདྲ་བ་མཐོང་བར་འགྱུར་ནའང་། སྒྲུབ་པ་པོས་འདི་ལྟ་བུའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་རྣམས་ལ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྟེ་ཕྱག་རྒྱ་ཆ ེན་པོའི་དངོས་གྲུབ་སྟེར་བ་རིང་པོ་མི་ཐོགས་པར་མཐོང་བར་འགྱུར་རོ། །འདི་དག་ནི་མཚན་མ་མེད་པའི་རྨི་ལམ་མོ། །མཚན་མ་དང་བཅས་པའི་རྨི་ལམ་ནི། རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས་པའི་ལྷའི་དབང་པོ་ལ་སོགས་པའི་ལྷའི་བུ་མོ་ཡིད་དུ་འོང་བ་མཐོང་བ་དང་། མཚན་ཐམས་ཅད་དང་ལྡན་པའི་མིའི་ཁྱེའུ་དང་བུ་མོ་སྒྲུབ་པ་པོ་གང་གི་རྨི་ལམ་དུ་མཐོང་བ་དེ་ནི་ཞི་བ་ལ་སོགས་པའི་འཇིག་རྟེན་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་རང་གི་སངས་རྒྱས་ཀྱི་ཞིང་ན་བཞུགས་པའི་སངས་རྒྱས་རྣམས་སྒྲུབ་པ་པོ་གང་གིས་མཐོང་བ་དང་། དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཐུགས་དགེས་པར་གྱུར་ནས། ཆོས་མཛད་དེ། དམ་པའི་ཆོས་ཀྱི་རྒྱལ་པོ་གླེགས་བམ་དུ་ཆུད་པ་ཡིད་དུ་འོང་ཞིང་དགའ་བར་བྱེད་པ་སྩོལ་བ་དང་། གང་ཆོས་ཀྱི་འཁོར་ལོ་བསྐོར་བ་སྟེ་ཆོས་ཀྱི་བསྟན་ལ་བཞུགས་པར་བདག་གི་ལུས་སེམས་ཅན་ཀུན་གྱིས་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་བསྐོར་བ། བསམ་གཏན་རྡོ་རྗེ་སྟེ་རྫོགས་པའི་རིམ་པ་ལ་གནས་པའི་དམ་ཚིག་སྦྱོར་བ་སྟེ་སྒྲུབ་པ་པོས་མཐོང་བར་གྱུར་ན་དེ་ནི་འཇིག་རྟེན་ལས་འདས་པའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །ཀུན་དགའ་ར་བ་དང་། སྐྱེད་མོས་ཚལ་ལ་སོགས་པ་ཡིད་ཉམས་དགའ་བའི་ས་ཕྱོགས་རྣམ་པ་སྣ་ཚོགས་པ་ལ། ལྷ་དང་མི་ལ་སོགས་པའི་བུ་མོས་བརྒྱན་པར་བསམ་གཏན་དམ་ཚིག་ཅན་སྟེ། རྟོག་པའི་རྣལ་འབྱོར་ལ་གནས་པ་གང་གིས་མཐོང་བ་དེ་ནི། སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས་པ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་ཡིད་དུ་འོང་བའི་དངོས་གྲུབ་འཇིག་རྟེན་པའི་བདེ་བ་དང་ཡིད་འདོད་པ་ཡང་འཐོབ་པར་འགྱུར་རོ། །བདག་ཉིད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དབང་བསྐུར་བར། གང་གི་རྨི་ལམ་དུ་མཐོང་བ་དེ་ནི། རིག་པ་འཛིན་པའི་རྒྱལ་པོ་ཆེན་པོ་ཡིས་ཏེ། རིག་པ་འཛིན་པའི་གཙོ་བོ་རྣམས་ཀྱིས་བདག་ཉིད་ལ་མཆོད་པ་བྱེད་པར་མཐོང་ཞིང་། ཐོབ་པ་ནི་རྨི་ལམ་གྱི་འབྲས་བུའོ། །ཞེས་ཀྱང་གསུངས་སོ། །མངོན་པར་འདོད་པའི་རྨི་ལམ་ཉེ་བར་བསྡུ་བ་ནི། རྡོ་རྗེ་ལས་བྱུང་བ་སྟེ་དེ་བཞིན་གཤེགས་པས་བསྟན་པའི་སྣ་ཚོགས་པ་སྟེ། དེ་ལྟར་གསུངས་པ་རྣམས་དང་མ་གསུངས་པའི་དྲི་མ་མེད་པ་སྟེ། དག་པའི་རྨི་ལམ་བཟང་པོ་གང་གིས་མཐོང་བ་དེས་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས་སྐྱེས་པ་སྟེ། ཐ་མལ་པའི་ལུས་དང་ངག་དང་ཡིད་ལ་བྱུང་ཞིང་རྫོགས་པ་བླ་ན་མེད་པའི་དེ་ཁོ་ན་ཉིད་ཡོངས་སུ་དག་པའི་ལྷའི་སྐུ་འགྲུབ་ཅིང་ཐོབ་པར་འགྱུར་རོ། །དངོས་གྲུབ་མི་འགྲུབ་པའི་རྨི་ལམ་བསྟན་པ་ནི། གདོལ་པ་དང་། ཁྱི་དང་། སོགས་པས་སྤྲེའུ་དང་ཡི་དྭགས་ལ་སོགས་པ་གཟུགས་ངན་པ་གཞན་ཡང་གལ་ཏེ་རྡོ་རྗེའི་བློས་ཏེ་སྒྲུབ་པ་པོས་རྨི་ལམ་དུ་མཐོང་ན། དམ་ཚིག་ཉམས་པའི་མཚན་མ་ཡིན་པས། བློ་ལྡན་ཏེ་བདེན་པ་མཐོང་ཞིང་། རྡོ་རྗེ་སེམས་དཔའ་ཡིས་ཏེ་བརྩོན་འགྲུས་བརྟན་པ་ཡིན་ཡང་ཚེ་དེ་ཉིད་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མི་འཐོབ་ཀྱི། ཡ་ང་བ་མ་སྤངས་པར་དུས་བྱས་ནས། སེམས་ཀྱི་གནས་ཏེ་ལུས་འགྲུབ་པར་འགྱུར་རོ། །

སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མདོར་བསྟན་པ་ནི། དེ་ཁོ་ན་ཉིད་བསྒྲུབ་པ་དེ་ལ་འོག་ནས་བཤད་པ་འདི་ནི་རྨི་ལམ་རྣམ་པར་དཔྱད་པའི་དམ་ཚིག་སྟེ་རྨི་ལམ་གྱི་རང་བཞིན་རྣམ་པར་དཔྱོད་པ་དུས་དེའི་ཚེ། སྙིང་པོར་གྱུར་ཅིང་ཆོས་རྣམས་སེམས་ལས་ཕྱི་རོལ་དུ་མེད་དམ་སྙམ་པའི་ཐེ་ཚོམ་གཅོད་པར་བྱེད་པས་ན་སྙིང་པོའི་ཚིག་གོ །དེ་ལ་འདིར་དང་པོར་རྨི་ལམ་གྱི་སྣང་བ་སེམས་ཉིད་དུ་བསྒྲུབ་པ་ནི། རྨི་ལམ་མཐོང་བའི་དུས་སུ། རི་ཁང་ཁྱིམ་ལ་སོགས་པ་སྣ་ཚོགས་སུ་སྣང་བའི་ཆོས་རྣམས་ཐམས་ཅད་སེམས་དམིགས་པ་སྟེ་སེམས་ཀྱི་སྣང་བ་ཙམ་དུ་རབ་ཏུ་གནས་ཀྱི། རྨི་ལམ་གྱི་སྐབས་སུ། མིག་ཡོར་ཙམ་དུ་སྣང་བ་གང་ཡིན་པ་དེ་ཐམས་ཅད་རང་གི་སེམས་ཉིད་ལས་གཞན་ན་ཅི་ཡང་མེད་དོ། །ཇི་ལྟར་རྨི་ལམ་སེམས་ལས་གཞན་མ་ཡིན་པ་དེ་བཞིན་དུ། ཟད་པའི་གནས་སྐབས་ཀྱི་འཁོར་འདས་ཀྱི་སྣང་བ་ཐམས་ཅད་ཀྱང་སེམས་ལས་གཞན་དུ་མེད་དེ། སད་པ་དང་རྨི་ལམ་གྱི་གནས་སྐབས་གཉིས་ཀ་ཡང་སེམས་འཁྲུལ་བའི་སྣང་བ་ཙམ་དུ་མཚུངས་པའི་ཕྱིར་རོ། །སེམས་ལས་ལོགས་པའི་ཕྱི་རོལ་གྱི་དོན་མེད་ན། སེམས་དེ་ཉིད་གང་ན་གནས་ཞེ་ན། སེམས་འདི་ནི་ནམ་མཁའ་རྡོ་རྗེ་སྟེ་འོད་གསལ་སྟོང་པ་ཉིད་ཀྱི་ངོ་བོ་ལ་གནས་སོ། །སེམས་སྟོང་པ་ཉིད་ཡིན་མོད། སེམས་ལས་ཐ་དད་པའི་དངོས་པོ་འགའ་ཞིག་ཡོད་དམ་ཞེ་ན། སེམས་ལས་ཐ་དད་པར་གྱུར་པའི་ཆོས་ཏེ། དངོས་པོ་འགའ་ཡང་མེད་དེ། འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ཀྱི་སྣང་བ་ཙམ་དུ་ཟད་པའི་ཕྱིར་རོ། །འོ་ན་ཆོས་ཐམས་ཅད་སེམས་ལས་གཞན་མིན་ཞིང་། སེམས་སྟོང་པ་ཡིན་པས་ཆོས་ཅན་མེད་མོད། ཆོས་ཉིད་འགའ་ཞིག་ཡོད་དམ་ཞེ་ན། སེམས་ཀྱི་གནས་ལུགས་མཐའ་གང་དུ་ཡང་མི་གནས་པ་དེ་ལས་གཞན་པའི་ཆོས་ཉིད་ཀྱང་མེད་དེ། ཆོས་ཅན་མེད་པའི་ཕྱིར་དང་། ཆོས་ཉིད་ཆོས་ཅན་ལ་ལྟོས་པའི་ཕྱིར། སད་པ་དང་། རྨི་ལམ་གྱི་གནས་སྐབས་ཁྱད་པར་མེད་པ་དེ་ཉིད། འཕགས་པ་ལྷའི་ལུང་གིས་བསྒྲུབ་པ་ནི། སྤྱོད་བསྡུས་སུ། ཕུང་པོ་ཁམས་དང་སྐྱེ་མཆེད་དབང་སོགས་རྣམས། །ཤེས་པ་གཉིས་པོ་དེ་འདིར་ལེགས་འདུས་ནས། །སྟོང་ཆེན་ཉིད་གྱུར་གང་ཞིག་གཉིད་ལོག་པ། །རླུང་ལ་བརྟེན་པས་རྨི་ལམ་ངེས་པར་མཐོང་། །རྨི་ལམ་འབྲས་བུ་འདོད་པས་ཀུན་བརྟགས་པ། །གཉིད་ལོག་སད་པར་བྱེད་པ་ཡོད་མ་ཡིན། །ཆོས་རྣམས་དེ་ཀུན་རྨི་ལམ་ལྟ་བུ་སྟེ། །རྫུན་དང་བདེན་པ་དག་ཀྱང་ཡོད་མ་ཡིན། །ཞེས་ཏེ། གཉིད་ལོག་པའི་དུས་སུ། ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པའི་རྣམ་པར་རྟོག་པ་རྣམས། རྣམ་པར་ཤེས་པ་གཉིས་པོ་སྣང་བ་དང་། སྣང་བ་མཆེད་པ་གཉིས་ལ་འདུས་ཤིག་ཐིམ་པར་འགྱུར་བ་ཤེས་པ་གཉིས་པོ་ཡང་སྟོང་ཆེན་མ་རིག་པ་ཉིད་ལ་ཐིམ་པར་འགྱུར། གང་ཞིག་སྟོང་ཆེན་མ་རིག་པའི་གནས་སྐབས་ལ་གནས་པ་དེ་ཉིད་གཉིད་མཐུག་པོ་ལོག་པ་ཞེས་བྱ་སྟེ། དེའི་ཚེ་རྨི་ལམ་གྱི་སྣང་བ་མི་འབྱུང་ངོ་། །

འོ་ན་ཇི་ལྟར་རྨི་ལམ་མཐོང་བར་འགྱུར་ཞེ་ན། རླུང་ལ་བརྟེན་པ་སྟེ་རླུང་གིས་རྣམ་ཤེས་བསླང་ནས་རྨི་ལམ་ངེས་པར་མཐོང་བར་འགྱུར་རོ། །དེ་ལ་དགེ་མི་དགེའི་འབྲས་བུ་ཇི་ལྟར་འབྱུང་ཞེ་ན། རྨི་ལམ་འཁྲུལ་པའི་སྣང་བ་དེ་ཉིད་ལ། དགེ་མི་དགེའི་འབྲས་བུ་འབྱུང་བ་ནི་འདོད་པས་ཀུན་བརྟགས་པ་སྟེ། རྨི་ལམ་གྱི་སྣང་བ་ལ་དགེ་མི་དགེའི་མཚན་མར་ཞེན་པའི་དབང་གིས་ཡིན་གྱི། རྨི་ལམ་ལ་ངོ་བོ་ཉིད་ཀྱིས་འབྲས་བུ་འབྱིན་པའི་ནུས་པ་མེད་དོ། །འོ་ན་རྨི་ལམ་གྱི་སྣང་བ་དང་སད་པའི་གནས་སྐབས་ལ་བྱེ་བྲག་ཅི་ཡོད་ཅེ་ན། གཉིད་ལོག་པའི་གནས་སྐབས་ཀྱི་རྨི་ལམ་དང་། སད་པའི་གནས་སྐབས་ལ་དབྱེ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། སད་པའི་གནས་སྐབས་ཀྱི་འཁོར་འདས་ཀྱི་ཆོས་རྣམས་དེ་ཀུན་ཀྱང་། རླུང་སེམས་འདུས་པ་ལས་བྱུང་བ་འཁྲུལ་པའི་སྣང་བ་རྨི་ལམ་ལྟ་བུ་ཡིན་པའི་ཕྱིར་དེའི་རྨི་ལམ་རྫུན་པ་དང་། སད་པ་བདེན་པའི་ཁྱད་པར་ཡོད་པ་མ་ཡིན་ཏེ། ཇི་སྲིད་གཉིད་མ་སད་ཀྱི་བར་དུ་རྨི་ལམ་གྱི་སྣང་བ་ཡང་བདེན་ཅིང་། མ་རིག་པའི་གཉིད་དང་བྲལ་བ་ན་སད་པའི་གནས་སྐབས་ཀྱང་རྫུན་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིད་ཆོས་ཐམས་ཅད་རྨི་ལམ་དང་མཚུངས་པས་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་བསྒོམ་པར་བྱའོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རྒྱས་པར་བཤད་པ་ལ་གཉིས་ཏེ། སྒྱུ་མ་ལྟ་བུས་ཁྱབ་པ་དང་། རང་གི་ངོ་བོ་བསྟན་པའོ། །དང་པོ་ལ་གསུམ་གྱི་ངོ་མཚར་བའི་སྒོ་ནས་འཁོར་གྱིས་ཞུས་པ་ནི། དེ་ནས་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་རྨི་ལམ་བསྟན་པས་ངོ་མཚར་དུ་གྱུར། རྨི་ལམ་གྱི་འབྲས་བུ་ཐོབ་པ་རྨད་དུ་གྱུར་ནས། ཞུས་སོ་ཞེས་སྦྱར་རོ། །གང་ལ་ཞེ་ན། དེ་བཞིན་གཤེགས་པ་ཞེས་སོགས་ཏེ། སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཏོ། །དེའི་ཐེ་ཚོམ་གཅོད་པའི་རྡོ་རྗེ་སེམས་དཔའ་ནི། རྡོ་རྗེ་འཆང་ཆེན་པོའོ། །བཅོམ་ལྡན་འདས་ཞེས་བོས་ནས། འདི་ཅི་ཞིག་ལགས་ཏེ་ཤིན་ཏུ་དཀའོ། །གང་ཞེ་ན། རྨི་ལམ་དང་རྨི་ལམ་འདྲ་བའི་ཆོས་རྣམས་ལ་ངོ་བོ་ཅུང་ཟད་ཀྱང་མེད་ལ། དེ་དག་གི་ཆོས་ཏེ་འབྲས་བུ་ཐོབ་པའི་དེ་ཁོ་ཉིད་ཀུན་ཏུ་བཤད་པ་འདི་ནི། ཨེ་མ་ཧོ་ཤིན་ཏུ་ངོ་མཚར་བ་ཞིག་སྟེ། དཔེར་ན་ནམ་མཁའ་རྟེན་གཞིར་བྱས་ནས། དེ་ལ་བརྟེན་པའི་ནམ་མཁའ་བསྒོམ་པར་མི་རིགས་ཏེ། ནམ་མཁའ་གཉིས་ཀ་དངོས་པོར་མེད་པའི་ཕྱིར་རོ། །དེ་བཞིན་དུ་རྨི་ལམ་དང་། རྨི་ལམ་དང་འདྲ་བའི་ཆོས་རྣམས་ངོ་བོ་མེད་པ་ལ་འབྲས་བུ་འབྱུང་བར་མི་རིགས་སོ་སྙམ་པའོ། །སྟོན་པས་དེའི་ལན་གསུངས་པ་ནི། དེ་ནས་འདི་སྐད་ཅེས་གསུངས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ལ་བོད་ནས། ནམ་མཁའ་ནི་བུམ་པ་དང་སྣམ་བུ་ལ་སོགས་པའི་ཆོས་གང་དང་ཡང་མི་ལྡན་ཏེ། དེ་དག་ལས་ཐ་དད་པར་མི་སྣང་བའི་ཕྱིར་རོ། །མི་ལྡན་པ་ཡང་མ་ཡིན་ཏེ། དངོས་པོ་ཐམས་ཅད་དོན་དམ་པ་ལ་ནམ་མཁའི་བདག་ཉིད་ཡིན་པའི་ཕྱིར་རོ། །ནམ་མཁའ་དེ་ནི་ཡོད་པའི་ཆོས་ཐམས་ཅད་ལ་ཁྱབ་པས་ཆོས་ཐམས་ཅད་དུ་རྟོགས་པ་ཡང་ཡིན་ལ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་གནས་སོ་ཞེས་མངོན་པའི་ང་རྒྱལ་ཡང་མེད་པས་ན། ཐམས་ཅད་ཀྱི་རྗེས་སུ་བལྟའོ་སྙམ་དུ་ཡང་མི་སེམས་སོ། །ཇི་ལྟར་ནམ་མཁའ་ཆོས་ཐམས་ཅད་དང་ལྡན་པ་མ་ཡིན་ཏེ་དེ་བཞིན་དུ་རྨི་ལམ་དང་རྨི་ལམ་གྱི་དམ་ཚིག་ལས་བྱུང་བ་སྟེ། རྨི་ལམ་གྱི་འབྲས་བུ་གཉིས་ཀ་རང་བཞིན་མེད་པས་ན། དེ་དག་ལྡན་པ་མ་ཡིན་པར་རྗེས་སུ་རྟོགས་པར་བྱའོ། །ཇི་ལྟར་ནམ་མཁའ་ནི་ཆོས་ཐམས་ཅད་དུ་རྟོགས་ལ། ཆོས་ཐམས་ཅད་ཀྱི་རྗེས་སུ་བལྟའོ་སྙམ་པའི་ང་རྒྱལ་མེད་ཀྱང་ཆོས་ཐམས་ཅད་ལ་ཁྱབ་པ་དེ་བཞིན་དུ། སེམས་ཅན་རྣམས་ཀྱིས་རྨི་ལམ་མཐོང་བར་བྱའོ། །རྨི་ལམ་གྱི་འབྲས་བུ་ཐོབ་པར་བྱའོ་སྙམ་དུ་སེམས་པ་མེད་ཀྱང་། ཀུན་རྫོབ་ཙམ་དུ་རྨི་ལམ་དང་། རྨི་ལམ་གྱི་དམ་ཚིག་ལས་བྱུང་བ་སྟེ། རྨི་ལམ་གྱི་འབྲས་བུ་གཉིས་ཀ་གྲུབ་པས། རྨི་ལམ་དང་། རྨི་ལམ་གྱི་འབྲས་བུ་མི་ལྡན་པ་ཡང་མ་ཡིན་པར་རྗེས་སུ་རྟོགས་པར་བྱའོ། །དཔེར་ན་ནམ་མཁའ་ལ་ནི་ངོ་བོ་ཉིད་གང་དུ་ཡང་བརྟག་ཏུ་མེད་ཅིང་། རྩིག་པ་ལ་སོགས་པ་ལ་ཐོགས་པ་མེད་པ་དང་། མིག་གི་དབང་པོ་ལ་བལྟ་བར་མི་སྣང་བ་བདེ་བཞིན་དུ་རྨི་ལམ་དང་རྨི་ལམ་གྱི་འབྲས་བུའི་ཆོས་དག་ཀྱང་ནམ་མཁའ་དང་འདྲ་བར་ཤེས་པར་བྱའོ། །དེ་ལྟར་ནམ་མཁའི་དཔེས་རྨི་ལམ་གྱི་ཆོས་རང་བཞིན་མེད་པར་གཏན་ལ་ཕབ་ནས།

རྨི་ལམ་གྱི་དཔེས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་གཏན་ལ་དབབ་པ་ནི། ཇི་ལྟར་རྨི་ལམ་དང་། རྨི་ལམ་གྱི་འབྲས་བུ་ཐ་སྙད་ཙམ་དུ་མི་ལྡན་པ་མ་ཡིན་པ་དེ་བཞིན་དུ། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱང་ཐ་སྙད་ཙམ་དུ་ཡོད་པར་རྗེས་སུ་རྟོགས་པར་བྱའོ། །རྨི་ལམ་དང་རྨི་ལམ་གྱི་འབྲས་བུ་དག་དཔྱད་ན་རང་བཞིན་མེད་པས་ལྡན་པ་མ་ཡིན་པ་དེ་བཞིན་དུ། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱང་དཔྱད་ན་རང་བཞིན་མེད་པས་བདེན་པར་མ་གྲུབ་པར་རྗེས་སུ་རྟོགས་པར་བྱའོ། །དེ་བས་ན་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བའི་ཕྱིར་སྣང་ལ་རང་བཞིན་མེད་པར་སྒྱུ་མའི་ཚུལ་དུ་ཤེས་པར་བྱའོ། །སྒྱུ་མ་ལྟ་བུའི་བདག་ཉིད་ཅན་གྱི་ཆོས་དེ་དག་རྒྱུ་མེད་པ་ལས་བྱུང་བའམ། བྱེད་པ་པོ་འགའ་ཞིག་གིས་བྱས་སམ་ཞེ་ན། མ་ཡིན་གྱིས་ཐ་སྙད་དུ་སེམས་ལས་བྱུང་ཞིང་སེམས་ཀྱི་རང་བཞིན་ཡིན་ནོ་ཞེས་སྟོན་པ་ནི། དཔེར་ན་ལུས་དང་ངག་དང་སེམས་ཏེ་སེམས་ཅན་གྱི་འཇིག་རྟེན་དང་། ཆོས་ཐམས་ཅད་དེ་སྣོད་ཀྱི་འཇིག་རྟེན་དང་། རྡོ་རྗེ་གནས་ཀྱི་དམ་ཚིག་སྟེ་ངག་གི་རང་བཞིན་མ་ལུས་པ་རྣམས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ཐམས་ཅད་ཀྱི་རྗེས་སུ་སོང་ཞིང་ཁྱབ་པ་དང་། ངོ་བོ་ཉིད་དེ་མཚན་ཉིད་གཅིག་པར་ཤེས་པར་བྱའོ། །གང་དུ་མཚན་ཉིད་གཅིག་པར་ཞེ་ན། སེམས་ཀྱི་ངོ་བོ་ཉིད་དེ་རང་བཞིན་དུའོ། །ཆོས་ཐམས་ཅད་ཀྱི་རང་བཞིན་སེམས་དེ་ཡོད་དམ་ཞེ་ན། ལུས་དང་ངག་ལ་སོགས་པ་ཆོས་རྣམས་ཀྱི་རང་བཞིན་སེམས་ཀྱི་ཁམས་གང་ཡིན་པ་དང་། ནམ་མཁའི་ཁམས་དག་ནི་ངོ་བོ་གཉིས་སུ་མེད་ཅིང་བློས་གཉིས་སུ་དབྱེར་མེད་དོ། །དོན་དེ་ཉིད་རྣམ་པར་འགྲེལ་པ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་སེམས་དེ་ནམ་མཁའ་དང་དབྱེར་མེད་པའི་རྒྱུ་མཚན་འདི་ལྟ་སྟེ། མཁའ་ལ་རླུང་བརྟེན་དེ་ལ་ཆུ་ཡི་ཕུང་པོ་བརྟེན། །དེ་ལ་ས་ཆེན་འདི་བརྟེན་འདི་ལ་འགྲོ་བ་བརྟེན། །ཞེས་པ་ལྟར། སྐྱེ་གནས་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ནི། ནམ་མཁའི་ཁམས་ལ་གནས་ལ། ནམ་མཁའ་གང་ལ་གནས་པའི་དོན་འདི་བརྟགས་པར་གྱིས་ཞེས་པའི་ཚུལ་གྱིས། ནམ་མཁའི་ཁམས་དེ་ཡང་འདོད་པའི་ཁམས་ལ་སོགས་པ་གང་ན་ཡང་གནས་པ་མ་ཡིན་ཏེ། དེ་བས་ན་ཆོས་གང་ཁམས་གསུམ་ན་མི་གནས་པ་དེ་ནི་སྐྱེ་བ་མེད་དོ། །གང་ལ་སྐྱེ་བ་མེད་པ་དེ་ནི་རྒྱུ་བ་དང་འབྲས་བུའི་ཆོས་གང་གིས་ཀྱང་འདིའོ་ཞེས་དེའི་རང་བཞིན་མཐའ་གང་དུ་ཡང་བརྟག་པར་མི་ནུས་སོ། །གང་གི་ཕྱིར་ཆོས་ཐམས་ཅད་ནམ་མཁའ་ལ་གནས་ཤིང་། ནམ་མཁའི་རང་བཞིན་མཐའ་གང་དུ་ཡང་བརྟག་པར་མི་ནུས་པ་དེ་བས་ན་ཕྱི་ནང་གི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཐམས་ཅད་སྟོང་པ་འོད་གསལ་བའི་ངོ་བོ་ཉིད་དོ། །ཆོས་ཐམས་ཅད་རང་བཞིན་མེད་ན་ཡེ་ཤེས་ཀྱི་སྐུ་གང་ལས་འབྱུང་ཞེ་ན། བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་དེ་ཉིད་ཀུན་རྫོབ་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེམས་ཀྱི་སྐུ་འབྱུང་བ་རྡོ་རྗེའི་གནས་བྱེད་པའི་རྒྱུ་ཡིན་ཏེ། ལུགས་བཟློག་གི་སྣང་བ་གསུམ་རླུང་དང་བཅས་པ་ཙམ་ལས། ཡེ་ཤེས་ཀྱི་སྐུ་འབྱུང་བའི་ཕྱིར་རོ། །བྱང་ཆུབ་ཀྱི་སེམས་དེ་ཡོད་དམ་ཞེ་ན། བྱང་ཆུབ་སེམས་ཀྱི་སེམས་ཀུན་ཏུ་བཟང་པོ་དེ་ཡང་ལུས་ཏེ་འདོད་པའི་ཁམས་དང་། ངག་སྟེ་གཟུགས་ཀྱི་ཁམས་དང་། སེམས་ཏེ་གཟུགས་མེད་པའི་ཁམས་གང་ན་ཡང་མི་གནས་སོ། །ཆོས་གང་ཁམས་གསུམ་ན་མི་གནས་པ་དེ་ལ་སྐྱེ་བ་མེད་ཅིང་གང་སྐྱེ་བ་མེད་པ་དེ་ནི་འོད་གསལ་བའི་རང་བཞིན་ནོ། །ཡང་དག་པར་ན་འོད་གསལ་བ་འདི་ནི་ཡེ་ཤེས་ཀྱི་སྐུ་འབྱུང་བ་རྡོ་རྗེའི་གནས་ཏེ་མི་ཕྱེད་ཅིང་མི་སླུ་བའི་འབྱུང་གནས་ཡིན་ནོ། །མཇུག་བསྡུ་བའི་ཚུལ་གྱིས་རྨི་ལམ་ལ་དམིགས་པ་ནི། རྨི་ལམ་ནི། བདག་གིས་ཁམས་གསུམ་སྟེ་དམན་པ་དང་། འབྲིང་དང་མཆོག་གི་སེམས་ཅན་རྣམས་ལ། རྨི་ལམ་གྱི་འབྲས་བུ་དགེ་མི་དགེ་མཐོང་ཞིང་ཐོབ་པར་བྱའོ་སྙམ་དུ་མི་སེམས་ཤིང་། མི་ཡང་བདག་གིས་དགེ་བ་དང་། མི་དགེ་བའི་རྨི་ལམ་གྱི་འབྲས་བུ་མཐོང་ཞིང་ཐོས་པར་མཛད་དུ་གསོལ་སྙམ་དུ་མི་སེམས་ཤིང་གསོལ་བ་མི་འདེབས་མོད། དེ་ལྟ་ན་ཡང་རྨི་ལམ་དང་རྨི་ལམ་གྱི་འབྲས་བུ་གཉིས་ཀ་སྣང་ཞིང་། གཉིས་ཀ་ཡང་རང་བཞིན་མེད་པ་དེ་བཞིན་དུ་ཁམས་གསུམ་སྟེ་ཚོགས་གསུམ་གྱི་སེམས་ཅན་རྣམས་ཀྱི་དགེ་བ་དང་མི་དགེ་བའི་བྱ་བ་རྣམས་ཀྱང་རྨི་ལམ་ལྟ་བུར་མི་བདེན་པ་དང་། རྨི་ལམ་དང་འདྲ་བར་སྣ་ཚོགས་པ་ཉིད་དང་། རྨི་ལམ་ལས་བྱུང་བ་སྟེ་རང་བཞིན་མེད་བཞིན་དུ་སྣང་བ་ཡིན་པ་དེ་བཞིན་དུ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་ཡོངས་སུ་རྫོགས་པའི་སངས་རྒྱས་རྣམས་དང་། རབ་ཏུ་དགའ་བ་ལ་སོགས་པའི་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་ཇི་སྙེད་པ་དང་། སྐྱེ་གནས་བཞིས་བསྡུས་པའི་སེམས་ཅན་ཇི་སྙེད་པ་ཐམས་ཅད་ཀྱང་། རྨི་ལམ་ལ་བདག་མེད་པའི་གནས་སུ་རྗེས་སུ་རྟོག་པར་བྱས་ཏེ། རྨི་ལམ་དང་འདྲ་བར་སྒྱུ་མ་ལྟ་བུའི་རང་བཞིན་དུ་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་སྒྱུ་མས་ཁྱབ་པར་བསྟན་ནས། སྒྱུ་མ་རང་གི་ངོ་བོ་ལ་བཞི་ཡོད་པའི་ཡོན་ཏན་ཐམས་ཅད་ཀྱི་རྟེན་དུ་གྱུར་པར་བསྟན་པ་ནི། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི། འཇིག་རྟེན་པའི་རིན་པོ་ཆེ་ཐམས་ཅད་ཀྱི་ནང་ན་གཙོ་བོ་སྟེ་ཁྱད་པར་དུ་འཕགས་པ་སྟེ། མངོན་པར་འདོད་པ་སྟེར་བའི་ཕྱིར་ལྷ་དང་མི་དང་ལྷ་མ་ཡིན་གྱི་ཡོན་ཏན་ཐམས་ཅད་དང་ལྡན་ཞིང་། སེམས་ཅན་གྱིས་གསོལ་བ་བཏབ། གསེར་ལ་སོགས་པ་བསམ་པ་ཙམ་གྱིས་ཏེ། གང་འདོད་པ་དེ་ཉིར་འབྱོར་པར་བྱེད་དེ། གསེར་ལ་སོགས་པའི་རིན་པོ་ཆེ་དེ་དག་ཀྱང་སློང་བ་པོ་སེམས་ཅན་གྱི་སེམས་ལ་མི་གནས་ཤིང་མ་བྱུང་ལ། ཡིད་བཞིན་གྱི་ནོར་བུ་ལ་གནས་པ་ཡང་མ་ཡིན་པ་དེ་བཞིན་དུ་སྒྱུ་མ་ལྟ་བུའི་མཚན་ཉིད་ཀྱི་ཆོས་ཐམས་ཅད་དང་། སངས་རྒྱས་ཏེ་རྫོགས་པ་དང་མ་རྫོགས་པའི་སེམས་ཅན་གྱི་ཚོགས་རྣམས་ཀྱི་ཆོས་ཏེ། རྒྱུར་གྱུར་པའི་དྲུག་པ་རྡོ་རྗེ་འཆང་ཆེན་པོ་ལས་ཀྱང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་འབྱུང་བར་རྗེས་སུ་རྟོགས་པར་བྱའོ། །ཇི་ལྟར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྟོག་པ་མེད་བཞིན་དུ། སེམས་ཅན་གྱི་དགོས་འདོད་འབྱུང་བ་དེ་བཞིན་དུ། དག་པའི་སྒྱུ་ལུས་ལས་ཀྱང་རྟོག་པ་མེད་བཞིན་དུ་དངོས་གྲུབ་ཐམས་ཅད་འབྱུང་ཞེས་པའོ། །དེ་ལ་སྤྲོ་བ་བསྐྱེད་ཅིང་ཞུས་པ་ནི། མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ནམ་མཁའི་རྗེས་སུ་འབྲང་བ་སྟེ་ནམ་མཁའ་ལྟར་རང་བཞིན་མེད་པའི་ཆོས་ཐམས་ཅད་ལ་སངས་རྒྱས་ཀྱི་ཆོས་ཏེ་སྒྱུ་མ་ལྟ་བུའི་སྐུ་མཚན་ཉིད་ཀྱིས་ཁྱབ་པའི་སྒོ་ནས་རྗེས་སུ་འབྲང་བ་དེ་ངོ་མཚར་ཞིང་རྨད་དུ་བྱུང་བའོ་ཞེས་སྤྲོ་བ་བསྐྱེད་ནས། དེའི་འོག་ཏུ་ཅི་ཞིག་བྱ་ཞེ་ན། དེ་ནས་སངས་རྒྱས་དང་བྱང་ཆབུ་སེམས་དཔའ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཞེས་བོད་ནས། ཁྱེད་ཀྱིས་སྔགས་ཐམས་ཅད་དེ། ཕྲེང་སྔགས་ལ་སོགས་པ་དང་། རྡོ་རྗེ་སྟེ་བསམ་གཏན་རྣམས་ཀྱིས་བསྐྱེད་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མདོ་བཏུས་ཏེ་གསུངས་པ་ཡི་དངོས་གྲུབ་དེ་དག་གང་ལ་གནས་ཞེས་ཞུས་པའོ། །དེའི་ཡན་ལག་བསྟན་པ་ནི། དོན་དམ་པར་གང་ལ་ཡང་མི་གནས་ཤིང་། ཐ་སྙད་དུ་སྒྲུབ་པ་པོའི་ལུས་ངག་ཡིད་ལ་གནས་སོ། །ཞེས་སྟོན་པ་ནི། བཅོམ་ལྡན་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་མི་བསྐྱོད་པ་ལ་སོགས་པ་ལ་བོད་ནས། སྔགས་ཐམས་ཅད་ཀྱི་རྡོ་རྗེའི་དངོས་གྲུབ་མདོར་བསྡུས་པ་ནི། སྔགས་ཐམས་ཅད་དེ། སྒྲུབ་པ་པོ་རྣམས་ཀྱི་སྐུ་གསུང་ཐུགས་ལ་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། ལུས་ལ་སོགས་པ་དང་། སྔགས་ལ་སོགས་པའི་དངོས་གྲུབ་རྣམས་དོན་དམ་པར་ངོ་བོ་ཉིད་མེད་པའི་ཕྱིར་རོ། །ཞེས་པ་ཚིག་གི་ལྷག་མའོ། །འོན་ཀྱང་ཀུན་རྫོབ་ཏུ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་དང་སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྒྲུབ་པ་པོ་བདག་གི་ལུས་ངག་སེམས་ཀྱི་རྡོ་རྗེ་ལ་གནས་ཤིང་། ལུས་ངག་སེམས་ཀྱི་རྡོ་རྗེ་དག་ཀྱང་ཐ་སྙད་ཙམ་དུ་ཡོད་དོ། །དེ་ལྟར་ན་ལུས་ལ་སོགས་པ་ཡོད་པ་ཉིད་ཀྱིས་དེ་ལ་བརྟེན་པའི་དངོས་གྲུབ་དག་ཀྱང་དམིགས་སུ་ཡོད་དོ་ཞེ་ན། དེ་ལོག་པ་ནི། ལུས་ངག་སེམས་ཀྱི་རྡོ་རྗེ་དེ་དག་ཀྱང་རྣམ་པར་དཔྱད་ན། འདོད་པ་ལ་སོགས་པའི་ཁམས་གསུམ་ན་མི་གནས་ཤིང་། ཕན་ཚུན་རྟེན་དང་བརྟེན་པར་ཡང་མེད་དེ། སེམས་ཀྱང་ལུས་ལ་བརྟེན་པའི་ཚུལ་གྱིས་མི་གནས། ལུས་ཀྱང་སེམས་ལ་བརྟེན་པའི་ཚུལ་གྱིས་མི་གནས། ངག་ཀྱང་སེམས་ལ་བརྟེན་པའི་ཚུལ་གྱིས་མི་གནས། སེམས་ཀྱང་ངག་ལ་བརྟེན་པའི་ཚུལ་གྱིས་མི་གནས། དེ་བཞིན་དུ་ངག་ཀྱང་ལུས་ལ་མི་གནས། ལུས་ཀྱང་ངག་ལ་མི་གནས་སོ། །དེའི་ཅིའི་ཕྱིར་ཞེ་ན། གསུམ་པོ་དེ་དག་ནམ་མཁའ་ལྟར་ངོ་བོ་ཉིད་དག་ཅིང་རང་བཞིན་མི་དམིགས་པའི་ཕྱིར་རོ། །ཞུས་ལན་གྱི་སྒོ་ནས་དེ་ཉིད་བསྟན་པ་ནི། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པ་རིགས་པ་ལྔ་པོ་ཐམས་ཅད་ཀྱི་ཆོས་ཏེ་རྒྱུར་གྱུར་པ་དྲུག་པ་རྡོ་རྗེ་འཆང་ཆེན་པོ་གང་ན་གནས། གང་ནས་བྱུང་ཞེས་ཞུས་པའོ། །ལན་ནི་རྣལ་འབྱོར་པ་རང་གི་ལུས་ངག་སེམས་ལས་རྡོ་རྗེ་འཆང་ཆེན་པོ་བྱུང་ཞིང་དེ་ཉིད་ལ་གནས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེམས་གང་ན་གནས་ཞེས་ཞུས་པའོ། །ནམ་མཁའ་སྟེ་འོད་གསལ་བ་ལ་གནས་སོ་ཞེས་པ་ལན་ནོ། །ནམ་མཁའ་སྟེ་འོད་གསལ་གང་ན་གནས་ཞེས་ཞུས་པའོ། །འོད་གསལ་ནི་གང་ན་ཡང་མི་གནས་ཤིང་། ནམ་མཁའ་ལྟར་མཐའ་གང་དུ་ཡང་བརྟག་པར་མི་ནུས་སོ་ཞེས་པ་ལན་ནོ། །སྡུད་པ་པོའི་ཚིག་གིས་གཞུང་བསྡུ་བ་ནི། དེ་ནས་མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་རྣམས་དང་། བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་རང་བཞིན་མེད་ཀྱང་ཐ་སྙད་ཙམ་དུ་འབྲས་བུ་བསྐྱེད་པས། རྒྱུ་ལ་ངོ་མཚར་དུ་གྱུར། རང་བཞིན་མེད་ཀྱང་ཐ་སྙད་དུ་རྒྱུ་ལས་འབྱུང་བས་འབྲས་བུ་ལ་རྨད་དུ་གྱུར་ནས། རང་གི་སེམས་ཀྱི་ཆོས་ཉིད་དེ་སེམས་ཀྱི་རོལ་པ་ལ་གནས་ནས། རྒྱུ་དང་འབྲས་བུའི་དེ་ཁོ་ན་ཉིད་ལ་སེམས་ཤིང་ཐེ་ཚོམ་ཆོད་པས་ཅང་མི་སྨྲ་བར་འཁོད་པར་འགྱུར་རོ། །ལེའུ་ཡི་མཚན་དོན་དུ་རྒྱུ་བ་དང་མི་རྒྱུ་བའི་བདག་ཉིད་ཅན་གྱི་སེམས་ནི་སེམས་ཅན་ཐསམ་ཅད་དོ། །དེའི་དམ་ཚིག་ནི་རྡོ་རྗེ་འཆང་ཆེན་པོའོ། །དེའི་སྙིང་པོ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྣམས་སོ། །དེ་ཉིད་རྒྱུན་མི་འཆད་པས་ན་རྡོ་རྗེའོ། །དེ་གང་དུ་འབྱུང་ཞིང་གསལ་བར་བྱེད་པའི་གཞུང་གི་ཚོགས་ལའང་དེ་སྐད་ཅེས་བྱ་སྟེ། ལེའུ་བཅོ་ལྔ་པའི་རྣམ་བཤད་དོ།། །།


previousགསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་བཅོ་ལྔ་པའི་རྣམ་བཤད།next