Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བརྒྱུད་པའི་གསོལ་འདེབས་དངོས་གྲུབ་དཔལ་སྟེར། པདྨ་གར་དབང་ཕྲིན་ལས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བརྒྱུད་པའི་གསོལ་འདེབས་དངོས་གྲུབ་དཔལ་སྟེར། པདྨ་གར་དབང་ཕྲིན་ལས།next

ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བརྒྱུད་པའི་གསོལ་འདེབས་དངོས་གྲུབ་དཔལ་སྟེར། པདྨ་གར་དབང་ཕྲིན་ལས།


RTZ010_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བརྒྱུད་པའི་གསོལ་འདེབས་དངོས་གྲུབ་དཔལ་སྟེར་ཞེས་བྱ་བ་བཞུགས་སོ། །བདེ་ལྡན་ཞིང་མགོན་ཁྱབ་བདག་ཆོས་ཀྱི་སྐུ །འོད་མཚན་སྟོང་འབར་འཆི་མེད་ལྷ་ཡི་ལྷ། །གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་མཆོག་ཐུན་དངོས་གྲུབ་སྩོལ། །གྲུ་འཛིན་བདག་པོ་རྣམ་སྣང་ལོངས་སྤྱོད་རྫོགས། །སྙིང་རྗེའི་དབང་ཕྱུག་འགྲོ་མགོན་པད་དཀར་འཆང་། །གསོལ་བ༴ བྱིན་གྱིས༴ དཔལ་ལྡན་པདྨ་ལས་འཁྲུངས་སྤྲུལ་པའི་སྐུ །སྣང་སྲིད་ཟིལ་གནོན་རྒྱལ་དབང་ཐོད་ཕྲེང་རྩལ། །གསོལ་བ༴ བྱིན་གྱིས༴ ཡེ་ཤེས་མཁའ་ལ་སྤྱོད་པའི་ཚོགས་ཀྱི་རྗེ། །གསང་བའི་བདག་མོ་དབྱིངས་ཕྱུག་མཚོ་རྒྱལ་མར། །གསོལ་བ༴ བྱིན་གྱིས༴ འཇིག་རྟེན་མིག་གཅིག་རྒྱལ་ཚབ་བཻ་རོ་རྗེ། །འཇམ་དཔལ་རྡོ་རྗེ་ཁྲི་སྲོང་ཡབ་སྲས་ལ། །གསོལ་བ༴ བྱིན་གྱིས༴ དམ་འཛིན་རྣམ་འཕྲུལ་གནས་གཏེར་བརྒྱ་རྩའི་བདག །སྙིགས་མའི་འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་། །གསོལ་བ༴ བྱིན་གྱིས༴ ལས་སྨོན་སྐལ་ལྡན་ཟབ་གསང་བསྟན་པ་འཛིན། །ལུང་ཟིན་ཆོས་བདག་བརྒྱུད་པར་བཅས་པ་ལ། །གསོལ་བ༴ བྱིན་གྱིས༴ ཡི་དམ་ཌཱ་ཀི་དམ་ཅན་གནས་གཏེར་སྐྱོང་། །ཟུང་འཇུག་ཡེ་ཤེས་


RTZ010_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་པའི་འཁོར་ལོ་ལ། །གསོལ་བ༴ བྱིན་གྱིས༴ བྱང་ཆུབ་བར་དུ་རྩ་གསུམ་ལྷག་པའི་ལྷས། །རྗེས་བཟུང་འཇིགས་བརྒྱད་བདུད་བཞི་དུག་ལྔ་སོགས། །ཕྱི་ནང་གསང་བའི་བར་ཆད་ཀུན་ཞི་ཞིང་། །སྐུ་གསུམ་བླ་མའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་པདྨ་དགྱེས་པའི་འབངས་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་དེ་བཱི་ཀོ་ཊི་ཙ་འདྲ་རིན་ཆེན་བྲག་གི་མགུལ་དུ་དབོ་ཟླའི་དཀར་ཚེས་ཤིན་ཏུ་དགེ་བར་སྦྱར་བའི་ཡི་གེ་པ་ནི་ལས་སྨོན་སྐལ་ལྡན་ལྔ་རིག་པ་ཀརྨ་འགྱུར་མེད་ནས་བགྱིས་པ་དགེ་ལེགས་འཕེལ།། །།


previousཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བརྒྱུད་པའི་གསོལ་འདེབས་དངོས་གྲུབ་དཔལ་སྟེར། པདྨ་གར་དབང་ཕྲིན་ལས།next