བདུན་པ། སྐུ་གདུང་མེད་པར་མི་འགྱུར་བའི་ལེའུ།
ཡང་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ང་ཡོངས་སུ་མྱ་ངན་ལས་འདས་ནས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་རབ་ཏུ་བྱུང་བའམ། ཁྱིམ་ན་གནས་པ་གང་དག་ཁ་ཅིག་ཐ་ན་རིང་བསྲེལ་ཡུངས་འབྲུ་ཙམ་ལ་བསྟི་སྟང་བྱེད། བླ་མར་བྱེད། རིམ་གྲོར་བྱེད། མཆོད་པར་བྱེད་ན། ཀུན་དགའ་བོ་དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱི་འབྲས་བུ་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ཏེ། ཐ་མ་ཡོངས་སུ་མྱ་ངན་ལས་འདའ་བར་ང་སྨྲའོ། །ཀུན་དགའ་བོ་ང་ཡོངས་སུ་མྱ་ངན་ལས་འདས་ནས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་ཁ་ཅིག་ཐ་ན་ངའི་ཕྱིར་བྱས་པའི་མཆོད་རྟེན་མཐོང་ནས་སེམས་དང་བ་སྐྱེད་ན། ཀུན་དགའ་བོ་འདི་ལ་སེམས་དང་བའི་དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱི་འབྲས་བུ་ཡང་མྱ་ངན་ལས་འདས་པ་ཡིན་ཏེ། ཐ་མ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བར་ངེས་པར་ཤེས་པར་གྱིས་ཤིག །ཀུན་དགའ་བོ་གང་ང་འདུག་པ་ལ་མངོན་སུམ་དུ་བསྟི་སྟང་བྱེད་པ་དང་། བླ་མར་བྱེད་པ་ནས་མཆོད་པར་བྱེད་པའི་བར་ལྟ་ཞོག །གང་ང་ཡོངས་སུ་མྱ་ངན་ལས་འདས་ནས་རིང་བསྲེལ་ཡུངས་འབྲུ་ཙམ་ལ་བསྟི་སྟང་བྱེད་པ་ལྟ་ཡང་ཞོག །ངའི་ཕྱིར་མཆོད་རྟེན་བྱས་པ་ལ་གང་བསྟི་སྟང་བྱེད་པ་ལྟའང་ཞོག་སྟེ། ཀུན་དགའ་བོ་གང་དག་ཁ་ཅིག་སངས་རྒྱས་ལ་དམིགས་ནས་ཐ་ན་མེ་ཏོག་གཅིག་ནམ་མཁའ་ལ་འཐོར་ན། ཀུན་དགའ་བོ་དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱི་འབྲས་བུ་མྱ་
ངན་ལས་འདས་པ་ཡིན་ཏེ། ཐ་མ་མྱ་ངན་ལས་འདའ་བར་ང་སྨྲའོ། །ཀུན་དགའ་བོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པ་བྱས་པ་རྫུ་འཕྲུལ་ཇི་ཙམ་དུ་ཆེ་བ་ལ་ལྟོས། གང་ན་སངས་རྒྱས་ལ་དམིགས་པའི་སེམས་ཀྱིས་མེ་ཏོག་གཅིག་ནམ་མཁའ་ལ་བོར་བས་ཀྱང་མྱ་ངན་ལས་འདས་པར་ཕྱིན་པར་བྱེད་ན། ཀུན་དགའ་བོ་གང་དག་དེ་བཞིན་གཤེགས་པ་ལ་མངོན་སུམ་དུ་བསྟི་སྟང་བྱེད་པའམ། ཡོངས་སུ་མྱ་ངན་ལས་འདས་ནས་སྐུ་གདུང་ལ་སྐུ་གདུང་གི་མཆོད་པ་བྱེད་པ་ལྟ་ཅི་སྨོས་ཀུན་དགའ་བོ་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་ཡུལ་བསམ་གྱིས་མི་ཁྱབ་བོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པ་ལ་བསྟི་སྟང་བྱས་ན་རྣམ་པར་སྨིན་པ་ཡང་བསམ་གྱིས་མི་ཁྱབ་པར་ཤེས་པར་བྱའོ། །ཀུན་དགའ་བོ་སངས་རྒྱས་ལ་དམིགས་པའི་སེམས་ཀྱིས་ནམ་མཁའ་ལ་མེ་ཏོག་གཅིག་བོར་བའི་རྣམ་པར་སྨིན་པ་གལ་ཏེ་ངས་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་བསྟན་ན་ཀུན་དགའ་བོ་ཁྱོད་ཉིད་ཀྱང་ངོ་མཚར་དང་རྨད་དུ་བྱུང་བར་འཛིན་པ་དང་། དགའ་བ་དང་མགུ་བ་དང་། རབ་ཏུ་དགའ་བར་གྱུར་ན་མ་འོངས་པའི་དུས་ན་ངའི་བུ་གང་དག་རབ་ཏུ་དད་པ་རབ་ཏུ་གུས་པ་རབ་ཏུ་དང་བ་རྣམས་དང་། གང་དག་སངས་རྒྱས་ཀྱི་ཡོན་ཏན་ལ་རྟོག་ཅིང་སངས་རྒྱས་ཀྱི་ཡེ་ཤེས་དོན་དུ་གཉེར་བར་འགྱུར་བ་དེ་དག་ལྟ་ཅི་སྨོས། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་སངས་རྒྱས་ལ་དམིགས་ནས་ནམ་མཁའ་ལ་མེ་ཏོག་གཅིག་བོར་བའི་རྣམ་པར་སྨིན་པ་བཤད་པའི་དུས་ལ་བབ་སྟེ། བཅོམ་ལྡན་འདས་དུས་འདི་ལགས་སོ། །བདེ་བར་གཤེགས་པ་སྐབས་འདི་ལགས་སོ། །གང་བཅོམ་ལྡན་འདས་ལས་ཐོས་ནས་དགེ་སློང་རྣམས་ཡང་དག་པ་ཉིད་དུ་འཛིན་པར་འགྱུར་བ་དེ་ནི་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་མི་རྣམས་ལ་དོན་དང་ཕན་པ་དང་བདེ་བར་འགྱུར་རོ། །ད་ལྟར་དང་མ་འོངས་པའི་དུས་ཀྱི་སེམས་ཅན་རྣམས་དེ་བཞིན་གཤེགས་པ་ལས་ཐོས་ནས་ཡང་དང་ཡང་དུ་དགེ་བའི་རྩ་བ་སྐྱེད་པར་འགྱུར། སེམས་དང་བར་འགྱུར། ཡིད་བདེ་བ་ཡང་ཐོབ་པར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཤཱཀྱའི་རྒྱལ་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ། འཇིག་རྟེན་ཐམས་ཅད་ལ་ཕན་ཞིང་ཐུགས་བརྩེ་བ་ཅན་གྱིས་བདག་ཅག་དབུགས་ཕྱུང་ངོ་ཞེས་དེ་དག་རྒྱ་ཆེར་སྤྲོ་བར་འགྱུར་ཏེ་སངས་རྒྱས་ཡིད་ལ་བགྱིད་ཅིང་སངས་རྒྱས་ལ་དམིགས་པའི་དྲན་པ་སྐྱེད་པར་འགྱུར་རོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །བཙུན་པ་དེ་བཞིན་ནོ་ཞེས་གསོལ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་གང་དག་ཁ་ཅིག་སངས་རྒྱས་ལ་དམིགས་ནས་ཐ་ན་སངས་རྒྱས་ལ་དམིགས་པའི་སེམས་ཀྱིས་མེ་ཏོག་གཅིག་ནམ་མཁའ་ལ་འདོར་ན། དེའི་རྣམ་པར་སྨིན་པ་གང་ཡིན་པ་དེ་ནི་ཀུན་དགའ་བོ་གལ་ཏེ་སེམས་ཅན་འགའ་ཞིག་བསྐལ་པ་གཅིག་ཏུ་འཁོར་བ་འདི་ཇི་སྲིད་པར་ཀུན་དུ་རྒྱུག་ཅིང་འཁོར་ཡང་འཁོར་བའི་སྔོན་གྱི་མཐའ་མི་ཤེས་པ་བཞིན་དུ་བསོད་ནམས་མངོན་པར་འདུ་བྱ་བའི་དགེ་བའི་རྩ་བ་མངོན་པར་འདུ་བྱས་པ་དེའི་མཐའ་དེ་ནི་བརྒྱ་བྱིན་ཉིད་རྣམས་ཀྱིས་རྙེད་པར་སླ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ལྟར་སངས་རྒྱས་ལ་ཕུལ་བའི་ཡོན་ནི་འཁོར་བ་ན་སྤྱོད་པའི་བདེ་བ་ཐམས་ཅད་ཀྱིས་མཐར་གཏུགས་པར་སླ་བ་མ་ཡིན་ཏེ། གཞན་དུ་ན་དགེ་བའི་རྩ་བ་དེའི་འབྲས་བུ་མྱ་ངན་ལས་འདས་པ་ཉིད་འབྲས་བུ་ཡིན་པས་ཐ་མ་མྱ་ངན་ལས་འདའ་བར་ང་སྨྲའོ། །ཀུན་དགའ་བོ་གང་དག་ཁ་ཅིག་མངོན་དུ་བསྟི་སྟང་བྱེད་པ་ལྟ་ཡང་ཞོག །གང་ངའི་སྐུ་གདུང་དང་རིང་བསྲེལ་ཡུངས་འབྲུ་ཙམ་ལ་སྐུ་གདུང་གི་མཆོད་པ་བྱེད་པ་ལྟ་ཡང་ཞོག །གང་ངའི་ཕྱིར་མཆོད་རྟེན་བྱས་པ་རྣམས་ལ་བསྟི་སྟང་བྱེད་པ་ལྟ་ཡང་ཞོག །གང་སངས་རྒྱས་ལ་དམིགས་ནས་ཐ་ན་མེ་ཏོག་གཅིག་ནམ་མཁའ་ལ་འདོར་བ་ལྟ་ཡང་ཞོག་སྟེ། ཀུན་དགའ་བོ་གལ་ཏེ་སེམས་ཅན་མྱ་ངན་ལས་འདའ་བའི་སྐལ་བ་མེད་པ་ཞིག་གིས་སངས་རྒྱས་ལ་དམིགས་ནས། ཐ་ན་མེ་ཏོག་གཅིག་ནམ་མཁའ་ལ་འདོར་ན་ཡང་ཀུན་དགའ་བོ་དགེ་བའི་རྩ་བ་དེའི་འབྲས་བུ་དེ་ཡང་མྱ་ངན་
ལས་འདས་པ་འབྲས་བུ་ཡིན་ཏེ། མྱ་ངན་ལས་འདས་པས་ཀླས་པ་དང་། མྱ་ངན་ལས་འདས་པའི་མཐས་གཏུགས་པར་ང་སྨྲའོ། །དགེ་བའི་རྩ་བ་དེ་དག་གི་མཐའ་ནི་མྱ་ངན་ལས་འདས་པ་ཡིན་ཏེ་མྱ་ངན་ལས་འདས་པ་ནི་གཙོ་བོ་ཡིན། མྱ་ངན་ལས་འདས་པ་ནི་ཁྱད་པར་ཅན་ཡིན། མྱ་ངན་ལས་འདས་པ་ནི་མཆོག་ཡིན། མྱ་ངན་ལས་འདས་པ་ནི་གྱ་ནོམ་པ་ཡིན་ནོ། །སྦྱིན་པ་དེ་མཐར་ཕྱིན་པ་ལ་ཕུལ་བ་ནི་མྱ་ངན་ལས་འདས་པ་རྣམ་པར་དག་པར་ང་སྨྲའོ། །ཀུན་དགའ་བོ་རྒྱུ་དེས་དེ་བཞིན་གཤེགས་པ་སྦྱིན་གནས་རྣམས་ཀྱི་མཆོག་དང་། སྦྱིན་གནས་རྣམས་ཀྱི་རྒྱལ་པོ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྦྱིན་པ་གང་དེ་བཞིན་གཤེགས་པ་ལ་ཕུལ་བ་དེའི་འབྲས་བུ་མྱ་ངན་ལས་འདས་པར་འཐོབ་པར་འགྱུར་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་སྦྱིན་གནས་རྣམས་ཀྱི་མཆོག་ཅེས་བྱའོ། །ཀུན་དགའ་བོ་ལམ་དེ་ནི་འཐུན་པའོ། །ཀུན་དགའ་བོ་འདི་ལྟར་རྣམ་གྲངས་འདིས་ན་དེ་བཞིན་གཤེགས་པ་ནི་མ་ངེས་པར་ལེན་པ་རྣམས་ཀྱི་མཆོག་ཡིན་པར་བསྟན་ཏོ། །དེ་བཞིན་གཤེགས་པ་ལ་ཡོན་ཕུལ་བ་ཐམས་ཅད་ཀྱི་མཐའ་ནི་འབྲས་བུ་མྱ་ངན་ལས་འདས་པ་ཡིན་ཏེ། མྱ་ངན་ལས་འདས་པས་ཀླས་པ་དང་། མྱ་ངན་ལས་འདས་པའི་མཐས་གཏུགས་པར་འགྱུར་རོ། །ཀུན་དགའ་བོ་སྦྱིན་པ་དེ་ལྟ་བུའང་ལྟ་ཞོག །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་གང་སངས་རྒྱས་ལ་དམིགས་ནས་ཐ་ན་སེམས་གཅིག་བསྐྱེད་དེ་དང་བ་སྐྱེད་ན། ཀུན་དགའ་བོ་དེ་ཐམས་ཅད་ཀྱི་འབྲས་བུ་ཡང་མྱ་ངན་ལས་འདས་པ་ཡིན་ཏེ། ཐ་མ་མྱ་ངན་ལས་འདའ་བར་ང་སྨྲའོ། །ཀུན་དགའ་བོ་མིར་གྱུར་པའི་སྦྱིན་པ་བྱས་པ་དེ་ལྟ་བུ་ཡང་ལྟ་ཞོག་ལ། ཀུན་དགའ་བོ་གང་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བའི་སེམས་ཅན་རྣམས་ཀྱང་སངས་རྒྱས་ལ་དམིགས་པའི་དྲན་པ་རྙེད་པ་དེ་དག་ཐམས་ཅད་ཀྱི་འབྲས་བུ་ཡང་མྱ་ངན་ལས་འདས་པ་ཡིན་ཏེ། ཐ་མ་མྱ་ངན་ལས་འདའ་བར་ང་སྨྲའོ། །ཀུན་དགའ་བོ་འདི་ལྟར་དུད་འགྲོའི་སྐྱེ་གནས་སུ་སོང་བའི་སེམས་ཅན་རྣམས་ཀྱང་ཐ་མ་མྱ་ངན་ལས་འདའ་བའི་བར་དུ་འགྱུར་ཏེ། འདི་ལྟར་རྫུ་འཕྲུལ་ཆེ་བས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཡོན་ཕུལ་བ་ཇི་ཙམ་དུ་རྫུ་འཕྲུལ་ཆེ་བ་དང་། སངས་རྒྱས་རྣམས་ལ་སེམས་དང་བ་ཇི་ཙམ་དུ་རྫུ་འཕྲུལ་ཆེ་བ་ལ་ལྟོས། ཀུན་དགའ་
བོ་ཁྱོད་མྱ་ངན་མ་བྱེད། སྨྲེ་སྔགས་མ་འདོན་ཅིག་དང་། ཀུན་དགའ་བོ་ཁྱོད་རྫུ་འཕྲུལ་ཆེ་བ་དང་། འབྲས་བུ་ཆེ་བ་དང་། ཕན་ཡོན་ཆེ་བ་དང་། རབ་ཏུ་རྒྱ་ཆེ་བ་དང་། འོད་ཆེ་བ་དང་། བདུད་རྩི་ལྟ་བུ་དང་། མི་འཆི་བས་ཀླས་པ་དང་། མི་འཆི་བའི་མཐས་གཏུགས་པར་འགྱུར་རོ། །ཀུན་དགའ་བོ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་བྱམས་པའི་ལུས་ཀྱི་ལས་དང་། བྱམས་པའི་ངག་གི་ལས་དང་བྱམས་པའི་ཡིད་ཀྱི་ལས་ཕན་པ་དང་། བདེ་བ་དང་གཉིས་སུ་མེད་པ་དང་། ཚད་མེད་པ་དང་། ཁོན་མེད་པ་དང་། གནོད་སེམས་མེད་པས་བསྙེན་བཀུར་བྱས་ཏེ། ཀུན་དགའ་བོ་གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱུན་དུ་ཞུགས་པས་ཡོངས་སུ་གང་བར་གྱུར་ཅིང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་རྣམས་ཀྱིས་ཡོངས་སུ་གང་བར་གྱུར་པ་འདི་ལྟ་སྟེ་དཔེར་ན། བུ་རམ་ཤིང་སྟུག་པོའམ། འབྲས་ཞིང་སྟུག་པོའམ། འདམ་བུ་མདའ་རྒྱུ་སྟུག་པོའམ། འོད་མ་སྟུག་པོའམ། འདམ་བུ་སྟུག་པོའམ། ཏིལ་ཞིང་སྟུག་པོའམ། རྩྭ་ཀུ་ཤ་སྟུག་པོ་ལྟ་བུར་གྱུར་པ་དེ་དག་ཐམས་ཅད་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལ་ཞིག་བསྐལ་པའམ་བསྐལ་པ་ལས་ལྷག་པར་བསྟི་སྟང་བྱེད། བླ་མར་བྱེད། རིམ་གྲོར་བྱེད། མཆོད་པར་བྱེད་ཅིང་བདེ་བའི་ཡོ་བྱད་ཡིད་དུ་འོང་བ་ཐམས་ཅད་དང་། བདེ་བར་སྦྱར་བའི་སྤྱད་པ་ཐམས་ཅད་ཀྱིས་བསྙེན་བཀུར་བྱེད་ན་ཀུན་དགའ་བོ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་དམ། གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཀའ་སྩལ་པ། ཀུན་དགའ་བོ་བསོད་ནམས་ཀྱི་ཕུང་པོ་གང་ཡིན་པ་དེ་ནི་གང་དེ་བཞིན་གཤེགས་པ་ལ་ཐ་ན་ཐལ་མོ་སྦྱར་བ་ལན་ཅིག་བྱས་ཏེ་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ་ཞེས་ཚིག་ལན་ཅིག་སྨྲས་ན། ཀུན་དགའ་བོ་ཐལ་མོ་སྦྱར་བ་གཅིག་གིས་བསྟི་སྟང་བྱས་པ་དེ་ལ་དགེ་བའི་རྩ་བ་སྔ་མ་དེས་བརྒྱའི་ཆར་ཡང་མི་ཆོག །སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་གྲངས་དང་ཆ་བགྲང་བ་དང་ཆར་ཡང་མི་ཆོག་གོ །ཀུན་དགའ་བོ་དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་དེ་བཞིན་གཤེགས་པ་ནི་སྦྱིན་གནས་རྣམས་ཀྱི་བླ་ན་མེད་པ་སྟེ།
དེ་བཞིན་གཤེགས་པ་ལ་ཡོན་ཕུལ་བ་དེ་ལྟར་རྫུ་འཕྲུལ་ཆེའོ། །ཀུན་དགའ་བོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དགྲ་བཅོམ་པས་ཡོངས་སུ་གང་བ་ལ་བསྙེན་བཀུར་བྱེད་པ་ལྟའང་ཞོག་ལ། ཀུན་དགའ་བོ་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རང་སངས་རྒྱས་ཀྱིས་ཡོངས་སུ་གང་བར་གྱུར་པ་འདི་ལྟ་སྟེ། བུ་རམ་ཤིང་སྟུག་པོའམ། འདམ་བུ་སྟུག་པོ་ནས་རྩྭ་ཀུ་ཤ་སྟུག་པོའི་བར་ལྟ་བུར་གྱུར་པ་དེ་དག་ལ་འགའ་ཞིག་ཇི་སྲིད་འཚོའི་བར་དུ་བདེ་བའི་ཡོ་བྱད་ཐམས་ཅད་དང་། བདེ་བ་ལ་རེག་པར་གནས་པར་འགྱུར་བ་ཐམས་ཅད་ཀྱིས་བསྟི་སྟང་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་ཅིང་རང་སངས་རྒྱས་དེ་དག་ཡོངས་སུ་མྱ་ངན་ལས་འདས་པ་རྣམས་ཀྱི་མཆོད་རྟེན་རིན་པོ་ཆེ་སྣ་བདུན་ལས་བྱས་ཏེ། དེ་དག་ལ་ཡང་ཇི་སྲིད་འཚོའི་བར་དུ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་ཐམས་ཅད་ཀྱིས་བསྟི་སྟང་བྱེད། བླ་མར་བྱེད་པ་ནས་མཆོད་པར་བྱེད་པའི་བར་དུ་བྱེད་ན། ཀུན་དགའ་བོ་དེ་ཇི་སྙམ་དུ་སེམས། དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་དམ། གསོལ་པ་བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཀའ་སྩལ་པ། ཀུན་དགའ་བོ་གང་བསོད་ནམས་ཀྱི་ཕུང་པོ་འདི་ནི་གང་དེ་བཞིན་གཤེགས་པ་ལ་ཐ་ན་སེམས་བསྐྱེད་པ་གཅིག་གིས་སེམས་རབ་ཏུ་དང་བས་རྗེས་སུ་དྲན་པ་དང་། སངས་རྒྱས་ཀྱི་ཡོན་ཏན་རྣམས་ལ་དད་པ་དང་རྟོག་པ་དང་མོས་པ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ནི་བསམ་གྱིས་མི་ཁྱབ་བོ་ཞེས་ཚིག་ཏུ་སྨྲ་བ་ནི་ཀུན་དགའ་བོ་སེམས་དང་བའི་དགེ་བའི་རྩ་བ་འདི་ལ་རང་སངས་རྒྱས་ལ་བསྐྱེད་པའི་བསོད་ནམས་ཀྱི་ཕུང་པོ་སྔ་མས་ཐ་ན་ཆ་ནས་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱམས་པ་དཔག་ཏུ་མེད། སྙིང་རྗེ་ཆེན་པོ་དཔག་ཏུ་མེད། ཚུལ་ཁྲིམས་དཔག་ཏུ་མེད། ཏིང་ངེ་འཛིན་དཔག་ཏུ་མེད། ཤེས་རབ་དཔག་ཏུ་མེད། རྣམ་པར་གྲོལ་བ་དཔག་ཏུ་མེད། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དཔག་ཏུ་མེད། ཡང་དག་པར་འགྲུབ་པ་དཔག་ཏུ་མེད། རྟོགས་པ་དཔག་ཏུ་
མེད་དེ། ཀུན་དགའ་བོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་བསམ་གྱིས་མི་ཁྱབ། སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་དེ་ལ་རྣམ་པར་སྨིན་པ་ཡང་བསམ་གྱིས་མི་ཁྱབ་པར་ཤེས་པར་བྱོས་ལ་ཀུན་དགའ་བོ་ཁྱོད་མྱ་ངན་མ་བྱེད་སྨྲེ་སྔགས་མ་འདོན་ཅིག །ཀུན་དགའ་བོ་ཁྱོད་རྫུ་འཕྲུལ་ཆེན་པོ་དང་རྒྱ་ཆེན་པོར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཁྱོད་ཀྱིས་ལོ་ཉི་ཤུ་ལྷག་གི་བར་དུ་དེ་བཞིན་གཤེགས་པ་ལ་བྱམས་པའི་ལུས་ཀྱི་ལས་དང་། བྱམས་པའི་ངག་གི་ལས་དང་། བྱམས་པའི་ཡིད་ཀྱི་ལས་ཀྱིས་བསྙེན་བཀུར་བྱས་ཤིང་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བཟུང་སྟེ། མང་དུ་ཐོས་པ་རྣམས་ཀྱི་མཆོག །སྣ་ཚོགས་སྨྲ་བ་རྣམས་ཀྱི་མཆོག །གསལ་བ་དུལ་བ་འཇིགས་པ་མེད་པ། མང་དུ་ཐོས་པ། མདོ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ། འཁོར་བཞི་རྣམས་ལ་ཆོས་འཆད་པས་ངལ་བ་མེད་པ་ཡིན་ནོ། །ཀུན་དགའ་བོ་ང་འདས་ནས་ཁྱོད་དང་གནས་བརྟན་འོད་སྲུང་ཆེན་པོ་གཉིས་སྟོན་པའི་མཛད་པ་བྱེད་པར་འགྱུར་གྱིས། ཀུན་དགའ་བོ་ཁྱོད་མྱ་ངན་མ་བྱེད། སྨྲེ་སྔགས་མ་འདོན་ཅིག །ཀུན་དགའ་བོ་ཁྱོད་རྫུ་འཕྲུལ་ཆེ་བར་འགྱུར། ཕན་ཡོན་ཆེ་བ་དང་། གཟི་ཆེ་བ་དང་། ཀུན་དགའ་བོ་ཁྱོད་རྒྱ་ཆེ་བར་འགྱུར་རོ། །སྐུ་གདུང་མེད་པར་མི་འགྱུར་བའི་ལེའུ་སྟེ་བདུན་པ་རྫོགས་སོ།། །།