བདེ་གཤེགས་ཡོངས་འདུས་དྲག་པོ་ཀཱི་ལ་ཡའི་བྱིན་རླབས་ཐུགས་ཀྱི་དབང་བསྐུར་མཚམས་སྦྱོར་གྱིས་བརྒྱན་པ་གནམ་ལྕགས་ཞུན་ཐིགས།
༄༅། །བདེ་གཤེགས་ཡོངས་འདུས་དྲག་པོ་ཀཱི་ལ་ཡའི་བྱིན་རླབས་ཐུགས་ཀྱི་དབང་བསྐུར་མཚམས་སྦྱོར་གྱིས་བརྒྱན་པ་གནམ་ལྕགས་ཞུན་ཐིགས་ཞེས་བྱ་བ་བཞུགས་སོ། །
༈ མཆོག་ཏུ་མི་འགྱུར་བདེ་བ་ཆེའི། །ཡེ་ཤེས་རོལ་བའི་རྡོ་རྗེ་ཅན། །པདྨའི་རྒྱལ་ཚབ་དེར་བཏུད་ནས། །ཟབ་དོན་དབྱེ་ལ་གནང་བ་སྩོལ། །ཡང་ཟབ་ཁྲོ་རོལ་ཕུར་བུའི་སྙིང་པོ་དོན་གྱི་དབང་བསྐུར་ཐུན་མོང་མ་ཡིན་པ་བགྱིད་པ་ལ་གསུམ། སྦྱོར་དངོས་རྗེས་སོ། །དང་པོ་ནི། གཞུང་མཐུན་དཀྱིལ་འཁོར་རས་གྲིས་ཡོད་ན་བཀྲམ། མེད་ན་རང་དབང་གཞུང་དུ་གསལ་བ་བཞིན་མཎྜལ་ལ་འབྲུ་ཚོམ་བུ་གཙོ་འཁོར་ལྔ་བཀོད་པ་སྟེང་མཉྫི་ལ་རྣམ་བུམ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་དམར་པོ་ཁ་རྒྱན་གྱིས་སྤྲས་པ་བཞག རྒྱབ་ངོས་སུ་གཏོར་ཆེན་ཟུར་གསུམ་མེ་རི་སྐུ་ཙཀ་དར་གདུགས་ཀྱི་རྒྱན་པ། གཡས་གཡོན་རྣམས་སུ་རཀྴ་འམ་ཐོད་ཕྲེང་། རྒྱ་གྲམ། རྡོ་རྗེ་རྩེ་དགུ་དང་ཐོད་ཁྲག ཐོ་བ་མེ་དཔུང་ལྕགས་སྡིག་ལྕགས་ཕུར་བཞིའི་ཙཀླི་རྣམས་བཀོད། སྨན་རག་གཏོར་གསུམ། ཕྱི་མཆོད་རྣམས་སྤྱི་ལྟར་དང་། ཉེར་མཁོའི་ཚོགས་གཏོར་དང་ཡོ་བྱད་རྣམས་ཀྱང་ཚོགས་པར་བྱའོ། །གཉིས་པ་དངོས་གཞིའི་དབང་དོན་བསྒྲུབ་མཆོད་ནི། རྒྱས་པར་གྲུབ་ན་ཁྲོ་རོལ་ལས་བྱང་། བཀའ་གཏེར་སྲུང་མའི་གཏོར་འབུལ། ཚོགས་སྐོང་བཤགས་རྣམས་གྲུབ་ན་ཅི་ནས་གལ་ཆེ། མགྱོགས་དབང་ལྟ་བུར་བསྡུ་ན་གཏེར་སྟོན་ཉིད་ཀྱིས་མཛད་པའི་རྩ་གསུམ་སྤྱིའི་ལས་བྱང་ནང་དུ་སྒྲུབ་ཐབས་གཏེར་གཞུང་བཙུད་ནས་བདག་མདུན་དབྱེར་མེད་དམ་ཐ་དད་གང་དུ་བསྒྲུབ་ཀྱང་རུང་ལ་བསྙེན་བཟླས་ཅི་འགྲུབ་དང་། བུམ་བཟླས་ཟུར་དུ་སྤྲོ་ན་བྱ། དེ་ནས་གཏེར་བདག་སྤྱི་གཏོར། ཚོགས་མཆོད་དང་རྩ་གསུམ་གྱི་སྤྱི་སྐོང་ཙམ་བཏང་། དབང་དངོས་ལ། སློབ་མ་གསུམ་མམ་བདུན་ལས་མི་མང་པ་ལ་ལས་བུམ་པའི་ཆུས་ཁྲུས་བྱ་བགེགས་གཏོར་བསྔོས་ལ་བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ། མེ་ཏོག་བསྐྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། དེའང་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་སངས་རྒྱས་གཉིས་པར་ཡོངས་སུ་གྲགས་པ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཉིད། ངོ་བོར་རབ་འབྱམས་དཀྱིལ་འཁོར་མ་ལུས་པའི་དབང་ཕྱུག་དཔལ་ཧེ་རུ་ཀ་དང་རྣམ་དབྱེར་མེད་ཅིང་། གང་འདུལ་སྤྲུལ་པའི་རོལ་གར་སྣ་ཚོགས་པས་ནམ་མཁའི་ཁམས་དང་འཁོར་བ་ཇི་སྲིད་དེ་སྲིད་དུ་བསམ་ཡས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱིས་ལུས་ཅན་མ་བསྒྲལ་བ་མཐའ་དག་གདོད་མའི་དབྱིངས་སུ་ཕྱམ་གཅིག་སྒྲོལ་བ་དང་། ཁྱད་པར་སངས་རྒྱས་ཀུན་གྱི་ཕྲིན་ལས་འཇུག་པའི་ཡུལ་དུ་མ་གྱུར་པ་ཤིན་ཏུ་མ་རུང་ཞིང་ལོག་སྲེད་གདུག་པ་ཅན་གྱི་གདུལ་བྱ་རྣམས་ཀྱི་གཉེན་པོར་རྒྱལ་བ་ཀུན་གྱི་སྟོབས་བཅུའི་རྩལ་ཤུགས་གཅིག་ཏུ་བསྡུས་པ་ལྟ་བུ། སྲིད་ཞིའི་ཁམས་ན་ཆེ་བཙན་འགྲན་ཟླ་དང་བྲལ་བའི་བདུད་འདུལ་འབར་བ་ཆེན་པོའི་ཕྱག་རྒྱའི་ཆོ་འཕྲུལ་ཅིར་ཡང་སྟོན་པ་ལས། སྙིགས་དུས་ཀྱི་བདུད་འགོང་དམ་སྲི་མ་རུངས་པ་རྣམས་ཀྱི་གཉེར་པོར་ལྷག་པའི་ལྷ་གཞན་ལས་ཀྱང་བྱིན་རླབས་ཀྱི་ཚན་ཁ་དང་མཐུ་སྟོབས་ཀྱི་རྩལ་ཤུགས་ཁྱད་པར་དུ་འཕགས་པ་བདེ་གཤེགས་ཡོངས་འདུས་དྲག་པོ་ཀཱི་ལ་ཡ་འདི་ནི། རང་གཞུང་ལས། ཕྱོགས་དུས་རྒྱལ་བ་གཅིག་བསྡུས་ཐོད་ཕྲེང་རྩལ༔ ཕྱི་ལྟར་དཔལ་ཆེན་པདྨ་ཧེ་རུ་ཀ༔ ནང་ལྟར་དབང་དྲག་རྟ་མགྲིན་ཁྲོས་པའི་ལྷ༔ གསང་ལྟར་དམར་ནག་མེ་ཕྲེང་བ་ཅན༔ དྲག་ཏུ་ཁྲོས་པ་བཛྲ་ཀཱི་ལ་ཡ༔ གསང་ཆེན་རོལ་པའི་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ འདི་ཉིད་བསྒྲུབ་ན་ས་ལམ་བར་ཆད་ཞི༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་ཐོབ༔ དྲེགས་པ་སྡེ་བརྒྱད་མ་ལུས་བྲན་དུ་ཁོལ༔ གང་བརྩམ་ལས་རྣམས་ཐོགས་མེད་འགྲུབ་པར་འགྱུར༔ ཅེས་སོགས་བསྔགས་པར་མཛད་པ་འདི་ཉིད་ཀྱི་སྒྲུབ་ཐབས་མན་ངག་དང་བཅས་པ་གུ་རུ་རིན་པོ་ཆེས་སྐལ་པ་དང་ལྡན་པའི་རྗེ་འབངས་རྣམས་ལ་གདམས་པར་མཛད་ཅིང་སྙིགས་མའི་གདུལ་བྱ་ལ་བརྩེ་བས་དགོངས་ཏེ་མདོ་ཁམས་རྒྱམ་རྒྱལ་གནོད་སྦྱིན་ཆེན་པོའི་མདུན་ཞོལ། འགྱུར་མེད་གཏན་འཁྱིལ་གཡུ་མཚོར་རྒྱས་བཏབ་པ་ལས། ཕྱིས་དུས་སྨོན་ལམ་གྱི་དབང་བཙན་པ་ལས་འཁོན་སྟོན་ཀླུ་དབང་སྲུང་བའི་ཐུགས་སྤྲུལ་རིག་འཛིན་རོལ་པའི་རྡོ་རྗེས་ངོ་མཚར་རྫུ་འཕྲུལ་གྱི་བཀོད་པས་སྤྱན་དྲངས་ཏེ་རྩ་བ་ཙམ་གཏན་ལ་ཕབ། ཆོས་སྡེ་ཕལ་ཆེར་རྟེན་འབྲེལ་གྱི་དབང་གིས་སླར་ཡང་འདབ་གཏེར་དུ་སྦས་པ་ལས་གནུབས་བན་ནམ་མཁའི་སྙིང་པོའི་ཐུགས་སྤྲུལ་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ་རྡོ་རྗེ་དཔལ་འབར་གྱིས་ཁ་ཤས་ཞིག་སྤྱན་དྲངས་པར་མཛད་པ་ལས་བྱོན་པའི་སྨིན་བྱེད་ཡོངས་ཀྱི་སྙིང་པོ་བྱིན་རླབས་ཐུགས་ཀྱི་དབང་བསྐུར་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལདུ་གཞུག །སློབ་དཔོན་དང་པདྨ་དྲག་པོ་དབྱེར་མེད་ལ་དད་གུས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བདེ་གཤེགས་རྒྱལ་བ་ཐམས་ཅད་ཀྱི༔ ངོ་བོ་རིགས་འདུས་ཐོད་ཕྲེང་རྩལ༔ བདག་ཅག་འདིར་འདུས་དད་ལྡན་ལ༔ བྱིན་རླབས་དངོས་གྲུབ་རྣམ་གཉིས་སྩོལ༔ ལན་གསུམ། དེ་ལྟར་གུས་པས་གསོལ་བ་བཏབ་པའི་སྣོད་དུ་རུང་བ་དེ་ལ་རྡོ་རྗེ་ཐེག་པའི་ཆེ་བ་བརྗོད་པས་སྤྲོ་བ་བསྐྱེད་ཅིང་གནོད་པ་སྦྱིན་པ་ནི་འདི་ལྟ་སྟེ། ཧོ༔ སྐལ་ལྡན་སྐྱེས་བུ་ཁྱེད་རྣམས་ཀུན༔ དལ་འབྱོར་ཐོབ་པ་གྲངས་མང་ཡང་༔ གསང་སྔགས་ཟབ་མོའི་སྒོར་ཞུགས་དཀོན༔ དེང་འདིར་བསོད་ནམས་ཚོགས་ལས་བྱུང་༔ སླར་ཡང་ཟབ་མོའི་གདམས་ངག་ཉོན༔ དེ་ལ་དབང་གིས་སྨིན་པར་བྱེད་པ་ལ་ཐོག་མར་རྒྱུད་རྣམ་པར་དག་པ་གལ་ཆེ་བས༔ ཐོག་མེད་ནས་བསགས་པའི་སྡིག་ལྟུང་བག་ཆགས་དང་བཅས་པས་རང་རྒྱུད་དྲི་མ་ཅན་དུ་བྱས་པ་ལ་གནོང་ཞིང་འགྱོད་པས་སྙིང་ནས་བཤགས་ཤིང་། བླ་མ་ཡི་དམ་དབྱེར་མེད་པ་ལ་བློ་གཏད་ཅིག་ཆོག་ཏུ་བཅས་ཏེ་སྒོ་གསུམ་བྲན་དུ་འབུལ་བའི་འདུན་པ་རྩེ་གཅིག་པས་འདིའི་རྗེས་ཟློས། ན་མོཿ བདེ་གཤེགས་རིགས་འདུས་སྤྱན་སྔ་རུ༔ སྔོན་ཆད་བག་ཆགས་ལས་ཉོན་རྣམས༔ དེང་ནས་བྱང་བར་མཛད་དུ་གསོལ༔ ཕྱིན་ཆད་སྒོ་གསུམ་ཉིད་ལ་འབུལ༔ ལེགས་ཉེས་ཐམས་ཅད་ཁྱེད་རང་ཤེས༔ བླ་མ་དང་དཀྱིལ་འཁོར་གྱི་ལྷ་བདེ་གཤེགས་ཡོངས་འདུས་དྲག་པོ་ཀཱི་ལ་ཡ་རྩ་གསུམ་ཆོས་སྐྱོང་རྒྱ་མཚོའི་ཚོགས་དང་བཅས་པ་མངོན་སུམ་དུ་བཞུགས་པ་ལ་བདག་སོགས་མཁའ་ཁྱབ་ཀྱི་འགྲོ་བ་ཐམས་ཅད་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆིའོ་སྙམ་པས་འདིའི་རྗེས་ཟློས་མཛད། ཧོཿབདེ་བར་གཤེགས་པ་རྒྱ་མཚོའི་ཚོགས༔ མ་ལུས་འདུས་པའི་བདག་ཉིད་དྲག་པོ་རྩལ༔ བདག་ཅག་ལུས་ངག་ཡིད་གསུམ་གུས་པ་ཡིས༔ མི་ཕྱེད་དད་པའི་ངང་དུ་སྐྱབས་སུ་མཆི༔ ལན་གསུམ། གདེག་བགེགས་འབྱུང་པོ་མ་རུངས་པ་རྣམས་ཀྱིས་གཙོར་བྱས་ཕ་མ་སེམས་ཅན་ཐམས་ཅད་ཆེ་མཆོག་གུ་རུ་དྲག་པོའི་གོ་འཕང་ལ་འགོད་པ་བྱ་བའི་ཕྱིར་དུ། དྲག་པོ་ཆེན་པོའི་དཀྱིལ་འཁོར་དུ་ཞུགས་ནས་ལམ་རྒྱུད་ལ་བསྟེན་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧོཿབླ་མེད་དྲག་པོ་འཇིགས་བྱེད་དཀྱིལ་འཁོར་དུ༔ སྐལ་ལྡན་བདག་གིས་འགྲོ་བ་མ་ལུས་ཀུན༔ མ་བསྒྲལ་བསྒྲལ་དང་མ་གྲོལ་དགྲོལ་བར་བགྱི༔ རྒྱ་ཆེན་བྱང་ཆུབ་མཆོག་ཐོབ་སེམས་བསྐྱེད་དོ༔ ལན་གསུམ། ཚོགས་ཀྱི་ཞིང་མཆོག་ཁྱད་པར་ཅན་དེ་རྣམས་ཀྱི་སྤྱན་སྔར་ཚོགས་བསགས་ཡན་ལག་བཅུ་པ་ཚུལ་བཞིན་བྱ་བའི་འདུན་པས་སོ་སོའི་དམིགས་པ་ཚིག་དང་རྗེས་སུ་མཐུན་པར་གསལ་ཐོབ་ལ་འདིའི་རྗེས་ཟློས། ཧཱུྃ༔ ཁྲོ་བོ་རོལ་པའི་ལྷ་ཚོགས་གཤེགས་སུ་གསོལ༔ དྲེགས་པ་བསྣོལ་བའི་གདན་ལ་བརྟན་པར་བཞུགས༔ བརྐྱང་བསྐུམ་སྲིན་པོའི་གར་གྱིས་ཕྱག་འཚལ་ལོ༔ དུག་གསུམ་ཤ་རུས་ཁྲག་གི་མཆོད་པ་འབུལ༔ དམ་ཚིག་འགལ་འཁྲུལ་ཉམས་ཆགས་མཐོལ་ལོ་བཤགས༔ ལོག་འདྲེན་དྲག་པོས་བསྒྲལ་ལ་རྗེས་ཡི་རང་༔ དྲེགས་པ་མ་ལུས་འདུལ་བའི་ཆོས་འཁོར་བསྐོར༔ ཕྲིན་ལས་རྣམ་བཞི་འགྲུབ་ལ་གསོལ་བ་འདེབས༔ མངོན་སྤྱོད་ལས་འགྲུབ་དགེ་བ་ཡོངས་ལ་བསྔོ༔ ལན་གསུམ་བྱ། དེ་ནས་དབང་གི་གཞི་དགོད་པ་ཡེ་ཤེས་དབབ་པ་ལ་ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་དམིགས་པ་འདི་ལྟར་རྩེ་གཅིག་བསྒོམས་ཤིག །ཨོཾ་སྭཱ་བྷཱ་བ་ སོགས་སྒྲུབ་ཐབས་ཀྱི་མངོན་རྟོགས་ཚང་བར་བརྗོད་པས་གསལ་གདབ། ཐུགས་ཀར་ཧཱུྃ་དང་རང་རང་གི་ས་བོན་གྱིས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་འཆར་ཁའི་ཟེར་ཐག་ལྟ་བུ་ཆོས་ཀྱི་དབྱིངས་ཀུན་ཏུ་ཁྱད་པར་འཕྲོས། འོག་མིན་གསང་ཆེན་རོལ་པའི་དུར་ཁྲོད། ལྷོ་ནུབ་རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་སོགས་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་ན་བཞུགས་པའི་བདེ་གཤེགས་ཡོངས་འདུས་དྲག་པོ་ཀཱི་ལ་ཡའི་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུུད་བསྐུལ། ཐམས་ཅད་ཀྱང་དགྱེས་པ་ཆེན་པོའི་ཡེ་ཤེས་ཀྱི་རོལ་པའི་སྐུ་ཡིག་འབྲུ་ཕྱག་མཚན་སྣ་ཚོགས་པའི་རྣམ་པ་ནམ་མཁའི་དབྱིངས་དང་བར་སྣང་གི་ཁམས་གང་བ་ཆར་ཆེན་དྲག་ཏུ་བབས་པ་ལྟར་བྱོན་ནས་ཁྱེད་རང་གི་སྒོ་གསུམ་དབྱེར་མེད་དུ་ཐིམ་པས་བྱིན་གྱིས་བརླབས་པར་མོས་ཤིག །འབེབས་པའི་རྫས་བདུག །དབྱངས་དང་རོལ་མོས་བསྐུལ་ཏེ། ཧཱུྃ་ཧཱུྃ་ཧཱུྃ༔ བཞེངས་ཤིག་པདྨ་ཐོད་ཕྲེང་རྩལ༔ བདག་ཅག་མོས་པའི་བུ་རྣམས་ལ༔ བྱིན་རླབས་འབེབས་ཕྱིར་གནས་འདིར་བྱོན༔ འགྲོ་བ་ཡོངས་ཀྱི་སྐྱབས་མགོན་རྗེ༔ ཁྱད་པར་ཐུགས་རྗེས་བོད་ལ་དགོངས༔ ལས་ངན་རྣམ་སྨིན་མནར་བ་ཡི༔ བདག་ཅག་རྗེས་འཇུག་བུ་སློབ་རྣམས༔ ཐུགས་ཀྱིས་འདོར་རམ་གུ་རུ་རྗེ༔ ཐུགས་རྗེས་ཡལ་ཡོལ་བཏང་སྙོམས་ན༔ ཡང་སངས་རྒྱས་པའི་དགོས་པ་ཅི༔ བདག་ཅག་བུ་རྣམས་མཆི་མ་འཁྲུགས༔ གསོལ་འདེབས་སྙིང་ནས་འོ་དོད་འབོད༔ ཕ་མཆོག་ཁྱེད་ཀྱི་ཡོན་ཏན་དྲན༔ བུ་ལ་གཟིགས་ཤིང་ཐུགས་རྗེ་ཅན༔ བྱིན་གྱིས་རློབས་ཤིག་སྤྲུལ་པའི་སྐུ༔ ལུས་ལ་སྐུ་ཡི་བྱིན་ཕོབ་ཅིག༔ བདེ་བ་སྤོར་ཅིག་ཌཱ་ཀིའི་ཚོགས༔ ངག་ལ་གསུང་གི་བྱིན་ཕོབ་ཅིག༔ནུས་པ་བསྐྱེད་ཅིག་ཡི་དམ་ལྷ༔སེམས་ལ་ཐུགས་ཀྱི་བྱིན་ཕོབ་ཅིག༔རྟོགས་པ་སྤོར་ཅིག་གུ་རུ་རྗེ༔ འདིར་ཚོགས་མོས་པའི་བུ་རྣམས་ལ༔ ཡོན་ཏན་ཕྲིན་ལས་བྱིན་ཕོབ་ཅིག༔ ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱོངས༔ རྩ་གསུམ་དམ་ཚིག་ཉམས་པ་སྐོང་༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས༔ དུག་ལྔའི་རྣམ་རྟོག་ཞི་བར་མཛོད༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར༔ ལྷ་སྲིན་སྡེ་བརྒྱད་དམ་ལ་ཐོགས༔ མི་མཐུན་རྐྱེན་སོལ་མཐུན་པར་སྒྲུབས༔ མཆོག་དང་ཐུན་མོང་བྱིན་ཕོབ་ཅིག༔ ཅེས་དང་། ཧཱུྃ་གསུམ་བསྒྲིལ་དང་མདུན་བསྒྲིལ་མང་དུ་བརྗོད། རྩ་སྔགས་མཐར། ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱ། བརྟགས་པའང་དྲག་ཏུ་བརྗོད་ལ་དབབ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་སྒོ་གསུམ་ལ་རབ་ཏུ་གནས་ཤིང་བརྟན་པར་བྱས་པར་མོས་མཛོད། མེ་ཏོག་འཐོར་ལ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ༔ ཞེས་བརྗོད། དེ་ནས་དབང་དངོས་གཞི་བསྐུར་བ་ལ། རྩ་བ་བུམ་པའི་དབང་དང་། རྗེས་འབྲེལ་སྐུ་གསུང་ཐུགས་མཐའ་རྟེན་དང་བཅས་པ་རིམ་པར་སྦྱིན་པ་སྟེ། དེའང་བུམ་པ་འདི་ཉིད་ཁྲོ་བོ་རོལ་བ་བདུད་འདུལ་ཀཱི་ལ་ཡ་ཆེན་པོའི་བརྡ་དོན་རྟགས་ཀྱི་འཁོར་ཡོངས་སུ་རྫོགས་པས་དབང་བསྐུར་བའི་ཚེ་བདུད་རྩིའི་ཆུ་རྒྱུན་གྱིས་ཁྱེད་རང་གི་སྒོ་གསུམ་གྱི་སྒྲིབ་པ་བག་ཆགས་དང་བཅས་པ་བཀྲུས། དབང་བཞིའི་ཡེ་ཤེས་རྒྱུད་ལ་སྨིན། །པདྨ་དྲག་པོ་ཀཱི་ལ་ཡ་དང་དབྱེར་མེད་དུ་གྱུར་བར་མོས་ཤིག །རྣམ་བུམ་མགོར་བཞག་ལ། ཧཱུྃཿ བརྡ་དོན་བུམ་པའི་དཀྱིལ་འཁོར་འདིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྒོ་གསུམ་དྲི་མ་བག་ཆགས་དག༔ ཀཱི་ལ་ཡང་དང་དབྱེར་མེད་ཤོག༔ རྩ་སྔགས་དང་ཧཱུྃ་གསུམ་བསྒྲིལ་བདུན་བསྒྲིལ་བརྗོད། བུམ་ཆུ་སྦྱིན། རྗེས་འབྲེལ་གྱི་དང་པོ་སྐུའི་དབང་བསྐུར་བ་ནི། གཏོར་སྣོད་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་དུ་གཏོར་མ་སྐུ་གཟུགས་དང་བཅས་པ་བདེ་གཤེགས་ཡོངས་འདུས་གུ་རུ་དྲག་པོ་ཀཱི་ལ་ཡའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཡོངས་སུ་རྫོགས་པར་གསལ་བའི་སྐུ་ལས་བྱིན་རླབས་འོད་ཟེར་གྱི་རྣམ་པ་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས་གདོས་བཅས་སུ་འཛིན་པའི་དྲི་མ་དག །སྣང་སྟོང་ཡེ་ཤེས་ལྷའི་སྐུར་གྱུར་པར་མོས། དཔལ་གཏོར་སྤྱི་བོར་བཞག་ལ། ཧཱུྃ༔ སྒྱུ་འཕྲུལ་སྐུ་གཟུགས་བ་ལིཾ་དབང་༔ རིགས་ཀྱི་བུ་ལ་བྱིན་འབེབས་ན༔ སྣང་སྟོང་རྡོ་རྗེའི་སྐུ་འགྲུབ་ནས༔ ཀུན་ཁྱབ་ཀུན་བྱེད་དབང་ཐོབ་ཤོག །རྩ་སྔགས་དང་ཧཱུྃ་གསུམ་དང་བདུན་བསྒྲིལ་བརྗོད། དེས་སྐུ་ཕྱག་རྒྱའི་དབང་ཐོབ། ལུས་ཀྱི་སྒྲིབ་དག བསྐྱེད་རིམ་ལྷ་འཁོར་ལོ་བསྒོམ་པ་ལ་དབང་། འབྲས་བུ་སྐུ་རྡོ་རྗེ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསུང་བཟླས་པའི་ལུང་སྦྱིན་པ་ཡིན་པས་དམིགས་པ་འདི་ལྟར་མཛོད། སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པའི་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ཕྱག་ན་རྡོ་རྗེའི་ཐུགས་ཀར་རྡོ་རྗེ་རྩེ་ལྔ་པའི་ལྟེ་བ་ཉི་མའི་གདན་ལ་ཧཱུྃ་དམར་ནག་གི་མཐར་སྔགས་ཕྲེང་གཡས་སུ་འཁོར་བ། སློབ་དཔོན་ལ་མོས་གུས་དྲག་ཏུ་བྱས་པའི་རྐྱེན་གྱིས་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་འཕྲོས། ཞལ་ནས་ཐོན་ཏེ་ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཡེ་ཤེས་སེམས་དཔའི་ཞལ་ནས་བརྒྱུད། དེའི་ཐུགས་ཀར་རྡོ་རྗེའི་ལྟེ་བར་ཉི་སྟེང་ཧཱུྃ་དམར་ནག་གི་མཐར་འཁོད། བཟླས་པའི་རྐྱེན་གྱིས་སྔགས་ཕྲེང་གཡས་སུ་འཁོར་བ་ལས་འོད་ཟེར་མེ་དཔུང་ཁ་དོག་ལྔ་ལྡན་དཔག་ཏུ་མེད་པ་འཕྲོས་ནས་ལུས་ཐམས་ཅད་གང་། སྡིག་སྒྲིབ་འགལ་རྐྱེན་བར་ཆད་ཐམས་ཅད་བསྲེགས་ཤིང་སྦྱངས། འོད་ཟེར་ཕྱིར་འཕྲོས་པས་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། བཅུད་ཀྱི་སེམས་ཅན་པདྨ་ཧེ་རུ་ཀ །སྒྲ་སྐད་ཐམས་ཅད་ཀཱི་ལ་ཡའི་རང་སྒྲ་འུར་དིར་གྱིས་སྒྲོག་པར་མས་ལ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཕྲེང་བ་སྦྲེལ་ལ། ཨོཾ་ཨཱ༔ཧཱུྃ་ཨ་ཙིག་ན་མོ་བྷ་ག་ཝ་ཏེ་ཛྙཱ་ན་བཛྲ་ཀརྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣན་བྃ་ཧཱུྃ་ཕཊ༔ ཨ་ཧྲཱིཿཧཱུྃ་བྷྱོ་ཧཱུྃ་ཕཊ༔ ལན་གསུམ། ཕྲེང་བ་མགྲིན་པར་བཞག་ལ། དེ་ཉིད་བརྟན་པར་བྱས་པའི་མོས་པ་མཛོད། ཧཱུྃ་བརྗོད་བྱའི་ཚིག་དབང་གསང་སྔགས་འདི༔ བདེ་གཤེགས་ཀུན་གྱི་ཡང་སྙིང་བཅུད༔ རིགས་ཀྱི་བུ་ལ་བསྟིམ་པ་ཡིས༔ གྲགས་སྟོང་གསུང་དབྱངས་དབང་ཐོབ་ཤོག༔ རྩ་སྔགས་ཧཱུྃ་རྣམས་བརྗོད། དེས་གསུང་སྔགས་ཀྱི་དབང་ཐོབ། ངག་གི་སྒྲིབ་པ་དག །བསྙེན་སྒྲུབ་བཟླས་བརྗོད་ཀྱི་རྣལ་འབྱོར་ལ་དབང་། འབྲས་བུ་གསུང་རྡོ་རྗེ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཐུགས་རིག་པ་རྩལ་གྱི་དབང་བསྐུར་བ་ནི། སྣ་ཚོགས་རྡོ་རྗེ་སྙིང་གར་བཞག་པས་འཁོར་འདས་སྐུ་བཞིའི་ངོ་བོར་གདོད་ནས་རྫོགས་པའི་དུ་མ་རོ་གཅིག་གི་རང་རྩལ་འགག་པ་མེད་པ་ཅིར་ཡང་འཆར་བས་ཕྲིན་ལས་བཞི་སོགས་ལྷུན་གྱིས་གྲུབ་པ་མཚོན་པའི་དོན་དུ་ཤེས་པས་རང་རིག་རང་གསལ་གྱི་ངང་དུ་མཉམ་པར་ཞོག་ཅིང་། རྒྱ་གྲམ་སྙིང་གར་གཏུགས་ལ། ཧཱུྃ་ཕྲིན་ལས་བཞི་སྒྲུབ་རྒྱ་གྲམ་དབང་༔ རིགས་ཀྱི་བུ་ལ་འདི་གཏད་པས༔ རིག་པའི་རྩལ་དབང་ཐོབ་གྱུར་ནས༔ ཀཱི་ལ་ཡ་དང་དབྱེར་མེད་ཤོག༔ རྩ་སྔགས་ཧཱུྃ་རྣམས་བརྗོད། མཐའ་རྟེན་རྩ་བའི་ཕྱག་མཚན་རྡོ་རྗེ་རྩེ་དགུ་པ་དང་ཐོད་ཁྲག་ལས་གཡས་གཡོན་དུ་གཏད་པས་ཐབས་བདེ་བ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་དུ་ཟུང་དུ་འཇུག་པའི་དབང་བསྐུར་ཐོབ་པར་མོས་ཤིག །རྡོ་རྗེ་དང་ཐོད་ཁྲག་ལག་གཡས་གཡོན་ཏུ་གཏད་ལ། ཧཱུྃ་རྡོ་རྗེ་རྩེ་དགུ་ཐོད་ཁྲག་འདི༔ ནམ་ཡང་འབྲལ་མེད་འཆང་བར་བྱ༔ དོན་ལ་རང་རིག་རྩལ་དབང་བརྡ༔ ཐབས་ཤེས་དབྱེར་མེད་དབང་ཐོབ་ཤོག༔ རྩ་སྔགས་ཧཱུྃ་རྣམས་བརྗོད། ཡེ་ཤེས་ཀྱི་རང་བཞིན་འབར་བའི་ཕྱག་མཚན་བཞི་གཏད་ཅིང་མངའ་གསོལ་བས་དུག་གསུམ་དང་གདོན་བགེགས་མ་ལུས་པ་ཚར་བཅད་ཅིང་ཕྱི་ནང་གསང་བའི་བར་ཆད་མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་བའི་དབང་ཆེན་བརྙེས་པར་མོས་ཤིག །ཐོབ་མེ་དཔུང་གཡས་དང་ལྕགས་སྡིག་ཕུར་བུ་གཡོན་དུ་གཏད་ལ། ཧཱུྃཿ བདུད་བཞི་ཀུན་བཅོམ་ཐོ་བ་མེ༔ བགེགས་འཇོམས་ལྕགས་ཀྱི་སྡིག་པ་འབར༔ སྐུ་གསུམ་རང་བཞིན་ལྕགས་ཕུར་འདི༔ རིགས་ཀྱི་བུ་ལ་འདི་གཏད་པས༔ ཕྱི་ནང་བར་ཆད་རྡུལ་དུ་རློག༔ དུག་གསུམ་བསྒྲལ་བའི་དབང་ཐོབ་ཤོག༔ རྩ་སྔགས་དང་ཧཱུྃ་གསུམ་དང་བདུན་བསྒྲིལ་གྱི་དབྱངས་བྱ། ཤིས་བརྗོད། དེས་སྤྲུལ་པའི་གཏེར་སྟོན་ཆེན་པོ་རིག་འཛིན་རོལ་པའི་རྡོ་རྗེ་ཟབ་གཏེར་དྲག་པོ་ཁྲོ་རོལ་ཕུར་བུའི་སྒེར་དབང་ཐུན་མོང་མ་ཡིན་པ་ལེགས་པར་གྲུབ་པ་སྟེ། གཞུང་ལས། དབང་བསྐུར་རྒྱས་འབྲིང་བསྡུས་གསུམ་ལས༔ འདི་ནི་བྱིན་རླབས་ཐུགས་ཀྱི་དབང་༔ ལན་ཅིག་ཐོབ་པ་ཙམ་གྱིས་ནི༔ སྡིག་སྒྲིབ་དག་ཅིང་བར་ཆད་སེལ༔ ཚེ་དང་བསོད་ནམས་དཔལ་འབྱོར་འཕེལ༔ བྱང་ཆུབ་མཆོག་གི་ལན་སྣ་ཟིན༔ ཞེས་སྔགས་པ་ལ་དད་མོས་ཡིད་ཆེས་དང་ལྡན་པས་དམ་ཚིག་ཚུལ་བཞིན་བསྲུང་བ་དང་འདི་ཉིད་ཡི་དམ་ལྷར་འཛིན་སྙམ་པས་རྗེས་ཟློས། གཙོ་བོས་ཅི་ལྟར། གཏང་རག་མཎྜལ་སོགས་དབང་མཇུག་དང་། ཚོགས་ལ་རོལ་ཅིང་ལྷག་མ་གཏོར་བ་ནས་བསྔོ་སྨོན་ཤིས་བརྗོད་ཀྱི་བར་ལས་བྱང་རྗེས་ཆོག་རྣམས་གསང་བ་སྤྱི་དང་མཐུན་པར་བྱའོ། །སྙིགས་མས་བསྐྱེད་རིམ་པའི་གདུགས་ཅན་མུན། །མཐུ་སྟོབས་ཀྱི་ཟེར་འབར་འབར་བཅོམ། །ཕན་བདེའི་སྣང་བས་ས་གསུམ་ལས། །རྟག་ཏུ་སྐྱོབ་པའི་བཙས་སུ་ཤོག །སྨིན་བྱེད་འདིའི་རྒྱུན་དཀོན་ཅིང་བཀའི་གཙིགས་སུ་བསྡམས་ཀྱང་ཆོས་རྒྱུན་ལ་ཕན་པར་ལྷག་བསམ་བཟང་པོ་གཏེར་མཛོད་རིན་པོ་ཆེའི་དབྱིག་གི་སྙིང་པོ་སྡུད་པའི་སྐབས་པདྨ་གར་དབང་འཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་མཚམས་སྦྱོར་བརྗོད་བདེར་སྤེལ་པ་དགེ་ལེགས་འཕེལ། །