གསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་བཅུ་དྲུག་པའི་རྣམ་བཤད།
སྔར་བཤད་པའི་མཚན་ཉིད་ཅན་གྱི་དངོས་གྲུབ་ཐམས་ཅད་ནི་དཀྱིལ་འཁོར་དུ་དབང་བསྐུར་བ་ལས་འགྲུབ་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། སློབ་མ་སྣོད་དུ་རུང་བར་བྱ་བའི་དོན་དུ་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་བསྟན་པའི་ཕྱིར། ལེའུ་བཅུ་དྲུག་པ་འཆད་པ་ལ་གཉིས་ཀྱི་བསྡུས་པའི་དོན་ནི། ལེའུ་འདིས་བརྗོད་བྱ་དོན་གྱི་གཙོ་བོ་དཀྱིལ་འཁོར་གྱི་ཆོ་ག་ལེའུའི་སྟོད་ནས་སྟོན། རྐེད་ནས་དངོས་གྲུབ་བསྒྲུབ་པའི་ཆོ་ག་སྟོན། སྨད་ནས་རྣལ་འབྱོར་གྱི་སྤྱོད་པ་སྟོན་ཏོ། །ཡན་ལག་གི་དོན་ལ་ཡང་གསུམ་གྱི། དཀྱིལ་འཁོར་གྱི་ཆོ་ག་ལ་གཉིས་ཏེ། འཁོར་གྱི་དཀྱིལ་འཁོར་གྱི་ཆོ་ག་ལ་གསོལ་བ་བཏབ་པ་དང་། སྟོན་པའི་གསུང་གིས་དཀྱིལ་འཁོར་གྱི་ཆོ་ག་དངོས་བཤད་པའོ། །དང་པོ་ནི། ལེའུ་བཅོ་ལྔ་པ་རྫོགས་པའི་རྗེས་དེ་ནས། མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་འདུས་པ་སྟེ་དགོངས་པ་གཅིག་ཏུ་གྱུར་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལ་གནས་པའི་བསྟོད་པའི་ཚིག་དེ་བཞིན་གཤེགས་པ་ཀུན་ཞི་བ་ཞེས་སོགས་ཀྱིས་གསོལ་བ་བཏབ་ནས་དཀྱིལ་འཁོར་གྱི་ཆོ་ག་ཉན་པའི་བསམ་པས་མཆོད་པ་བྱས་སོ་ཞེས་སྦྱར། མཆོད་པ་ཇི་ལྟ་བུ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་རིན་ཆེན་གྱི་མཆོད་པ་སྟེ། ལྷ་ཡུལ་པར་གྱུར་པའི་མཆོད་པའི་སྤྲིན་གྱི་ཚོགས་ཀྱིས་སོ། །སྟོན་པའི་གསུང་གིས་དཀྱིལ་འཁོར་གྱི་ཆོ་ག་དངོས་བསྟན་པ་ལ་བཞི་སྟེ། སྐུའི་དཀྱིལ་འཁོར་དང་། གསུང་གི་དཀྱིལ་འཁོར་དང་། ལྷ་ལྷག་མ་རྣམས་ཀྱི་དཀྱིལ་འཁོར་དང་། དེ་དག་རྫོགས་པར་བྱེད་པའི་ཆོ་ག་ཐུན་མོང་བ་བསྟན་པའོ། །དང་པོ་ལ་གསུམ་གྱི། ཏིང་ངེ་འཛིན་ལ་དམིགས་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་གྱི་མཚན་ཉིད་བསྟན་པ་ནི། གསོལ་བ་བཏབ་པའི་རྗེས་དེ་ནས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྟེ་རྡོ་རྗེ་འཆང་ཆེན་པོ་རྡོ་རྗེ་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཉོན་མོངས་པའི་རི་དྭགས་འཇོམས་པས་ན་སེང་གེའི་དམ་ཚིག་རྒྱལ་པོ་ཞེས་བྱ་བ་བསྐྱེད་པ་ལ་ཐུགས་རྩེ་གཅིག་ཏུ་མཛད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ་ཞེས་སྦྱར། གང་ཞིག་ན་རྡོ་རྗེའི་སྐུ་སྟེ་སྐུའི་དཀྱིལ་འཁོར་འདིའོ། །ཅི་ཕྱིར་ཞེ་ན། སངས་རྒྱས་ཏེ་སྒྲུབ་པ་པོ་ཐམས་ཅད་ཀྱི་དགོས་པ་སྒྲུབ་པའི་དོན་དུའོ། །གང་ལས་ན་ཉིད་ཀྱི་སྐུ་ལ་སོགས་པ་ལས་སོ། །དེ་ནས་སྐུའི་དཀྱིལ་འཁོར་ཏེ། རྣམ་སྣང་གི་དཀྱིལ་འཁོར་དངོས་གྲུབ་ཐམས་ཅད་སྩོལ་བས་མཆོག་ཏུ་གྱུར་པ་ལེགས་པར་རབ་ཏུ་བཤད་པར་བྱའོ། །ཇི་ལྟ་བུ་ཞེ་ན། ཐུགས་ཏེ་མི་བསྐྱོད་པའི་དཀྱིལ་འཁོར་དང་འདྲ་བ་གྲུ་བཞི་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཉིད་ཀྱིས་དཀྱིལ་འཁོར་ཀུན་གྱི་མཆོག་ཏུ་གྱུར་པའོ། །བྲིས་ཤིང་ལྷ་བཀོད་དུ་གྱུར་པ་ལེགས་པར་རབ་ཏུ་བཤད་པར་བྱའོ། །ཇི་ལྟ་བུ་ཞེ་ན། ཐུགས་ཏེ་མི་བསྐྱོད་པའི་དཀྱིལ་འཁོར་དང་འདྲ་བ། གྲུ་བཞི་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཉིད་ཀྱིས་དཀྱིལ་འཁོར་ཀུན་གྱི་མཆོག་ཏུ་གྱུར་པའོ། །བྲིས་ཤིང་ལྷ་དགོད་པ་ནི། ཚད་ནི་ངོས་རེ་རེ་ལ་ཁྲུ་བཞི་ཡོད་པས་ན་ཁྲུ་བཅུ་དྲུག་གི་ཚད་དུ་བྱའོ། །དབྱིབས་ནི་ཟླུམ་པོ་ལ་སོགས་པ་མ་ཡིན་པར་གྲུ་བཞི་ལྷམ་པ་སྟེ། དེས་མཚོན་པས་སྒོ་བཞི་ལ་སོགས་པ་དང་ལྡན་པར་བྱའོ། །ཇི་ལྟ་བུ་ཞེ་ན། དྲི་མ་མེད་པའི་ཚོན་གྱིས་བྲིས་པས་ན་རབ་ཏུ་མཛེས་པ། སངས་རྒྱས་ཀུན་གྱིས་བསྔགས་པས་ན་སངས་རྒྱས་ཀུན་གྱི་དཀྱིལ་འཁོར་རོ། །སྐུ་རྡོ་རྗེ་རྣམ་པར་སྣང་མཛད་བདག་པོ་ཉིད་དུ་རབ་ཏུ་གནས་པས་མཛེས་པར་བྱས་པའོ། །ཕྱིའི་དཀྱིལ་འཁོར་གྲུ་བཞི་པ་དེའི་ནང་དུ། འཁོར་ལོ་སྟེ་ནང་གི་དཀྱིལ་འཁོར་ཟླུམ་པོ་འཁོར་ལོས་བརྒྱན་པ་བྲི་བར་བྱའོ། །ཆོ་ག་གང་གིས་བྲི་ཞེ་ན། དེ་ཁོ་ན་ཉིད་བསྡུས་པ་ལས་བཤད་པའི་དཀྱིལ་འཁོར་གྱི་ཐིག་གདབ་པའི་ཆོ་ག་དེ་ཉིད་རྡོ་རྗེ་སྟེ་ཤིན་ཏུ་ངེས་པ་གང་གིས་ཤེས་པ་དེས་འབྲི་བར་བྱའོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས་ལྷ་དགོད་པ་ནི། སྔགས་ཏེ་ལྷ་རྣམས་ཀྱི་དབུས་སུ་རྣམ་པར་སྣང་མཛད་གནས་པ་སྟེ། འགོད་པར་བྱ་ལ་དེ་ཕྱག་རྒྱ་རྡོ་རྗེའི་གནས་སུ་བྱ་ཞེས་པ་རང་གི་ཕྱག་རྒྱ་དང་ལྡན་པའི་ལྷའི་གཟུགས་སུ་བྱའོ། །མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་གཞན་བཞི་དང་། ཤར་ལ་སོགས་པའི་ཕྱོགས་བཞིར་ཡུམ་དང་བྲལ་བ་གཅིག་རྐྱང་དུ་བྲིས་ཤིང་གཞུག་པར་བྱའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་མཆོག་སྟེ་མཱ་མ་ཀི་ལ་སོགས་པ་རྣམས་ཤར་ལྷོ་ལ་སོགས་པ་གྲྭ་རྣམས་ཀུན་ཏུ་ཅི་རིགས་པར་བྲི་བར་བྱའོ། །གཤིན་རྗེ་གཤེད་དང་། གཞན་གྱིས་མི་ཐུབ་པ་དང་། རྟ་མགྲིན་དང་། བདུད་རྩི་འཁྱིལ་བ་སྟེ། ཁྲོ་བོ་བཞི་པོ་འདི་རྣམས་ཤར་ལ་སོགས་པའི་སྒོ་བཞིར་བྲི་བར་བྱའོ། །སྟོབས་ཆེན་ཕ་རོལ་གནོན་པ་སྟེ་མི་གཡོ་བ་ལ་སོགས་པའི་ཁྲོ་བོ་རྣམས་མཚམས་རྣམས་སུ་གཞག་པར་བྱ་ཞིང་། གཟུགས་རྡོ་རྗེ་མ་ལ་སོགས་པ་དང་། བྱམས་པ་ལ་སོགས་པ་ཡང་གནས་ཇི་ལྟ་བ་བཞིན་དུ་འགོད་པར་བྱའོ། ཁྱད་པར་གྱི་མཆོད་པའི་ཆོ་ག་ནི། དེ་ལྟར་དཀྱིལ་འཁོར་བྲིས་ཤིང་ལྷ་བཀོད་ནས། འོག་ནས་འབྱུང་བ་ལྟར་གྱི་ཆོ་གས་དཀྱིལ་འཁོར་སྒྲུབ་སྟེ། མཆོད་དང་ནང་མཆོད་སྔོན་དུ་སོང་བས། གསང་མཆོད་ཀྱི་སྐབས་སུ་སྔགས་ཤེས་པས་ཏེ་སློབ་དཔོན་གྱིས་རང་གི་རྡོ་རྗེ་དང་། ཕྱག་རྒྱའི་གསང་བ་སྟེ་པད་མ་མངོན་པར་འདུ་བྱས་པ་རབ་ཏུ་བསྒོམས་པས། དཀྱིལ་འཁོར་གྱི་དབུས་སུ་གསང་བའི་མཆོད་པ་བརྩམ་པར་བྱའོ། །བཤད་མ་ཐག་པའི་གསང་མཆོད་འདི་ནི་སྔགས་རྣམས་ཏེ་སྒྲུབ་པ་པོ་ཐམས་ཅད་ཀྱི་རྣལ་འབྱོར་རྒྱུད་ལ་གནས་པའི་དམ་ཚིག་ཤིན་ཏུ་འདའ་དཀའ་བའོ། །ཟས་ཀྱི་མཆོད་པ་ནི། བཤང་བ་གཙོ་བོར་བྱས་པའི་བཤང་གཅི་ལ་སོགས་པའི་བདུད་རྩི་ལྔ་བྱེ་བྲག་ཏུ་སྟེ་སྐུའི་དཀྱིལ་འཁོར་འདིར་ལྷ་རྣམས་ལ་ངེས་པར་དབུལ་བ་དང་། བདག་ཉིད་བཟའ་བ་དང་། འབྱུང་པོ་རྣམས་ལ་གཏོར་མར་་ཡང་སྦྱིན་པར་བྱའོ། །བཤང་བ་གཙོ་བོར་བྱས་པའི་བདུད་རྩི་ལྔ་བཟའ་བ་འདི་ནི། སྐུ་ཡི་རྡོ་རྗེ་ཅན་ཏེ་རྣམ་སྣང་གི་དཀྱིལ་འཁོར་དང་ལྡན་པའི་སྔགས་ཏེ། སྒྲུབ་པ་པོ་རྣམས་ཀྱི་འདའ་བར་མི་བྱ་བའི་དམ་ཚིག་གོ །དེ་བཞིན་གཤེགས་པ་ཐམས་ཅད་མངོན་པར་དགེས་པའི་སྐུའི་དཀྱིལ་འཁོར་རོ། །
གསུང་གི་དཀྱིལ་འཁོར་ལ་གསུམ་གྱི། དཀྱིལ་འཁོར་གྱི་མཚན་ཉིད་བསྟན་པ་ནི། སྐུ་ཡི་དཀྱིལ་འཁོར་བསྟན་པའི་རྐེས་དེ་ནས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྟེ་རྡོ་རྗེ་འཆང་ཆེན་པོ། གསུང་རྡོ་རྗེའི་དམ་ཚིག་སྟེ། འོད་དཔག་ཏུ་མེད་པའི་དཀྱིལ་འཁོར་པ་རྣམས་ཀྱི་སྤྲིན་ཏེ་ཚོགས་གནས་ཇི་ལྟ་བ་བཞིན་དུ་བཀོད་པ་ལ། ཐུགས་རྩེ་གཅིག་ཏུ་མཛད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ་ཞེས་སྦྱར། གང་ཞིག་ན། གསུང་རྡོ་རྗེ་འོད་དཔག་ཏུ་མེད་པའི་དཀྱིལ་འཁོར་འདིའོ། །གང་ལས་ན། ཉིད་ཀྱི་སྐུ་ལ་སོགས་པ་ལས་སོ། །དེ་ནས་གསུང་སྟེ་འོད་དཔག་ཏུ་མེད་པའི་དཀྱིལ་འཁོར་དངོས་གྲུབ་ཐམས་ཅད་མཆོག་ཏུ་གྱུར་པ་ལེགས་པར་རབ་ཏུ་བཤད་དོ། །ཞེས་བྱ། ཅི་ལྟ་བུ་ཞེ་ན། ཐུགས་ཏེ་མི་བསྐྱོད་པའི་དཀྱིལ་འཁོར་དང་འདྲ་བ་གྲུ་བཞི་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཉིད་ཀྱི་དཀྱིལ་འཁོར་ཀུན་གྱི་མཆོག་ཏུ་གྱུར་པའོ། །བྲི་ཞིང་ལྷ་དགོད་པ་ནི། ཆེ་ཆུང་གི་ཚད་ནི་ངོས་རེ་རེ་ལ་ཁྲུ་ལྔ་ལྔ་སྟེ། ཁྲུ་ཉི་ཤུའི་ཚད་དུ་ཐིག་གདབ་པར་བྱའོ། །དབྱིབས་ནི་དཀྱིལ་འཁོར་གྱི་ཆོ་ག་བཞིན་དུ་གྲུ་བཞི་ལྷམ་པ་སྒོ་བཞི་དང་རྟ་བབས་བཞི་ལ་སོགས་པ་དང་ལྡན་པར་བྱའོ། །ཐིག་སྐུད་ཇི་ལྟ་བུ་ཞེ་ན། རྡོ་རྗེ་བསྒོམ་པ་སྟེ་དེ་བཞིན་གཤེགས་པ་ལྔའི་ཁ་དོག་ཅན་གྱི་སྲད་བུས་ཐིག་གདབ་པར་བྱའོ། །ཕྱིའི་དཀྱིལ་འཁོར་གྲུ་བཞི་པ་དེའི་དབུས་སུ་ནང་གི་འཁོར་ལོ་ཆེན་པོ་ཟླུམ་པོ་ལ་པད་མའི་ཕྲེང་བས་ཀུན་ཏུ་བརྒྱན་པ་བྲིས་ལ། དེར་ཕྱག་རྒྱ་ཐམས་ཅད་ཡོངས་སུ་རྫོགས་པར་ཆོ་ག་བཞིན་ཏེ་ཆོ་ག་ལ་མཁས་པས་བྲི་བར་བྱ་སྟེ། དེ་ཡང་ཚེ་དཔག་མེད་པའི་ཕྱག་རྒྱ་ཆེན་པོ་རང་གི་ཕྱག་རྒྱ་དང་། ཡང་དག་པར་ལྡན་པའི་དཀྱིལ་འཁོར་དེའི་དབུས་སུ་གཞུག་པར་བྱའོ། རྡོ་རྗེའི་གནས་མཆོག་སྟེ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དེ་དག་ཏུ་དེ་བཞིན་གཤེགས་པ་ལྔ་པོ་ཐམས་ཅད་ཀྱང་གནས་ཇི་ལྟ་བ་བཞིན་དུ་ཡོངས་སུ་བརྟག་པར་བྱ་ཞིང་འགོད་པར་བྱ་སྟེ། དེ་ཡང་གསུང་གི་དཀྱིལ་འཁོར་ལ་འོད་དཔག་མེད་དང་། གོས་དཀར་མོ་དབུས་སུ་འགྲོ་བ་ན་ནུབ་ཀྱི་ལེ་ཚེ་ལ་མི་བསྐྱོད་པ། ནུབ་བྱང་གི་ལེ་ཚེ་ལ་རེག་རྡོ་རྗེ་མ་གཞག་པར་བྱའོ། ཁྱད་པར་གྱི་མཆོད་པ་གཞུང་བསྡུ་བ་དང་བཅས་པ་ནི། དེ་ལྟར་རྒྱུད་ནས་བཤད་པའི་ཆོ་གས་དཀྱིལ་འཁོར་དམ་པ་ཡོངས་སུ་གསལ་བར་བྱས་ནས། དེའི་འོག་ཏུ་དཀྱིལ་འཁོར་བསྒྲུབས་ཏེ། ཕྱི་མཆོད་ནང་མཆོད་སྔོན་དུ་འགྲོ་བས། དབང་པོ་གཉིས་མཉམ་པར་སྦྱོར་བའི་མཚན་ཉིད་ཅན་གྱི་གསང་བའི་མཆོད་པས་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པར་བྱའོ། །དེས་ཅིར་འགྱུར་ཞེ་ན། དེ་ལྟར་བྱས་ན་རྡོ་རྗེ་ཅན་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་གནས་པའི་སངས་རྒྱས་རྣམས་སྒྲུབ་པ་པོ་ལ་མཉེས་པར་འགྱུར་རོ། ཁ་ཟས་ཀྱི་མཆོད་པ་ནི། བཤང་གཅི་ཁུ་བའི་དམ་ཚིག་སྟེ་ཁུ་བ་གཙོར་བྱས་པའི་བདུད་རྩི་ལྔས་བདག་དང་སློབ་མ་ལ་མཆོད་ན། མངོན་པར་འདོད་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །བཤད་མ་ཐག་པ་འདི་ནི་སངས་རྒྱས་ཏེ་སྒྲུབ་པ་པོ་ཐམས་ཅད་ཀྱི་རྣལ་འབྱོར་རྒྱུད་ལ་གནས་པའི་དམ་ཚིག་ཤིན་ཏུ་འདའ་དཀའ་བ་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་རབ་ཏུ་བསྔགས་པའི་གསུང་གི་དཀྱིལ་འཁོར་རོ། །ལྷ་ལྷག་མ་རྣམས་ཀྱི་དཀྱིལ་འཁོར་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྟེ་རྡོ་རྗེ་འཆང་ཆེན་པོ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ་ཞེས་སྦྱར། ཏིང་ངེ་འཛིན་ཇི་ལྟ་བུ་ཞེ་ན། སྒོ་སྣ་ཚོགས་ནས་དོན་ཐམས་ཅད་ཆར་དུ་འབེབས་པར་བྱེད་པས་ན། ཀུན་ནས་སྤྲིན་ཏེ་དེ་བཞིན་གཤེགས་པ་རྣམས་ཡིན་ལ། དེ་རྣམས་ཀྱི་ཚོགས་རྡོ་རྗེ་ནི་སོ་སོའི་དཀྱིལ་འཁོར་ཏེ། དེ་བསྐྱེད་པ་ལ་ཐུགས་རྩེ་གཅིག་ཏུ་མཛད་པའི་ཏིང་ངེ་འཛིན་ལའོ། །གང་ཞིག་ཞེ་ན། གསང་ཞིང་ཤིན་ཏུ་སྦ་བར་བྱ་བའི་དཀྱིལ་འཁོར་གསང་ཆེན་ཏེ། མངོན་དུ་མི་བྱ་བར་བློས་བཞག་པ་འདིའོ། །གང་ལས་ན་ཉིད་ཀྱི་སྐུ་ལ་སོགས་པ་ལའོ། །རྡོ་རྗེ་འཛིན་མཆོག་སྟེ་རྡོ་རྗེ་འཛིན་པ་ལ་སོགས་པ་དཀྱིལ་འཁོར་པའི་ལྷ་རྣམས་གང་ཡིན་པའི་གཟུགས་དཀྱིལ་འཁོར་གྱི་དབུས་སུ་བྲིས་ཤིང་བཞག་པར་གྱུར་པའི་དཀྱིལ་འཁོར་དེ་ནི། ལྷའི་ཁྱད་པར་དེའི་དཀྱིལ་འཁོར་གྱི་འཁོར་ལོས་འགྱུར་རོ། །དེ་བས་ན་རྟེན་གཞལ་ཡས་ཁང་ཇི་ལྟ་བ་བཞིན་དུ་བྲིས་པའི་རྗེས་ལ་ལྷ་ལྷག་མ་ཉི་ཤུ་རྩ་དགུ་པོ་གང་དང་གང་ཡིན་པ་དབུས་སུ་བྲིས་ཏེ། དེ་དང་དེའི་གནས་སུ་མི་བསྐྱོད་པ་བྲིས་པས་དཀྱིལ་འཁོར་ཉེར་དགུར་འགྱུར་ལ། དེ་ལྟར་ན་དཀྱིལ་འཁོར་སོ་གཉིས་པོ་ཐམས་ཅད་ཀྱང་སྐུ་གསུང་ཐུགས་ཀྱི་གསང་བ་ལས་བྱུང་བ་སྟེ། གསང་བ་གསུམ་གྱི་བདག་ཉིད་ཅན་དུ་འདུས་ཏེ། རིན་པོ་ཆེའི་རིགས་ནི་སྐུ་རྡོ་རྗེར་འདུས་ལ། ལས་ཀྱི་རིགས་ནི་གསུང་རྡོ་རྗེའི་ནང་དུ་འདུས་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་སྟེ། དེ་རྣམས་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་གནས་ནི། སྐུ་ལ་སོགས་པའི་དཀྱིལ་འཁོར་རོ། །དེ་ལ་ཡེ་ཤེས་ནི་ཐིག་གདབ་པ་ལ་སོགས་པའི་ཆོ་གའོ། །དེའི་གསང་བ་ནི་དཀྱིལ་འཁོར་དེ་ཡོངས་སུ་གྱུར་པའི་མཚན་ཉིད་ཅན་ནོ། །རབ་ཏུ་གསང་བ་ནི་མན་ངག་གི་མཆོག་གོ །དོན་ནི། གོང་དུ་བཤད་པ་འདི་ནི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི་ཐིག་གདབ་པ་ལ་སོགས་པའི་ཆོ་ག་དང་། ལྷ་དགོད་པ་དང་། དཀྱིལ་འཁོར་མཆོད་པ་ལ་སོགས་པའི་མན་ངག་ཡིན་ཞེས་པའོ། །དེ་དག་རྫོགས་པར་བྱེད་པའི་ཆོ་ག་ཐུན་མོང་བ་ལ་གཉིས་ཏེ། སློབ་དཔོན་གྱི་ལུས་སུ་བྱ་བའི་ཆོ་ག་དང་། སློབ་མ་གཞུག་པ་ལ་སོགས་པའི་ཆོ་གའོ། །དང་པོ་ལ་ལྔ་སྟེ། ཕྱག་རྒྱ་དང་ལྷན་ཅིག་བྱ་བའི་ཆོ་ག་དང་། ཕྱག་རྒྱ་མེད་པར་བྱ་བའི་ཆོ་ག་དང་། དེ་གཉིས་ཀའི་བྱ་བ་བགེགས་བསལ་བའི་སྦྱོར་བ་དང་། བུམ་པའི་ཆོ་ག་དང་། སྦྱིན་སྲེག་གི་ཆོ་གའོ། །དང་པོ་ལ་ལྔ་ལས། ཏིང་ངེ་འཛིན་ལ་དམིགས་ཤིང་ཐིག་གདབ་པ་ནི། དེ་ནས་ཕྱག་ན་རྡོ་རྗེ་འཆང་ཆེན་པོ་མི་བསྐྱོད་པ་ལ་སོགས་པའི་དཀྱིལ་འཁོར་ཐམས་ཅད་ཀྱི་འཁོར་ལོ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ་ཞེས་སྦྱར། གང་ཞིག་ན། དཀྱིལ་འཁོར་ཞེས་སོགས་སོ། །གང་ལས་ན། ཉིད་ཀྱི་ཞེས་སོགས་སོ། །སྐུ་རྡོ་རྗེ་ལ་སོགས་པའི་གསང་བ་དེ་ལ་འོག་ནས་བཤད་པ་འདི་ནི་རྡོ་རྗེ་སྟེ་དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་སྔགས་ཀྱི་སྙིང་པོ་ཐིག་གདབ་པ་ཉེ་བར་འཚམ་པའི་ཡི་གེ་གནས་རྣམས་སོ། །གང་ཞེ་ན། ༀ་ཞེས་སོགས་སོ། །དཀྱིལ་འཁོར་སོ་གཉིས་པོ་གང་འབྲི་ཡང་རུང་སྟེ། དེའི་ཚེ་ཐིག་འདེབས་པ་དང་། ཚོན་བྲི་བའི་དུས་སུ་ཡི་གེ་གསུམ་ཟློས་ཤིང་བྱའོ། །ཞེས་སྟོན་པ་ནི། དེ་བཞིན་གཤེགས་པ་ལྔའི་ཁ་དོག་ཏུ་བཅོས་པའི་ཐིག་སྐུད་ནི་རྡོ་རྗེའི་ཐིག་སྟེ། དེས་དཀྱིལ་འཁོར་གྱི་ཐིག་གདབ་པ་དང་། ཚོན་རྩི་སྣ་ལྔ་དག་བཀྱེ་བའི་ཚེ། ༀ་ལ་སོགས་པའི་སྔགས་ཀྱིས་བྱའོ། །ཞེས་པ་ཚིག་གི་ལྷག་མའོ། །སློབ་དཔོན་དང་གྲོགས་མཆོག་འདུ་བྱ་བ་སྤྱིར་བསྟན་པ་ནི། སྔགས་ཀྱི་སེམས་དཔའ་སྟེ། སྔགས་ལ་མཆོག་ཏུ་གཞོལ་བ། བསྙེན་པ་ལས་སུ་རུང་བའི་རྣལ་འབྱོར་པས་ནི། གྲོགས་ཕྱག་རྒྱ་མེད་པར་དེ་ཁོ་ན་ཉིད་བསྡུས་པ་སོགས་ལས་བཤད་པ་བཞིན་དུ་རྣལ་འབྱོར་པ་ལས་ཀྱི་རྡོ་རྗེའི་གཟུགས་ཅན་དང་ལྷན་ཅིག་དཀྱིལ་འཁོར་འབྲི་བར་མི་བྱ་སྟེ། གལ་ཏེ་བྱས་ན། བྱང་ཆུབ་སྟེ་རྡོ་རྗེ་འཆང་ཆེན་པོ་ཉིད་རྙེད་པར་དཀའ་ཞིང་རིང་བར་འགྱུར་རོ། །འོ་ན་གྲོགས་གང་དང་ལྷན་ཅིག་བྱ་ཞེ་ན། དེ་བས་ན་རྫོགས་པའི་རིམ་པ་ལ་གནས་པ་དང་། བསྐྱེད་པའི་རིམ་པ་ལ་གནས་པ་རིག་པའི་བརྟུལ་ཞུགས་ལ་ཡང་དག་པར་སྤྱོད་པའི་རྣལ་འབྱོར་པས་དཀྱིལ་འཁོར་བྲི་བར་བྱས་ན། དེའི་ཚེ་སྔགས་ཀྱི་ལྷ་རྣམས་ཏེ། རང་གི་ཕྱག་རྒྱ་མདུན་དུ་ཕབ་ཅིང་བཞག་ནས་དེ་ཉིད་དམ་ཚིག་སྟེ་རིགས་ཀྱི་དབྱེ་བ་སྤྱན་མ་ལ་སོགས་པའི་ངོ་བོ་ཉིད་དུ་དེའི་ཚུལ་ཤེས་པ་སྟེ་འདུས་པ་ལས་གསུངས་པའི་ཚུལ་གྱིས་བསྐྱེད་ལ། བདག་ཉིད་རྣམ་སྣང་ལ་སོགས་པ་རང་གི་ལྷག་པའི་ལྷ་གང་ཡིན་པའི་རིགས་ལྔའི་ངོ་བོར་བྱིན་གྱིས་བརླབས་ཀྱི་གནས་ཏེ་གཞིར་བསྒོམ་ཞིང་བསྐྱེད་ནས། སྐུ་ལ་སོགས་པའི་དཀྱིལ་འཁོར་རྣམས་ཀྱི་ཐིག་གདབ་པ་ལ་སོགས་པ་རིམ་གྱིས་རྣམ་པར་བརྟག་ཅིང་བསྒྲུབ་པར་བྱའོ། །རིགས་ཀྱི་བྱེ་བྲག་གིས་སློབ་དཔོན་དང་ཕྱག་རྒྱ་དང་འདུ་བྱ་བ་བྱེ་བྲག་ཏུ་བསྟན་པ་ནི། དེ་ལ་སྐུའི་དཀྱིལ་འཁོར་འབྲི་བར་འདོད་པའི་སྔགས་པས། བདག་ཉིད་རྣམ་པར་སྣང་མཛད་ཀྱི་སྦྱོར་བ་དང་ལྡན་པས། རང་གི་ཕྱག་རྒྱ་སྤྱན་མ་བཞིན་དུ་མངོན་སུམ་དུ་དབབ་པ་སྟེ་བསྐྱེད་ལ། དེ་དང་ལྷན་ཅིག་དཀྱིལ་འཁོར་གྱི་ཐིག་གདབ་པ་ལ་སོགས་པའོ། །དེའི་ཕན་ཡོན་ནི། སྐུ་སྟེ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་འདོད་པའི་འབྲས་བུ་སྟེར་བའི་ཡིད་དུ་འོང་བ་དེ་ཉིད་བསྐྱེད་པར་བྱས་པས། རྡོ་རྗེའི་སྐུ་སྟེ་སྐུ་རྡོ་རྗེའི་ཡོན་ཏན་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པར་སེམས་ཅན་རྣམས་ལ་སྣ་ཚོགས་པའི་གཟུགས་ཀྱིས་ཆོ་ག་སྟོན་པ་ལ་རབ་ཏུ་འཇུག་པ་སྒྲུབ་པ་པོས་ཐོབ་པར་འགྱུར་རོ། །གསུང་གི་དཀྱིལ་འཁོར་འབྲི་བར་འདོད་ན། སྒྲུབ་པ་པོ་བདག་ཉིད་རྡོ་རྗེ་ཆོས་ཏེ། འོད་དཔག་མེད་དུ་སྒོམས་ལ། རང་གི་ཆོས་མ་སྟེ་རང་གི་རིག་མ་གོས་དཀར་མོ་མངོན་སུམ་པ་བཞིན་དུ་བསྒོམས་ནས། ཐིག་གདབ་པ་ལ་སོགས་པའི་དཀྱིལ་འཁོར་བྲི་བར་བྱ་སྟེ། རིམ་པ་འདི་ནི་སྔགས་རྣམས་ཏེ་པད་མའི་རིགས་དང་ལྡན་པ་ཐམས་ཅད་ཀྱི་གསང་ཞིང་སྦ་བར་བྱ་བ་དང་། རབ་ཏུ་བརྟག་པ་སྟེ། ཐོག་མ་མེད་པའི་དུས་ཅན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡིན་ནོ། །བདག་ཉིད་རྡོ་རྗེ་སེམས་དཔའ་སྟེ་མི་བསྐྱོད་པར་བསྒོམ་ལ། རང་གི་ཕྱག་རྒྱ་མཱ་མ་ཀིར་བསྐྱེད་ལ། མདུན་དུ་དབབ་པར་བྱས་ནས་ཐུགས་ཀྱི་དཀྱིལ་འཁོར་བྲི་བར་བྱའོ། །འདི་ནི་སྔགས་རྣམས་ཏེ། རྡོ་རྗེའི་རིགས་དང་ལྡན་པའི་སྒྲུབ་པ་པོ་རྣམས་ཀྱི་གོང་ནས་གོང་དུ་གསང་བ་རྨད་དུ་བྱུང་བའོ། །དཀྱིལ་འཁོར་གྱི་ཆོ་ག་དེ་ལྟར་བྱས་ན། ཡིད་ལ་དབང་བའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཤིན་ཏུ་དང་བས་དྲུང་དུ་གཤེགས་ཤིང་དགོངས་པར་མཛད་ནས། རབ་ཏུ་དགེས་པར་གྱུར་ཅིང་ཤིན་ཏུ་ཐུགས་རངས་ནས་སྒྲུབ་པ་པོ་ཕྱག་རྒྱ་དང་བཅས་པའི་ལུས་དང་ངག་དང་ཡིད་བྱིན་གྱིས་རློབ་པར་མཛད་ཅིང་། དེ་གཉིས་ཀྱིས་གསང་བ་མཆོག་ཏུ་གྱུར་པའི་དཀྱིལ་འཁོར་འདུས་ཤིང་རྫོགས་པར་མཛད་དོ། །དཀྱིལ་འཁོར་སྒྲུབ་པ་ནི། འདི་སྐད་ཅེས་ཀྱང་གསུངས་སོ་ཞེས་པ་སྡུད་པ་པོའི་ཚིག་གོ། སྔར་བཤད་མ་ཐག་པའི་ཆོ་གས་ཐུགས་ཀྱི་དཀྱིལ་འཁོར་རྫོགས་པར་བྱས་པའི་སྔགས་ཀྱི་སེམས་དཔའ་སྟེ་སྔགས་པས། རྡོ་རྗེ་སྟེ་དེ་བཞིན་གཤེགས་པའི་གསང་བ་རྨད་པོ་ཆེ་སྟེ་མཆོག་ཏུ་གྱུར་པ་ཁྲོ་བོའི་རྒྱལ་པོ་གནོད་མཛེས་ཀྱི་ནམ་མཁའི་དཀྱིལ་འཁོར་ན་བཞུགས་པའི་སངས་རྒྱས་ཐམས་ཅད་དེ། ཡེ་ཤེས་ཀྱི་འཁོར་ལོ་རྫོགས་པ་བཀུག་ན་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་གནས་ཇི་ལྟ་བ་བཞིན་དུ་བཞུགས་པ་དང་། བསྟིམས་ལ་མཆོད་པར་བྱའོ། །དཀྱིལ་འཁོར་ལ་མཆོད་པ་ནི། རྡོ་རྗེ་དྲི་མེད་གསུམ་ནི་དཀྱིལ་འཁོར་པ་རྣམས་ཡིན་ལ། དེ་རྣམས་ལ་དམ་ཚིག་ནི། གཟུགས་རྡོ་རྗེ་ལ་སོགས་པ་རྣམས་ཏེ། དེ་རྣམས་ཀྱིས་བྱས་པའི་མཆོད་པ་དུས་ཚིགས་གསུམ་དུ་མཆོད་པར་བྱའོ། །ཇི་ལྟར་བྱ་ཞེ་ན། རྡོ་རྗེ་གསུམ་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཏེ་དེའི་སྦྱོར་བ་ནི། དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་དང་། དཀྱིལ་འཁོར་པ་རྣམས་གཅིག་ཏུ་བྱ་བས་མཆོད་དོ། །ཞེས་པའོ། །མཆོད་པའི་ཆོ་ག་འདིས་ཕན་ཡོན་ཅི་འཐོབ་ཅེ་ན། སྔགས་རྣམས་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐོབ་ཅིང་རྫོགས་པར་བྱེད་དོ། །དེ་ལྟར་ཕྱིའི་མཆོད་པ་བསྟན་ནས་ནང་གི་མཆོད་པ་བསྟན་པ་ནི། ཡང་དག་པར་འདུས་པའི་སྔགས་རྣམས་ཏེ། དཀྱིལ་འཁོར་པ་ཐམས་ཅད་ཉིད་ལ། རྨད་བྱུང་ཆེན་པོ་སྟེ་ཤིན་ཏུ་རྒྱ་ཆེ་བའི་ནང་གི་བདག་ཉིད་ཀྱི་གཏོར་མས་ཚིམ་པར་བྱ་བའི་ཕྱིར་དབུལ་བར་བྱའོ། །ནང་གི་བདག་ཉིད་ཀྱི་གཏོར་མ་དེ་ཉིད་ཇི་ལྟ་བུ་ཞེ་ན། བཤང་གཅི་ཞེས་སོགས་ཏེ། འདི་དག་གིས་ནི་གཟུགས་ལ་སོགས་པའི་ཡུལ་ལྔ་སྒྲ་ཇི་བཞིན་པ་མ་ཡིན་པས་བསྟན་པའོ། །ཡུལ་ལྔ་མ་འབྱོར་ན་དེའི་ཚེ་ཇི་ལྟར་བྱ་ཞེ་ན། ཆང་ཙམ་གྱིས་ཀྱང་མཆོད་པར་བྱའོ་ཞེས་སྟོན་པ་ནི། ཁུ་བ་དག་གིས་ཞེས་ཏེ། ཁུ་བ་ནི་ཤུ་ཀྲ་ཞེས་པ་སྟེ། མྱ་ངན་སོག་ལེ་ལྟར་གཅོད་ཅིང་འཇོམས་པར་བྱེད་པས་ན་ཤུ་ུཀྲ་སྟེ་ཁུ་བ་ནི་ཆང་ངོ་། །དེས་སྔགས་རྣམས་ཏེ་སྒྲུབ་པ་པོ་རྣམས་ཚིམ་པར་འགྱུར་བར་བཤད་དོ། །འདི་ནི་འདའ་བར་མི་བྱ་བས་ན་དམ་ཚིག གཙོ་བོར་གྱུར་པས་ན་མཆོག་ཡིན་ཏེ་སངས་རྒྱས་ཏེ་སྔགས་པ་རྣམས་ཀྱི་བྱང་ཆུབ་སྟེ་སེམས་རྫོགས་པར་བྱེད་ཅིང་ཚིམ་པར་བྱེད་པ་ཡིན་ལ། སྔགས་པ་ཚིམ་པར་བྱེད་པ་དེ་བཞིན་གཤེགས་པ་རྣམས་ཀྱང་ཡང་དག་པར་ཚིམ་པར་བྱེད་པ་ཡིན་ནོ། །ཕྱག་རྒྱ་མེད་པར་བྱ་བའི་ཆོ་ག་ལ་གཉིས་ལས། སློབ་དཔོན་དང་གྲོགས་མཆོག་འདུ་བྱ་བ་ནི་དཀྱིལ་འཁོར་གྱི་ཐིག་གདབ་པའི་ཆོ་ག་འདི་གང་གི་ཚེ་ཤེས་རབ་མེད་པར་བདག་ཉིད་གཅིག་པུ་སྤྱོད་པ་དེའི་ཚེ། རྣམ་སྣང་གི་རྣལ་འབྱོར་པས་བདག་ཉིད་རྣམ་པར་སྣང་མཛད་དུ་བསྒོམ་ལ། སློབ་མ་རྡོ་རྗེ་སེམས་དཔར་བསྒོམ་པའམ། ཡང་ན་སློབ་མ་རྡོ་རྗེ་འོད་པོ་ཆེ་སྟེ་བདུད་རྩི་ཐབས་སྦྱོར་དུ་བསྒོམ་ཞིང་བརྟག་པར་བྱ་སྟེ། བཤད་མ་ཐག་པའི་ལས་ཀྱི་གོ་འཕང་དཀྱིལ་འཁོར་གྱི་བྱ་བ་འདི་ནི། སངས་རྒྱས་ཐམས་ཅད་ཀྱི་ངེས་པར་བརྟེན་ཅིང་བསྔགས་པའོ། །དེ་བཞིན་དུ་ཐུགས་ཀྱི་དཀྱིལ་འཁོར་དུ་ནི་བདག་ཉིད་མི་བསྐྱོད་པར་བསྒོམ་ལ། སློབ་མ་རྣམ་པར་སྣང་མཛད་དམ་བདུད་རྩི་ཐབས་སྦྱོར་དུ་རབ་ཏུ་བརྟག་པར་བྱའོ། །དེ་བཞིན་དུ་གསུང་གི་དཀྱིལ་འཁོར་ཡང་ཅི་རིགས་པར་ཤེས་པར་བྱའོ། །ཐིག་སྐུད་དང་ཚོན་རྩི་འདུ་བྱ་བའི་ཆོ་ག་ནི། མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་རྒྱལ་ཆེན་རིགས་ལྔ་པོ་རྣམས་རྡོ་རྗེའི་ཐིག་སྐུད་ནག་པོ་ལ་སོགས་པ་དག་ལ། ཧཱུྃ་ལ་སོགས་པ་རང་རང་གི་ས་བོན་གྱི་གཟུགས་ཀྱིས་ཞུགས་ཤིང་དགོད་པར་བསམས་ཏེ། ཐིག་གདབ་པའི་ཆོ་ག་འདི་ནི། སངས་རྒྱས་ཏེ་སྒྲུབ་པ་པོ་རྣམས་ཀྱི་གསང་བ་རྨད་དུ་བྱུང་བའོ། །དེ་བཞིན་དུ་སྔོན་པོ་ལ་སོགས་པའི་ཚོན་རྩི་རེ་རེ་ལ་ཡང་། ཚོན་གཞན་ཅུང་ཟད་བསྲེས་པས་རྣམ་པ་ཉི་ཤུ་ལྔའི་བདག་ཉིད་ཀྱི་ཚོན་རྩིའི་ཕུང་པོ་ལྔ་པོ་དག་ལ་དེ་བཞིན་གཤེགས་པ་ལྔ་ཧཱུྃ་ལ་སོགས་པ་རང་རང་གི་ས་བོན་གྱི་རྣམ་པར་རྗེས་སུ་ཞུགས་པར་བསྒོམས་ཏེ་ཚོན་བགྱེ་བར་བྱའོ། །ཚོན་བྱིན་གྱིས་བརླབ་པ་འདི་ནི། སངས་རྒྱས་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱི་གསང་བ་སྟེ། མཆོག་ཏུ་གྱུར་པ་དང་། བྱང་ཆུབ་སྟེ་བགྲོད་པར་བྱ་བ་དམ་པ་ཡིན་ནོ། །དེ་གཉིས་ཀའི་སྔོན་དུ་འགྲོ་བའི་བགེགས་བསལ་བ་ནི། དཀྱིལ་འཁོར་བྲི་བར་བྱེད་པའི་དུས་སུ། སྔགས་རྣམས་ཐམས་ཅད་དེ། དཀྱིལ་འཁོར་པ་རྣམས་ཕྱི་རོལ་གྱི་ཉེ་བར་འཚེ་བ་ལས་བསྲུང་བའི་ཕྱིར། སྒྲུབ་པ་པོ་བདག་ཉིད་རྣལ་འབྱོར་བཞིའི་སྒོ་ནས་རྡོ་རྗེ་ཧཱུྃ་སྟེ་གཤིན་རྗེ་གཤེད་དུ་བསྒོམ་པར་བྱའོ། །ཇི་ལྟར་ཞེ་ན། ཕུལ་དུ་བྱུང་ཞིང་ཐུན་མོང་མ་ཡིན་པའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་མཆོག་སྟེ་རྣམ་འཕྲུལ་དང་ལྡན་པར་བསྒོམ་སྟེ། དེ་ཡང་གཡས་བརྐྱང་ལ་སོགས་པ་བགེགས་ཕྱེ་མར་རློག་པ་ནི། སྐུའི་རྣམ་འཕྲུལ་ལོ། །བསྐལ་པ་འཇིག་པའི་དུས་ཀྱི་འབྲུག་སྒྲ་སྒྲོགས་པ་ལྟ་བུར་སྔགས་འདོན་པ་ནི་གསུང་གི་རྣམ་འཕྲུལ་ལོ། །བགེགས་ཐམས་ཅད་སྟོང་པ་ཉིད་དུ་དམིགས་པ་ནི་ཐུགས་ཀྱི་རྣམ་འཕྲུལ་ལོ། །གནས་སྐབས་གང་གི་ཚེ་དེ་ལྟ་བུར་བསྒོམ་ཞེ་ན། ཤིང་དང་བོང་བ་ལ་སོགས་པས་སྐྲག་པར་བྱེད་པ་སའི་གནོད་པ་དང་། ཆུ་རླབས་གཡོ་བ་དང་ཆར་འབབ་པ་ལ་སོགས་པ་ཆུ་ལས་བྱུང་བའི་གནོད་པ་དང་། ཐ་མལ་པའི་མེ་དང་ཐོག་ལ་སོགས་པ་མེའི་གནོད་པ་དང་། རླུང་ལས་བྱུང་བ་རླུང་གི་གནོད་པ་དང་། དབང་པོ་ལས་འདས་པས་བྱས་པ་ནམ་མཁའི་ཉེ་བར་འཚེ་བས་ཏེ། གནས་ལྔ་པོ་དེ་ད་ཏུ་རྡོ་རྗེ་ཧཱུྃ་མཛད་བསྒོམ་པར་བྱའོ། །དེ་ལྟར་བྱས་ན་བགེགས་རྣམས་རང་ཉིད་འཇིག་པས་འཇིགས་ཤིང་སྐྲག་ནས། རྡོ་རྗེ་མི་ཕྱེད་གསུམ་སྟེ་རྡོ་རྗེ་འཆང་ཆེན་པོ་ལས་སྐྱེས་ཤིང་བྱུང་བའི་རྡོ་རྗེ་སེམས་དཔའ་བློ་ལྡན་ཏེ་ཡེ་ཤེས་དང་ལྡན་པའི་སྒུབ་པ་པོའི་དཀྱིལ་འཁོར་དུ་ཉེ་བར་མི་འགྲོ་ཞིང་། བགེགས་བྱེད་མི་ནུས་སོ། །བུམ་པའི་ཆོ་ག་ནི། བརྟག་པར་བྱ་སྟེ་གནས་ཇི་ལྟ་བ་བཞིན་དུ་བཞག་པར་བྱའོ། །གང་ཞིག་ཅེ་ན། རྡོ་རྗེ་བུམ་པ་སྟེ་གསང་རྡོར་བྱ་བ་དང་། རྣམ་རྒྱལ་བུམ་པ་ལ་སོགས་པའོ། །བུམ་པ་ཁྱད་པར་ཇི་ལྟ་བུ་ཞེ་ན། དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པ་སྔགས་བསྡུས་པས་རྒྱུད་རྣམས་བསླབས་ཤིང་བརྩོན་པར་བྱས་པ་དེ་ནི་སྔགས་རྒྱུད་བདག་པོ་སྟེ། དེས་ཤེས་པར་བྱ་བ་ནི། དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལ་སོགས་པ་ལས་བཤད་པའི་གནས་དང་སྨན་དང་། ས་བོན་དང་། མཚན་མ་ལ་སོགས་པ་བཀོད་པས་བརྟགས་ཤིང་སྤྲས་པར་བྱ་བའི་བུམ་པའོ། །སུ་ཞིག་གིས་ཤེ་ན། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གནས་ཏེ། དཀྱིལ་འཁོར་གྱི་སློབ་དཔོན་བརྟན་པའི་བློས་ཏེ་དྲན་པའི་གཡེང་བས་སོ། །སྦྱིན་སྲེག་གི་ཆོ་ག་བསྟན་པ་ནི། སྔར་བཤད་པའི་ཚུལ་གྱིས། དཀྱིལ་འཁོར་ཡོངས་སུ་རྫོགས་པར་བྱས་ནས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀུན་གྱི་འབྲས་བུ་འདོད་པའི་སྔགས་ཤེས་པ་སྟེ། སྒྲུབ་པ་པོས་གཉིས་ཀའི་རྒྱུད་ལས་བྱུང་བའི་ཆོ་གས་སྦྱིན་སྲེག་དབུལ་བར་བྱའོ། །ནང་གི་སྦྱིན་སྲེག་བསྟན་པ་ནི། དེའི་འོག་ཏུ་ཚོགས་ཀྱི་འཁོར་ལོའི་དུས་སུ་བཤང་བ་ཟན་དང་། གཅི་བ་ཚོད་མ་དང་འབྲུ་མར་ཆང་དང་ཤ་བཟའ་བ་དང་དེ་ལ་སོགས་པའི་བཏུང་བ་རྣམས་སྒྲུབ་ཐབས་ལས་བྱུང་བའི་ཆོ་གས་ལུས་ཀྱི་དཀྱིལ་འཁོར་གནས་པའི་ལྷ་རྣམས་ལ་སྦྱིན་སྲེག་ཏུ་དབུལ་ཞིང་བསྟན་པར་བྱའོ། །དེའི་འོག་ཏུ་རྡོ་རྗེ་མི་ཕྱེད་གསུམ་འཁོར་ལོ་ནི། རྣལ་འབྱོར་པས་ཟོས་པའི་ལྷག་མ་རྣམས་གཅིག་ཏུ་བྱས་པས། ཞི་བ་ལ་སོགས་པའི་ལས་ཀྱི་དབྱེ་བས། ཅི་རིགས་པར་ཐབ་ཁུང་དུ་བུད་ཤིང་གི་མེ་ལ་རྡོ་རྗེ་གསང་བའི་སྦྱིན་སྲེག་གི་དགང་བླུགས་དབུལ་བར་བྱའོ། །ཅི་ལྟ་བུ་ཞེ་ན། ཐབ་ཀྱི་དབུས་སུ་ཞི་བ་ལ་སོགས་པའི་རྣམ་པས་ཕྱེ་བའི་རང་གི་ལྷ་ཡི་གཟུགས་བསམ་ལ། དེའི་ཞལ་དུ་དགང་བླུགས་དབུལ་ཞིང་དབབ་པར་བྱའོ། །དེ་ལྟར་ཚོགས་ཀྱི་འཁོར་ལོ་ལ་གནས་པའི་སྦྱིན་སྲེག་རྫོགས་ནས། ཡང་དབང་པོ་གཉིས་ཀྱི་སྦྱོར་བ་ཁ་ཅིག་སྦྱིན་སྲེག་ནི་ལྷ་སྙོགས་པར་འཇུག་པ་ལ་ཟེར་ཏེ་ཚོགས་འཁོར་གྱི་ཚིམ་པ་དྲུག་ངོས་ཡིན་ནམ་གསུང་། སྟེ་ལྷ་མོ་དང་སྙོམས་པར་འཇུག་པ་ལ་གནས་པས་ཀྱང་ཁ་ཟས་ཀྱི་ལྷག་མ་རྣམས་ལ་ཞི་བ་སོགས་པའི་ལས་ཀྱི་དབྱེ་བ་ལས། སྦྱིན་སྲེག་བརྒྱ་རྩ་བརྒྱད་དབུལ་བར་བྱའོ། བཤད་མ་ཐག་པ་འདི་ནི་སངས་རྒྱས་ཏེ་སྒྲུབ་པ་པོ་ཉིད་ཀྱི་རྣལ་འབྱོར་ཆེན་པོའི་རྒྱུད་ལ་གནས་པའི་དམ་ཚིག་ཤིན་ཏུ་འདའ་བར་དཀའ་བའོ། །སློབ་མ་གཞུག་པའི་ཆོ་ག་བཞི་ལས། དབབ་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་དུ་གཞུག་པའི་ཆོ་ག་ནི། སློབ་མ་ལ་ཡེ་ཤེས་འབེབས་པའི་དུས་སུ། སློབ་མ་དེ་ཉིད་རྡོ་རྗེ་གསུམ་ནི་ༀ་ལ་སོགས་པ་གསུམ་ཡིན་ལ། དེས་མཚོན་ནས་མངོན་བྱང་ལྔ་ལས་བྱུང་བའི་རྣམ་པར་སྣང་མཛད་དེ། རྡོ་རྗེ་འཆང་ཆེན་པོར་བསྐྱེད་དེ། དེའི་སྦྱོར་བས་ཏེ། དེ་ཡོངས་སུ་གྱུར་པ་ལས་ཞི་སྡང་རྡོ་རྗེར་བསམ་ལ། ཡི་གེ་ཨ་འོད་ཟེར་དམར་པོ་དང་བཅས་པ་ལུས་ངག་སེམས་ཏེ་ཡན་ལག་ཀུན་ལ་བསྒོམས་ནས་དབབ་པའི་ཆོ་ག་བཞིན་དུ་བྱས་ན། དབབ་པའི་རྡོ་རྗེས་འཛིན་པར་བྱེད་པ་སྡེ་བདག་གིས་བྱེད་པར་འགྱུར་རོ། ཇི་ལྟར་ཞེ་ན་རྒྱལ་ཆེན་འོག་དཔག་ཏུ་མེད་པ་དང་། རྡོ་རྗེ་སེམས་དཔའ་མི་བསྐྱོད་པ་དང་། གྲགས་ཆེན་རྣམ་པར་སྣང་མཛད་དང་སྐུ་གསུང་ཐུགས་ཀྱི་དམ་ཚིག་སྟེ། སློབ་མའི་ལུས་ལ་སོགས་པའི་ཡུལ་རྣམས་ལ་རྗེས་སུ་འཇུག་པར་མཛད་པའི་སྒོ་ནས་བྱིན་གྱིས་བརླབ་པར་རབ་ཏུ་སྩོལ་ལོ། །དབབ་པ་བྱས་པ་དེ་ལ་འདི་ནི་དེའི་ཡན་ལག་ཏུ་གྱུར་པ་དཀྱིལ་འཁོར་ཆེན་པོར་འཇུག་པར་བྱ་བའི་ཕྱིར་རྡོ་རྗེའི་ཚིག་ཡིན་ནོ། །དེ་གང་ཞེ་ན། ཨ་ཁཾ་ཞེས་སོགས་ཏེ། ཨ་ཁཾ་ཝི་ར་ཧཱུྃ་ཡ་མན་ཏ་ཀྲིད་ཅེས་བརྗོད་པས། དཀྱིལ་འཁོར་གྱི་སྒོ་བཞི་ནས་སློབ་མ་བཅུག་སྟེ་ཡེ་ཤེས་དབབ་པར་བྱའོ། སྔགས་ཀྱི་རྒྱལ་པོ་འདི་ནི། དམ་ཚིག་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལུས་ངག་སེམས་ཀྱི་སྙིང་པོ་སྟོན་པར་བྱེད་པའི་ཡི་གེའོ། །དབང་བསྐུར་བའི་ཆོ་ག་གསོལ་གདབ་དང་བཅས་པ་ནི། དཀྱིལ་འཁོར་གྱི་ཆོ་ག་དེ་ལ། འོག་ནས་འབྱུང་བ་འདི་ནི་རྡོ་རྗེ་ཆེན་པོ་སྡེ་དབང་བསྐུར་བྱའི་སློབ་མ། དབང་བསྐུར་བར་བྱེད་པའི་གསང་བའི་ཡེ་ཤེས་སྦ་བར་བྱ་བས་ན་གསང་བའོ། །དེ་ཡང་དཀྱིལ་འཁོར་སྒྲུབ་པའི་དུས་སུ་གནོད་མཛེས་ཀྱིས་བཀུག་པའི་སངས་རྒྱས་ཀུན་གྱིས་ཏེ། རྣམ་སྣང་ལ་སོགས་པའི་ཡེ་ཤེས་ཀྱི་འཁོར་ལོ་ཡིས་ནམ་མཁའི་ཁམས་ཡོངས་སུ་གང་བར་བསྒོམ་ལ། རྡོ་རྗེའི་རིགས་ཏེ་སློབ་དཔོན་གྱིས་སིལ་སྙན་ཏེ་སྒྲ་དང་དྲི་ལ་སོགས་པ་འདོད་ཡོན་ལྔས་དེ་དག་ལ་མཆོད་ནས། དེའི་འོག་ཏུ་བདག་ཉིད་ཀྱིས་བྲིས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་རིམ་པ་ཇི་ལྟ་བ་བཞིན་དུ་བསྟིམ་པར་བྱའོ། །འདིས་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་དང་། ཡེ་ཤེས་ཀྱི་འཁོར་ལོ་བསྲེ་བ་བསྟན་ནོ། །རྡུལ་ཚོན་གྱི་དཀྱིལ་འཁོར་དང་། འབྱིན་པའི་དཀྱིལ་འཁོར་བསྲེ་བ་སྟོན་པ་ནི། བརྡེག་པ་སྟེ་བསྐུལ་བར་བྱའོ། །སུ་ཞིག་གིས་ན། བརྟུལ་ཞུགས་ཅན་གྱི་སློབ་དཔོན་གྱིས་སོ། །གང་གི་ཕྱིར་ཞེ་ན། སློབ་མ་ལ་དབང་བསྐུར་བར་བྱ་བའི་ཕྱིར་དུའོ། །ཐབས་གང་གིས་ཤེ་ན། རྡོ་རྗེ་གསུམ་སྔགས་ཀྱིས་ཏེ་བདག་ཉིད་རང་གི་ཕྱག་རྒྱ་དང་ལྷན་ཅིག་སྙོམས་པར་ཞུགས་པ་ལས་བྱུང་བའི་ཡུངས་དཀར་ཏེ་བྱང་ཆུབ་ཀྱི་སེམས་ཀྱི་ཐེག་ལེ་རྣམས་ཀྱིས་སོ། །ཚུལ་ཇི་ལྟར་ན། ཕྱག་རྒྱའི་ཆོས་འབྱུང་དུ་བྱང་ཆུབ་ཀྱི་སེམས་ལས་ལྷ་སུམ་ཅུ་རྩ་གཉིས་བསྐྱེད་དེ། སྤྲོས་བསྡུས་ནས། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་གནས་ཇི་ལྟ་བ་བཞིན་དུ་བསྟིམ་པའི་ཚུལ་གྱིས་སོ། །དེ་ལྟར་བསྐུལ་བ་དེས་ཅི་ཞིག་བྱེད་ཅེ་ན། དུས་དེའི་ཚེ་དེ་བཞིན་གཤེགས་པ་རྣམས་བསྐུལ་བ་ན་བདག་ཉིད་ཉེ་བར་བྱོན་ནས། སློབ་མ་དེ་ལ་དབང་བསྐུར་ཞིང་བྱིན་གྱིས་རློབ་པ་སྩོལ་བར་འགྱུར་རོ། །འདི་ལ་རྗེས་འགོས། གསང་བའི་དབང་བསྐུར་བར་བཞེད་ལ། མ་ར་རྡོ་རྗེ་སློན་དཔོན་གྱི་དབང་བསྐུར་བར་བཞེད་ཅིང་། ཁ་ཅིག་སྟེ་བུ་སྟོན་པ།སློབ་མ་སྣོད་དུ་རུང་བར་བྱ་བའི་ཕྱིར་ནང་གི་དབང་བསྐུར་བ་བསྟན་ཅེས་འཆད་ཀྱང་། དེ་དག་གཞུང་གི་དོན་དུ་མི་མངོན་ནོ། །དབང་བསྐུར་བའི་ཆོ་ག་དངོས་བསྟན་པ་ནི། ཐུགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་དབང་དུ་བྱས་ནས། སློབ་དཔོན་བདག་ཉིད་རྡོ་རྗེ་སེམས་དཔའ་སྟེ་མི་བསྐྱོད་པའི་ཏིང་ངེ་འཛིན་ལ་གནས་ནས། ཆུའི་དབང་བསྐུར་བ་ལ་སོགས་པའི་དུས་སུ་བུམ་པའི་ནང་དུ་ཆུད་པའི་སངས་རྒྱས་ཏེ། རྣམ་སྣང་ལ་སོགས་པའི་དེ་བཞིན་གཤེགས་པ་རིགས་ལྔ་བསྒོམ་པར་བྱ་ཞིང་། དེ་ལྟར་བསྒོམས་ནས། དེ་དག་ཞུ་བ་ལས་བྱུང་བའི་ཆུས་གང་བའི་བུམ་པ་སྤྱན་མ་ལ་སོགས་པ་ལྷ་མོ་རྣམས་ཀྱིས་གཟུང་བར་མཁས་པས་ཏེ་རྡོ་རྗེ་སློབ་དཔོན་གྱིས་བསྒོམ་པར་བྱའོ། །དེའི་འོག་ཏུ་ཅི་ཞིག་བྱ་ཞེ་ན། ཐོག་མར་ཆུའི་དབང་བསྐུར་བ་ན་སློབ་མ་རྣམ་སྣང་དུ་བསྐྱེད་པ་སྟོན་པ་ནི། སློབ་མ་བློ་བརྟན་པས་ཏེ། སེམས་རྩེ་གཅིག་ལ་རྡོ་རྗེ་རྣམ་པར་སྣང་མཛད་དུ་གྱུར་པར་བསམ་ལ། ལུས་དང་ངག་སེམས་རྡོ་རྗེ་ཅན་ཏེ་སློབ་མའི་ལུས་ཀྱི་དཀྱིལ་འཁོར་ལ། སྔགས་ཏེ་ལྷ་བསྐྱེད་པའི་ས་བོན་ཤེས་པས། ས་བོན་སུམ་ཅུ་རྩ་གཉིས་གནས་ཇི་ལྟ་བ་བཞིན་དུ་འགོད་པར་བྱའོ། །དེ་ནས་ཅི་ཞིག་བྱ་ཞེ་ན། དེ་ལ་འོག་ནས་བཤད་པ་འདི་ནི་དཀྱིལ་འཁོར་ཐམས་ཅད་དུ་དབང་བསྐུར་བ་ཐམས་ཅད་ཀྱིས་སྦ་བར་བྱ་བས་ན་གསང་བ། ཐུགས་ཀྱི་དཀྱིལ་འཁོར་ལ་སོགས་པར་དབང་བསྐུར་བ་སྩོལ་བའི་སློབ་དཔོན་ཐམས་ཅད་ཀྱི་སློབ་མའི་དོན་དུ་རྡོ་རྗེ་ཚིག་ཏུ་སྨྲ་བར་བྱ་བའོ། །དེ་གང་ཞེ་ན། སངས་རྒྱས་ཞེས་སོགས་ཏེ། འདི་ཚིག་ཏུ་བརྗོད་པས་སློབ་མ་ལ་དབང་བསྐུར་བར་བྱའོ། །ཞེས་པའོ། །སངས་རྒྱས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་སྔར། རྡོ་རྗེ་སྟེ་དོར་བྱ་མ་ཡིན་པའི་དབང་བསྐུར་ཆེན་པོ་སྟེ། ཁམས་གསུམ་གྱི་རྒྱལ་པོར་བཞག་པས་ཏེ། དེ་ངས་དེང་སྦྱིན་པར་བྱ་ཡི་ཁྱོད་ཀྱིས་ཀྱང་འདི་ལ་ནན་ཏན་དུ་བྱའོ། །ཞེས་སློབ་མ་དབུགས་དབྱུང་བའོ། །དབང་བསྐུར་བ་དེ་ཁྱད་པར་ཇི་ལྟ་བུ་ཞེ་ན། ཁམས་གསུམ་དག་གིས་ཕྱག་བྱས་པའི་རྡོ་རྗེ་གསང་བ་གསུམ་ནི། རྡོ་རྗེ་འཆང་ཆེན་པོ་སྟེ། དེ་ལས་བྱུང་བའི་དེའི་རིགས་སུ་སྐྱེས་པ་སྟེ་རྡོ་རྗེ་འཆང་ཆེན་པོའི་རྒྱལ་ཚབ་ཏུ་བཞག་པའོ། །དེ་ལ་འོག་ནས་འབྱུང་བ་འདི་ནི་རིགས་ཀྱི་དབྱེ་བས་གནས་པའི་སློབ་མ་ཐམས་ཅད་ཀྱིས་དེ་སྐད་གསུང་བ་ཅན་གྱི་རྡོ་རྗེ་ཆེན་པོ་སྟེ། རྡོ་རྗེ་སློབ་དཔོན་ལ་གསོལ་བ་གདབ་པར་བྱ་བའི་ཆོ་ག་གསང་བའོ། །དེ་གང་ཞེ་ན། བྱང་ཆུབ་རྡོ་རྗེ་ཞེས་སོགས་སོ། །དབང་གི་སྔོན་རོལ་ཏུ་རྡོ་རྗེ་སློབ་དཔོན་ལ་ཚིག་འདི་ཉིད་ཀྱིས་གསོལ་བ་གདབ་ཅེས་པའོ། །
བྱང་ཆུབ་རྡོ་རྗེ་སྟེ་རྡོ་རྗེ་འཆང་ཆེན་པོས་སངས་རྒྱས་ཏེ། མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ལ་མཆོད་ཆེན་ཏེ་དབང་བསྐུར་ཆེན་པོ་རྣམ་པ་གང་གིས་ཇི་ལྟར་བསྩལ་བ་དེ་བཞིན་དུ། བདག་ཀྱང་འཁོར་བའི་རྒྱ་མཚོ་ལས་བསྒྲལ་བའི་ཕྱིར་ནམ་མཁའི་རྡོ་རྗེ་སྟེ་རྡོ་རྗེ་འཆང་ཆེན་པོ་དང་མཉམ་པའི་དབང་བསྐུར་བ་དེང་སྟེ། ད་ལྟ་བདག་ཁྱེད་ལ་སྐྱབས་སུ་མཆི་བ་ལ་སྩོལ་ཞིང་གནང་བར་ཞུ་ཞེས་པའོ། །དེ་ལྟར་གསོལ་བ་བཏབ་པ་དེའི་ཚེ། སློབ་མ་དེ་ལ་གསོལ་བ་བཏབ་པས་ཡི་རངས་པར་གྱུར་པའི་བླ་མས། དབང་བསྐུར་བར་དགེས་ནས་སྩོལ་ཞིང་འབྱིན་པར་མཛད་དོ། །དཀྱིལ་འཁོར་བསྟན་པ་སྔོན་དུ་འགྲོ་བས་དམ་ཚིག་བསྒྲག་པ་ནི། དེ་ལྟར་ཆུ་ལ་སོགས་པའི་ཐུན་མོང་གི་དབང་དགུ་བསྐུར་ཏེ། དེའི་འོག་ཏུ་ལྷའི་གཟུགས་ཏེ། ཕྱི་རོལ་གྱི་དཀྱིལ་འཁོར་གྱི་སྦྱོར་བ་ཡིས་ཏེ། ཕྱི་རོལ་གྱི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་སློབ་མའི་ལུས་ཀྱི་དཀྱིལ་འཁོར་ལ་འགོད་པར་བྱའོ། །རྒྱུ་དེས་ན་སྙིང་ཁར་དཀྱིལ་འཁོར་གྱི་བདག་པོ་བཞག་པར་བྱ་ཞིང་། སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་ལྷ་གཞན་དང་གཞན་འགོད་པར་བྱའོ། །དེ་ལྟར་དཀྱིལ་འཁོར་གྱི་བདག་ཉིད་དུ་བྱས་པའི་རྡོ་རྗེ་སློབ་མ་བློ་ལྡན་ལ། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་། ལྷའི་དེ་ཁོ་ན་ཉིད་བསྟན་པར་བྱ་ཞིང་། དེའི་འོག་ཏུ་སངས་རྒྱས་ཀུན་གྱིས་གསུངས་པའི་འདའ་བར་མི་བྱ་བའི་དམ་ཚིག་ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པའི་གསང་བ་བསྒྲག་པར་བྱའོ། །དེ་གང་ཞེ་ན། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །ཞེས་སོགས་ཏེ། དམ་ཚིག་བཞི་པོ་འདི་དག་ནི་ལེའུ་དགུ་པ་ལས་བཤད་པ་ལྟར་དྲང་དོན་དང་ངེས་དོན་གཉིས་ཀྱིས་ཤེས་པར་བྱ་སྟེ། དེ་ལ་དྲང་དོན་དུ་སྲོག་ཆགས་གསད་པ་ནི། ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་གྱིས། མ་དད་པར་སྨྲ་བ་ལ་སོགས་པ་དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་གསོད་པའོ། །ངེས་དོན་གྱི་གསད་པ་ནི་སྒྱུ་ལུས་བསམ་གཏན་གཉིས་ཀྱིས་འོད་གསལ་དུ་བཅུག་པའོ། །དྲང་དོན་དུ་རྫུན་ཚིག་སྨྲ་བ་ནི། དོན་ཡོད་གྲུབ་པའི་ཏིང་ངེ་འཛིན་གྱིས་གཞན་མི་དགེ་བ་ལས་བཟློག་ཅིང་། དགེ་བ་ལ་འཇུག་པའི་དོན་དུ་རྫུན་སྨྲ་བའོ། །ངེས་དོན་དུ་རྫུན་སྨྲ་བ་ནི། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་ནས། ཆོས་ཐམས་ཅད་རྫུན་པ་སླུ་བ་སྒྱུ་མ་ལྟ་བུར་བསྟན་པའོ། །དྲང་དོན་དུ་མ་བྱིན་པར་ལེན་པ་ནི། རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་ལ་གནས་ནས། སེར་སྣ་ཅན་གྱི་ནོར་འཕྲོག་པའོ། །ངེས་དོན་དུ་མ་བྱིན་པར་ལེན་པ་ནི། སྒྱུ་ལུས་འོད་གསལ་དུ་བཅུག་སྟེ། སྟོབས་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་རང་སྟོབས་ཀྱིས་ལེན་པའོ། །དྲང་དོན་གྱིས་ཕ་རོལ་གྱི་བུད་མེད་བསྟེན་པ་ནི་འོད་དཔག་ཏུ་མེད་པའི་ཏིང་ངེ་འཛིན་གྱིས་འདོད་པ་སྤྱད་པས་འདུལ་བའི་བུད་མེད་ལ་འདོད་པ་སྤྱོད་པའོ། །ངེས་དོན་གྱི་འདོད་པ་སྤྱོད་པ་ནི། ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས། གཉིས་སུ་མེད་པར་སྦྱོར་བའོ། །དེ་ལ་དྲང་དོན་གྱི་དམ་ཚིག་བཞི་ནི་བུམ་དབང་གི་དམ་ཚིག་ཡིན་ལ། ངེས་དོན་གྱི་དམ་ཚིག་བཞི་ནི། གསང་དབང་གི་དམ་ཚིག་ཡིན་ནོ། །དེ་ལྟར་བཤད་མ་ཐག་པའི་རྡོ་རྗེའི་ལམ་སྟེ་མི་ཕྱེད་པའི་ཏིང་ངེ་འཛིན་འདི་དག་གིས། སེམས་ཅན་ཐམས་ཅད་དེ་རྡོ་རྗེ་སློབ་མ་རྣམས་བསྐུལ་བར་བྱ་སྟེ། ལམ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་འདའ་བར་དཀའ་བའི་དམ་ཚིག་དང་སྡོམ་པའོ། །ཇི་ལྟ་བུ་ཞེ་ན། མཆོག་ཏུ་བརྟག་པ་སྟེ་ཐོག་མ་དང་ཐ་མ་མེད་པའི་དུས་ཅན་ནོ་ཞེས་ཀྱང་གསུངས་སོ། །སྔགས་དང་གསང་དབང་སྦྱིན་པ་སྔོན་དུ་འགྲོ་བའི་སྤྱོད་པའི་དམ་ཚིག་ལུང་འབོག་པ་ནི། དམ་ཚིག་དང་སྡོམ་པ་འཛིན་པའི་སློབ་མ་ལ་བླ་མས་ཁྱོད་དངོས་གྲུབ་ཅི་འདོད་ཅེས་དྲི་བར་བྱའོ། །བདག་མཆོག་གམ་ཐུན་མོང་གི་དངོས་གྲུབ་འདི་དང་འདི་འཚལ་ལོ་ཞེས་སྔགས་ཀྱི་དོན་དུ་དེར་བསྐུལ་བར་སྨྲ་བའི་སློབ་མ་དེ་ལ། སློབ་དཔོན་གྱིས་དེའི་བསམ་པ་ཤེས་པར་བྱས་ནས། དངོས་གྲུབ་དེ་དང་དེ་སྒྲུབ་པར་བྱེད་པའི་སྔགས་ཀྱང་སྦྱིན་པར་བྱ་ཞིང་སྔགས་ཀྱི་རྒྱལ་པོའི་ཏིང་ངེ་འཛིན་ཏེ། སྔགས་དེ་དང་རྗེས་སུ་མཐུན་པའི་རྣལ་འབྱོར་ཀྱང་སྦྱིན་པར་བྱའོ། །བུམ་པའི་དབང བསྐུར་བ་རྫོགས་པའི་རྗེས་དེ་ནས། གསང་བའི་དབང་བསྐུར་བ་སྐབས་སུ་བབ་པ་ན་དངོས་གྲུབ་ཀྱི་དོན་དུ་སྦྱིན་པ་བསྩལ་པར་བྱའོ། །དེ་ཉིད་བསྟན་པ་ནི། ཁུ་བའམ་ཡང་ན་བཤང་བའང་རུང་། །ཞེས་པའམ་ཞེས་པས་བདུད་རྩི་ལྷ་མ་གསུམ་བཟུང་སྟེ། སློབ་དཔོན་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལས་བྱུང་བའི་ཁུ་བ་བདུད་རྩི་གཞན་རྣམས་དང་བསྲེས་པ་ཆོ་ག་བཞིན་དུ་སྦྱང་བ་ལ་སོགས་པའི་ཆོ་གས་བདུད་རྩིར་བྱས་ནས། ཡི་གེ་གསུམ་གྱི་སྔགས་ཏེ་རྡོ་རྗེའི་བློས་ཏེ། རྡོ་རྗེ་སློབ་དཔོན་གྱིས་སློབ་མ་བཟར་གཞུག་ཅིང་སྦྱིན་པར་བྱའོ། །དེ་ལས་ཅིར་འགྱུར་ཞེ་ན། འོན་ཀྱང་མངོན་པར་འདོད་པའི་དངོས་གྲུབ་རྙེད་པར་མི་དཀའོ། །དྲན་པ་གཅིག་པའི་ཏིང་ངེ་འཛིན་མཐར་ཕྱིན་པ་ན། སྤྱོད་པའི་ཆོ་ག་འདི་ལྟར་གྱིས་ཤིག་ཅེས་གནང་བ་སྦྱིན་པ་ནི། ས་དང་ཆུ་དང་མེ་དང་རླུང་སྟེ་འདིས་གསང་དབང བསྟན་གསུང་རྣམ་པ་འདི་བཞི་གསང་བ་ཆེན་པོ་སྟེ། གང་གིས་ཞེ་ན། རྡོ་རྗེ་ཅན་ཏེ་ཐེག་པ་གསར་པ་ལ་ཞུགས་པའི་སྔགས་པ་ཀུན་གྱིས་གཞན་ལ་བསྟན་པར་མི་བྱ་བའི་གསང་བའོ། །དེ་དག་གང་ཞེ་ན། སྔགས་ཀྱི་འཁོར་ལོ་སྟེ་དེ་བཞིན་གཤེགས་པ་རྣམས་སྤྱན་མ་ལ་སོགས་པ་བུད་མེད་ཀྱི་གཟུགས་གཟུང་བའོ། །ཅིའི་ཕྱིར་དུ་ཞེ་ན། སེམས་ཅན་རྣམས་ཀྱི་ཞི་བ་ལ་སོགས་པའི་དོན་སྤྱོད་པའི་ཕྱིར། རྣམ་སྣང་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་སྐྱེས་པའི་གཟུགས་མི་སྣང་བར་མཛད་ནས། ས་ལ་སོགས་པའི་རང་བཞིན་གྱི་སྤྱན་མ་ལ་སོགས་པའི་གཟུགས་སུ་གནས་པའོ། །དེ་བས་ན་སྤྱན་མ་ལ་སོགས་པར་བྱིན་གྱིས་བརླབས་པའི་ཕྱག་རྒྱ་རྣམས་ནི། དེ་བཞིན་གཤེགས་པ་རྣམས་བུད་མེད་ཀྱི་གཟུགས་བཟུང་བ་ཡིན་པས་དེ་དག་ལ་ལོངས་སྤྱོད་ཅིག་པའོ། །བདུད་རྩི་ལྔ་ལ་ལོངས་སྤྱོད་ཅིག་པའི་རྗེས་གནང་སྦྱིན་པ་ནི། དེ་ལས་ཏེ་དམ་ཚིག་སྦྱིན་པའི་དུས་སུ་འོག་ནས་བཤད་པ་འདི་ནི། རྡོ་རྗེ་སྟེ་ཐུགས་ཀྱི་དཀྱིལ་འཁོར་བ་ཐམས་ཅད་ཀྱི་སྔགས་ཏེ་ལྷ་རྣམས་མཉེས་པར་བྱ་བའི་གསང་བའོ། །དེ་གང་ཞེ་ན། གླང་པོའི་ཤ་ཞེས་སོགས་ཏེ། ཤ་འདི་དག་བདག་ཉིད་ཀྱང་བཟའ་བར་བྱ་ཞིང་སྔགས་ཏེ་ལྷ་རྣམས་ལ་སྦྱིན་སྲེག་དང་གཏོར་མའི་ཚུལ་གྱིས་དབུལ་བར་བྱའོ། །
དེ་ལས་ཕན་ཡོན་ཅི་འཐོབ་ཅེ་ན། དེ་ལྟར་བྱས་ན་མགོན་པོས་ཏེ། ལྷ་རྣམས་མཉེས་ཤིང་མངོན་པར་འདོད་པའི་འབྲས་བུ་སྩོལ་བར་འགྱུར་རོ། །རྟག་ཏུ་ཚོགས་ཀྱི་འཁོར་ལོ་བྱའོ་ཞེས་གནང་བ་སྦྱིན་པ་ནི། དབང་བསྐུར་བ་ཐོབ་པའི་རྡོ་རྗེ་སློབ་མ་ལ། མཁས་པས་ཏེ་རྡོ་རྗེ་སློབ་དཔོན་གྱིས། དཀྱིལ་འཁོར་ཏེ་ཚོགས་ཀྱི་འཁོར་ལོ་རབ་ཉིན་རེའམ། འབྲིང་ཟླ་བ་རེ། ཐ་མ་ལོ་རེ་ལ་བྱ་བའི་ཚུལ་བསྟན་ཅིང་ལུང་དབོག་པར་བྱའོ། །ཚོགས་ཀྱི་འཁོར་ལོ་ཇི་ལྟ་བུ་ཞེ་ན། བཤང་གཅི་ལ་སོགས་པ་བདུད་རྩི་ལྔ་དང་། གླང་པོ་ལ་སོགས་པའི་ཤ་ལྔ་དང་། བྱ་བ་སྟེ་འཇིག་རྟེན་པའི་བཟའ་བྱ་དང་། བཏུང་བྱ་མ་ཡིན་པར་གྲགས་པ་དག་དང་། རྡོ་རྗེ་གསང་བའི་དམ་ཚིག་སྟེ། དབང་པོ་གཉིས་མཉམ་པར་སྦྱོར་བ་དང་། གླུ་དང་གར་ལ་སོགས་པ་འདི་དག་གིས་རྣལ་འབྱོར་ཕོ་མོ་སྡུག་པ་རྣམས་ལྷན་ཅིག་ཏུ་འདུས་ཏེ་ལོངས་སྤྱོད་པ་འདི་ནི་ཚོགས་ཀྱི་འཁོར་ལོའོ། །བདུད་རྩི་ལ་སོགས་པའི་བཟའ་བ་ལ་ཉེ་བར་ལོངས་སྤྱོད་པའི་དུས་སུ། སྔགས་རྣམས་ཀུན་གྱི་དང་པོ་ཡིག་གེ་ༀ་གྱིས་སྦྱང་བ་དང་། སྦར་བར་བྱ་བར་བསྒོམས་ན་དེ་མ་ཐག་ཏུ་མངོན་སུམ་དུ་འབར་བར་འགྱུར་རོ། །ཞེས་བཅོམ་ལྡན་འདས་རིག་པའི་སྐྱེས་བུ་ཆེན་པོ་སྟེ་རྡོ་རྗེ་འཆང་ཆེན་པོ་དེ་སྐད་ཅེས་བཀའ་བསྩལ་ཏོ། །དངོས་གྲུབ་ཀྱི་ཆོ་ག་ལ་གཉིས་ལས། དབང་བསྐུར་བའི་ཕན་ཡོན་གྱི་ཚུལ་གྱིས་དངོས་གྲུབ་ཀྱི་མཚན་ཉིད་མདོར་བསྟན་པ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྒྲུབ་པར་བྱ་བ་ལ། དབང་བསྐུར་ལས་གཞན་པའི་ཐབས་འགའ་ཞིག་ཀྱང་ཡོད་དམ་ཞེ་ན། ཞི་བ་ལ་སོགས་པའི་དངོས་གྲུབ་ཕྲ་མོ་ཐམས་ཅད་སྒྲུབ་པ་དང་། དམ་ཚིག་ཆེན་པོ་སྟེ་རིལ་བུ་ལ་སོགས་དངོས་གྲུབ་ཆེན་པོ་བརྒྱད་སྒྲུབ་པ་ལ་ཡང་། དབང་བསྐུར་སྔོན་དུ་སོང་བའི་ཐབས་ཀྱིས་བསྒྲུབ་པར་བྱའི་གཞན་གྱིས་མ་ཡིན་ལ། ནན་ཏན་དུ་སྟེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་འབད་པས་བསྒྲུབ་པར་བྱ་བ། སངས་རྒྱས་བྱང་ཆུབ་སྟེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དག་ཀྱང་དབང་བསྐུར་སྔོན་དུ་སོང་བའི་ཐབས་ཀྱིས་བསྒྲུབ་པར་བྱའི། ཐབས་གཞན་གྱིས་མ་ཡིན་ནོ། །དེ་ཉིད་གསལ་བར་བྱེད་པ་ནི། མི་སྣང་བ་དང་། སྟོབས་དང་། བརྩོན་འགྲུས་དང་། རྡོ་རྗེ་དགུག་པ་སྟེ་རྒྱལ་པོ་ལ་སོགས་པ་བསྒྲུབ་བྱ་དཀའ་བ་འགུགས་པ་དག་ཀྱང་དབང་བསྐུར་སྔོན་དུ་སོང་བའི་ཐབས་ཀྱིས་བསྒྲུབས་ན། རྡོ་རྗེ་སྐུ་སྟེ་རྡོ་རྗེ་འཆང་ཆེན་པོའི་བཀའ་བཞིན་དུ་དཀྱིལ་འཁོར་དེ་དག་གིས་ཏེ་སྒྲུབ་པ་པོ་རྣམས་ཀྱིས་ཐམས་ཅད་འགྲུབ་པར་འགྱུར་གྱི། གཞན་གྱིས་མ་ཡིན་ནོ། །དངོས་གྲུབ་ཀྱི་ཆོ་ག་རྒྱས་པར་བཤད་པ་ལ་བཅུ་ཡོད་པའི་རིལ་བུའི་སྒྲུབ་པ་ནི། འདི་ནི་སྤྱོད་པའི་དམ་ཚིག་ཏུ་བསྟན་པ་ཡིན་ཏེ། དེ་ཡང་བཤང་གཅི་ལ་སོགས་པའི་བདུད་རྩི་ལྔ་དང་། ཤ་ཆེན་ལ་སོགས་པའི་ཤ་ལྔ་དང་ཆ་མཉམ་པར་བྱས་ནས། ཕྱེ་མར་བྱས་ཏེ། མར་ངོའི་ཚེས་བརྒྱད་དམ་བཅུ་བཞི་ལ། རིལ་བུ་བྱས་ལ་གྲིབ་མ་ལ་བསྐམ་ལ། ཁམ་ཕོར་སྦྱར་མ་སྟེ་ཐོད་པ་ཁ་སྦྱར་གྱི་ནང་དུ་བཞག་ལ། ཉི་མ་རེ་རེ་ཞིང་སྐྱ་རེངས་འཆར་བའི་དུས་སུ་རིལ་བུར་རེ་ཟོས་ན། སངས་རྒྱས་ཀུན་ཏེ་གྲུབ་ཐོབ་རྣམས་དང་ལྷན་ཅིག་འཁོད་པ་སྟེ་དེ་དག་དང་འདྲ་བར་མཁའ་ལ་འཕུར་བ་དང་། ཚེ་བསྐལ་པར་ཐུབ་པ་ལ་སོགས་པའི་ཡོན་ཏན་ཐོབ་པར་འགྱུར་རོ། །མངག་གཞུག་པ་བསྒྲུབ་པ་ལ་གཉིས་ཀྱི། བསྡུས་པའི་དོན་ནི། འདིའི་དགོས་པ་ནི། མངག་གཞུག་པ་བསྒྲུབས་པས་འགྲུབ་ན། འཇིག་རྟེན་པའི་དངོས་གྲུབ་ཞི་བ་ལ་སོགས་པའི་ཕྲིན་ལས་གང་དང་གང་བསྒོ་བ་བྱེད་པར་འགྱུར་བ་དང་། འདས་པའི་དངོས་གྲུབ་སྒྲུབ་པ་ལ། མངག་གཞུག་པ་འཁོར་དང་བཅས་པ་དེ་དག་གིས། བདག་སངས་རྒྱས་ཀྱི་ཞིང་ཁམས་སུ་ཁྲིད་ནས་སངས་རྒྱས་ཀྱི་གདམ་ངག་བསྟན་པ་ཙམ་གྱིས་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱེད་པའོ། །དེ་ཡང་དྲན་པ་གཅིག་པ་མཐར་ཕྱིན། ཕྲ་མོའི་རྣལ་འབྱོར་གྱིས་སེམས་སྦྱངས། རིག་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་བྱང་བར་ཟླ་བ་དྲུག་ཏུ་བསླབས་པའི་བསྙེན་པ་ལས་སུ་རུང་བས། མངའ་གཞུག་པ་བསྒྲུབ་ན། ཉམས་དགའ་བའི་རི་ལ་སོགས་པའི་གནས་སུ། ལྷ་སོ་གཉིས་པོ་ཐམས་ཅད་རིགས་གསུམ་དུ་འདུས་པས་ན། མི་བསྐྱོད་པ་དང་མི་བསྐྱོད་པའི་རིགས་ཀྱི་རྣལ་འབྱོར་པས་མངའ་གཞུག་པ་གནོད་མཛེས་སྒྲུབ་པ་དང་། འོད་དཔག་མེད་དང་དེའི་རིགས་ཀྱི་རྣལ་འབྱོར་པས་རྟ་མགྲིན་དང་། རྣམ་སྣང་དང་དེའི་རིགས་ཀྱི་རྣལ་འབྱོར་པས་གཤིན་རྗེ་གཤེད་བསྒྲུབ་པར་བྱ་བ་ཡིན་ནོ། །རིགས་གསུམ་པས་གཙོ་བྱས་པའི་རང་གི་དཀྱིལ་འཁོར་རྒྱལ་མཆོག་གི་བར་དུ་བསྐྱེད་པའི་རྟེན་དེ་དག་ལ་གནས་ཏེ། ལས་རྒྱལ་མཆོག་ནི། རང་རང་གི་གཞལ་ཡས་ཁང་གི་ནང་གི་བར་སྣང་ལ། རྣམ་སྣང་གི་རྣལ་འབྱོར་པས་རིགས་ཀྱི་གདན་ཟླ་བའི་སྟེང་དུ་ཁྲོ་བོའི་གདན་ཉི་མ་ལ་ཧྲི་བསྒོམ། འོད་དཔག་མེད་ཀྱི་རྣལ་འབྱོར་པས་རིགས་ཀྱི་གདན་པད་མ་ལ། ཁྲོ་བོའི་གདན་ཉི་མའི་སྟེང་དུ་ཧྲི་བསྒོམ། མི་བསྐྱོད་པའི་རྣལ་འབྱོར་པས་རིགས་ཀྱི་གདན་ཉི་མ་ལ་ཁྲོ་བོའི་གདན་ཉི་མའི་སྟེང་དུ་ཧྲི་བསྒོམ་པར་བྱའོ། །དེ་ནས་རང་རང་གི་ཏིང་ངེ་འཛིན་སེམས་དཔའ་ལས་འོད་འཕྲོས་པས། རང་རང་གི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསུམ་སྤྱན་དྲངས་ལ། རྣམ་སྣང་གིས་གཙོ་བྱས་པའི་དཀྱིལ་འཁོར་ཧྲི་ལ་བསྟིམས་པས་དེ་ཁྃ་དུ་གྱུར་པ་ལས་གཤིན་རྗེ་གཤེད་བསྐྱེད། འོད་དཔག་མེད་ཀྱིས་གཙོ་བྱས་པའི་དཀྱིལ་འཁོར་ཧྲི་ལ་བསྟིམས་པས་ཨ་རུ་གྱུར་པ་ལས་རྟ་མགྲིན་བསྐྱེད། མི་བསྐྱོད་པས་གཙོ་བྱས་པའི་དཀྱིལ་འཁོར་ཧྲི་ལ་བསྟིམས་པས་དྷི་རུ་གྱུར་པ་ལས་གནོད་མཛེས་བསྐྱེད་ལ། དེ་དག་གི་སྤྱི་བོ་དང་། ལྐོག་མ་དང་། སྙིང་ཁར་ཧཱུྃ་ཨཱཿཧཱུྃ་བཀོད་ལ། དེ་དག་འཁོར་དང་བཅས་པ་ལ་དམ་ཚིག་བཞིས་བཀའ་བསྒོ་ན་གང་དང་གང་འདོད་པ་དེ་དབང་བྱེད་པར་འགྱུར་རོ། །དེ་ཡང་རྣམ་སྣང་གི་རྣལ་འབྱོར་པས། གཤིན་རྗེ་གཤེད་བསྒྲུབས་ནས་སངས་རྒྱས་ཀྱི་ཞིང་ཁམས་སུ་འཁྲིད་པ་ལ་མཚོན་ན། དམ་ཚིག་བསྐུལ་བ་ནི་ༀ་ཨཱཿཧཱུྃ་ཟློས་པའོ། །དེ་ཡང་དམ་ཚིག་བོད་པ་ནི་ༀ་ཨཱཿཧཱུྃ་ཡ་མན་ཏ་ཀྲིད་ཅེས་མིང་དང་སྦྱར་ནས་ཟློས་པའོ། །དམ་ཚིག་གཏོང་བ་ནི། ༀ་ཨཱཿཧཱུྃ་ཡ་མན་ཏ་ཀྲིད་མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ་བུདྡྷ་ཁྲེ་ཏ་ན་ཡ་ཏི། ཞེས་པ་ནི། སངས་རྒྱས་ཀྱི་ཞིང་ཁམས་སུ་ཁྲིད་ཅིག་ཅེས་པ་སྟེ། བསྐུལ་ཚིག་བཏགས་ནས་བཟླས་པའོ། །དམ་ཚིག་བཅིང་པ་ནི། འབྲུ་གསུམ་དང་། གཙོ་འཁོར་གཉིས་དང་། མིང་དང་སྐུལ་ཚིག་གི་མཐར་ཨཱྃ་བཏགས་ནས་ཟློས་པ་སྟེ། དེ་ལས་གང་བསྒྲུབ་དེ་འཆུག་མེད་དུ་བྱེད་དུ་གཞུག་པའོ། །དེ་ལྟར་བྱས་པས་མངག་གཞུག་པ་གཤིན་རྗེ་གཤེད་འཁོར་དཔག་ཏུ་མེད་པ་དང་བཅས་པས་སྒྲུབ་པ་པོ་སངས་རྒྱས་ཀྱི་ཞིང་ཁམས་སུ་ཁྲིད་ནས་སངས་རྒྱས་ལ་རྫོགས་པའི་རིམ་པས་གདམས་ངག་ཞུས་ནས་རྡོ་རྗེ་འཆང་ཆེན་པོ་ཐོབ་པར་འགྱུར་རོ། །འོད་དཔག་མེད་པའི་རྣལ་འབྱོར་པས་ཞི་བའི་ཕྲིན་ལས་སྒྲུབ་པ་ལ་ཉེ་བར་མཚོན་ན། དམ་ཚིག་བསྐུལ་བ་སྔ་མ་དང་འདྲའོ། །དམ་ཚིག་བོད་པ་ནི་ༀ་ཨཱཿཧཱུྃ་པད་མ་ཏ་ཀྲིད་ཅེས་པའོ། །དམ་ཚིག་གཏོང་བ་ནི། ༀ་ཨཱཿཧཱུྃ་པད་མ་ཏ་ཀྲིད་མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ་ཤནྟིཾ་ཀུ་རུ་སྭཱཧཱ་ཞེས་ཟློས་པའོ། །དམ་ཚིག་བཅིངས་པ་ནི། སྐུལ་ཚིག་ཡན་ཆོད་ཀྱི་མཐར་ཨ་བཏགས་ནས་ཟློས་པའོ། །དེ་ལྟར་བྱས་པས་ནད་དང་གདོན་ལ་སོགས་པ་ཞི་བའི་ཕྲིན་ལས་འགྲུབ་པར་འགྱུར་རོ། །མི་བསྐྱོད་པའི་རྣལ་འབྱོར་པས་གསད་པའི་ལས་སྒྲུབ་པ་ལ། ཉེ་བར་མཚོན་ནས་གཞན་སྔ་མ་དང་འདྲ་བ་ལས། མིང་སུཾ་བྷ་ར་ཛཱ་ཞེས་པ་དང་། སྐུལ་ཚིག་མ་ར་ཡ་ཕཊ་ཅེས་པར་བསྒྱུར་ནས། དམ་ཚིག་བཞིས་བཀའ་བསྒོས་ན་གསད་པའི་ལས་འགྲུབ་པར་འགྱུར་རོ། །ཚིག་གི་དོན་ལ་བཞི་ལས། མངག་གཞུག་པ་བསྐྱེད་པ་དང་བསྐུལ་བའི་ཆོ་ག་བསྟན་པ་ནི། དངོས་གྲུབ་ཀྱི་གནས་སྐབས་དེ་ལ། འོག་ནས་བཤད་པ་འདི་ནི། གསང་བ་ཐམས་ཅད་ཀྱི་རྡོ་རྗེ་ནི་གནོད་སྦྱིན་གྱི་གཙོ་བོ་རྣམས་ཏེ། དེ་ཉིད་བཀའ་ནོད་པས་ན་མངག་གཞུག་པའོ། །དེ་རྣམས་རབ་ཏུ་བསྒྲུབ་པའི་ཚིག་སྟེ་ཐབས་ཀྱི་མཆོག་གོ །དེ་ཡང་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་གང་རུང་གི་དཀྱིལ་འཁོར་རྒྱལ་མཆོག་ཡན་ཆོད་ལ་གནས་ནས་ལས་རྒྱལ་མཆོག་ཡི་གེ་ཧྲི་འབར་བའི་འོད་བཟང་པོ་སྟེ་འོད་ཟེར་ལྔས་ཀུན་ཏུ་འཁྲིགས་པ་ལ། ནམ་མཁའ་རྡོ་རྗེ་སྟེ་ནམ་མཁའི་དབུས་སུ་ཆུད་པར་བསམ་མོ། །དེ་ནས་རང་གི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས་སངས་རྒྱས་ཀུན་ཏེ་མི་བསྐྱོད་པ་ལ་སོགས་པ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་པ་རྣམས་ཀྱིས་ནམ་མཁའི་ཁམས་ཡོངས་སུ་གང་བར་བསྒོམས་ནས། སངས་རྒྱས་དེ་རྣམས་སྐུ་གསུང་ཐུགས་ཀྱི་གནས་ཏེ། སྐུ་ལ་སོགས་པའི་ས་བོན་ཨ་ཁཾ་དྷི་ཞེས་པ། ཡི་གེ་གསུམ་གྱི་ངོ་བོ་དེར་ནི་སྔགས་ཀྱིས་ཏེ་ཡི་གེ་ཧྲི་ལ་དབབ་པར་བྱའོ། །མངག་གཞུག་པ་བསྐྱེད་པ་དེ་ལ་འོག་ནས་བཤད་པ་འདི་ནི། སྐུ་གསུང་ཐུགས་ཀྱི་སྔགས་རྡོ་རྗེའི་གསང་བར་གྱུར་པ་བྱིན་གྱིས་རློབ་པའི་གནས་ཏེ་བསྐྱེད་པའི་གཞི་ཡིན་ནོ། །དེ་གང་ཞེ་ན། ཨ་ཁཾ་དྷི་ཞེས་པ་སྟེ་དེ་ལ་གསུང་རྡོ་རྗེའི་དཀྱིལ་འཁོར་ཧྲི་ལ་བསྟིམས་པས་ཨར་གྱུར་པ་ལས་རྟ་མགྲིན་དང་། སྐུ་རྡོ་རྗེའི་དཀྱིལ་འཁོར་ཧྲི་ལ་བསྟིམས་པས་ཁཾ་དུ་གྱུར་པ་ལས་གཤིན་རྗེ་གཤེད་དང་། ཐུགས་རྡོ་རྗེའི་དཀྱིལ་འཁོར་ཧྲི་ལ་བསྟིམས་ཏེ་དྷིར་གྱུར་པ་ལས་གནོད་མཛེས་རྣམས་བསྐྱེད་དེ། དེ་དག་འཁོར་དང་བཅས་པ་ལ། དམ་ཚིག་བཞིས་བཀའ་བསྒོས་ནས། ཞི་སོགས་ཀྱི་ལས་སྒྲུབ་པའམ། སངས་རྒྱས་ཀྱི་ཞིང་དུ་འཁྲིད་པ་སོགས་ཇི་ལྟར་འདོད་པའི་ལས་ལ་སྦྱར་བར་བྱའོ། །ཟློས་པ་པོ་གང་གི་མངག་གཞུག་པ་གང་བསྒྲུབ་ཅེ་ན། མི་བསྐྱོད་པ་དང་དེའི་རིགས་ཅན་གྱི་རྣལ་འབྱོར་པས། ཕྱག་ན་རྡོ་རྗེ་ནི་མི་བསྐྱོད་པ་སྟེ། དེ་དང་མཚུངས་པའི་གཟུགས་ཆེན་པོ་གནོད་མཛེས་རྒྱལ་པོ་བསྒོམ་མོ། །འོད་དཔག་ཏུ་མེད་པ་དང་དེའི་རིགས་ཅན་གྱིས་ནི། ཕྱག་ན་པད་མོ་ནི་འོད་དཔག་ཏུ་མེད་པ་སྟེ། དེ་དང་མཚུངས་པའི་འོད་ཆེན་པོ་དང་ལྡན་པ་རྟ་མགྲིན་བསྒོམ་མོ། །རྣམ་སྣང་དང་དེའི་རིགས་ཅན་གྱིས་ནི། འོད་ཀྱི་ཚོགས་ཀྱིས་མི་མཉམ་པས། གཞན་གྱིས་མི་ཐུབ་པ་ནི་རྣམ་པར་སྣང་མཛད་དེ། དེ་ལས་བྱུང་བའི་གཟུགས་ཆེན་པོ་ནི་གཤིན་རྗེ་གཤེད་བསྒོམ་མོ། །དེ་ལྟར་རིགས་ཀྱི་དབྱེ་བས་མངག་གཞུག་པ་བསྒོམས་ནས། དེ་རྣམས་ཀྱིས་གསང་བའི་གནས་མཆོག་ལ་བཞག་ཅིང་འགོད་པར་བྱའོ། །ཚུལ་ཇི་ལྟར་ཞེ་ན། དེ་ལ་འོག་ནས་བཤད་པ་འདི་ནི། རྡོ་རྗེ་གསང་བ་སྟེ་ཁྲོ་བོ་རྣམས་ཀྱི་གནས་ཏེ་བཀའ་བསྒོ་བ་ལ་ངེས་པར་སྦྱར་བའོ། །དེ་གང་ཞེ་ན་མི་གཡོ་བའི་ཕྱིར་དང་། རྡོ་རྗེ་འཆང་གིས་སྤྲུལ་པའི་ཕྱིར། མི་བསྐྱོད་པ་ནི། གནོད་མཛེས་རྒྱལ་པོ་སྟེ། དེ་ནི་ཉི་མའི་དཀྱིལ་འཁོར་ལ་གནས་པར་བྱས་ཏེ། རྡོ་རྗེ་གསང་བའི་གནས་བཀའ་བསྒོ་བས་རབ་ཏུ་བརྟག་པར་བྱའོ། །ཚེ་དཔག་མེད་ཀྱི་འཁོར་ལོ་ཆེ་ནི་རྟ་མགྲིན་ཏེ། དེ་ནི་པད་མ་དང་ཉི་མའི་དཀྱིལ་འཁོར་ལ་གནས་པར་བྱ་སྟེ། བཀའ་བསྒོ་བ་ལ་སྦྱར་བར་བྱའོ། །རྡོ་རྗེ་སྣང་མཛད་དེ་བཞིན་ཏེ་ཞེས་པ། རྣམ་སྣང་གི་མངག་གཞུག་པ་གཤིན་རྗེ་གཤེད་དོ། །དེ་ནི་ཟླ་བ་དང་ཉི་མའི་དཀྱིལ་འཁོར་ལ་གནས་པར་བྱ་སྟེ། བཀའ་བསྒོ་བ་ལ་སྦྱར་བར་བྱའོ། །འོད་ཆེན་ཏེ་མཐུ་ཆེན་པོའམ་འོད་ཟེར་ཆེན་པོ་དང་ལྡན་པའི་རྡོ་རྗེ་མངག་གཞུག་ཡིད་ཐམས་ཅད་ལ་འགྲོ་བ་འདོན་པའི་སྡུག་བསྔལ་གྱིས་སྡུག་བསྔལ་བར་གྱུར་པས་ན། སྡུག་བསྔལ་ཆེན་པོ་ནི་མི་བསྐྱོད་པ་ལ་སོགས་པ་སྟེ། དེ་དག་གི་སྙིང་པོས་དངོས་གྲུབ་སྩོལ་བར་བྱ་བའི་ཕྱིར་ཡང་དག་པར་བསྐུལ་བར་བྱའོ། །བསྐུལ་བར་བྱེད་པའི་སྙིང་པོ་དེ་གང་ཞེ་ན། དེ་ལ་འོག་ནས་འབྱུང་བ་འདི་ནི། རྡོ་རྗེ་ཐམས་ཅད་དེ་རྣམ་སྣང་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་སྙིང་པོ་སྟེ་ཐུགས་ཁྲོ་བོ་ལ་བཀའ་བསྒོ་བར་བྱ་བའི་ཕྱིར། བསྐུལ་ཞིང་སོ་སོར་སྦོད་པའོ། །དེ་གང་ཞེ་ན་ཨཱཿཞེས་པའོ། །དེ་ལྟར་ཁྲོ་བོ་རྣམས་ཀྱིས་བདག་པོ་ཡང་དག་པར་བསྐུལ་ནས། དེའི་འཁོར་རྣམས་ལ་བཀའ་བསྒོ་བ་ནི། མདུང་རྩེ་ཆེ་ནི་མདུང་རྩེ་འཛིན་པའོ། །རྡོ་རྗེ་ཆེ་ནི་རྡོ་རྗེ་འཛིན་པའོ། །དེ་བཞིན་དུ་ལྕགས་ཀྱུ་དང་། མཚོན་ཆ་གཞན་དང་གཞན་སྣ་ཚོགས་པ་ཐོགས་པ་མཆོག་རྣམས་ཀྱིས་ཏེ་མི་ཕྱེད་པའི་འཁོར་གྱི་ཚོགས་རྣམས་ལ། རྡོ་རྗེ་ཆོ་ག་བཞིན་ཏེ་ཇི་སྐད་བཤད་པའི་རིམ་པས་བསྐུལ་བར་བྱའོ། །དེ་ལས་ཅིར་འགྱུར་ཞེ་ན། སངས་རྒྱས་ཏེ་སྒྲུབ་པ་པོ་རྣམས་ཀྱི་བྱང་ཆུབ་འདོད་པའི་དོན་འགྲུབ་ཅིང་མཐར་ཐུག་པར་འགྱུར་རོ། །མངག་གཞུག་པ་སྒྲུབ་པའི་གནས་བསྟན་པ་ནི། ཉམས་དགའི་ཞེས་སོགས་ཏེ་གོ་སླའོ། །ཕན་ཡོན་བསྟན་པ་ནི། དེ་ལྟར་མངག་གཞུག་པ་འགྲུབ་པའི་སྒྲུབ་པ་པོ་ནི་རིའི་རྒྱལ་པོ་རི་རབ་སུམ་ཅུ་རྩ་དྲུག་གི་རྡུལ་ཕྲན་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་ཚད་ཀྱི། བྲན་ཕོ་ལ་སོགས་པའི་དབྱེ་བས་ཕྱེ་བ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་མངག་གཞུག་གང་འགྱུར་བ་དེ་ཐམས་ཅད་བྱང་ཆུབ་རྡོ་རྗེ་ཅན་ཏེ་སྒྲུབ་པ་པོའི་འཁོར་གྱི་ཚུལ་དུ་བཀའ་ནོད་ཅིང་གནས་པ་འགྲུབ་པར་འགྱུར་རོ། །ཕན་ཡོན་གཞན་ཡང་བསྟན་པ་ནི། ཤར་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ཞིང་བདེ་བ་ཅན་དང་མངོན་དགའ་ལ་སོགས་པ་རང་གང་འདོད་པར་མངག་གཞུག་པས་ཁྲིད་ནས་འགྲོ་བར་འགྱུར་ཞིང ། དེར་སོང་ནས་ཀྱང་རྡོ་རྗེ་འཆང་ཆེན་པོ་ཐོབ་པའི་རྒྱུར་གྱུར་པའི་ཟབ་མོའི་ཆོས་རྣམས་ཀྱང་དེ་བཞིན་གཤེགས་པ་རྣམས་ལ་ཐོས་པར་འགྱུར་ཞིང་། དེ་ལས་ཀྱང་སངས་རྒྱས་ཏེ། རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་འགྱུར་རོ། །དམ་ཚིག་རྡོ་རྗེའི་བཞད་པ་ཆེན་པོ་ནི། རྡོ་རྗེ་འཆང་ཆེན་པོ་སྟེ། དེས་དེ་སྐད་ཅེས་བཀའ་སྩལ་ཏོ། །མངག་གཞུག་པ་ལ་བཀའ་བསྒོ་བའི་དམ་ཚིག་བཞི་ཕན་ཡོན་དང་བཅས་པ་མཇུག་བསྡུས་ཏེ་བསྟན་པ་ནི། དེ་ལ་འོག་ནས་བཤད་པ་འདི་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མངག་གཞུག་པ་ཐམས་ཅད་ཀྱི་སྦ་བར་བྱ་བས་ན་གསང་བ། དེ་རྣམས་བསྒྲུབ་པར་བྱ་བའི་ཕྱིར་རྡོ་རྗེ་གསང་བ་སྟེ། རྡོ་རྗེ་སེམས་དཔས་ཉེ་བར་བསྟན་པར་གྱུར་པའི་གསང་ཆེན་ནོ། །རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པའོ། །དེའི་ཡེ་ཤེས་ཆེན་པོ་ནི་ཐུགས་ཀྱི་ངོ་བོ་ཉིད་ཡི་གེ་ཧཱུྃ་ངོ་། །གསུང་གི་རྡོ་རྗེ་ནི་འོད་དཔག་ཏུ་མེད་པའོ། །དེ་འཛིན་ཅིང་སྐྱེད་པར་བྱེད་པས་ན། གསུང་གི་རྡོ་རྗེ་འཛིན་ཏེ་ཡི་གེ་ཨའོ། །རྡོ་རྗེའི་སྐུ་ནི་རྣམ་པར་སྣང་མཛད་དོ། །དེའི་བགོད་པ་ཆེན་པོ་ནི་སྐྱེད་པར་བྱེད་པའི་ཡི་གེ་ༀ་ཡིན་ཏེ། དེ་དག་གིས་མངག་གཞུག་པ་རྣམས་བསྐྱེད་པ་ནས་བརྩམས་ཏེ། དུས་ཐམས་ཅད་དུ་རྟག་ཏུ་བསྐུལ་བར་བྱ་ཞིང་། བྱིན་གྱིས་བརླབ་པར་བྱའོ། །མངག་གཞུག་པ་བསྒྲུབ་པའི་ཡུལ་དེ་ལ་འོག་ནས་བཤད་པ་འདི་ནི། རྡོ་རྗེ་ཡེ་ཤེས་ནི་དེ་བཞིན་གཤེགས་པའོ། །དེའི་འཁོར་ལོ་ནི་ཚོགས་སོ། །དེ་རྣམས་ཀྱིས་བྱས་པའི་སྔགས་རྣམས་ཀྱི་འདའ་བར་མི་བྱ་བའི་དམ་ཚིག་གི་གནས་སྐབས་སོ། །དེ་ཡང་དམ་ཚིག་བསྐུལ་བ་ལ་སོགས་པའི་དབྱེ་བས་རྣམ་པ་བཞིའོ། །དེ་དག་གི་དོན་ནི་སྔར་བཤད་ཟིན་ཏོ། །ཇི་སྐད་བཤད་པའི་ཚུལ་གྱིས་མངག་གཞུག་པ་བསྒྲུབས་ཏེ། གྲུབ་པ་དེས་ཅི་ཞིག་བྱེད་ཅེ་ན། ནམ་མཁའི་དབྱིངས་རྒྱ་ཆེ་ཞིང་མཐའ་མེད་པ། དག་ཅིང་སྒྲིབ་པ་མེད་པ་དང་། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་རྣམ་པར་སྤངས་ཏེ། མཐོང་བ་ལས་འདས་པ་འདི་ལྟ་བུ་ཡང་གོང་བུའི་ཚུལ་གྱིས་ཏེ། གཟུགས་ཅན་གྱི་ངོ་བོས་རྡོ་རྗེ་ལྟར་སྲ་བའི་གཟུགས་སུའང་སྒྲུབ་པོས་བསྐུལ་ནས། མངག་གཞུག་པ་རྣམས་བྱེད་པར་འགྱུར་ན། གཞན་སྒྲུབ་པར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་ཕུལ་དུ་བྱུང་བའི་ཁྱད་པར་གསུངས་པའོ། །རྒྱལ་པོ་ལ་སོགས་པ་དབང་དུ་བྱ་བའི་སྦྱོར་བ་བསྟན་པ་ནི། སངས་རྒྱས་ཏེ་ཤེས་རབ་དང་ལྡན་ཞིང་། བསྟན་འཆོས་ཤེས་པ་པཎྜི་ཏ་ལ་སོགས་པ་དང་། རྡོ་རྗེ་སེམས་དཔའ་སྟེ་བརྟན་པ་རྒྱལ་པོ་ལ་སོགས་པ་དབང་དུ་བྱ་བར་འདོད་ན། བསྙེན་པ་ལས་སུ་རུང་བའི་རྣལ་འབྱོར་པས། རྣལ་འབྱོར་བཞིས་འཇམ་དཔལ་དུ་བསྐྱེད་པའམ། ཡང་ན་ལྷག་པའི་ལྷ་གང་ཡིན་དུ་རྣལ་འབྱོར་བཞིས་བསྐྱེད་ལ། དེ་ལ་འཇམ་དཔལ་བཅུག་པས། འཇམ་དཔལ་དུ་གྱུར་པ་དང་པོའི་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། ལས་རྒྱལ་མཆོག་ཏིང་ངེ་འཛིན་སེམས་དཔའ་ལས་འོད་ཟེར་སྤྲོས་པའི་སྒོ་ནས་རྒྱལ་པོ་ལ་སོགས་པ་དབང་དུ་བྱ་བར་འདོད་པའི་བསྒྲུབ་བྱའི་གནས་ལྔར་བསྣུན་པར་བྱས་ཏེ། དེ་ཡང་རྐང་པ་གཉིས་ལ་དྲེགས་བྱེད་ཀྱི་མདའ་ཧ་སྤྲོས་པས་བསྒྲུབ་བྱའི་དྲེགས་པ་གཞོམ་པར་བྱ། གསང་གནས་སུ་རྨོངས་བྱེད་ཀྱི་མདའ་ཨ་སྤྲོས་པས་རྨོངས་སུ་གཞུག་པར་བྱ། ལྟེ་བར་ཀུན་ཏུ་རྨོངས་བྱེད་ཀྱི་མདའ་སྭ་སྤྲོས་པས་ཀུན་ཏུ་རྨོངས་པར་བྱ། སྤྱི་བོར་བརྒྱལ་བར་བྱེད་པའི་མདའ་ༀ་སྤྲོས་པས་བརྒྱལ་དུ་གཞུག་པར་བྱ། སྙིང་ཁར་སེམས་མེད་པར་བྱེད་པའི་མདའ་ཧཱུྃ་སྤྲོས་པས་སེམས་མེད་པར་བྱས་པས་སྔགས་ཤིང་སྐྱབས་མེད་པ། བརྒྱལ་ཞིང་རྨོངས་པར་བསྒོམས་ན། ཟླ་བ་ཕྱེད་ལ་སོགས་པས་དབང་དུ་འགྱུར་རོ། །ཚིག་གི་དོན་ནི་རྡོ་རྗེ་གསུམ་མཆོག་འཛིན་པ་ཆེ་སྟེ། སྐུ་ལ་སོགས་པའི་ངོ་བོ་ཉིད་འཇམ་དཔལ་ཆེན་པོའི་སྐུ་སྦ་བར་བྱ་བས་ན་གསང་བ་ཆེན་པོའོ། །འོག་ནས་བཤད་པ་འདི་བསམ་ཞིང་གོམས་པར་བྱའོ། །ཇི་ལྟར་ཞེ་ན། རྡོ་རྗེ་ནམ་མཁའི་དབུས་ཏེ་འོད་གསལ་བ་ལས་བྱུང་བའི་རྡོ་རྗེ་འཇམ་པ་སྟོབས་ཆེ་ཞིང་བསྒྲུབ་པར་དཀའ་བ་སྐད་ཅིག་ཙམ་གྱིས་བསམ་ཞིང་བསྒོམ་པར་བྱའོ། །དེའི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་ལས་དེ་བཞིན་གཤེགས་པ་ལྔའི་ས་བོན་གྱི་རང་བཞིན། དྲེགས་བྱེད་དང་། རྨོངས་བྱེད་དང་། ཀུན་ཏུ་རྨོངས་བྱེད་དང་། བརྒྱལ་བྱེད་དང་། སེམས་མེད་པར་བྱེད་པ་སྟེ་མདའ་ལྔ་པོ་གཏོང་ཞིང་འཕེན་པའི་སྦྱོར་བ་དག་གིས། དབུ་རྒྱན་རྩེ་མོར་ཏེ་བསྒྲུབ་བྱ་ལ་ཡང་དག་པར་སྤྲོ་ཞིང་འཕང་ངོ་། །ཚུལ་ཇི་ལྟར་ཞེ་ན། བསྒྲུབ་བྱའི་སྙིང་ཁ་དང་། སྤྱི་བོ་དང་། ལྟེ་བ་དང་། གསང་བ་དང་། རྐང་པ་སྟེ་གནས་ལྔ་དག་ཏུ་ཅི་རིགས་པར་མདའ་ལྔ་རབ་ཏུ་དབབ་པར་བསྒོམ་པར་བྱའོ། །སུ་ཞིག་གིས་ན་ས་བོན་ལྔ་མདའ་ལྔའི་རང་བཞིན་དུ་ཤེས་པའི་སྔགས་པས་སོ། །བསམ་པ་ཇི་ལྟ་བུས་ཤེ་ན། རྡོ་རྗེ་ཁྲོ་བོས་ཏེ་བསྒྲུབ་བྱ་དབང་དུ་བྱ་བར་འདོད་པའི་ལྷག་པའི་བསམ་པ་བརྟན་པོས་སོ། །དེ་ལྟར་དྲེགས་བྱེད་ལ་སོགས་པའི་མདའ་ལྔ་ཕབས་པས། བསྒྲུབ་བྱ་རྔམས་ཤིང་སྐྱབས་མེད་ལ། བརྒྱལ་ཞིང་རྨོངས་པར་བསྒོམ་པར་བྱའོ། །སུ་ཞིག་གི་ཞེ་ན། བྱིས་པ་ནི་འཇམ་པའི་དབྱངས་ཏེ་དེས་སེམས་པའི་བློ་གང་ལ་ཡོད་པ་དེ་ནི། བྱིས་པའི་བློ་ཅན་ཏེ། སྒྲུབ་པ་པོ་མཐུ་ཆེན་པོ་དང་ལྡན་པས་ན། གྲགས་ཆེན་གྱིས་སོ། །སྦྱོར་བ་འདི་དུས་ཇི་ཙམ་དུ་བསྒོམ་ཞེ་ན། དབང་དུ་བྱ་བའི་བསམ་གཏན་འདི་ནི་ཟླ་བ་ཕྱེད་དུ་གསང་བ་བསྐུལ་བ་སྟེ། ནང་ལ་མཆོག་ཏུ་གཞོལ་བས་བསྒོམ་པར་བྱ་བ་འདི་ནི། སྔགས་རྣམས་ཀུན་གྱིས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རབ་ཏུ་གསང་བ་ཡིན་པར། རྡོ་རྗེའི་དོན་གྱི་བློས་ཏེ་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །གདུལ་བྱ་འདུན་པའི་སྦྱོར་བ་ནི། ནང་ལ་མཆོག་ཏུ་གཞོལ་བ་བསྙེན་པ་ལས་སུ་རུང་བས། གདུལ་བྱ་སངས་རྒྱས་ཀྱི་བསྟན་པ་ལ་མ་མོས་ཤིང་། མ་དད་པ་རྣམས་དད་པར་བྱ་བར་འདོད་ན། འཇམ་དཔལ་ལམ་རང་གི་ལྷག་པའི་ལྷས་གཙོ་བྱས་པའི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། ལས་རྒྱལ་མཆོག་ནམ་མཁའ་རྡོ་རྗེའི་དབུས་སུ་སྟེ་ནམ་མཁའི་དབྱིངས་སུ་ཡི་གེ་ཧཱུྃ་ཡོངས་སུ་གྱུར་པ་ལས། འཇམ་དཔལ་ལམ་རང་གི་ལྷག་པའི་ལྷས་གཙོ་བྱས་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་མཚན་དཔེ་འབར་བ་མཆོག་ཏུ་གྱུར་པ་བསྒོམ་ལ། སྔགས་ཀྱི་རྡོ་རྗེ་ཧཱུྃ་ལ་སོགས། །རྡོ་རྗེ་གསུམ་ལ་སོགས་པས་བསྒོམ། །བསྒྲུབ་བྱའི་གནས་གསུམ་དུ་ཡི་གེ་གསུམ་བཀོད་དེ། སྐུ་གསུམ་ཐུགས་བྱིན་གྱིས་བརླབ་པ་དང་། གནས་ལྔར་ས་བོན་ལྔ་བཀོད་དེ། ཕུང་པོ་སོགས་དེ་བཞིན་གཤེགས་པ་ལྔར་བྱིན་གྱིས་བརླབ་པ་དང་། དེ་དག་གི་མིག་གི་དབུས་སུ་ཡི་གེ་ༀ་འོད་ཟེར་འཕྲོ་བ་བསྒོམ་ལ། སངས་རྒྱས་དང་ཆོས་དང་། དགེ་འདུན་གྱིས་བྱིན་གྱིས་བརླབས་ཀྱིས་ནམ་མཁའི་ཁོང་ན་བཞུགས་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་འདི་དག་གིས་མཐོང་བར་གྱུར་ཅིག་ཅེས། བྱིན་གྱིས་བརླབ་པའི་ཆོ་ག་བསྟན་པར་བྱའོ། །
དེ་ལྟར་བྱས་ན་སྔགས་རྣམས་ཀུན་གྱིས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོའི་གཟུགས་སྐུ་གསུམ་རྡོ་རྗེ་ཅན་དག་བསྒྲུབ་བྱས་མཐོང་བར་འགྱུར་ཞིང་། སངས་རྒྱས་ཀྱི་བསྟན་པ་ལ་དད་པར་ཡང་འགྱུར་རོ། །བཀྲེས་པ་ལ་སོགས་པ་ཞི་བའི་སྦྱོར་བ་ནི། བཀྲེས་སྐོམ་ལ་སོགས་པ་ཉོན་མོངས་པས་ཆེས་གདུང་བའི་སྒྲུབ་པ་པོས། སྦྱོར་བ་འདི་བསམས་ན་རྡོ་རྗེ་ཐུགས་ཏེ་རྡོ་རྗེ་འཆང་ཆེན་པོའི་བཀའ་བཞིན་དུ་ལུས་ངག་ཡིད་གསུམ་གྱི་སྡུག་བསྔལ་ཐམས་ཅད་བྱང་བར་འགྱུར་རོ། །དེ་དང་བདག་ཉིད་རྣམ་པར་སྣང་མཛད་ཀྱི་གཟུགས་ཆེན་པོ་དོན་ཐམས་ཅད་འབྱོར་པར་བསམ་ལ། ཡི་གེ་བྃ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་བདུད་རྩིའི་ཐིགས་པ་འབབ་པ། ཁའི་ནང་དུ་སྟེ་རྐན་གྱི་དབུས་སུ་ཆུད་པར་བསྒོམ་ལ། དེའི་འོག་ཏུ། ཡི་གེ་ༀ་དཀར་པོ་ལྕེ་ལ་འདུག་པ་བྃ་གྱི་བདུད་རྩི་འཛག་པའི་ནང་དུ་ཆུད་པར་བསམས་ཏེ། བསམ་གཏན་དེ་ནི་བཟའ་བར་བྱ་བ་ཀུན་ཏེ། ཁ་ཟས་འཕྲོད་པ་དང་མི་འཕྲོད་པ་ཐམས་ཅད་ཀྱི་གནས་ཤེས་པ་སྟེ་ནད་མེད་པའི་གཞི་དང་། ལང་ཚོ་དང་། ནད་མེད་པ་དང་། བདེ་བ་དམ་པ་སྟེར་བས་ཡིད་བཞིན་ནོར་བུས་བརྒྱན་པ་སྟེ། ཡིད་བཞིན་ནོར་བུ་ལྟར་མཆོད་པར་བྱ་བ་དང་། ཉོན་མོངས་ཐམས་ཅད་ཞི་བར་བྱེད་པ་དང་། དུག་དང་། སྦྱར་བའི་དུག་དང་། འབྱུང་པོ་ལ་སོགས་པའི་འཚེ་བ་བཟློག་པས། སྡུག་བསྔལ་ཐམས་ཅད་སེལ་བ་དང་། ཡེ་ཤེས་རྡོ་རྗེ་ལས་བྱུང་བ་སྟེ་རྡོ་རྗེ་འཆང་ཆེན་པོ་ཉིད་སྐྱེད་པར་བྱེད་པའོ། །ཡིད་བཞིན་གྱི་ནོར་བུ་སྟེ་དཀོན་མཆོག་དཔལ་གྱི་རང་བཞིན་རྡོ་རྗེ་འཆང་ཆེན་པོས་དེ་སྐད་ཅེས་བཀའ་བསྩལ་ཏོ། །
དཔའ་བོ་རྡོ་རྗེའི་ཏིང་ངེ་འཛིན་གྱིས་ལས་ཐམས་ཅད་བསྒྲུབ་པ་ནི། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྟེ་རྡོ་རྗེ་འཆང་ཆེན་པོས། རྡོ་རྗེ་བསྒོམ་པའི་ཚིག་གི་མཆོག་སྟེ། ས་བོན་གྱི་ཁྱད་པར་འོག་ནས་འབྱུང་བ་འདི་རྡོ་རྗེ་གསུང་ལས་ཕྱུང་ངོ་། །གང་ཞེ་ན་བཱི་ཞེས་པའོ། །ནང་ལ་མཆོག་ཏུ་གཞོལ་བའི་རྣལ་འབྱོར་པས། དཔའ་བོ་རྡོ་རྗེའི་ཏིང་ངེ་འཛིན་གྱིས་ཞི་བ་ལ་སོགས་པའི་ལས་གང་ཡང་རུང་བ་བསྒྲུབ་པར་འདོད་ན། གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་དེ། དེ་ལ་ལྷག་མོས་མཛད་པ་དང་བཅས་པ་བསྒོམ་པ་སྔོན་དུ་འགྲོ་བ་ཅན་གྱི། དེ་བཞིན་ཉིད་ལས་བྱང་ཆུབ་པ་ནི་ནམ་མཁའ་རྡོ་རྗེའི་དབུས་སུ་ཞེས་པའོ། །ཟླ་བ་ལས་བྱང་ཆུབ་པ་སྔར་དང་འདྲ་ལ། ཡིག་འབྲུ་ལས་བྱང་ཆུབ་པའི་མཚན་མ་ལས་བྱང་ཆུབ་པ་དེ་གྱུར་པ་ལས་བྱུང་བའི་རིན་པོ་ཆེ། དེ་གྱུར་པ་ལས་དཔའ་བོ་རྡོ་རྗེ་ཞལ་ཕྱག་ཁ་དོག་སོགས་རིན་ཆེན་འབྱུང་ལྡན་ལྟ་བུ་རྣལ་འབྱོར་བཞིས་བསྐྱེད་པ་ནི། རྡོ་རྗེ་སྐུ་གསུམ་སྦྱོར་བ་ཡིས། །བསྐྱེད་དེ་འདི་ནི་རྣམ་པར་བསམ། །ཞེས་པའོ། །དེ་ནས་ཕྱག་རྒྱ་མཱ་མ་ཀིར་བྱིན་གྱིས་བརླབས་ནས། དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་པ་ནི། སངས་རྒྱས་དཀྱིལ་འཁོར་འོད་བཟང་པོ། །ཞེས་པ་སྟེ། མི་བསྐྱོད་པ་ལ་སོགས་པ་སངས་རྒྱས་ཀྱི་འཁོར་ལོས་ཡོངས་སུ་བསྐོར་བ་བསྒོམ་པ་སྟེ། དེ་ཡང་རིན་ཆེན་འབྱུ ང་ལྡན་དབུ་རྒྱན་དུ་འགྲོ་ལ། རིན་འབྱུང་གི་ཤུལ་དུ་མི་བསྐྱོད་པ་འགྲོ་བ་ནི་ཁྱད་པར་ཏེ་གཞན་ནི་སྔར་དང་འདྲའོ། །གཙོ་བོ་དེ་ཉིད་ཀྱི་ཁྱད་པར་ནི། སྐྱེས་བུ་ཆེན་པོའི་མཚན་རྣམས་དང་ལྡན་པས་ན། རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས་པའོ། །ཅུང་ཟད་སེར་བ་ནི་རིན་ཆེན་འབྱུང་ལྡན་ཏེ། དེའི་དབུ་རྒྱན་དུ་རོལ་ཅིང་འགྱིངས་པས་ན་རྡོ་རྗེ་འགྱིངས་པའོ། །ཞི་བའི་ཉམས་དང་ལྡན་པས་ན་ཞི་བ། ཐོར་ཚུགས་དབུ་རྒྱན་ཅན་དུ་བསམས་ནས་དེའི་འོག་ཏུ་ལས་རྒྱལ་མཆོག་ཕྱག་གཡས་ཀྱི་དང་པོའི་རིན་པོ་ཆེ་ལས། ལས་ཀྱི་ཁ་དོག་དང་མཐུན་པའི་འོད་ཟེར་སྤྲོས་ནས། ཞི་བ་ལ་སོགས་པའི་ལས་ཐམས་ཅད་བརྩམ་པར་བྱའོ། །ཞེས་པའོ། །རྡོ་རྗེ་དཔའ་བོ་ནི། རྡོ་རྗེ་འཆང་ཆེན་པོའོ། །དེས་སྤྲོ་བའི་ཕྲེང་བ་ནི་རླབས་ཀྱི་ཕྲེང་བ་ནི། དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ནོ། །སྐུལ་བྱེད་མའི་སྒྲུབ་པ་ནི། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཀུན་ནས་སངས་རྒྱས་ཐམས་ཅད་ཀྱིས་རྣམ་པར་བསྒྲགས་ཤིང་བསྟོད་པའི་སྐུལ་བྱེད་མའི་གཟུགས་བསྐྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ། སྙོམས་པར་ཞུགས་ནས་ཕྱུང་ངོ་ཞེས་སྦྱར། གང་ཞིག་ན། རྡོ་རྗེ་ཆེན་པོ་བསྒོམ་པ་ནི་སྐུལ་བྱེད་མ་སྟེ། དེའི་ཚིག་ནི་དེ་བསྐྱེད་པའི་ས་བོན་འོག་ནས་འབྱུང་བ་འདིའོ། །གང་ལས་ན་ཉིད་ཀྱི་སྐུ་ལ་སོགས་པ་ལས་སོ། །དེ་གང་ཞེ་ན། ཙུྃ་ཞེས་པའོ། །དེ་ཡང་མི་བསྐྱོད་པའི་དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། ལས་རྒྱལ་མཆོག་རྡོ་རྗེ་ནམ་མཁའི་དབུས་སུ་སྟེ་མདུན་གྱི་ནམ་མཁར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཙུྃ་བཀོད་ལ། རང་གི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས་སངས་རྒྱས་ཕྲིན་ལས་སྐུལ་བྱེད་མ་རང་གི་དཀྱིལ་འཁོར་གྱི་དབུས་སུ་གནས་པ་སྤྱན་དྲངས་ལ་སྤྲོ་བ་དང་འདུ་བའི་ཆོ་ག་ཡིས་ས་བོན་ལ་བསྟིམས་ཏེ་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་གསུམ་སྟེ་སྐུ་རྡོ་རྗེ་ལ་སོགས་པས་བྱིན་གྱིས་བརླབས་པ། སྡུག་བསྔལ་ཐམས་ཅད་ངེས་པར་སེལ་བས་གྲགས་པ་ཆེན་པོ་ཐོབ་པ། སྐུ་གསུང་ཐུགས་ལ་དབབ་པ་སྟེ། གདུག་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཇོམས་པར་བྱེད་པ། སྐུལ་བྱེད་རྡོ་རྗེ་མ་བསྒོམ་པར་བྱའོ། །ཇི་ལྟ་བུ་ཞེ་ན། མཚན་ཐམས་ཅད་དང་ལྡན་པས་རྒྱན་རྣམས་ཡོངས་སུ་རྫོགས་པ། ཁ་དོག་དཀར་མོ་ཞལ་གསུམ་ཕྱག་དྲུག་མར་རབ་ཏུ་བསྒོམ་པའོ། །དེ་ལྟར་བསྒོམས་པས་བརྟན་པར་གྱུར་པ་ན་བདག་ཉིད་རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ་སྟེ། རྡོ་རྗེ་འཆང་ཆེན་པོར་བསམས་ལ་སྐུལ་བྱེད་མའི་གནས་ལྔར་བསྔགས་ཏེ། དེ་བཞིན་གཤེགས་པ་ལྔའི་ཚིག་སྟེ་ས་བོན་དགོད་ཅིང་། རྡོ་རྗེ་པད་མ་འདུ་བྱས་ན། སྐུལ་བྱེད་མ་དང་སྙོམས་པར་ཞུགས་པས། སྐུལ་བྱེད་མ་དབང་དུ་གྱུར་ནས། བདག་གི་འདོད་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །རྡོ་རྗེ་ནི་མི་བསྐྱོད་པ་སྟེ། དེ་དང་མཉམ་པར་བྱེད་ཅིང་། མཚན་མས་རྗེས་སུ་བྱེད་པས་ན་རྡོ་རྗེའི་དམ་ཚིག་ནི་སྐུལ་བྱེད་མའི་གཟུགས་སོ། །ཡེ་ཤེས་ཀྱི་འོད་ཟེར་ནི། ཡེ་ཤེས་ཀྱི་སྣང་བ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །གནོད་གནས་ཀྱིས་བསྐུལ་བ་ནི། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྟེ། རྡོ་རྗེ་འཆང་ཆེན་པོ་ནོར་དང་འབྲུ་ཐམས་ཅད་ལ་སེམས་པའི་ཐམས་ཅད་རྡོ་རྗེ་དང་འདྲ་བར་ལོངས་སྤྱད་ཅིང་དམིགས་པར་བྱེད་པས་ན། རྡོ་རྗེ་ལོངས་སྤྱོད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཏིང་ངེ་འཛིན་འཁོར་ལོའི་ཚུལ་ཏེ་རྨུགས་འཛིན་གྱི་ཏིང་ངེ་འཛིན་གྱི་ཁྱད་པར་ས་བོན་གང་གིས་བསྐྱེད་པ་འདི་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །གང་ཞེ་ན། ཛྃ་ཞེས་པའོ། །ནམ་མཁའི་དབྱིངས་ཀྱི་དབུས་སུ་གནས་པར། སངས་རྒྱས་དཀྱིལ་འཁོར་དམ་པ་སྟེ། རྨུགས་འཛིན་གྱི་ས་བོན་ཛྃ་བསམ་མོ། །དེ་ལ་འོད་ཟེར་འཕྲོས་པས། རིན་པོ་ཆེའི་རིགས་ཀྱི་སངས་རྒྱས་ཀུན་སྤྲོ་བ་དང་། བསྡུ་བའི་ཆོ་ག་ཡིས། རྡོ་རྗེ་བསྒོམ་པ་སྟེ་བསྒྲུབ་པ་པོས་དབབ་ཅིང་བསྟིམ་པར་བྱའོ། །དེ་ཡོངས་སུ་གྱུར་པ་ལས། ཤིང་ཐོག་བི་ཛ་པུ་ར་བསྐྱེད། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་ཛམ་བྷ་ལ་ནི་ནོར་བསྒྲུབ་པ། གནོད་སྦྱིན་ཆེན་པོ་བསྐྱེད་པར་བྱའོ། །ཇི་ལྟ་བུ་ཞེ་ན། ཞི་བ་གནོད་སྦྱིན་གྱི་གཟུགས་འཛིན་པ། གསེར་གྱི་མདོག་ཅན་གསུས་པ་ཆེ་བ་མིའུ་ཐུང་གི་གཟུགས་ཅན་ཞལ་གསུམ་ཕྱག་དྲུག་པ། ཕྱག་གཡས་པ་རྣམས་ཀྱིས་བི་ཛ་པུ་ར་དང་། ལྕགས་ཀྱུ་དང་། མདའ་ཐོགས་པ། གཡོན་པ་རྣམས་ལས་གཅིག་གིས་རང་དང་འདྲ་བའི་རིག་མ་ལ་འཁྱུད་པ། གཞན་གཉིས་ཀྱིས་ཞགས་པ་དང་བཅས་པའི་ནེའུ་ལེ་དང་། གཞུ་འཛིན་པ། ཐོར་ཚུགས་དང་དབུ་རྒྱན་འཆང་བ་འདི་ལྟ་བུའི་ཚུལ་དུ་བདག་ཉིད་བསྒོམ་ལ། རྣམ་སྣང་ལ་སོགས་པའི་སངས་རྒྱས་ལྔའི་ཆོ་ག་ཡིས་ཏེ། ༀ་ལ་སོགས་པའི་ས་བོན་ལྔ་མགོ་ལ་སོགས་པའི་གནས་ལྔ་དག་ཏུ་བཀོད་ཅིང་བསྒོམ་པར་བྱའོ། །དེ་ནས་རང་གི་སྙིང་ཁ་ལས། རང་དང་འདྲ་བའི་གནོད་གནས་གཉིས་པ་ཕྱུང་ལ། དེའི་གནས་ལྔ་དག་ཏུ་ས་བོན་ལྔ་བྱིན་གྱིས་བརླབས་ཏེ། དེའི་སྤྱི་བོར་གནོད་གནས་ཡབ་ཡུམ་བསམས་ཏེ། དེ་དག་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར་བར་བསམ་ལ། ༀ་ཛཾ་བྷ་ལ་ཛ་ལེན་དྲ་ཡེ་སྭཱ་ཧཱ། ཞེས་པའི་སྔགས་འདོན་པ་སྔོན་དུ་འགྲོ་བས། དེའི་མགོར་རྡོ་རྗེ་བདུད་རྩིའི་ཆུ་སྦྱིན་ཅིང་དབུལ་བར་བྱའོ། །དེ་ལྟར་བསྒོམ་པ་དེ་ནི། རྡོ་རྗེ་སེམས་དཔའི་ཆོ་ག་ཡིས། །དབུ་རྒྱན་དེ་ལ་རྣམ་པར་བསམ། །ཞེས་པའི་དོན་ཏོ། །ཕན་ཡོན་ཅི་ཡོད་ཅེ་ན། དེ་ལྟར་བྱས་ན། གནོད་སྦྱིན་དབང་པོ་གནོད་གནས་འོད་ཆེན་མཉེས་ཤིང་སྒྲུབ་པ་པོའི་བསམ་པ་ཡོངས་སུ་རྫོགས་པར་བྱེད་དོ། །རྡོ་རྗེའི་ཕྱག་རྒྱ་ནི་མི་ཕྱེད་པའི་རྨུགས་འཛིན་གྱི་ཕྱག་རྒྱའོ། །དེ་ཉིད་འདའ་བར་མི་བྱ་བས་ན་དམ་ཚིག་གོ །དེས་རྫས་བསྐྱེད་པས་ན་རྫས་བསྒྲུབ་པའོ། །དེ་ཉིད་ཏོག་ལྟར་མཐོ་ཞིང་ནུས་པ་དང་ལྡན་པས་དབལ་ཏེ་དེ་ལྟ་བུའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །གནོད་སྦྱིན་མོ་སྒྲུབ་པ་ནི། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྟེ་རྡོ་རྗེ་འཆང་ཆེན་པོ། གཟུགས་ལ་སོགས་པའི་འདོད་པའི་ཡོན་ཏན་རྣམས་ལ་ཉེ་བར་སྤྱོད་པའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གནོད་སྦྱིན་མོ་ཐམས་ཅ་ཀྱི་དམ་ཚིག་རྡོ་རྗེའི་ཚིག་སྟེ་ས་བོན་འོག་ནས་འཆད་པ་འདི་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །དེ་ནི་ཀྵིཾ་ཞེས་པའོ། །ནམ་མཁའི་དབྱིངས་ཀྱི་དབུས་སུ། ཀྵིཾ་ཡོངས་སུ་གྱུར་པ་ལས། ཐམས་ཅད་རིན་པོ་ཆེའི་གཞི་ལས་བྱས་པའི་གཞལ་ཡས་ཁང་པ་གྲུ་བཞི་སྒོ་བཞི་ལ་སོགས་པ་དང་ལྡན་པ། མེ་ཏོག་དང་སྤོས་ལ་སོགས་པ་ཕྱིའི་མཆོད་པ་དང་། གཟུགས་རྡོ་རྗེ་མ་ལ་སོགས་པ་ནང་གི་མཆོད་པ་རྣམས་ཀྱིས། ཀུན་ཏུ་འཁྲིགས་པ་བསྒོམ་ལ། དེའི་ནང་དུ་རྡོ་རྗེ་འཇམ་པའི་ཏིང་ངེ་འཛིན་གནས་ཞེས་པ་སྒྲུབ་པ་པོ་གང་ཉིད་འཇམ་དཔལ་གྱི་དཀྱིལ་འཁོར་རྒྱལ་མཆོག་གི་བར་དུ་གནས་ནས། ལས་རྒྱལ་མཆོག་རང་གི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས་བཀུག་པའི་གནོད་སྦྱིན་མོ་ཐམས་ཅད་ཀྱི་ནམ་མཁའི་དབྱིངས་གང་བར་བསམ་ལ། རྡོ་རྗེ་གསུམ་གྱི་སྦྱོར་བས་ཏེ་དེ་ཐམས་ཅད་གཞལ་ཡས་ཁང་གི་ནང་དུ་དབབ་ཅིང་གཞུག་པར་བྱའོ། །དེའི་འོག་ཏུ་གནོད་སྦྱིན་མོའི་གཟུགས་ཀྱི་སྤྲིན་ཏེ་ཚོགས་ཐམས་ཅད་གནོད་སྦྱིན་མོ་གཅིག་གི་གཟུགས་སུ་བསམ་མོ། །དེ་ནས་རྡོ་རྗེ་གསུམ་ལས་བྱེ་བྲག་གིས་ཏེ། གནས་གསུམ་དུ་ཡི་གེ་གསུམ་བཀོད་དེ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང་། གནས་ལྔར་ས་བོན་ལྔ་བཀོད་དེ་གནོད་སྦྱིན་མོ་དེའི་གཟུགས་བསམ་གཏན་གྱིས་རིགས་ལྔར་བྱ་བར་བསྒོམ་མོ། །དེའི་དབུ་རྒྱན་ལ་ནི་ཁྲོ་བོ་གཤིན་རྗེ་གཤེད་བསྒོམ་ཞིང་སྙིང་ཁའི་པད་མོ་ལ་སྔགས་ཀྱི་ཚིག་ཀྵིཾ་བསྒོམ་ལ། བསྒོམ་པ་བརྟན་པར་གྱུར་པ་ན། རྡོ་རྗེའི་སྦྱོར་བ་སྟེ་དེ་དང་སྙོམས་པར་འཇུག་པ་བརྩམ་པར་བྱའོ། །དེ་ལས་ཅིར་འགྱུར་ཞེ་ན། གནོད་སྦྱིན་མོ་སྒྲུབ་པ་པོ་ལ་མཉེས་ཏེ། མངོན་པར་འདོད་པའི་དོན་ཐམས་ཅད་སྟེར་བར་འགྱུར་རོ། །གནོད་སྦྱིན་མོ་ཐམས་ཅད་དང་མཉམ་པ་ནི་དེ་དག་གཅིག་ཏུ་བྱས་པའོ། །དེ་ཉིད་གནས་པས་ཏེ་རོལ་བའོ། །དེ་བསྒོམ་པ་ནི་ཡང་དང་ཡང་དུ་སློབ་པར་བྱེད་པ་སྟེ་དེ་ཉིད་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །མཁའ་འགྲོ་མའི་སྒྲུབ་པ་ལ་གསུམ་ལས། རྡོ་རྗེ་ལང་འགྲོ་མ་དང་། འཇིག་རྟེན་པའི་མཁའ་འགྲོ་མའི་མཚན་ཉིད་ནི། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྟེ་རྡོ་རྗེ་འཆང་ཆེན་པོ། རྡོ་རྗེའི་སྔགས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་རྣམ་པར་འཕྲུལ་བས་ཏེ། ལྷ་མོ་རྣམས་དང་སྙོམས་པར་འཇུག་པའི་བྱ་བ་མང་དུ་སྟོན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དངོས་གྲུབ་ཕྲ་མོ་སྟེ་འཇིག་རྟེན་པའི་མཁའ་འགྲོ་མ་དེ་རྣམས་ཀྱི་དངོས་གྲུབ་ཐོབ་པའི་ཐབས་འདི་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །དངོས་གྲུབ་ཇི་ལྟ་བུ་ཞེ་ན། དེ་ཡང་རྡོ་རྗེ་མཁའ་འགྲོ་མ་གྲུབ་པས། གཟུགས་སྣ་ཚོགས་ལེན་པས་སྐུ་ཡང དག་པར་གྲུབ་པ་དང་། སྒྲ་སྣ་ཚོགས་ཀྱི་གསུང་འགྲུབ་པ་དང་། ཇི་ལྟར་མངོན་པར་འདོད་པས་ཐུགས་ཡང་དག་པར་འགྲུབ་པས་རྡོ་རྗེ་མཁའ་འགྲོ་མར་བཤད་དེ། སྒྲུབ་པ་པོ་ཡང་སངས་རྒྱས་ཏེ་རྡོ་རྗེ་མཁའ་འགྲོ་མ་དང་འདྲ་བའི་གཟུགས་འཛིན་པར་འགྱུར་རོ། །ཇི་ལྟ་བུ་ཞེ་ན། ཤིན་ཏུ་གསལ་བས་འོད་ཆགས་པ་དང་། འཛམ་བུ་ཆུ་བོའི་གསེར་གྱི་འོད་དང་འདྲ་བའི་ལུས་ཅན་དུ་འགྱུར་རོ། །འཇིག་རྟེན་པའི་མཁའ་འགྲོ་མ་གྲུབ་པ་ནི་རང་གི་ངོ་བོ་ཡོངས་སུ་བསྒྱུར་བ་ལ་སོགས་པའི་དངོས་གྲུབ་ཕྲ་མོ་ལ་གནས་སོ། །དེ་ཡང་བསྙེན་པ་ལས་སུ་རུང་བས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་མ་བསྒྲུབ་པར་འདོད་ན། ལྷག་པའི་ལྷ་གང་ཡིན་པའི་དཀྱིལ་འཁོར་རྒྱལ་མཆོག་བར་དུ་བསྐྱེད་དེ། ལས་རྒྱལ་མཆོག་ནི། སྲོག་གི་སྙིང་པོ་རྙེད་ན། དེ་ཀླགས་པ་ཙམ་གྱིས་འདིར་བཤད་པའི་མཚན་ཉིད་ཅན་གྱི་མཁའ་འགྲོ་མ་གཉིས་པོ་འགྲུབ་ལ། དེ་མ་རྙེད་ན་གཙུག་ཏོར་འཁོར་ལོས་བསྒྱུར་བའི་དཀྱིལ་འཁོར་རྒྱལ་མཆོག་ལ་གནས་པས། ལས་རྒྱལ་མཆོག་གཙུག་ཏོར་འཁོར་ལོས་བསྒྱུར་བའི་ཕྲེང་སྔགས་གུར་ནས་གསུངས་པ་དེ་བླངས་ཏེ། བཟླས་པས་བསྒྲུབས་ཏེ་སྙོམས་འཇུག་བྱའོ། །དེ་ཡང་འདས་པའི་མཁའ་འགྲོ་མ་དང་སྙོམས་འཇུག་བྱས་པས། དེས་སྒྲུབ་པ་པོ་ལ་རྫོགས་རིམ་གྱི་གདམས་ངག་སྟེར་ལ། དེ་བསྒོམས་པས་མཆོག་གི་དངོས་གྲུབ་ཐོབ་པའོ། །འཇིག་རྟེན་པའི་མཁའ་འགྲོ་མ་དང་སྙོམས་འཇུག་བྱས་པས་རིལ་བུ་ལ་སོགས་པའི་རྫས་ཀྱི་དངོས་གྲུབ་སྟེར་ཏེ། དེས་རིག་པ་འཛིན་པའི་དབང་པོར་འགྱུར་རོ། །དེ་གཉིས་དང་སྙོམས་འཇུག་གིས་འབྲས་བུའི་དབྱེ་བ་ནི། མི་སྣང་བ་ནི་གདུག་པ་ཅན་ཚར་གཅོད་ཅིང་དངོས་པོ་མེད་པར་བྱེད་པའོ། །སོགས་པ་ནི་རྗེས་སུ་འཛིན་པས་ལྡང་ཞིང་སོས་པར་བྱེད་པ་སྟེ། དེ་ལྟ་བུའི་མི་སྣང་བ་ལ་སོགས་པའི་ནུས་པ་དང་ལྡན་པའི་རྡོ་རྗེ་མཁའ་འགྲོ་མ་རྣམས་དང་གྲུབ་པས་ཏེ་སྙོམས་འཇུག་བྱས་པས། སྒྲུབ་པ་པོ་འཇམ་པའི་འོད་དང་འདྲ་བས་སྟེ་རྡོ་རྗེ་འཆང་ཐོབ་པར་འགྱུར་རོ། །གནོད་སྦྱིན་རྒྱལ་མོ་ནི་འཇིག་རྟེན་གྱི་མཁའ་འགྲོ་མ་རྣམས་ཏེ། དེ་རྣམས་དང་སྙོམས་པར་འཇུག་པས་ནི། སྔགས་ལ་མཆོག་ཏུ་གཞོལ་བ་རིག་པ་འཛིན་པའི་དབང་པོར་འགྱུར་རོ། །
དེ་གཉིས་བསྒྲུབ་པའི་དབྱེ་བ་གཉིས་བསྟན་པ་ནི། དེ་ལ་འོག་ནས་འབྱུང་བ་འདི་ནི། རྡོ་རྗེ་དངོས་གྲུབ་སྟེ་ལྷ་མོ་ཐམས་ཅད་ཀྱི་གཟུགས་གསང་བ་སྟེ། གཟུགས་ཕུན་སུམ་ཚོགས་པ་དང་། སྔགས་ཀྱི་དངོས་གྲུབ་རྣམས་སོ། །དེ་ལ་སྔགས་ཀྱི་དངོས་གྲུབ་ནི། གང་ཞིག་བཀླགས་པས་འགྲུབ་པའི་སྔགས་ཀྱི་ཚིག་རྣམས་ཏེ། དེ་རྣམས་ཀྱི་སྲོག་གི་སྙིང་པོའོ། །གཟུགས་ཇི་ལྟ་བུ་ཞེ་ན། མཛེས་ཤིང་ཡིད་དུ་འོང་བའི་གཟུགས་འཇིག་རྟེན་གྱི་ཁམས་ཐམས་ཅད་མཐོང་བ་ཉིད་ཀྱིས་ཚིམ་ཞིང་ཀུན་ཏུ་དགའ་བར་གྱུར་པས་ཏེ། དེ་སྒྲུབ་པ་པོས་མཐོང་བར་འགྱུར་རོ། །ཐབས་གང་གིས་འགྲུབ་ཅེ་ན། གཙུག་ཏོར་འཁོར་ལོས་བསྒྱུར་བའི་ཕྲེང་སྔགས་ནི། འཇིག་རྟེན་པའི་མཁའ་འགྲོ་མ་རྣམས་འགྲུབ་པས་ཏེ་བསྒྲུབ་པ་ལ་ཡིད་བཞིན་ནོར་བུའི་བདག་པོ་སྟེ། ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་མྱུར་དུ་འདོད་པའི་དོན་འགྲུབ་པར་འགྱུར་རོ། །ཅི་འཇིག་རྟེན་པའི་མཁའ་འགྲོ་མ་དག་ཁོ་ན་བསྒྲུབ་པར་བྱེད་དམ་ཞེ་ན། མ་ཡིན་གྱི་སངས་རྒྱས་བྱང་ཆུབ་སྟེ་རྡོ་རྗེ་མཁའ་འགྲོ་མ་རྣམས་སྒྲུབ་པར་བྱེད་པའི་མཆོག་ཀྱང་ཡིན་ནོ། །འདི་དག་འབའ་ཞིག་བྱེད་པར་མ་ཟད་ཀྱི་སངས་རྒྱས་ཉིད་དང་། རྡོ་རྗེ་འཆང་ཉིད་རབ་ཏུ་བསྒོམ་པ་སྟེ་བསྒྲུབ་བོ་ཞེས་བཅོམ་ལྡན་འདས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་བསྩལ་ཏོ། །སྤྱོད་པ་བསྟན་པ་ལ་བཞི་སྟེ། སྤྲོས་མེད་ཀྱི་སྤྱོད་པ་དང་། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་དང་། སྤྱོད་པ་ལ་བསླབ་པའི་འབྲས་བུ་དང་། ཕྱག་རྒྱའི་ཁྱད་པར་ཕན་ཡོན་དང་བཅས་པ་བསྟན་པའོ། །དང་པོ་ལ་བཞིའི་མདོར་བསྟན་པ་ནི། དེ་ནས་ཕྱག་ན་རྡོ་རྗེ་ཞེས་སོགས་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་སྐུ་རྡོ་རྗེ་ལ་སོགས་པའོ། །རིག་པའི་བརྟུལ་ཞུགས་ནི་ཆ་ལུགས་ཀྱི་ཁྱད་པར་རོ། །སྐུ་གསུམ་ཐུགས་ཀྱི་རྡོ་རྗེ་སྟེ་རྣམ་སྣང་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་སྤྱོད་པ་བྱེད་པའི་དུས་སུ་ལུས་ལ་སོགས་པ་བསྒོམ་པ་ནི། རང་ཚུལ་ཉིད་ཀྱིས་ལམ་སྟེ། ལྷག་པའི་ལྷ་གང་ཡིན་པ་དེ་དང་དེའི་རྣམ་པར་ཆ་ལུགས་བསྒྱུར་བར་བྱའི། བསྒོམ་པ་ཙམ་གྱིས་མ་ཡིན་ཏེ། དེ་ལྟར་བྱས་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །རིགས་ཀྱི་དབྱེ་བས་རྒྱས་པར་བཤད་པ་ནི། དེ་ལ་འོག་ནས་འབྱུང་བ་འདི་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣལ་འབྱོར་པ་རྣམས་ཀྱི་རིག་པའི་བརྟུལ་ཞུགས་སོ། །དེ་ལ་དང་པོ་རྣམ་སྣང་གི་རྣལ་འབྱོར་པས་ཆ་ལུགས་བསྒྱུར་བ་བསྟན་པ་ནི། སྔགས་ཏེ་སྐུ་རྡོ་རྗེའི་རྣལ་འབྱོར་པ། འོག་ནས་བཤད་པའི་སྡོམ་པས་ཀུན་ཏུ་བསྡམས་པ་ཡིས། ཐོར་ཚུགས་དབུ་རྒྱན་ཅན་གྱི་རྣམ་སྣང་གི་གཟུགས་ཏེ་སྐུ་ཆེན་པོ་མཐོང་ན་ཡིད་དུ་འོང་བ་ཁ་དོག་དཀར་པོ་འདྲ་བ། ཤིང་ངམ་བ་སོ་སོགས་ལ་ཆོ་ག་བཞིན་དུ་འདྲ་འབག་བྱས་ལ། དེས་རང་ཉིད་རྣམ་པར་སྣང་མཛད་དུ་ཆ་ལུགས་བསྒྱུར་ཏེ། ཕྱག་རྒྱ་ལོ་གྲངས་བཅུ་དྲུག་ལོན་པ་སོགས་ཀྱི་ཡོན་ཏན་དང་ལྡན་པ་རྙེད་ནས། དེ་དང་ལྷན་ཅིག་རིག་པའི་བརྟུལ་ཞུགས་སྤྱད་པར་བྱའོ། །ཕྱག་རྒྱའི་ཆ་ལུགས་བསྒྱུར་བ་ནི། སྤྱན་གྱི་གོ་འཕང་ལོངསསྤྱོད་ཅིང་ཞེས་པ་སྤྱན་མ་དང་འདྲ་བའི་གདོང་དང་། མདོག་དང་། ཕྱག་མཚན་དང་ལྡན་པར་བྱའོ། །མི་བསྐྱོད་པའི་རྣལ་འབྱོར་པས་ཆ་ལུགས་བསྒྱུར་བ་ནི། མི་བསྐྱོད་པའི་རྣལ་འབྱོར་པས་རྡོ་རྗེ་ནི་མི་བསྐྱོད་པ་སྟེ། དེའི་མཚན་མས་ཏེ་དེའི་ཞལ་དང་སྐུ་མདོག་དང་། ཕྱག་མཚན་དང་ལྡན་པའི་སྒོ་ནས་བསྒོམ་པར་བྱ་བ་སྟེ། རིག་པའི་བརྟུལ་ཞུགས་སྤྱད་དོ། །གང་དང་ལྷན་ཅིག་ཅེ་ན། ཕྱག་རྒྱ་མཱ་མ་ཀིའི་གཟུགས་འཛིན་པའི་རིག་མ་སྔགས་ཀྱི་ཆོ་ག་སྟེ་རྣལ་འབྱོར་པའི་བྱ་བ་ཤེས་པ། སྔགས་ཀྱི་རྒྱུད་ལེགས་པར་བསླབས་པ་སྟེ། ལས་རབ་འབྱམས་ལ་མཁས་པ་དང་ལྷན་ཅིག་ཏུའོ། །འོད་དཔག་མེད་པའི་རྣལ་འབྱོར་པས་སྤྱོད་པ་བྱ་བ་བསྟན་པ་ནི། དེ་བཞིན་གཤེགས་པ་སྟེ་འོད་དཔག་ཏུ་མེད་པའི་སྐུ་མདོག་དང་ཕྱག་མཚན་སོགས་སུ་རང་ཉིད་ཆ་ལུགས་བསྒྱུར་ཏེ། དེའི་བཙུན་མོ་སངས་རྒྱས་བྱང་ཆུབ་ཅེས་པ་ཕྱག་རྒྱ་གོས་དཀར་མོར་ཆ་ལུགས་བསྒྱུར་བ་དང་། ལྷན་ཅིག་སྤྱོད་པ་བྱ་བ་བསྟན་ཏོ། །དེ་ལྟར་རིགས་གསུམ་གྱི་དམ་ཚིག་གི་སྡོམ་པས་བསྡམས་པའི་རིག་པའི་བརྟུལ་ཞུགས་ཆེན་པོས་ཕྱག་རྒྱ་དེ་དག་དང་ལྷན་ཅིག་ཏུ་དུས་བཞི་གསང་བའི་མཆོད་པ་བྱའོ། ཁམས་ཀྱི་ཁྱད་པར་ཕན་ཡོན་དང་བཅས་པ་ནི། སྤྱོད་པ་བྱེད་པའི་དུས་སུ་ཚོགས་ཀྱིས་བསྒྲུབས་པའི་ཁ་ཟས་སྤངས་ནས། ཇི་ལྟར་རྙེད་པའི་ཁ་ཟས་ལོངས་སྤྱད་དོ་ཞེས་སྟོན་པ་ནི། སྡོང་བུ་རྩ་བ་ཞེས་སོགས་ཏེ་གོ་སླའོ། །
བསྲུང་བའི་དམ་ཚིག་ཕྱག་རྒྱའི་ཁྱད་པར་དང་བཅས་པ་བསྟན་པ་ནི། རྟག་ཏུ་གཞན་གྱི་ནོར་རྐུ་ཞེས་སོགས་ཏེ། དེ་དག་གི་དོན་ནི་ལེའུ་ལྔ་པར་དགོངས་པས་བཤད་པ་ལྟར་ཤེས་པར་བྱའོ། །འདོད་ཆགས་རྡོ་རྗེ་ཞེས་སོགས་རྐང་པ་གཉིས་ནི་མཱ་མ་ཀིའི་ཁྱད་པར་སྟོན་པ་སྟེ། མཱ་མ་ཀི་ནི་གསུང་གི་རྡོ་རྗེ་འོད་དཔག་མེད་དང་། ཐུགས་མཆོག་མི་བསྐྱོད་པ་དང་། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་ཀྱང་རྣམ་པ་ཀུན་ཏུ་ཕྱག་རྒྱར་བསྟེན་པ་རིགས་པ་ཡིན་ནོ། །ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་བསྟན་པ་ནི། བསམ་གཏན་སྟེ་ཡེ་ཤེས་ཀྱི་ཕྱག་རྒྱ་ནི། ཡིག་གསུམ་རྡོ་རྗེ་ཅན་སྟེ། རྣམ་སྣང་ལ་སོགས་པའི་རྣལ་འབྱོར་པ་ཕྱི་རོལ་གྱི་བུད་མེད་ལ་ལྟོས་པ་མེད་པར་སྤྱོད་པ་བྱེད་པར་དག་ལ་སྦྱིན་ནོ། །དེ་ཡང་བསྐྱེད་རིམ་པས་ནི་རང་གི་ཕྱག་རྒྱ་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ་ལྷ་མོའི་རྣམ་པར་སེམས་ཀྱིས་བསམས་ནས། དེ་དང་སྙོམས་པར་འཇུག་ལ། རྫོགས་རིམ་པས་ནི་སྟོང་པ་ཉིད་ལ་སྙོམས་པར་འཇུག་པའོ། །དེ་ལྟར་བྱས་ན་སངས་རྒྱས་ཀུན་མཁྱེན་པ་སྟེ་སྒྲུབ་པ་པོ་མཉེས་པར་འགྱུར་བ་སྟེ། དངོས་གྲུབ་ཐོབ་པར་གདོན་མི་ཟའོ། །ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་བྱེད་པའི་ཚེ། སྒྲུབ་པ་པོ་བློ་བརྟན་པ་བརྩོན་འགྲུས་དྲག་པོ་དང་ལྡན་པས་ནགས་ཚལ་དུ། ལྷ་ལ་སོགས་པ་ལ་བསོད་སྙོམས་ཚོལ་ཞིང་སྤྱོད་པ་ན། དེ་དག་གི་ཁ་ཟས་བཟང་པོ་མི་དང་ཐུན་མོང་མ་ཡིན་ལ། ལྷའི་ཞལ་ཟས་བསྟར་བ་དག་སྟེར་བར་འགྱུར་རོ། །རྒྱུ་གང་གིས་ཞེ་ན། གལ་ཏེ་མ་བྱིན་ན་རྣལ་འབྱོར་པ་མཐུ་དང་ལྡན་པས་གནོད་པ་བྱས་ཀྱིས་དོགས་པས་སྐྲག་ནས་སོ། །སྤྱོད་པ་ལ་བསླབས་པའི་འབྲས་བུ་ནི། དེ་ལྟར་སྤྱོད་པ་ལ་བསླབས་པས་འབྲས་བུ་ཅི་འཐོབ་ཅེ་ན། སྤྱོད་པ་མཐར་ཕྱིན་པ་ནི། རྡོ་རྗེའི་བདག་ཉིད་གསུམ་གྱི་རྣལ་འབྱོར་པས། མིའི་དངོས་པོ་ལས་འདས་ཤིང་སྤངས་ཏེ། ཐ་མལ་པའི་ལུས་འཇིག་ཅིང་མེད་པར་གྱུར་ནས། རྡོ་རྗེའི་ཡི་གེ་སྟེ་འགྱུར་བ་མེད་པ་རྡོ་རྗེའི་སྐུ་འཐོབ་པར་འགྱུར་རོ། །ཕྱག་རྒྱའི་ཁྱད་པར་ཕན་ཡོན་དང་བཅས་པ་ནི། ལྷ་མོ་ཀླུ་མོ་ཞེས་སོགས་ཏེ་གོ་སླའོ། །རྡོ་རྗེ་གསུམ་གྱི་ཡེ་ཤེས་ནི་རྣལ་འབྱོར་པ་རྣམས་ཏེ་དེ་རྣམས་ཀྱིས་བསྟེན་པའི་སྤྱོད་པའི་ཆོ་ག་བཤད་མ་ཐག་པ་འདི་ནི། སྔགས་ཏེ་སྒྲུབ་པ་པོ་ཐམས་ཅདད་ཀྱི་དེ་ཁོ་ན་ཉིད་གསང་བ་དང་། དོན་ཆེན་པོ་འཐོབ་པར་བྱེད་པས་ཚུལ་ཆེན་དང་། སྐུ་རྡོ་རྗེ་ལ་སོགས་པ་བསྐྱེད་པར་བྱེད་པས་ན་རྡོ་རྗེ་གསུམ་གྱི་ཡེ་ཤེས་འབྱུང་བ་སངས་རྒྱས་བྱང་ཆུབ་སྟེ། དོན་དམ་པའི་བདེན་པར་རབ་ཏུ་འཇུག་ཅིང་འོད་གསལ་གྱི་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྐུ་འཐོབ་པར་བྱེད་པའོ། །སྡུད་པ་པོའི་ཚིག་གིས་གཞུང་ཉེ་བར་བསྡུ་བ་ནི། བཅོམ་ལྡན་འདས་ཞེས་སོགས་སོ། །ལེའུ་ཡི་མཚན་དོན་ནི། དངོས་གྲུབ་ཐམས་ཅད་ཀྱི་ཞེས་སོགས་ཏེ། དེ་སྟོན་པའི་གཞུང་གི་ཚོགས་ལ་ཡང་དེ་སྐད་ཅེས་བྱའོ། །ལེའུ་བཅུ་དྲུག་པའི་རྣམ་བཤད་དོ།། །།