Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་སྒྱུ་འཕྲུལ་ཆེན་མོའི་ཁྲིད་ཡིག་རྒྱལ་བའི་ལམ་བཟང་ཞེས་བྱ་བ་ཤིན་ཏུ་རྣམ་པར་དག་ཅིང་གསལ་བ།
   
   
   
   
   
   
   


 
previousདཔལ་སྒྱུ་འཕྲུལ་ཆེན་མོའི་ཁྲིད་ཡིག་རྒྱལ་བའི་ལམ་བཟང་ཞེས་བྱ་བ་ཤིན་ཏུ་རྣམ་པར་དག་ཅིང་གསལ་བ།next

དཔལ་སྒྱུ་འཕྲུལ་ཆེན་མོའི་ཁྲིད་ཡིག་རྒྱལ་བའི་ལམ་བཟང་ཞེས་བྱ་བ་ཤིན་ཏུ་རྣམ་པར་དག་ཅིང་གསལ་བ།


TNT11_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་སྒྱུ་འཕྲུལ་ཆེན་མོའི་ཁྲིད་ཡིག་རྒྱལ་བའི་ལམ་བཟང་ཞེས་བྱ་བ་ཤིན་ཏུ་རྣམ་པར་དག་ཅིང་གསལ་བ་བཞུགས།


TNT11_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། ཟག་མེད་བདེ་ལ་དགྱེས་རོལ་ཞིང༌། །བདུད་བཞི་འདུལ་ཕྱིར་དྲག་པོའི་སྐུ། །སྒྱུ་འཕྲུལ་ཧེ་རུ་ཀར་བཏུད་ནས། །རྫོགས་རིམ་ལ་བརྟེན་སྒྲུབ་ཐབས་བཤད། །འདིར་མཧཱ་མཱ་ཡའི་འཁྲིད་ཚུལ་གྱི་སྙིང་པོ་ཙམ་བརྗོད་དེ། འདི་ལ་གཉིས། སྔོན་འགྲོ་དང༌། དངོས་གཞིའོ། །དང་པོ་ལ། སྡིག་སྒྲིབ་སྦྱངས་པ་དང༌། ཚོགས་བསགས་པ་གཉིས། དང་པོ་ནི། སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན་པར་བྱས་ལ་ཧེ་རུ་ཀའི་ཡི་གེ་བརྒྱ་པའི་རྣལ་འབྱོར་ལ་བརྩོན་པར་བྱེད་པའོ། །དེ་ནི་སྤྱི་དང་འདྲ་བ་ལས་རྡོ་རྗེ་སེམས་དཔའ་སྐད་ཅིག་གིས་བསྐྱེད་ཅིང་གནས་གསུམ་བྱིན་རླབས་སོགས་མི་དགོས་སོ། །གཉིས་པ་ནི། མདུན་དུ་རྟེན་གྱི་མཎྜལ་ཚོམ་བུ་ལྔ་པ་ཞིག་བཤམ། དེ་རྣམས་སེངྒེའི་ཁྲི་ལྔ་ཚོམས་སུ་མོས། མདུན་དུ་མཆོད་པའང་ཅི་འབྱོར་བ་བཤམ། དབུས་ཀྱི་གདན་ལ་བླ་མ་དང་མཧཱ་མཱ་ཡ་ཡབ་ཡུམ་དབྱེར་མེད་པ་དང༌། ཕྱོགས་བཞིའི་གདན་ལ་མཁའ་འགྲོ་མ་བཞི་བསྒོམ། མཐའ་སྐོར་དུ་མཆོད་པར་འོས་པ་


TNT11_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱིས་བསྐོར་བར་བསམ་ལ། མཆོད་པ་བྱིན་རླབས་དང་འབུལ་བ་སྤྱི་དང་མཐུན་པར་བྱ། དེ་ནས་མཆོད་པའི་མཎྜལ་ཐོག་མཐར་རྒྱས་པ་རེ་དང༌། བར་དུ་ཐུན་གྱི་གྲངས་འཛིན་ཚོམ་བུ་བདུན་མ་ལ་མཛད་ཅིང༌། ཐུན་རེ་རེར་བརྒྱ་རྩ་ལས་མི་ཉུང་བ་རེ་འབུལ། ཐུན་གྱི་མཐར་གསོལ་བ་དྲག་ཏུ་བཏབ་པས། མཆོད་ཡུལ་གཞན་རྣམས་གཙོ་འཁོར་ལྔ་ལ་ཐིམ། ལྷ་མོ་བཞི་ཡང་གཙོ་བོ་ལ་ཐིམ། སླར་ཡང་མོས་གུས་དྲག་ཏུ་བྱས་པས། བླ་མ་ཧེ་རུ་ཀ་ཡབ་ཡུམ་ཡང་བདག་ཉིད་ལ་ཐིམ་པར་བསམས་ལ་ཅུང་ཟད་མཉམ་པར་བཞག་གོ །གཉིས་པ་དངོས་གཞི་ལ་བཞི་སྟེ། དམན་པ་དབྱིབས་ཀྱི་རྣལ་འབྱོར། ཟབ་པ་སྔགས་ཀྱི་རྣལ་འབྱོར། མཐར་ཐུག་ཆོས་ཀྱི་རྣལ་འབྱོར། འཕྲོས་དོན་སྒྱུ་མ་གསུམ་རྒྱུད་ཀྱི་གདམས་ངག་དང་བཞི་ལས། དང་པོ་ནི། སློབ་དཔོན་ཀུ་ཀུ་རཱི་པས་མཛད་པའི་སྒྲུབ་ཐབས་རྒྱས་འབྲིང་བསྡུས་གསུམ་གང་རུང་ལྟར་ཉམས་སུ་བླང་བར་བྱ་ལ། དེ་ཙམ་མ་འགྲུབ་ན། སྐྱབས་སེམས་སྔོན་དུ་འགྲོ་


TNT11_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྒོ་ནས། ཤུ་ནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྐད་ཅིག་ཙམ་གྱིས་རང་ཉིད་མཧཱ་མཱ་ཡ་ཧེ་རུ་ཀའི་སྐུར་གསལ་བཏབ། སྐུ་དེ་ཡང་འཇའ་ཚོན་ལྟ་བུ་སྣང་སྟོང་གཉིས་སུ་མེད་པར་བསྒོམ་མོ། །གཉིས་པ་སྔགས་ཀྱི་རྣལ་འབྱོར་ལ། སྟེང་སྒོ་སྔགས་ཀྱི་རྣལ་འབྱོར་དང༌། འོག་སྒོ་སྔགས་ཀྱི་རྣལ་འབྱོར་གཉིས། དང་པོ་ལ། འཁོར་ལོ་སྔགས་ཀྱི་རྣལ་འབྱོར་དང༌། ཐིག་ལེ་སྔགས་ཀྱི་རྣལ་འབྱོར་དང༌། ཕྲ་མོ་སྔགས་ཀྱི་རྣལ་འབྱོར་གསུམ་ལས། དང་པོ་ལ་ཡང་འཁོར་ལོ་གཅིག་ལ་བརྟེན་པ་དང༌། གཉིས་ལ་བརྟེན་པ་དང༌། བཞི་ལ་བརྟེན་པ་སྟེ་གསུམ་མོ། །དང་པོ་ནི། ལུས་རྣམ་སྣང་གི་ཆོས་བདུན་སྤྱི་དང་མཐུན་པར་བཅས། རླུང་རོ་ལན་གསུམ་བསལ་ལ་རང་དགར་བཞག །འདི་གཉིས་འོག་མ་ཐམས་ཅད་ལ་རིགས་འགྲེའོ། །དེ་ནས་ལུས་ཀྱི་དབུས་སུ་རྩ་གསུམ་གསུམ་གཞིབས་སུ་ཡོད་པ། དབུ་མ་ཆོས་བཞི་ལྡན་ཏེ། དམར་བ། དྲང་བ། སྲབ་པ། འོད་གསལ་བའོ། །རོ་མ་དམར་བ་རཀྟས་གང་བ། རྐྱང་མ་དཀར་བ་ཀུནྡས་གང་བ། གསུམ་ཀར་གྱི་ཡས་སྣ་སྤྱི་བོར་སླེབ་པ། མར་སྣ་ལྟེ་བར་རྩ་མདུད་ཆོས་འབྱུང་གསུམ་པའི་ནང་དུ་ཆུག་པ། དབུ་མའི་མས་སྣའི་ནང་ལྟེ་བར་ཨ་ཤད། རོ་མ་ལ་ཀཱི་ལི་སོ་གཉིས་སྟེང་ནས་མར་རིམ་པས་བཀོད་པ་དང༌། རྐྱང་མ་ལ་ཨཱ་ལི་བཅུ་དྲུག་འོག་ནས་སྟེང་དུ་རིམ་པས་བཀོད་པ་སྟེ། ཡི་གེ་འགོད་ཚུལ་འདི་སློབ་དཔོན་ནཱ་རོ་པའི་བཞེད་པ་ཡིན་སྐད་ཅིང༌། མཧཱ་མཱ་ཡ་ལ་མཁས་


TNT11_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སློབ་དཔོན་གཞན་རྣམས་ནི། ཨཱ་ལི་ཀཱ་ལིའི་སྟེང་འོག་རིམ་པ་འདི་གོ་བཟློག་པར་འདོད་དོ་ཞེས་གསུང་ངོ༌། །དེ་ནས་རླུང་ཁ་སྦྱོར་ཅུང་ཟད་བཟུང་ལ། སྟེང་འོག་གི་རླུང་གིས་ལྟེ་བའི་ཨ་ཤད་ལ་བསྐུལ་བས། ཅུང་ཟད་འབར་ཞིང་བདེ་དྲོད་ཀྱི་ཉམས་རྒྱས་པར་བསམ། གཉིས་པ་ནི། བཤད་མ་ཐག་པ་དེ་ཉིད་དང་དམིགས་པའི་གཞི་འདྲ་བ་ལས། སྤྱི་བོར་དབུ་མའི་ནང་དུ་ཧཾ་དཀར་པོ་མགོ་བོ་ཐུར་དུ་བལྟ་བ་གཅིག་གསལ་བཏབ་ལ་རླུང་ཁ་སྦྱོར་འཇམ་པོར་བཟུང་བས། ལྟེ་བའི་ཨ་ཤད་ལས། མེ་ལྕེ་ཕྲ་མོ་དམར་སེར་ཞིག་སིར་ཏེ་འབར་ནས་སྤྱི་བོའི་ཧཾ་གི་ཆ་ཤས་བསྲེགས་པས། བྱང་ཆུབ་ཀྱི་སེམས་ཁུ་འཕང་ལྟ་བུ་ཁྲོ་ལོ་ལོ་འབབ་པའི་ཆུ་རྒྱུན་ཕྲ་མོ་ལྟར་ཅིལ་ལི་ལི་བབས་ནས་མེའི་མཐའ་མ་ན་མར་སིབ་སིབ་ཐིམ་པར་བསམ། གསུམ་པ་ནི། རྩ་གསུམ་གོང་དུ་འདྲ་བ་ལས། ལྟེ་བ། སྙིང་ག མགྲིན་པ། སྤྱི་བོ་རྣམས་སུ། རྩ་འཁོར་ལོ་རྩ་འདབ་བཞི་པ་རེ་རེ་ཡོད་པ་ཐམས་ཅད་ཀྱང་ཁ་དོག་དམར་པོ། དབུ་མའི་ནང་ལྟེ་བར་ཨ་དང༌། མགྲིན་པར་ཨོཾ་མགོ་བོ་གྱེན་བསྟན། དེ་གཉིས་དམར་པོ། སྙིང་གར་ཧཱུཾ་སྔོན་པོ། སྤྱི་བོར་ཧཾ་དཀར་པོ་མགོ་བོར་ཐུར་བསྟན་ནོ། །རོ་རྐྱང་གི་ཡི་གེ་ཡང་སྔར་ལྟར་བསྒོམ་ལ། རླུང་ཁ་སྦྱོར་བཟུང་བས། ཨ་ལས་མེ་ཤིན་ཏུ་རྣོ་བ་ཕྲ་བ་ཞིག་འབར། དབུ་མའི་ལམ་རྒྱུད། སྙིང་གའི་ཧཱུཾ་དང་མགྲིན་པའི་ཨོཾ་ཕུག་སྟེ། སྤྱི་བོའི་ཧཾ་ལ་


TNT11_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

བསྣུན་པས། བྱང་སེམས་ཞུ་སྟེ། ཨོཾ་དང་ཧཱུཾ་ཁེངས་ཤིང་དེ་དག་གི་དྭངས་མ་ཡང་ལྷན་ཅིག་ཏུ་བབས་པའམ། ཡང་ན་ཡི་གེ་གསུམ་ལས་སོ་སོར་བབས་ཏེ། རྐང་གསུམ་གྱི་རྣམ་པར་སྒོམ་པའམ་ཁུ་འཕང་འབབ་པ་ལྟར་བྱས་ཀྱང་རུང་སྟེ། དེ་རྣམས་ལྟེ་བའི་ཨ་ལ་སིབ་སིབ་ཐིམ་པས། ལུས་སེམས་བདེ་བས་གང་བར་བསམ། གཉིས་པ་ཐིག་ལེ་སྔགས་ཀྱི་རྣལ་འབྱོར་ལ། རྣམ་པ་གསུམ་སྟེ། སྟེང་གི་སྣ་རྩེར་སྒོམ་པ་དང༌། འོག་གི་སྣ་རྩེར་སྒོམ་པ་དང༌། ལུས་ཀྱི་དབུས་སུ་སྒོམ་པའོ། །དང་པོ་ནི། དམིགས་པའི་ངོ་བོ་གཅིག་ཡིན་ཡང༌། སྒྲུབ་ཐབས་སོ་སོའི་དགོངས་པས། དམིགས་སྐོར་ལྔར་འགྱུར་ཏེ། དེ་ཡང་སློབ་དཔོན་ཆེན་པོ་ཤཱནྟི་པའི་མན་ངག་ལྟར་ན། རང་གི་སྙིང་པདྨ་དམར་པོ་འདབ་མ་བཞི་པར་ཁ་ཕྱེ་བ། འདབ་མ་བཞི་ལ་ཐིག་ལེ་རེ། དེའི་ལྟེ་བར་ཉི་མའི་དཀྱིལ་འཁོར་མེ་དང་རླུང་གི་རང་བཞིན་དེའི་སྟེང་དུ་ཟླ་བ་ས་དང་ཆུའི་རང་བཞིན། ཉི་ཟླ་གཉིས་པོ་གའུ་ཁ་སྦྱོར་དུ་གནས་པའི་དབུས་སུ། ཐིག་ལེ་དཀར་པོ་ཡུངས་ཀར་ཙམ། ཉི་ཟླ་ཁ་སྦྱོར་ལ། བ་ཐག་ཕྲ་མོ་ཞིག་གིས་མདུན་རྒྱབ་ཏུ་ཚན་གསུམ་དུ་དཀྲིས། སྟེང་གི་ཟླ་བའི་ཐད་ཀྱི་དེ་གསུམ་ལ། དབྱངས་གསལ་གྱི་ཡི་གེ་རྣམས་བརྒྱུས་པར་བསམ་སྟེ། དེ་ཡང་གཡས་པ་ལ། ཀ་ནས་དའི་བར་ང་ཉ་སྤངས་པ་དང༌། དབུས་མ་ལ་དབྱངས་བཅུ་དྲུག་དང༌། གཡོན་པ་ལ་དྷ་ནས་ཀྵའི་བར་རྣམས་ཏེ་ཡི་གེ་རྣམས་འཕྲེང་རྡོག་


TNT11_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་ལ། འོད་ཀྱི་བ་ཐག་ཕྲེང་ཐག་ལྟ་བུ་དང༌། དབུས་ཀྱི་ཟླ་བ་ལ་བུ་ག་ཕྲ་མོ་ཞིག་དང་དེ་ཡོད་པར་བསམས་ལ། ལམ་དེ་ནས་ཐིག་ལེ་ལ་སེམས་དྲག་ཏུ་གཏོད་པའོ། །ཞེས་རྔོག་གོང་མ་དག་གསུང༌། འགྲེལ་པ་ཡོན་ཏན་དང་ལྡན་པ་ལས་འདི་དང་ཅུང་ཟད་མི་འདྲ་བ་ཞིག་གསུངས་སོ། །སློབ་དཔོན་ཀུ་ཀུ་རཱི་པའི་སྒྲུབ་ཐབས་བསྡུས་པ་ཤིན་ཏུ་སྤྲོས་མེད་ལྟར་ན། དབྱིབས་ཀྱི་རྣལ་འབྱོར་ནི། དེར་རྡོར་སེམས་ཡབ་ཡུམ་དུ་སྒོམ་པར་བཤད་ཀྱང༌། མཐའ་གཅིག་ཏུ་མ་ངེས་པས། ཧེ་རུ་ཀ་བསྒོམ་ཀྱང་ཆོག །སྙིང་གར་པདྨ་དཀར་ལ་དམར་བའི་མདངས་ཆགས་པ་འདབ་མ་བཞི་པ། ལྟེ་བ་ལ་ཉི་ཟླ་གའུ་ཁ་སྦྱོར་དབུས་སུ་ཐིག་ལེ་དཀར་པོ་དང་བཅས་པ་སྔར་བཞིན་གསལ་བཏབ་ལ། འདབ་མ་བཞི་ལ་ཐིག་ལེ་བཞི་བསྒོམ་སྟེ། དེ་ཡང་ཤར་སྔོ། ལྷོར་སེར། ནུབ་དམར། བྱང་ལྗང་པའོ། །དབུས་ཀྱི་ཟླ་བ་ལ་སྒྲ་དང་བཅས་ཏེ་བུ་ག་རྟ་རྔ་ཤོང་བ་ཞིག་དོད་རང་གི་དབུགས་ཕྱི་ལ་འགྲོ་བ་དང་བསྟུན་ཏེ། ཐིག་ལེ་ལས་འོད་ཟེར་གྱི་སྐུད་པ་ཞིག་བྱུང་ཟླ་བའི་བུ་ག་ནས་ཐོན། མདུན་རྒྱབ་དང་གཡས་གཡོན་དུ་རྒྱ་གྲམ་རིས་སུ་དཀྲིས་སླར་ཐིག་ལེ་ལ་ཟུག་པར་བསམ། དབུགས་ཕྱིར་འགྲོ་བའི་ཚེ་ཐིག་ལེ་ལས་ཨོཾ་ཡིག་རྒྱང་སྟེ་ཐོན་སྣ་སྒོ་ནས་ཕྱིར་སོང༌། ནང་དུ་འོང་བའི་ཚེ་ཧཱུཾ་ཞིག་སྣ་སྒོ་ནས་ཞུགས་སྔར་གྱི་ལམ་བརྒྱུད་ནས་ཐིག་ལེ་ལ་ཐིམ་པར་བསམ། དེ་ལྟ་བུའི་རྡོ་རྗེའི་


TNT11_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པ་ལན་མང་དུ་བྱས་ཏེ་མཐར་རླུང་འགྲོ་འོང་དང་བྲལ་བར་བསམས་ནས། དེའི་རྗེས་ལ་ཐིག་ལེ་ཉིད་ལ་སེམས་གཏོད་པ་གསང་བའི་མན་ངག་བཟླ་བའི་དོད་དུ་སྦ་བ་ཞེས་བྱ་བ་ཡིན་ལ། ཟླ་བའི་བུ་ག་ནས་ཐིག་ལེ་འཇུར་གྱིས་བྱུང་ནས་ཟླ་བའི་སྟེང་དུ་ཡེར་རེ་འདུག་པ་ལ་སེམས་གཏོད་པ་ནི་གསང་བའི་མན་ངག་ནམ་མཁར་འཕྱར་བ་ཞེས་པ་ཡིན་ཞིང༌། ཉི་ཟླ་ཁ་སྦྱོར་གྱི་བར་ན་གནས་པའི་ཐིག་ལེ་ཉིད་སེམས་སེམས་ཉིད་ཐིག་ལེ་ཞེས་ཐིག་ལེའི་དབུས་སུ་རང་ཉིད་ཞུགས་པར་སྒོམ་པ་ནི་གསང་བའི་མན་ངག་ཕྲ་མོར་བཞག་པ་ཞེས་པ་ཡིན་ནོ། ཁ་ཅིག་གཞུང་དངོས་བསྟན་ལ་ཞེན་ནས་སྟེང་དང་ཕྲ་མོ་གཉིས་འགོག་པ་ནི། མཁས་འདོད་ལངས་པས་མན་ངག་ལ་སྡང་བ་ཙམ་དུ་ཟད་དོ། །སློབ་དཔོན་འགྲོ་བ་བཟང་པོའི་དེ་ཁོ་ན་ཉིད་ཀྱི་མན་ངག་ལྟར་ན། རང་གི་སྙིང་པདྨ་དམར་པོ་འདབ་བཞི་པའི་རྣམ་པར་ཁ་གྱེས་པའི་ལྟེ་བར་ཉི་མ་མེ་རླུང་གི་རང་བཞིན་གྱི་སྟེང་དུ་ཟླ་བ་ས་ཆུའི་རང་བཞིན་ཁ་སྦྱོར་གྱི་དབུས་སུ་ཐིག་ལེ་སྔར་དང་མཚུངས་པར་བསྒོམས་ཏེ་དེ་ཉིད་ལ་སེམས་འཛིན་པའོ། །གཞུང་འདིའི་མནའ་མཆན་ལས་ཀུ་ཀུ་རཱི་པའི་སྒྲུབ་ཐབས་རྒྱས་པའི་ལུགས་དང་འདྲ་བར་བཤད་ཀྱང༌། འགྲོ་བཟང་གི་གཞུང་གི་དགོངས་པ་འདི་ལས་མི་འདའ་འོ། །ཀུ་ཀུ་རཱི་པའི་སྒྲུབ་ཐབས་རྒྱས་པའི་ལུགས་ལྟར་ན། སྙིང་གར་པདྨ་འདབ་བཞིའི་ལྟེ་བར་ཉི་ཟླ་གའུ་ཁ་སྦྱོར་གྱི་དབུས་སུ་ཐིག་ལེ་སྔ་མ་ལྟར་བསྒོམས་ནས།


TNT11_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་ཅུང་ཟད་ཁ་སྦྱར་བས། ཏོག་ཅེས་པའི་སྒྲ་ཞིག་བྱུང་ནས་སྟེང་གི་ཟླ་བ་ལ་བུ་ག་རྔ་འབྲུམ་ཤོང་པ་ཙམ་ཞིག་དོད། བུ་ག་དེ་ནས་རླུང་འགྲོ་འོང་ལན་བདུན་ཙམ་བྱས་པར་བསམ། དེ་ནས་ཐིག་ལེ་ལས་འོད་ཟེར་གྱི་སྐུད་པ་བ་ཐག་ཙམ་ལ་ཨཱ་ལི་ཀཱ་ལི་འཕྲེང་བ་སྟར་ལ་བརྒྱུས་པ་ཞིག་བྱུང་ཟླ་བའི་བུ་ག་ནས་འཐོན། མདུན་རྒྱབ་ཏུ་དཀྲིས་གསུམ་དང་གཡས་གཡོན་དུ་བཞི་འཁྱོག་མཚམས་སུ་ཕྱེད་དེ་ཕྱེད་དང་བརྒྱད་དུ་དཀྲིས། སླར་ཡང་ཐིག་ལེ་ཉིད་ལ་ཐིམ་པར་བསམ། དེ་ནས་འཇམ་རླུང་ཁ་སྦྱོར་དུ་བཟུང་ནས་ཐིག་ལེ་ལ་སེམས་འཛིན། གསང་བའི་མན་ངག་ཟླ་བའི་དོད་དུ་སྦ་བ་ལ་སོགས་པ་གསུམ་པོ་གང་རུང་ཤིག་བསྒོམ་སྟེ་གོང་དང་འདྲའོ། །འདིའི་ཡན་ལག་ཏུ་རྡོ་རྗེ་བཟླས་པ་ནི། པདྨ་ཉི་ཟླ་ཐིག་ལེ་རྣམས་སྔ་མ་ལྟར་བསྒོམས་ལ། ཐིག་ལེའི་མཐར་ཨཱ་ལི་བཅུ་དྲུག་ཀཱ་ལི་སོ་བཞི་རྣམས་འོད་ཀྱི་སྐུད་པ་ལ་བརྒྱུས་པ་སྦྲུལ་འཁྱིལ་བ་ལྟར་ཁོར་རེ་དཀྱིལ་ལེ་འཁོར་བ་བསམ། རླུང་ཕྱིར་འགྲོ་བའི་ཚེ་ཨོཾ་ཞེས་པའི་སྒྲ་དང་བཅས་སྟེང་གི་ཟླ་བ་ཕུག་སྟེ་སྣ་བུག་གཡས་ནས་འཐོན། ཨ་ཕྱི་རོལ་དུ་རྒྱང་ངེ་འདུག་པ་དང་ཀྵ་སྙིང་གའི་ཟླ་བ་ལ་རེག་གེ་འདུག་པར་བསམ། རླུང་ནང་དུ་རྔུབ་པའི་མཚམས་སུ་འོད་ཀྱི་སྐུད་པ་དེ་འཁྱོགས་ཏེ། ཨ་སྣ་བུག་གཡོན་པ་ལ་རེག་གིས་བྱུང་བ་ན་ཀྵ་ཟླ་བ་དང་བྲལ་བར་བསམ། རླུང་ནང་དུ་འོང་བའི་ཚེ་ཧཱུཾ་གི་གདངས་དང་བཅས་སྣ་


TNT11_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

བུག་གཡོན་ནས་ཞུགས། ཨ་སྙིང་གའི་ཟླ་བ་ལ་རེག་པ་ན། ཀྵ་སྣ་བུག་གཡས་ནས་མདུན་དུ་རྒྱངས་ཀྱིས་འཐོན་པར་བསམ། རླུང་ཅུང་ཟད་བཟུང་བའི་ཚེ་ཟླ་བའི་བུ་ག་ནས་ཞུགས་ཏེ་ཐིག་ལེ་ལ་སྐོར་གྱིས་འཁྱིལ་པར་བསམས་ལ། ཨཱཿཞེས་པའི་གདངས་ཡིད་ཀྱིས་དྲན་པར་བྱའོ། །དེ་ལྟར་ལན་མང་དུ་བསྒོམ། དམིགས་པས་ངལ་ན་འོག་ནས་འབྱུང་བ་ལྟར་རྡོ་རྗེའི་བཟླས་པ་བྱའོ། །གཉིས་པ་ནི། སྐྱེས་པའི་རྡོ་རྗེ་ནོར་བུའམ་གསང་གནས་བདེ་སྐྱོང་གི་འཁོར་ལོར་བསྒོམས་ཀྱང་རུང་ལ། བུད་མེད་ཀྱི་ནི་པདྨའི་ཟེའུ་འབྲུར་བསྒོམ་སྟེ། དེ་ཡང་པདྨ་དམར་པོ་འདབ་བརྒྱད་ཁ་ཟུམ་ཐབས་སུ་ཡོད་པ། ཟེའུ་འབྲུ་དམར་རོང་རེ་བ་གཅིག་བསམ། དེར་ཉི་ཟླ་ཁ་སྦྱོར་གྱྀ་དབུས་སུ་ཐིག་ལེ་ཡུང་འབྲུ་ཙམ་ཞིག་བདེ་བའི་རང་བཞིན་དུ་བསམ། དེ་ནས་རྡོ་རྗེའི་བཟླས་པ་བྱ་བ་འདོད་ན། སྟེང་རླུང་ནང་དུ་འཇུག་པའི་ཚེ་ཐིག་ལེ་ལས། ཨོཾ་བྱུང་ཟླ་བ་ཕུག་ནས་རྡོ་རྗེའི་བུ་ག་ནས་རྒྱངས་ཀྱིས་འཐོན། སྟེང་རླུང་ཕྱིར་འགྲོ་བའི་ཚེ་ཨོཾ་ཧཱུཾ་གི་རྣམ་པ་ཅན་དུ་གྱུར་ནས་སྔར་གྱི་ལམ་ནས་ཚུར་བྱུང༌། ཐིག་ལེ་ལ་ཐིམ་པར་བསམ། སྟེང་རླུང་ཕྱིར་འཛིན་པའི་ཚེ་ཨཱཿཞེས་དྲན་པར་བྱའོ། །གསུམ་པ་ནི། སློབ་དཔོན་ཀུ་ཀུ་རཱི་པའི་མཛད་པའི་སྒྲུབ་ཐབས་འབྲིང་པོ་ལས་འབྱུང་བ་སྟེ། སྤྱི་བོར་རླུང་གི་དཀྱིལ་འཁོར་ཟླ་གམ་ལྗང་ཁུ། སྙིང་གར་ས་


TNT11_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

སེར་པོ་གྲུ་བཞི། ལྟེ་བར་ཆུ་དཀར་པོ་ཟླུམ་པོ། མདོམས་བར་དུ་མེ་དམར་པོ་གྲུ་གསུམ། སྤྱི་བོའི་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་ཐིག་ལེ་དཀར་པོ་དེའི་སྟེང་དུ་ཧཾ་མགོ་བོ་ཐུར་དུ་ལྟ་བའོ། །སྤྱི་བོའི་རླུང་གི་དཀྱིལ་འཁོར་གཡོས་པས། ཐིག་ལེ་ཧྲིལ་ཏེ་འགྲིལ་འོག་ཏུ་སོང་སྙིང་གར་བབས། སའི་དཀྱིལ་འཁོར་ཐིག་ལེ་ལ་ཐིམ། དེ་བཞིན་དུ་ལྟེ་བའི་ཆུ་དང༌། མདོམས་ཀྱི་མེ་ཡང་ཐིག་ལེས་ཟོས། རྡོ་རྗེའི་རྩེར་དཀར་ཙེར་གྱིས་བྱུང༌། ཡང་ཡར་ཧྲིལ་ལི་ལི་འགྲིལ། སྤྱི་བོའི་རླུང་ཡང་ཟོས། ཧཾ་ལ་ཐིམ། དེ་ནས་དབུགས་དང་འགྲོགས་ཏེ། རླུང་ཕྱིར་སོང་ཙ་ན། ཧཾ་ལས་ཐིག་ལེ་ཆད༌། རྡོ་རྗེའི་རྩེར་དཀར་རྩེར་གྱིས་བྱུང༌། ནང་དུ་རྔུབས་ཙ་ན་ཡར་བྱུང་ཧཾ་ལ་ཐིམ། དེ་ལྟ་བུ་ལན་འགའ་ཟུང་བྱས་ཏེ། དེ་ནས་ཐིག་ལེ་དེ་ཉིད་ནར་གྱིས་སོང་ཡར་སྣ་ཧཾ་ལ་འབྱར་མས་སྣས་རྡོ་རྗེའི་བུ་ག་ཁེངས་ཏེ། ལུས་ཀྱི་དབུས་ན་ཡར་སྐྱ་ཤར་རེ་བ་དེ་དྲང་ངེ་འདུག་པར་བསམས་ལ་དར་ཅིག་བཞག །དེ་ནས་ལྟེ་བའི་ཐད་ནས་ཐིག་ལེ་སྐུད་པ་ལྟ་བུ་དེ་ལས་ཡལ་ག་གཉིས་ཀྱིས། ཡར་ན་ར་ར་སོང་ནས་སྣ་བུག་གཡས་གཡོན་ལ་ཟུག་པར་བསམ། དབུགས་ཕྱིར་འགྲོ་བའི་ཚེ་ལྟེ་བ་ནས་ཨོཾ་ཞིག་གཡས་ཀྱི་ཐིག་ལེའི་བ་ཐག་ལ་འཁྲིལ་ནས་སྣ་གཡས་ནས་འཐོན། ནང་དུ་འོང་བའི་ཚེ་ཧཱུཾ་དུ་གྱུར་སྣ་གཡོན་ནས་ཞུགས། གཡོན་གྱི་བ་


TNT11_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཐག་ལ་འཁྲིལ་ནས་ལྟེ་བར་སླེབ། གནས་པའི་ཚེ་ཨཱཿརུ་སོང་སྟེ་དབུས་ཀྱི་བ་ཐག་ལ་བརྟེན་པར་བསམ། དེ་ལྟ་མ་ནིང་གི་བཟླས་པ་གང་ནས་ཤིག་པའོ། །གསུམ་པ་ཕྲ་མོ་སྔགས་ཀྱི་རྣལ་འབྱོར་ལ། རླུང་རྒྱ་ཡན་ལ་བསླབ་པ། བགྲང་ཞིང་རྩིབ་ལ་བསླབ་པ། བུམ་པ་ཅན་ལ་བསླབ་པ་སྟེ་གསུམ་མོ། །དང་པོ་ལ་གཉིས་ཀྱི། རྒྱ་ཡན་ཙམ་པོ་ནི། དབུགས་ཕྱིར་འགྲོ་བའི་ཚེ་ནད་དང་སྡུག་བསྔལ་དང་རྒ་ཤི་སྟེར་བའོ་སྙམ་དུ་བསམ། ནང་དུ་འོང་བའི་དུས་ཚེ་དང་བསོད་ནམས་དང་མདངས་སྟོབས་རྒྱས་པར་བྱེད་པའོ་སྙམ་དུ་བསམ་མོ། །གཉིས་པ་རྡོ་རྗེའི་བཟླས་པ་ལ་བསླབ་པ་ནི། རླུང་ཕྱིར་འགྲོ་བ་ན་ཨོཾ། ནང་དུ་འཇུག་པ་ན་ཧཱུཾ་གནས་པ་ན་ཨཱཿཞེས་པ་རྣམས་ཡིད་ཀྱིས་དྲན་པར་བྱེད་པའོ། །གཉིས་པ་ལ་གསུམ་ལས་དང་པོ་བགྲང་ཞིང་རྩི་བ་ཙམ་པོ་ནི། དབུགས་ཕྱི་འགྲོ་ནང་འགྲོ་གཅིག་ཏུ་བསྡོམས་པ་བཅུ་ཚན་བཅུ་ཚན་དུ་བཅད་དེ་ཡང་ཡང་སྒྲོང་བའོ། །གཉིས་པ་རྡོ་རྗེའི་བཟླས་པ་ལ་བརྟེན་པ་ནི་རྡོ་རྗེའི་བཟླས་པ་དང་སྦྱར་ཏེ། བཅུ་ཚན་བཅུ་ཚན་ཏུ་སྒྲོང་བའོ། །གསུམ་པ་མན་ངག་གི་གནད་ལ་བརྟེན་པ་ནི། །སྙིང་གར་ཟླ་བའི་སྟེང་དུ་ཧཱུཾ་དཀར་པོ། །དེ་ལས་སྐྱེས་པའི་འོད་ཟེར་གྱི་སྐུད་པའི་སྣེ་ལ་ཨོཾ་གྱིས་མཚན་པ། སྐུད་པ་དེ་ཉིད་ཧཱུཾ་ལ་གཡས་སྐོར་དུ་ལན་བདུན་དུ་བསྐོར་བར་བསམ་ལ། དབུགས་ཕྱིར་འགྲོ་བའི་ཚེ་དེ་སྐོར་ལོག་ཏུ་ཞིག་སྟེ། རླུང་གང་ནས་རྒྱུ་བའི་སྣ་སྒོ་ནས་རྒྱངས་ཀྱིས་འཐོན།


TNT11_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་འོང་བའི་ཚེ་སྔར་བཞིན་ཧཱུཾ་ལ་སྐོར་བ་ལན་བདུན་དུ་བསྐོར་བར་བསམ། དེ་ཉིད་བཅུ་ཚན་བཅུ་ཚན་དུ་སྒྲོང་པའོ། །གསུམ་པ་བུམ་པ་ཅན་ལ་རིམ་གྱིས་དགག་པ་དང༌། བཙན་ཐབས་སུ་དགག་པའོ། །དང་པོ་ནི། ལུས་གནད་སོགས་ལེགས་པར་བཅོས་ཏེ། ལག་ལེན་ལྟར་ཧཱ་རིང་པོས་རླུང་རོ་བསལ་པ་ལན་བཅུ་ཙམ་བྱས་ཏེ། རླུང་ཤར་གྱིས་རྔུབས་ཏེ། ལྟེ་བར་དྲག་ཏུ་མནན། འོག་རླུང་ཡར་འཐེན་པས། རླུང་གཉིས་ལྟེ་བར་ཁྲུག་ཆིལ་ཆིལ་འཐབ་པ་ལ་སེམས་བསྟད། བདེ་དྲོད་ཡིད་ལ་བྱའོ། །གཉིས་པ་ནི། སེང་གེ་རྣམ་རོལ་གྱི་ཕྱག་རྒྱ་བཅས་ལ་བུམ་ཅན་དྲག་ཏུ་བཟུང་བ་སྟེ། འདི་ཐུན་རེ་ལ་ལན་འགའ་ཟུང་རེ་ལས་མི་བྱའོ། །གཉིས་པ་འོག་སྒོ་སྔགས་ཀྱི་རྣལ་འབྱོར་ནི་བླ་མའི་མན་ངག་དང་ཡིག་ཆུང་ལས་ལོགས་སུ་ཤེས་པར་བྱའོ། །གསུམ་པ་མཐར་ཐུག་ཆོས་ཀྱི་རྣལ་འབྱོར་ལ། ཐུན་མོང་དང༌། ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ལ་རང་བཞིན་ལམ་འཁྱེར་དང༌། སྣང་བ་ལམ་འཁྱེར་གཉིས་ལས། དང་པོ་ནི། ལུས་གནད་བཅོས། སེམས་རང་བབས་སུ་ལྷོད་ཀྱིས་ཀློད། དེའི་ངང་ནས་སེམས་ཀྱི་ངོ་བོ་ལ་ཆེ་རེ་བལྟས་པས། གསལ་ལ་ངོས་གཟུང་མེད་པ་གཅིག་འཆར་ཏེ། དེ་ངོས་གཟུང་ལ་མཉམ་པར་བཞག །གཉིས་པ་ནི། ཚོགས་དྲུག་གི་སྣང་བ་སྣ་ཚོགས་སུ་ཤར་བ་འདི་ཉིད་ལ་ཆེ་རེ་


TNT11_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

བལྟས་ཤིང་སྣང་ཙམ་དེ་ཉིད་ངོ་ཤེས་པར་བྱས་ཏེ། བཟོ་བཅོས་མེད་པར་ཆམ་མེ་བཞག་པ་ན་སྣང་བ་དེ་ཐམས་ཅད་སྣང་སྟོང་དུ་འཆར་བའོ། །གཉིས་པ་ལ་ཡང༌། རང་བཞིན་ལམ་འཁྱེར་དང༌། སྣང་བ་ལམ་འཁྱེར་གཉིས་ལས། དང་པོ་ནི། སྔགས་ཀྱི་རྣལ་འབྱོར་སྒོམས་པའི་བདེ་བ་ཡིད་ལ་བྱས་ནས་སེམས་བདེ་སྟོང་དུ་ངོ་འཕྲོད་པར་བྱས་ཏེ་སྒོམ་པའོ། །གཉིས་པ་ནི། སེམས་བདེ་སྟོང་དེས་ཚོགས་དྲུག་གི་སྣང་བ་ལ་རྒྱས་འདེབས་པ་སྟེ། འདིས་ཚོགས་དྲུག་གི་སྣང་བ་ཐམས་ཅད་བདེ་བར་འཆར་རོ། །བཞི་པ་འཕྲོས་དོན་སྒྱུ་མ་གསུམ་བརྒྱུད་ལ། སྣང་བ་སྒྱུ་མ། རྨི་ལམ་སྒྱུ་མ། བར་དོ་སྒྱུ་མ་གསུམ་ལས། དང་པོ་ནི། བདག་དང་སྣང་བ་ཐམས་ཅད་མཧཱ་མཱ་ཡའི་དཀྱིལ་འཁོར་དུ་བསྒོམས་ཏེ། འདི་ཐམས་ཅད་ཀྱང་རང་གི་སྣང་བ་ཙམ་ཡིན། སྣང་ཡང་བདེན་པས་སྟོང་པ་སྒྱུ་མ་ལྟ་བུའོ་ཞེས་སྒྱུ་མའི་འདུན་པ་དྲག་ཏུ་སྦྱོང་བའོ། །གཉིས་པ་ལ། རྨི་ལམ་བཟུང་བ་དང༌། སྦྱང་བ་དང༌། གཅིག་ཏུ་བྱ་བའོ། །དང་པོ་ནི། མགྲིན་པར་པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བ་ལ་ཨོཾ། འདབ་མ་བཞི་ལ། ཨ་ནུ་ཏ་ར་བཞི་བཀོད་ལ། དམིགས་པའམ། ཡང་པདྨའི་ལྟེ་བར་ཐིག་ལེ་ནག་པོ་ཨ་སྔོན་པོས་མཚན་པ་ལ་དམིགས་ནས། དོ་ནུབ་རྨི་ལམ་ཟིན་པར་བྱའོ་སྙམ་པའི་འདུན་པ་དྲག་ཏུ་བྱའོ། །གཉིས་པ་ནི་རྨི་ལམ་རྨི་ཚད་ཟིན་པ་ན། དོ་ནུབ་རྨི་ལམ་རྨི་


TNT11_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚེ་སྣང་བ་ཐམས་ཅད་མཧཱ་མཱ་ཡའི་དཀྱིལ་འཁོར་དུ་བསྒྱུར་བར་བྱའོ་སྙམ་དུ་འདུན་པ་དྲག་ཏུ་སྦྱངས་ཏེ། སད་དུས་ཀྱི་སྣང་བ་ཐམས་ཅད་དཀྱིལ་འཁོར་དུ་བསྒོམས་པས། རྨི་ལམ་འཁྲུལ་པའི་སྣང་བ་ཤར་ནའང་ཤར་མ་ཐག་ཏུ་དམིགས་པ་འདི་བསྒོམས་པས་དཀྱིལ་འཁོར་དུ་འགྱུར་བའོ། །གསུམ་པ་ནི། ཉིན་པར་དོ་ནུབ་རྨི་ལམ་རྨི་བ་ན་སྔགས་ཀྱི་རྣལ་འབྱོར་དང་ཆོས་ཀྱི་རྣལ་འབྱོར་བསྒོམ་སྟེ། །རྨི་ལམ་འོད་གསལ་དུ་འཇུག་པར་བྱའོ་སྙམ་པའི་འདུན་པ་དྲག་ཏུ་བྱའོ། །འདིས་མཚན་མོ་རྨི་ལམ་ཤར་བའི་ཚེ། གདམས་པ་འདི་དྲན་ཏེ་སྙིང་གའི་ཐིག་ལེ་སོགས་བསྒོམས་པའི་རྨི་ལམ་གྱི་སྣང་བ་ཡལ་ཏེ་འོད་གསལ་འཆར་ལ། དེ་ནས་ཆོས་ཀྱི་རྣལ་འབྱོར་བསྒོམས་པས་འོད་གསལ་ཡུན་རིང་དུ་སྐྱོང་ཐུབ་པ་ཡིན་ནོ། །གསུམ་པ་ལ་ཡང་གཟུང་བ་དང༌། སྦྱང་བ་དང༌། གཅིག་ཏུ་བྱ་བ་གསུམ་ལས། དང་པོ་ནི། སྣང་བ་འདི་ཐམས་ཅད་བར་དོ་ཡིན་པ་འདུག་སྙམ་པའི་འདུན་པ་དྲག་ཏུ་སྦྱངས། གཉིད་ཉལ་ཁར་ཡང༌། ད་ལྟ་རང་རྨི་ལམ་འབྱུང་བས། དེ་བར་དོར་ངོ་ཤེས་པར་བྱའོ་སྙམ་པའི་འདུན་པ་ཡང་ཡང་སྦྱང་ངོ༌། །དེའི་རྨི་ལམ་དུ་བར་དོའི་དགེ་སྦྱོར་ཟིན་པ་རྟག་ཏུ་འོང་ན་བར་དོ་ཟིན་པ་ཞེས་ཐ་སྙད་འཇོག་གོ །གཉིས་པ་ནི། ཉིན་པར་བར་དོའི་འདུན་པ་སྦྱངས་ནས། བར་དོ་འཁྲུལ་པའི་སྣང་བ་འདི་ལྷ་སྐུར་བསྒྱུར་བར་བྱའོ་སྙམ་པས་རང་ཧེ་རུ་ཀ་ཡབ་ཡུམ་དང༌། སྣོད་ཐམས་ཅད་གཞལ་


TNT11_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་ཁང༌། བཅུད་ཐམས་ཅད་མཧཱ་མཱ་ཡ་ཡབ་ཡུམ་མམ་བླ་མ་ཡབ་ཡུམ་དུ་དྲན་པར་བྱའོ། །འདིར་ཡང་བདེན་མེད་ཀྱི་འདུན་པ་དྲག་ཏུ་སྦྱོང་བ་གལ་ཆེ། གསུམ་པ་ནི། རྨི་ལམ་དང་བར་དོའི་གདམས་པ་འདི་ལ་རྟེན་ནས། གཉིད་ཐམས་ཅད་འོད་གསལ་དུ་ཆུད་པར་བྱས་ཏེ་ནམ་ཞིག་ན་འཆི་བ་འོད་གསལ་ངོས་འཛིན་པ་ཡིན་ནོ། །དེ་ལྟར་ན་དཀྱུས་ཀྱི་འཁྲིད་ཚུལ་ནི་དེ་དག་ཁོ་ན་ཡིན་ལ། གཞན་རྫོགས་རིམ་ཐོར་བུ་པ། གདམས་ངག་བཀའ་དྲུག་དང༌། བསམ་གཏན་གྱི་ལས་ཚོགས་དྲུག་པོ་ལ་བསྐྱེད་རིམ་དང་རྫོགས་རིམ་གྱི་མན་ངག་རེ་རེ་ཡོད་ཅིང༌། གཞན་གྱི་གྲོང་སོགས་བྱ་བ་དང༌། ཞེས་པ་ལས་འཕྲོས་ནས། བསྲེ་འཕོ་ནས་འབྱུང་བ་ལྟར་འཕོ་བ་གྲོང་འཇུག་གཉིས་ཀྱང་སྟོན་ནོ། །ད་ལྟ་སྒྱུ་མ་གསུམ་བརྒྱུད་ཀྱི་ཉམས་ལེན་བྱེད་པ་འདི་ལས་དང་པོ་པའི་སྒྱུ་ལུས་དང་འོད་གསལ་ལ་ཡིན་ལ། འདི་ལ་བརྟེན་ནས་རྣལ་འབྱོར་པའི་དེ་དག་རྒྱུད་ལ་སྐྱེ་བ་ཡིན་ནོ། །འདི་དག་རྒྱུད་ཀྱི་ཇི་ལྟར་བསྟན་ཚོད་ནི། ཨཱ་ལི་ཀཱ་ལི་མཉམ་བྱས་ནས། ཞེས་སོགས་རྐང་པ་དྲུག་གིས་འཁོར་ལོ་སྔགས་ཀྱི་རྣལ་འབྱོར་དང༌། བཟང་པོའི་ཡི་གེའི་འཕྲེང་བ་རྣམས། ཞེས་སོགས་ཀྱིས་ཐིག་ལེ་སྔགས་ཀྱི་རྣལ་འབྱོར་སྟེང་འོག་དང༌། གོང་བུར་སོང་བའི་འོད་དེ་ཡི། ཞེས་པའི་ཐིག་ལེ་ལུས་ཀྱི་དབུས་སུ་སྒོམ་པ་དང༌། དང་པོའི་ཡི་གེའི་སྦྱོར་བ་ཡི། །སོགས་ཀྱིས་རྡོར་བཟླས་དང་འབྲེལ་བ་རྣམས་དང༌། སྲོག་དང་རྩོལ་བ་བསྔམས་ནས་སུ། །ཞེས་པས། བུམ་པ་ཅན་རིམ་གྱིས་དགག་པ་དང༌། མིག་གཉིས་དང་ནི་སོགས་


TNT11_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བཙན་ཐབས་སུ་དགག་པ་དང༌། གང་གང་དབང་བོའི་ལམ་ལས་ནི། ཞེས་སོགས་ཀྱིས་ཆོས་ཀྱི་རྣལ་འབྱོར་དང༌། རྣལ་འབྱོར་གཉིད་དང་ཡང་དག་ལྡན། ཞེས་པ་དང་ཇི་ལྟར་སྐུ་གསུམ་མཆོག་སྟེར་བའི། སོགས་ཀྱིས་སྒྱུ་མ་གསུམ་བརྒྱུད་ཀྱི་གདམས་ངག་དང༌། དབྱིབས་ཀྱི་རྣལ་འབྱོར་ནི་ལེའུ་གསུམ་ཆར་དུ་རྒྱས་པར་གསུངས་པ་དང༌། འོག་སྒོ་སྔགས་ཀྱི་རྣལ་འབྱོར་ཡང་སྔ་ཕྱིར་འཐོར་ཐབས་སུ་མང་དུ་བསྟན་པ་ཡིན་ནོ། །སྒྱུ་མ་གསུམ་བརྒྱུད་ཀྱི་ཡན་ལག་ཏུ། འབྱམས་བཅོད་བཞི་སྦྱོར་བའང་སྣང་ལ། དེའི་རྣམ་གཞག་ཤེས་པར་འདོན་ན། གསང་འདུས་ནག་འཁྲིད་ཀྱི་ཡིག་རྙིང་ངམ། རིམ་སྔ་མར་ལུགས་ཀྱི་ཁྲིད་ཡིག་ཤིན་དུ་དག་ཅིང་གསལ་བ་ཞིག་ཁོ་བོས་སྦྱར་ཡོད་པས་དེ་ལྟར་ཤེས་པར་བྱའོ།། །།འདིར་སྨྲས་པ། སྙིང་པོ་མཆོག་གྱུར་ལམ་བཟང་རྨད་བྱུང་འདི། །ཆོས་ཀྱི་བློ་གྲོས་མཚན་འཆང་ཧེ་རུ་ཀ །གང་དེའི་སྲོལ་འཛིན་རིན་ཆེན་བདུན་བརྒྱུད་སོགས། །རྡོ་རྗེ་འཛིན་རྒྱལ་རྣམས་ཀྱིས་དར་བར་མཛད། །ད་ལྟ་ཕྱོགས་མེད་སྤྱོད་པའི་རྣལ་འབྱོར་པ། །ཏཱ་ར་ནཱ་ཐ་བདག་གི་ཡིད་བདེའི་སོས། །མཁས་རློམ་རྣམས་ལ་མིང་ཡང་མ་གྲགས་ན། །བློ་ཆུང་ང་རྒྱལ་ཅན་ལ་ལྟ་ཅི་སྨོས། །རྟག་ཏུ་དམན་པར་རྒྱུ་ཡང་ཅ་ཅོ་ཅན། །གྱ་གྱུར་སྤྱོད་པའི་ཆུ་ཀླུང་འགའ་མེད་ངམ། །ཆུ་སྐྱར་སྒྱུ་མའི་བརྟུལ་ཞུགས་འཛིན་མཐོང་ནས། །ཤེས་ལྡན་རྣམས་ནི་བག་ཡོད་ལམ་དུ་གཞོལ། །ཤིན་ཏུ་རྙེད་དཀའི་རིན་ཆེན་འདི། །རིན་ཐང་


TNT11_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་ཡོངས་ཤེས་ནས། །ལྷག་བསམ་དག་པའི་བྱི་དོར་དུ། །ཏཱ་ར་ནཱ་ཐས་སྦྱར་བ་ཡིན། །ཞུས་དག །དགེ་ལེགས་འཕེལ། །འདིར་བསགས་དགེ་བའི་ཟླ་ཟེར་གྱིས། །བསྟན་འགྲོའི་ལེགས་སྒོ་ཀུ་མུད་ཚལ། །ཡོངས་རྒྱས་དགའ་སྟོན་གསལ་བའི་དབལ། །སྲིད་མཐའི་བར་དུ་མཉམ་མེད་ཤོག །སྟིད་མཐའི་བར་དུ་མཉམ་མེད་ཤོག འདི་འདྲ་གློགས་གྱི་ངོར་མ་ཧིས་བྲིས། །


previousདཔལ་སྒྱུ་འཕྲུལ་ཆེན་མོའི་ཁྲིད་ཡིག་རྒྱལ་བའི་ལམ་བཟང་ཞེས་བྱ་བ་ཤིན་ཏུ་རྣམ་པར་དག་ཅིང་གསལ་བ།next