Nitartha Digital Library
Tibetan
བར་དོ་དྲུག་གི་སྔོན་འགྲོ་རྒྱབ་ཆོས་དང་བཅས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
ཤེལ་རྡོ་ངོ་སྤྲོད་མཐོང་བ་རང་གྲོལ།
   
   
   
   
   
   
   


 
previousཤེལ་རྡོ་ངོ་སྤྲོད་མཐོང་བ་རང་གྲོལ།next

ཤེལ་རྡོ་ངོ་སྤྲོད་མཐོང་བ་རང་གྲོལ།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལསཿཤེལ་རྡོ་ངོ་སྤྲོད་མཐོང་བ་རང་གྲོལ་བཞུགས་སོ༔

ཞི་ཁྲོ་སྐུ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ ཤེལ་རྡོ་ངོ་སྤྲོད་དུས་ཀྱི་ཆོས་བཤད་ནི༔ མུན་ཁང་ནང་གི་ཉི་ཟེར་མདུང་བཞུར་ཙམ༔ བསྟན་ནས་སློབ་བུ་ཐམས་ཅད་གྲལ་ལ་བསྒྲིགས༔ སློབ་དཔོན་གྱིས་ནི་སློབ་བུ་རེ་རེ་བཞིན༔ གཉིད་ལོག་འཕར་རྩ་དལ་བུས་མནན་པ་ཡིས༔ བར་དོ་དང་པོའི་འོད་གསལ་འཆར་བར་འགྱུར༔ དེ་ནས་བརྒྱལ་བ་སངས་ལ་ཁད་པ་དང་༔ གར་གིང་ཁྲོ་འབག་འཇིགས་གཟུགས་མང་པོ་ཡིས༔ རྔ་གླིང་རོལ་ཆ་ཧཱུྃ་ཕཊ་ཧ་སྒྲ་སྒྲོགས༔ དེ་ཚེ་སློབ་དཔོན་ཉིད་ཀྱིས་ཉི་ཞུར་ལ༔ མེ་ལོང་ཤེལ་རྡོ་སྤྲད་དེ་སྤེལ་བ་ཡིས༔ འོད་དང་ཟེར་དང་འཇའ་འོད་སྣ་ལྔ་ཡིས༔ འགུལ་འཁྲིགས་སྣ་ཚོགས་མུན་ཁང་གང་བར་འགྱུར༔ དེ་ཚེ་ཐམས་ཅད་སྔངས་སྐྲག་ངུ་འབོད་སྟོན༔ དེ་ནས་སློབ་དཔོན་ཉིད་ཀྱིས་བར་དོ་ཡི༔ ངོ་སྤྲད་ཐམས་ཅད་སྐབས་དང་སྦྱར་དེ་གསུང་༔ ཁྱད་པར་ཤེལ་རྡོའི་ངོ་སྤྲོད་ལྔ་ཚན་དུ༔ འདི་ལྟར་བླ་མས་ཚིག་གིས་ངོ་སྤྲད་དོ༔ ཨེ་མ་ཧོ༔ རྡོ་ཡི་སྙིང་པོ་རིན་ཆེན་མན་ཤེལ་འདི༔ རྡོ་རྗེ་སེམས་དཔའི་མེ་ལོང་ཞེས་བྱ་སྟེ༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ འགྲོ་བའི་དོན་དུ་མི་ཡུལ་འདིར་བབས་ཏེ༔ སྐུ་ལྔ་ཡེ་ཤེས་ངོ་སྤྲད་སྟེན་དུ་བཟང་༔ ཤེལ་འདི་གཞི་མ་འགྱུར་མེད་བརྟན་པ་འདི༔ ཆོས་སྐུའི་དགོངས་པ་གཞི་ལ་ཁྱབ་པའི་བརྡ༔ དབྱིབས་དང་ཁ་དོག་ལེགས་པར་གསལ་བ་འདི༔ ལོངས་སྐུ་མཚན་དང་དཔེ་བྱད་ལྡན་པའི་བརྡ༔ འོད་ཟེར་ལྔ་ལྡན་ཕྱི་རུ་འཕྲོ་བ་འདི༔ གང་ལ་གང་འདུལ་སྤྲུལ་སྐུར་འཕྲོ་བའི་བརྡ༔ ཕྱི་ནང་མེད་པར་འགག་མེད་གསལ་བ་འདི༔ ཆོས་ཀྱི་སྐུ་ལ་མདུན་རྒྱབ་མེད་པའི་བརྡ༔ འཇའ་འོད་སྣ་ལྔ་རང་ལ་འཆར་བ་འདི༔ ཡེ་ཤེས་ལྔ་ལྡན་ཡེ་ནས་གསལ་བའི་བརྡ༔ འདི་ཉིད་ཆོས་སྐུ་དངོས་ནི་མ་ཡིན་ཏེ༔ དཔེ་འདི་ཇི་བཞིན་དེ་ལྟར་ཤེས་པར་གྱིས༔ རིགས་ཀྱི་བུ་རྣམས་རང་གི་སེམས་ལ་ལྟོ༔ རང་སེམས་རིག་པ་གཤིས་ཀྱི་འདུག་ཚུལ་ཡང་༔ རིན་ཆེན་མན་ཤེལ་འདི་ཡིས་ངོ་སྤྲད་ན༔ ཤེལ་འདི་ཕྱི་ནང་སྟེང་འོག་མེད་པ་ལྟར༔ སེམས་ལ་ཕྱི་ནང་སྟེང་འོག་མེད་པའི་བརྡ༔ ཤེལ་འདི་ཟང་ཐལ་སྒྲིབ་མེད་གསལ་བ་ལྟར༔ སེམས་ཉིད་སྒྲིབ་མེད་ཟང་ཐལ་གསལ་བའི་བརྡ༔ ཤེལ་ལ་འོད་ཟེར་ལྔ་ལྡན་འཕྲོ་བ་འདི༔ སེམས་ཀྱི་རིག་རྩལ་ཅིར་ཡང་འཕྲོ་བའི་བརྡ༔ འོད་དང་ཟེར་ལ་རང་བཞིན་མེད་པ་ལྟར༔ རྟོག་པ་རང་བཞིན་མེད་པར་འཕྲོ་བའི་བརྡ༔ ཤེལ་གྱི་འཇའ་འོད་ཁ་དོག་ལྔ་ལྡན་འདི༔ རང་བཞིན་ཤེས་ན་ཡེ་ཤེས་ལྔ་ཡིན་ཏེ༔ དེ་ཡང་མཐིང་ཀ་ཆོས་དབྱིངས་ཡེ་ཤེས་བརྡ༔ འོད་ཟེར་དཀར་པོ་མེ་ལོང་ཡེ་ཤེས་བརྡ༔ འོད་ཟེར་སེར་པོ་མཉམ་ཉིད་ཡེ་ཤེས་བརྡ༔ འོད་ཟེར་དམར་པོ་སོར་རྟོག་ཡེ་ཤེས་བརྡ༔ འོད་ཟེར་ལྗང་གུ་བྱ་གྲུབ་ཡེ་ཤེས་བརྡ༔ མ་ཤེས་འཁྲུལ་ན་ཉོན་མོང་དུག་ལྔ་སྟེ༔ དེ་ཡང་འོད་ཟེར་མཐིང་ག་ཞེ་སྡང་ལ༔ འོད་ཟེར་དཀར་པོ་ཉོན་མོངས་གཏི་མུག་བརྡ༔ འོད་ཟེར་སེར་པོ་ཉོན་མོངས་ང་རྒྱལ་བརྡ༔ འོད་ཟེར་དམར་པོ་ཉོན་མོངས་འདོད་ཆགས་བརྡ༔ འོད་ཟེར་ལྗང་ཁུ་ཉོན་མོངས་ཕྲག་དོག་གོ༔ འོད་ལྔ་ཤེས་ན་རྒྱལ་བ་རིགས་ལྔ་སྟེ༔ འོད་ཟེར་མཐིང་ག་རྡོ་རྗེ་སེམས་དཔའ་ཡིན༔ འོད་ཟེར་དཀར་པོ་རྣམ་པར་སྣང་མཛད་ཡིན༔ འོད་ཟེར་སེར་པོ་རིན་ཆེན་འབྱུང་ལྡན་ཡིན༔ འོད་ཟེར་དམར་པོ་སྣང་བ་མཐའ་ཡས་ཡིན༔ འོད་ཟེར་ལྗང་གུ་དོན་ཡོན་གྲུབ་པ་ཡིན༔ ངོ་མ་ཤེས་ན་ཉོན་མོངས་ཕུང་པོ་ལྔ༔ དེ་ཡང་མཐིང་ཀ་རྣམ་ཤེས་ཕུང་པོ་ཡིན༔ འོད་ཟེར་དཀར་པོ་གཟུགས་ཀྱི་ཕུང་པོ་ཡིན༔ འོད་ཟེར་སེར་པོ་ཚོར་བའི་ཕུང་པོ་ཡིན༔ འོད་ཟེར་དམར་པོ་འདུ་ཤེས་ཕུང་པོ་ཡིན༔ འོད་ཟེར་ལྗང་གུ་འདུ་བྱེད་ཕུང་པོ་ཡིན༔ འོད་ལྔའི་དོན་རྟོགས་ཡུམ་མཆོག་ལྔ་ཡིན་ཏེ༔ འོད་ཟེར་མཐིང་ག་ནམ་མཁའ་དབྱིངས་ཕྱུག་མ༔ འོད་ཟེར་དཀར་པོ་སངས་རྒྱས་སྤྱན་མ་ཡིན༔ འོད་ཟེར་སེར་པོ་ཡུམ་མཆོག་མཱ་མ་ཀཱི༔ འོད་ཟེར་དམར་པོ་ཡུམ་མཆོག་གོས་དཀར་མོ༔ འོད་ཟེར་ལྗང་གུ་དམ་ཚིག་སྒྲོལ་མའོ༔ ངོ་མ་ཤེས་ན་འབྱུང་བ་ལྔ་ཡིན་ཏེ༔ འོད་ཟེར་མཐིང་ཀ་འབྱུང་བ་ནམ་མཁའི་ཁམས༔ འོད་ཟེར་དཀར་པོ་འབྱུང་བ་ཆུ་ཡི་ཁམས༔ འོད་ཟེར་སེར་པོ་འབྱུང་བ་ས་ཡིན་ཏེ༔ འོད་ཟེར་དམར་པོ་འབྱུང་བ་མེ་ཡི་ཁམས༔ འོད་ཟེར་ལྗང་གུ་འབྱུང་བ་རླུང་ཡིན་ནོ༔ འོད་ལྔ་ཤེས་ན་རིགས་ལྔའི་རང་བཞིན་ཏེ༔ དེ་ཡང་འོད་ཟེར་མཐིང་ཀ་རྡོ་རྗེའི་རིགས༔ འོད་ཟེར་དཀར་པོ་བདེར་གཤེགས་རིགས་ཡིན་ནོ༔ འོད་ཟེར་སེར་པོ་རིན་པོ་ཆེ་ཡི་རིགས༔ འོད་ཟེར་དམར་པོ་པདྨའི་རིགས་ཡིན་ནོ༔ འོད་ཟེར་ལྗང་གུ་ལས་ཀྱི་རིགས་ཡིན་ནོ༔ ངོ་མ་ཤེས་ན་འབྱུང་བ་རླུང་ལྔ་སྟེ༔ འོད་ཟེར་མཐིང་ཀ་ནམ་མཁའ་གོ་འབྱེད་རླུང་༔ འོད་ཟེར་དཀར་པོ་ཆུ་རླུང་གཤེར་བྱེད་རླུང་༔ འོད་ཟེར་སེར་པོ་ས་རླུང་ལྗིད་འཐིབས་རླུང་༔ འོད་ཟེར་དམར་པོ་མེ་རླུང་སྲེག་བྱེད་རླུང་༔ འོད་ཟེར་ལྗང་གུ་སྐྱོད་བྱེད་རླུང་གི་རླུང་༔ འོད་ལྔའི་དོན་ཤེས་ཞིང་ཁམས་ལྔ་ཡིན་ཏེ༔ འོད་ཟེར་མཐིང་ག་སྡུག་པོ་བཀོད་པའི་ཞིང་༔ འོད་ཟེར་དཀར་པོ་མངོན་པར་དགའ་བའི་ཞིང་༔ འོད་ཟེར་སེར་པོ་དཔལ་དང་ལྡན་པའི་ཞིང་༔ འོད་ཟེར་དམར་པོ་བདེ་བ་ཅན་གྱི་ཞིང་༔ འོད་ཟེར་ལྗང་གུ་ལས་རབ་རྫོགས་པའི་ཞིང་༔ ངོ་མ་ཤེས་ན་འོད་ལྔ་ཕྱོགས་ལྔ་སྟེ༔ དེ་ཡང་འོད་ཟེར་མཐིང་ག་དབུས་ཀྱི་ཕྱོགས༔ འོད་ཟེར་དཀར་པོ་འདི་ནི་ཤར་ཕྱོགས་ཡིན༔ འོད་ཟེར་སེར་པོ་འདི་ནི་ལྷོ་ཡི་ཕྱོགས༔ འོད་ཟེར་དམར་པོ་འདི་ནི་ནུབ་ཕྱོགས་ཏེ༔ འོད་ཟེར་ལྗང་གུ་བྱང་གི་ཕྱོགས་ཡིན་ནོ༔ འོད་ལྔའི་དོན་ཤེས་ཁྲག་འཐུང་རིགས་ལྔའི་སྐུ༔ འོད་ཟེར་མཐིང་ག་བཛྲ་ཧེ་རུ་ཀ༔ འོད་ཟེར་དཀར་པོ་བུདྡྷ་ཧེ་རུ་ཀ༔ འོད་ཟེར་སེར་པོ་རཏྣ་ཧེ་རུ་ཀ༔ འོད་ཟེར་དམར་པོ་པདྨ་ཧེ་རུ་ཀ༔ འོད་ཟེར་ལྗང་གུ་ཀརྨ་ཧེ་རུ་ཀ༔ ངོ་མ་ཤེས་ན་ཉོན་མོངས་བདུད་ལྔ་སྟེ༔ འོད་ཟེར་དཀར་པོ་ལྷ་ཡི་བུ་ཡི་བདུད༔ འོད་ཟེར་མཐིང་ག་འཆི་བདག་བདུད་ཡིན་ནོ༔ འོད་ཟེར་སེར་པོ་ཕུང་པོའི་བདུད་ཡིན་ནོ༔ འོད་ཟེར་དམར་པོ་ཉོན་མོངས་པ་ཡི་བདུད༔ འོད་ཟེར་ལྗང་གུ་མ་རིག་འཁྲུལ་བའི་བདུད༔ འོད་ལྔའི་དོན་ཤེས་མཁའ་འགྲོ་སྡེ་ལྔ་ཡིན༔ འོད་ཟེར་མཐིང་ཀ་རྡོ་རྗེ་མཁའ་འགྲོ་ཡིན༔ འོད་ཟེར་དཀར་པོ་སངས་རྒྱས་མཁའ་འགྲོ་ཡིན༔ འོད་ཟེར་སེར་པོ་རིན་ཆེན་མཁའ་འགྲོ་ཡིན༔ འོད་ཟེར་དམར་པོ་པདྨ་མཁའ་འགྲོ་ཡིན༔ འོད་ཟེར་ལྗང་གུ་ལས་ཀྱི་མཁའ་འགྲོ་ཡིན༔ ཤེལ་རྡོ་ངོ་སྤྲོད་ཅེས་བྱ་བ༔ པདྨ་བདག་གིས་རིན་ཆེན་གཏེར་དུ་སྦས༔ ཀརྨ་གླིང་པའི་གཏེར་མའོ༔ བཀྲ་ཤིས་པར་གྱུར་ཅིག༔


previousཤེལ་རྡོ་ངོ་སྤྲོད་མཐོང་བ་རང་གྲོལ།next