གཉིས་པ། ཚེ་མི་རྟག་པའི་ལེའུ།

གཉིས་པ་ཚེ་མི་རྟག་པའི་ལེའུ་ལ་ལྔ་ལས། དེ་ཉིད་མདོར་བསྟན་པ། རྒྱས་པར་བཤད་པ། དེ་བས་བརྩོན་པར་གདམས་པ། མཇུག་བསྡུ་བ། སྐབས་ཀྱི་དགེ་བ་བསྔོ་བའོ། །

སྤྱི་དོན་དང་པོ་མདོར་བསྟན་པ་ནི། དེ་ལྟར་རྙེད་པར་དཀའ་བའི་དལ་བ་ཐོབ་ཀྱང་ཡིད་བརྟན་མི་རུང་བས་བརྩོན་པའི་རང་བཞིན་བྱ་དགོས་པར་གདམས་པ། དེ་ལྟར་རྙེད་དཀའི་དལ་བ་ཐོབ་གྱུར་ཀྱང་། །སྐད་ཅིག་མི་རྟག་འཇིག་པའི་ཆོས་ཅན་ཏེ། །རྣམ་པར་བརྟགས་ན་སྙིང་པོ་འགའ་མེད་ལ། །དབུ་བ་རྡོས་འདྲ་ཡིད་བརྟན་མི་རུང་བས། །ཉིན་མཚན་ཀུན་དུ་ངེས་པར་འཆི་བ་བསམ། །ཞེས་སྨོས་ཏེ། དལ་འབྱོར་ཐོབ་པ་དེའི་ཚེ་སྐད་ཅིག་ཙམ་ཡང་རྟག་ཐུབ་པ་མེད་ལ། ཆུ་ཤིང་ལྟར་སྙིང་པོ་མེད་ཅིང་བློས་དཔྱད་མི་བཟོད་པ། ཆུའི་ལྦུ་བ་ལྟར་རེ་ཞིག་གཅིག་ཏུ་སྣང་ཡང་ཡན་ལག་དང་ཉིང་ལག་སོ་སོར་འཇིག་ཅིང་འབྲལ་བའི་རང་བཞིན་ལ་བརྟག་པར་བྱ་སྟེ། ཆེད་དུ་བརྗོད་པའི་ཚོམས་ལས། ཀྱེ་མ་འདུས་བྱས་རྣམས་མི་རྟག །སྐྱེ་ཞིང་འཇིག་པར་འགྱུར་བ་ཡིན། །སྐྱེས་ནས་འཇིག་པར་འགྱུར་བ་བས། །དེ་བས་མྱུར་དུ་ཞི་བ་བདེ། །སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་འདྲ། །རྨི་ལམ་གློག་དང་སྤྲིན་ལྟ་བུར། །འདུས་བྱས་ཆོས་གསུངས་དེ་དང་འདྲ། །ཞེས་སོ། །

སྤྱི་དོན་གཉིས་པ་རྒྱས་པར་བཤད་པ་ལ་བཅུ་གསུམ་ལས། དང་པོ་ལུས་ལ་གཅེས་འཛིན་བྱས་ཀྱང་མི་རྟག་པ་ནི། དེ་ལྟར་མི་གཙང་ཞིང་འགྱུར་ལ་སྙིང་པོ་མེད་པའི་ལུས་འདི་སོ་སོར་འབྲལ་ཞིང་ལྟོས་ས་མེད་པས་ཀྱང་། ལུས་ལ་ཆགས་པ་བཏང་ལ་ཉིན་མཚན་དུ་མི་རྟག་པ་ལ་བློ་གཞོལ་བར་གདམས་པ་ནི། སྡུག་བསྔལ་ཡིད་མི་བདེ་བ་ཀུན་གྱི་གཞི། །ཉོན་མོངས་འབྱུང་ཁུངས་ཆེར་གྱུར་ལུས་འདི་ལ། །གོས་རྒྱན་མེ་ཏོག་ཕྲེང་སོགས་བཀླུབས་གྱུར་ཅིང་། །བཟའ་བཏུང་བཟང་དགུས་མཆོད་ཅིང་བསྙེན་བཀུར་ཡང་། །དུས་(༢༡)མཐར་མི་རྟག་འཇིག་ཅིང་འབྲལ་བ་སྟེ། །ཝ་དང་བྱ་རྒོད་ཅེ་སྤྱང་ཟས་འདི་ལ། །གཅེས་སྤྲས་རྟག་འཛིན་གཙང་བའི་སེམས་བོར་ལ། །ད་ལྟ་ཉིད་ནས་དམ་པའི་ཆོས་མཛོད་ཅིག །ཅེས་གདམས་ཏེ། རང་གི་ལུས་ཞེས་རྟག་ཏུ་ང་དང་བདག་ཏུ་བཟུང་ནས་ཟས་དང་གོས་ཀྱིས་མཆོད། མཐུན་པར་རིམ་གྲོ་བསྟེན། གཞན་གྱིས་ཁ་ཅུང་ཟད་ཟེར་བ་ཙམ་ལ་ཡང་མི་དགའ་བས་ལན་དུ་སྨྲ་ཞིང་གནོད་པ་ལས་བཟློག་ཀྱང་། ཞི་བ་ལྷས། ལུས་འདི་ཐང་ཅིག་བརྙན་པོ་བཞིན། །ཞེས་གསུངས་པ་ལྟར། འཆི་བདག་གིས་ནམ་ལེན་ཆ་མེད་པ། ལུས་སེམས་འབྲལ་བའི་ཚེ་རྗེས་སུ་མི་འབྲང་བར་སྡོད་པ། དུར་བྱ་དང་། ཁྱི་དང་། ཝ་དང་། བྱ་རྒོད་ལ་སོགས་པའི་བཟའ་བར་ཕྱོགས་པ་འདི་ལ་གཅེས་སྤྲས་སུ་འཛིན་པ་དེའི་ཆེད་དུ་སྡིག་པ་བྱེད་དོན་མེད་པའི་ཚུལ་བལྟས་ཏེ། བྲན་གཡོག་ལྟར་དགེ་བའི་ལས་ལ་བཀོལ་ལ། ཟས་གོས་ཀྱི་གླ་རྔན་ཅི་འོས་བསྟབས་ཏེ། ཉིན་མཚན་དུ་ཆོས་ལ་བརྩོན་པར་འོས་པ་ཉིད་དོ། །ཇི་སྐད་དུ། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ། འདི་ལྟ་སྟེ་དཔེར་ན། ཕྱོགས་བཞི་ནས་རི་ཆེན་པོ་སྲ་བ་བརྟན་པ་སྙིང་པོ་དང་ལྡན་པ། མ་ཞིག་མ་གས་པ་ཤིན་ཏུ་མཁྲེགས་པ། འཕན་མེད་པ། ལྷུན་སྟུག་པ་བཞིན་གནམ་ལ་རེག་ཅིང་ས་ལ་ལྡོག་སྟེ་རྩྭ་དང་ཤིང་དང་ཤིང་གེལ་བ་དང་ཡལ་ག་དང་ལོ་མ་ཐམས་ཅད་དང་། སྲོག་ཆགས་འབྱུང་པོ་ཐམས་ཅད་ཕྱེ་མར་འཐག་ཅིང་འོང་བ་ལ་ནི། མགྱོགས་པས་འབྲོས་པའམ། སྟོབས་ཀྱིས་བཟློག་པའམ། ནོར་གྱིས་བླུ་བའམ། རྫས་དང་སྔགས་དང་སྨན་རྣམས་ཀྱིས་བཟློག་པར་སླ་བ་མ་ཡིན་ནོ། །རྒྱལ་པོ་ཆེན་པོ། དེ་བཞིན་དུ་འཇིགས་པ་ཆེན་པོ་བཞི་པོ་འདི་དག་འོང་སྟེ། དེ་དག་ལ་མགྱོགས་པས་འབྲོས་པའམ། སྟོབས་ཀྱིས་བཟློག་པའམ། ནོར་གྱིས་བླུ་བའམ། རྫས་དང་སྔགས་དང་སྨན་རྣམས་ཀྱིས་བཟློག་པར་སླ་བ་མ་ཡིན་ནོ། །བཞི་གང་ཞེ་ན། རྒ་བ་དང་། ན་བ་དང་། འཆི་བ་དང་། རྒུད་པའོ། །རྒྱལ་པོ་ཆེན་པོ། རྒ་བས་ནི་དར་ལ་བབ་པ་འཇོམས་ཤིང་འོང་ངོ་། །ན་བས་ནི་ནད་མེད་པ་འཇོམས་ཤིང་འོང་ངོ་། །རྒུད་པ་པས་ནི་ཕུན་སུམ་ཚོགས་པ་ཐམས་ཅད་འཇོམས་ཤིང་འོང་ངོ་། །འཆི་བས་ནི་སྲོག་འཇོམས་ཤིང་འོང་སྟེ། དེ་དག་ལ་ནི་མགྱོགས་པས་འབྲོས་པའམ། སྟོབས་ཀྱིས་བཟློག་པའམ། ནོར་གྱིས་བླུ་བའམ། རྫས་དང་སྨན་དང་སྔགས་རྣམས་ཀྱིས་ཞི་བར་བྱ་བ་སླ་བ་མ་ཡིན་ནོ། །རྒྱལ་པོ་ཆེན་པོ། འདི་ལྟ་སྟེ་དཔེར་ན། རི་དྭགས་ཀྱི་རྒྱལ་པོ་སེང་གེ་རི་དྭགས་ཀྱི་ནང་དུ་ཞུགས་ནས། རི་དྭགས་བཟུང་སྟེ་ཇི་ལྟར་འདོད་པ་བཞིན་དུ་དབང་བྱེད་དོ། །རི་དྭགས་དེ་ནི་སྟོབས་པོ་ཆེའི་ཁ་མི་བཟད་པས་དབང་མེད་པར་འགྱུར་རོ། །རྒྱལ་པོ་ཆེན་པོ། དེ་བཞིན་དུ་འཆི་བདག་གི་གསལ་ཤིང་གིས་གཟུགས་ཏེ་བརྒྱགས་པ་དང་ནི་བྲལ། མགོན་ནི་མེད། སྐྱབས་ནི་མེད། དཔུང་(༢༢)གཉེན་ནི་མེད། བཤེས་ནི་མེད། ཚིགས་ནི་འབྱེ་ཞིང་འབྲལ། ཤ་དང་ཁྲག་ནི་བསྐམ། ལུས་ནི་ནད་ཀྱིས་གདུང་། སྐོམ་ནི་སྐོམ། བཞིན་ནི་འགྱུར། རྐང་ལག་ནི་གཡོབ། ལས་ནི་མི་ནུས། མཐུ་ནི་མེད། ཁ་ཆུ་དང་། སྣབས་དང་། གཅིན་དང་། ངན་སྐྱུགས་ཀྱིས་ལུས་ལ་གོས། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་དབང་པོ་དག་ནི་འགག །སྐྱིགས་བུ་ནི་འབྱུང་། སྒྲ་ངར་ངར་པོ་ནི་འཐོན། སྨན་པས་ནི་བོར། སྨན་དང་། ཁ་ཟས་དང་། བཟའ་བ་དང་བཏུང་བ་ཐམས་ཅད་ཀྱིས་ནི་ཀླེས་ལ་བོར་ཏེ། འགྲོ་བ་གཞན་དུ་འགྲོ་བར་ཆས་པས། མལ་གྱི་ཐ་མ་ལ་ནི་ཉལ། ཐོག་མ་མེད་པའི་སྐྱེ་བ་དང་། རྒ་བ་དང་། འཆི་བའི་འཁོར་བའི་རྒྱུད་དུ་ནི་ནུབ། སྲོག་ནི་ཅུང་ཟད་ཅིག་ལུས། གཤིན་རྗེ་ཡིས་ནི་འཇིགས་སྐྲག །བྱུར་གྱི་དབང་དུ་ནི་སོང་། དབུགས་རྒྱུ་བ་ནི་འཆད། ཁ་དང་སྣ་ནི་གདངས། སོ་ནི་གཙིགས། སྦྱིན་པ་སྦྱིན་ནོ་ཞེས་དེ་སྐད་ཅེས་གསོལ་བ་ནི་འདེབས། ལས་ཀྱི་སྲིད་པ་ནས་སྲིད་པ་ལ་ནི་འཇུག །གཅིག་པུ་གཉིས་སུ་མེད་ཅིང་གྲོགས་ནི་མེད་དེ། འཇིག་རྟེན་འདི་ནི་འདོར། འཇིག་རྟེན་ཕ་རོལ་དུ་ནི་འགྲོ། སྐྱས་ཆེན་པོ་ནི་འདེགས། མུན་པ་ཆེན་པོར་ནི་ཞུགས། གཡང་ས་ཆེན་པོར་ནི་ལྟུང་། ཁྲོད་སྟུག་པོར་ནི་ཞུགས། དགོན་པ་ཆེན་པོ་ནི་འགྲོ། རྒྱ་མཚོ་ཆེན་པོས་ནི་འཁྱེར། ལས་ཀྱི་རླུང་གིས་ནི་བདས། ས་ཚུགས་མེད་པའི་ཕྱོགས་སུ་ནི་འགྲོ། གཡུལ་ངོ་ཆེན་པོར་ནི་འཇུག །གདོན་ཆེན་པོས་ནི་འཛིན། ནམ་མཁའ་ལ་ནི་འཆིལ། ཕ་དང་མ་དང་ཕུ་ནུ་དང་སྲིང་མོ་དང་། བུ་དང་བུ་མོས་ནི་བསྐོར། དབུགས་ནི་འཆད། ནོར་བགོ་བཤའ་བྱ་ཞེས་ནི་ཟེར། ཀྱི་ཧུད་ཕ། ཀྱི་ཧུད་མ། ཀྱི་ཧུད་བུ་ཞེས་ནི་ཟེར། སྐྲ་ནི་ཞིག་སྟེ། སྦྱིན་པ་དང་། དཀའ་ཐུབ་དང་། ཆོས་འབའ་ཞིག་གྲོགས་སུ་གྱུར་པ་ན། ཆོས་མ་གཏོགས་པའི་སྐྱབས་གཞན་མེད། མགོན་གཞན་མེད། དཔུང་གཉེན་གཞན་མེད་དོ། །རྒྱལ་པོ་ཆེན་པོ། དེའི་ཚེ་དེའི་དུས་ན། ཆོས་ནི་གླིང་དང་། གནས་དང་། མགོན་དང་སྟོན་པར་འགྱུར་རོ། །རྒྱལ་པོ་ཆེན་པོ། དེ་ལྟ་བུའི་དུས་ན། རང་ཉིད་མལ་ན་ཉལ་བཞིན་དུ། ཕྱི་མའི་སྣང་བ་ཉམས་སུ་མྱོང་སྟེ་ངན་སོང་དུ་འགྲོ་ན། དེ་གནས་ལ་འཇིགས་པའི་སྣང་བ་འབྱུང་སྟེ། དེའི་ཚེ་ཆོས་མ་ཡིན་པ་ཅི་ཞིག་ཀྱང་སྐྱབས་སུ་འགྱུར་བ་མེད་དོ། །རྒྱལ་པོ་ཆེན་པོ་ལ་ཁྱོད་ཀྱིས་ལུས་འདི་ལྟར་ཡོངས་སུ་བསྲུངས། ལེགས་པར་ཡོངས་སུ་བཙས་པ་ཡང་འཆི་བའི་དུས་བྱེད་པར་འགྱུར་རོ། །ཡོན་ཏན་ཐམས་ཅད་དང་ལྡན་ཞིང་ཡུན་རིང་པོར་བཟའ་བ་དང་། བཅའ་བ་ལ་སོགས་པ་གཙང་མ་མང་པོས་ཚིམ་པར་བྱས་ཏེ་སྐྱེད་བསྐྱེད་པ་ཡང་། ཐ་མའི་མལ་ན་འདུག་པའི་ཚེ་སྨན་པས་བོར་ཞིང་ཐམས་ཅད་ཀྱིས་གླེས་ལ་བོར་ནས་ཡིད་མི་བདེ་བར་འཆི་བའི་དུས་བྱེད་པར་འགྱུར་རོ། །རྒྱལ་པོ་(༢༣)ཆེན་པོ། འདི་ལྟར་ཁྱོད་ཀྱི་ལུས་བཀྲུས་ཤིང་བསྐུས་ཏེ་བདུག་པས་བདུགས། མེ་ཏོག་དྲི་ཞིམ་པོས་བགོས་ཀྱང་གདོན་མི་ཟ་བར་དྲི་མི་ཞིམ་པ་འབྱུང་བར་འགྱུར་རོ། །རྒྱལ་པོ་ཆེན་པོ། འདི་ལྟར་ཀ་ཤི་ཀའི་རས་དང་། དར་ལ་སོགས་པའི་གོས་བཟང་པོས་གཡོག་ཀྱང་ཐ་མའི་མལ་ན་འདུག་པའི་ཚེ། དྲི་མ་ཅན་གྱོན་བཞིན་དུ་འཆི་བའི་དུས་བྱེད་ཅིང་གཅིག་པུ་སྒྲེན་མོར་འགྲོ་བར་འགྱུར་རོ། །རྒྱལ་པོ་ཆེན་པོ། འདོད་པའི་ཡོན་ཏན་སྣ་ཚོགས་པས་དགའ་བར་བྱས་ཀྱང་། དེ་ཐམས་ཅད་སྤངས་ནས་འདོད་པས་མ་ངོམས་བཞིན་དུ་འཆི་བའི་དུས་བྱེད་པར་འགྱུར་རོ། །རྒྱལ་པོ་ཆེན་པོ། འདི་ལྟར་ཁྱོད་ཁྱིམ་གྱི་ནང་ན་སྤོས་དང་། མེ་ཏོག་དང་། དར་གྱི་ལྡ་ལྡི་དང་། སྟན་དང་། གོས་སྣ་ཚོགས་པས་འབྱོར་ཞིང་། གཡས་གཡོན་དུ་སྔས་དང་བཅས་པའི་ཁྲི་ལ་ཉལ་ཡང། བྱ་རོག་དང་། ཝ་དང་མི་རོ་སྐྱུག་བྲོ་བ་དག་གིས་གང་བའི་དུར་ཁྲོད་ཆེན་པོར་བོར་ནས་ལུས་གཡོ་བ་མེད་ཅིང་ས་ལ་ཉལ་བར་གདོན་མི་ཟའོ། །རྒྱལ་པོ་ཆེན་པོ། འདི་ལྟར་ཁྱོད་གླང་པོ་ཆེ་དང་། རྟའི་རྒྱབ་ལ་སོགས་པར་ཞོན་ནས་རོལ་མོའི་བྱེ་བྲག་སྙན་ཅིང་ཡིད་དུ་འོང་བས་དགའ་ཞིང་། རྒྱལ་མཚན་དང་གདུགས་ལ་སོགས་པ་བསྒྲེངས་ལ། རྒྱལ་པོ་དང་བློན་པོ་དང་མཛའ་བཤེས་རྣམས་ཀྱིས་སྙན་པར་བརྗོད་པས་བསྟོད་ཅིང་མདུན་གྱིས་བལྟས་ཏེ་འགྲོ་ཡང་། རིང་པོར་མི་ཐོགས་པར་མལ་དུ་ཤི་ནས། མི་བཞིས་བཏེག་སྟེ་ཕ་མ་དང་། ཕུ་ནུ་ལ་སོགས་པས་ལག་པ་བཏེག་ནས་བྲང་བརྡུང་ཞིང་མྱ་ངན་གྱིས་ནོན་ཏེ་གྲོང་ཁྱེར་གྱི་ལྷོ་སྒོར་ཕྱུང་ནས་འབྲོག་དགོན་པར་སའི་འོག་ཏུ་འཇུག་གམ། བྱ་རོག་དང་། བྱ་རྒོད་དང་། ཝ་ལ་སོགས་པས་ཟོས་ཤིང་། རུས་པ་དེ་དག་མེས་བསྲེག་གམ། ཆུར་འདོར་རམ། སའི་འོག་ཏུ་བཅུག་ཀྱང་རུང་། རླུང་དང་ཉི་མ་དང་། ཆར་གྱིས་ཕྱེ་མར་བྱས་ཏེ་ཕྱོགས་ཕྱོགས་སུ་འཐོར་ཞིང་རུལ་བར་འགྱུར་རོ། །རྒྱལ་པོ་ཆེན་པོ། དེ་ལྟར་འདུ་བྱེད་ཐམས་ཅད་མི་རྟག་པ། དེ་ལྟར་མི་བརྟན་པའོ་ཞེས་རྒྱ་ཆེར་གསུངས་པ་བཞིན་སྙིང་ནས་དྲན་པར་བྱས་ཏེ། ཚེ་འདིའི་སྣང་བ་གང་གིས་ཀྱང་མི་བསྟོངས་པར་ཤེས་ནས་དམ་པའི་ཆོས་འབའ་ཞིག་བསྒྲུབ་པ་ལ་ཉིན་མཚན་དུ་འབད་འཚལ་ལོ། །

གཉིས་པ་ཚངས་སོགས་ཐོབ་ཀྱང་མི་རྟག་པ་ནི། ཡང་འདི་ལྟར། ས་གསུམ་འབྱོར་པ་དམ་པའི་གཞིར་གྱུར་པ། །ཚངས་དང་བདེ་འབྱུང་མིག་སྟོང་དབང་པོ་སོགས། །གྲགས་དང་བསོད་ནམས་གཟི་འོད་འབར་བ་ཡང་། །འཆི་བདག་གནས་ལས་རྒྱལ་བའི་སྐབས་མེད་ལ། །བསམ་གཏན་གྲུབ་པས་བསྐལ་པར་གནས་པ་ཡང་། །ལས་ཟད་ཚེ་ན་འཆི་བའི་སྐབས་མཆིས་ཤིང་། །ལྷ་དང་ལྷ་མིན་གྲུབ་པ་རིག་སྔགས་འཆང་། །མི་དབང་འགྲོ་བ་ཕལ་པ་ཇི་སྙེད་ཀྱང་། །འཆི་བས་འཇིགས་པའི་སྐྱེ་བ་ཕ་མཐའ་ཡས། །འདི་ལྟར་ཚངས་པ་དང་། དབང་(༢༤)ཕྱུག་ཆེན་པོ་དང་། ཁྱབ་འཇུག་དང་། བརྒྱ་བྱིན་དང་། འཇིག་རྟེན་སྐྱོང་བའི་རྒྱལ་པོ་ཆེན་པོ་བཞི་ལ་སོགས་པ་འོད་ཟེར་ཆེན་པོས་འཇིག་རྟེན་འགེངས་ཤིང་། ཉི་མ་སྟོང་བས་ལྷག་པ། གཟི་བརྗིད་ཀྱི་ལྷུན་གསེར་གྱི་རི་ངོས་བས་ཆེ་བ། བསོད་ནམས་ཀྱི་གྲགས་པས་གནམ་ས་ཀུན་དུ་ཁྱབ་པ། ས་འོག་དང་། ས་སྟེང་དང་། ས་བླའི་འཇིག་རྟེན་གསུམ་གྱི་གཙོ་བོར་གྱུར་ཅིང་འབྱོར་པ་དམ་པས་བརྒྱན་པ་ཡང་འཆི་བའི་སྐབས་ཡོད་དེ། འདུལ་བ་ལུང་ལས། དགེ་སློང་དག །འབྱོར་པ་འདི་དག་རྒུད་ཅིང་སྙིང་པོ་མེད་པ་ལ་ལྟོས། ངས་སྔོན་དྲན་པའི་འཁོར་བ་ན། ཚངས་པ་དང་། བརྒྱ་བྱིན་དང་། འཇིག་རྟེན་སྐྱོང་བ་ལ་སོགས་པའི་དབང་པོ་བསམ་གྱིས་མི་ཁྱབ་པ་མྱོང་ཡང་། མ་ངོམས་བཞིན་དུ་ཚེ་འཕོས་ཏེ་ངན་སོང་དུ་གཞོལ་པར་གྱུར་ཏོ་ཞེས་པ་དང་། ཚངས་དང་བརྒྱ་བྱིན་དྲག་པོ་མིག་སྟོང་ལྡན། །སྲེད་མེད་གྱུར་ཀྱང་མི་རྟག་ཕ་རོལ་འགྲོ། །ཉི་མ་ཟླ་བ་ཡུད་ཙམ་རོལ་པ་དང་། །ས་ཆེན་གླིང་བཞིའི་འཇིག་རྟེན་སྟོངས་ལ་ལྟོས། །ཞེས་སོ། །བསམ་གཏན་བཞིའི་ལྷ་དང་། གཞན་ཡང་ལྷ་དང་། ལྷ་མ་ཡིན་དང་། དཀའ་ཐུབ་གྲུབ་པ་དང་། རིག་སྔགས་འཆང་ཐམས་ཅད་ཀྱང་འཆི་བའི་ཆོས་ཅན་ཏེ། དེ་ཉིད་ལས། བསམ་གཏན་གྲུབ་པའི་ལྷ་དང་མིའམ་ཅི། །ལྷ་མིན་དྲང་སྲོང་དཀའ་ཐུབ་དཔལ་འབར་བ། །རྒྱུན་རིང་བསྐལ་པར་གནས་པའང་མི་རྟག་ན། །མི་རྣམས་ལྟོས་མེད་དབུ་བ་རྡོས་འདྲའི་ལུས། །སོ་སོར་འཇིག་ཅིང་འབྲལ་བ་སྨོས་ཅི་འཚལ། །ཞེས་སོ། །གླིང་བཞིའི་དབང་པོ་འཁོར་ལོས་སྒྱུར་བ་དང་། རྒྱལ་པོ་དང་། བློན་པོ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། ཁྱིམ་བདག་ལ་སོགས་པ་འགྲོ་བ་ཕལ་པ་ཇི་སྙེད་པ་ཀུན་ཀྱང་འཆི་བ་ལས་མ་འདས་ཏེ། ཆེད་དུ་བརྗོད་པའི་ཚོམས་ལས། རིན་ཆེན་བདུན་ལྡན་རྒྱལ་པོ་དང་། །གཞན་ཡང་རྒྱལ་ཕྲན་བློན་པོ་དང་། །དགེ་སྦྱོང་བྲམ་ཟེ་ཁྱིམ་བདག་སོགས། །འགྲོ་བ་འདི་ཀུན་མི་རྟག་སྟེ། །རྨི་ལམ་འགྲོ་བ་ཇི་བཞིན་ནོ། །ཞེས་སོ། །

གསུམ་པ་འགྱུར་བའི་ཆོས་ཉིད་ཀྱིས་མི་རྟག་པ་ནི། འདི་ལྟར་འཕོ་ཞིང་འགྱུར་བས་ཀྱང་མི་རྟག་སྟེ། །ཚེ་འདི་མི་རྟག་རོལ་པའི་ཆར་སྦྲིན་ནང་། །འཆི་བདག་གློག་གི་ཕྲེང་བ་གར་བྱེད་ཅིང་། །ཉིན་མཚན་དུས་རྣམས་འགྱུར་བའི་ཆར་འབབ་པས། །ས་གསུམ་མྱུ་གུ་ཇི་སྙེད་བརླན་པར་འགྱུར། །དལ་འབྱོར་སྙིང་པོས་བརྒྱན་པའི་ཚེ་དབྱར་ཀའི་སྤྲིན་རུམ་འཁྲིགས་པ་ན་རང་ཆས་སུ་འགྱུ་བའི་འཆི་བདག་གློག་གི་ཕྲེང་བས་གར་བྱེད་ལ། ཉིན་མཚན་སྐད་ཅིག་ཐང་ཅིག་གིས་ཀྱང་མི་སྡོད་པར་འཆི་བ་ལ་ཉེར་སོང་བའི་ཆར་རྒྱུན་རྟག་ཏུ་འབབ་པས། སྲིད་པ་གསུམ་ན་གནས་པའི་སེམས་ཅན་ཀུན་གྱི་མྱུ་གུ་ཐམས་ཅད་ལ་ཁྱབ་པར་འབབ་ཅིང་བརླན་པར་འགྱུར་བ་ནི། རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་(༢༥)དང་མཚུངས། །སྐྱེས་བུའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ། །ཞེས་སོ། །

བཞི་པ་སྣོད་བཅུད་མི་རྟག་པ་ནི། གཞན་ཡང་། ཡུན་རིང་མོ་ནས་མི་གཡོ་བར་བརྟན་པའི་སྣོད་ཀྱི་འཇིག་རྟེན་དང་། དེ་ལ་བརྟེན་པའི་བཅུད་དང་བཅས་པ་གཡོ་བར་བསྟན་པ། སྣོད་བཅུད་མི་རྟག་སྲིད་པ་ཆགས་འཇིག་གིས། །མེ་བདུན་ཆུས་གཅིག་རླུང་གིས་འཐོར་བའི་ཚེ། །ཁོར་ཡུག་རྒྱ་མཚོ་གླིང་དང་རིས་བསྐོར་བའི། །ལྷུན་པོ་རིན་ཆེན་བཞི་ཡང་མི་རྟག་ཅིང་། །ཐམས་ཅད་ནམ་མཁའ་གཅིག་ཏུ་འགྱུར་བའི་སྐབས། །ངེས་པར་བསམས་ཏེ་སྙིང་ནས་ཆོས་མཛོད་ཅིག །འདི་ལྟར་དུས་རིང་བ་ལ་བསམས་ཏེ། ཕྱིའི་སྣོད་བཅུད་འཇིག་པའི་དཔེས་ནང་གི་སྣོད་བཅུད་མི་རྟག་པར་བསྟན་པ་ནི། བསྐལ་པ་དང་པོ་ཆགས་པ་ན་ནམ་མཁའ་ཅི་ཡང་མེད་པའི་དབྱིངས་སྟོང་ལ་གོ་འབྱེད་པའི་ཁོངས་སུ། རླུང་རྡོ་རྗེ་རྒྱ་གྲམ་རྡོ་རྗེས་ཀྱང་མི་ཤིགས་པ་ཆགས་སོ། །དེའི་སྟེང་དུ་ཆུའི་དཀྱིལ་འཁོར་རྡོ་རྗེ་ལྟར་སྲ་བ་ཆགས་སོ། །དེའི་སྟེང་དུ་དབང་ཆེན་གསེར་གྱི་ས་གཞི་མུ་ཁྱུད་ཆེན་པོ་བསམ་གཏན་དང་པོའི་ཚད་ཙམ་ཆགས་པའི་ནང་དུ། ནམ་མཁའ་ལས་ཆར་བབ་ཅིང་ཆུའི་ཐང་དུ་གྱུར་པ་འཁྲུགས་པའི་ལྦུ་བའི་དྭངས་མ་ལས་སོ་སོའི་རི་དང་གླིང་དུ་ཆགས་སོ། །དེ་ཡང་གླིང་ཆུང་ངུའི་འཇིག་རྟེན་གྱི་རི་རབ་རིན་པོ་ཆེ། ཤར་ཤེལ། ལྷོ་བཻ་ཌཱུཪྻ། ནུབ་པདྨ་རཱ་ག །བྱང་གསེར་ལས་གྲུབ་པའི་མཐའ་སྐོར་ཆུ་མཚམས་ལ་ཐུག་པར་གཉའ་ཤིང་འཛིན་ལ་སོགས་པའི་རི་བདུན་གྱི་བར་ན་མཚོ་བདུན་དང་བཅས་པས་འཁོར་བའི་ཕྱིའི་རྒྱ་མཚོའི་ཐང་། ཤར་ཕྱོགས་སུ་ལུས་འཕགས་གླིང་ལ་ལུས་དང་ལུས་འཕགས་ཀྱིས་བསྟེན་པ་ཟླ་གམ་དུ་ཡོད་པ། ལྷོར་ཛམྦུའི་གླིང་ལ་རྔ་ཡབ་དང་རྔ་ཡབ་གཞན་གྱིས་བསྟེན་པ་སོག་ཀར་གནས་པ། ནུབ་ཏུ་བ་ལང་སྤྱོད་ལ་གཡོ་ལྡན་དང་ལམ་མཆོག་འགྲོས་བསྟེན་པ་ཟླུམ་པོར་ཡོད་པ། བྱང་དུ་སྒྲ་མི་སྙན་ལ་སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླས་བསྟེན་པ་གྲུ་བཞིར་ཡོད་པའོ། །རི་རབ་ཀྱི་སྟེང་ན་རྣམ་པར་རྒྱལ་བའི་ཁང་བཟངས་དང་། ཚལ་བཞི་དང་། བྱང་ཤར་དུ་ཤིང་ཡོངས་འདུས་བརྟོལ་གྱིས་བརྒྱན་པའི་གྲོང་ཁྱེར་ལྟ་ན་སྡུག་རི་དང་བཅས་པའི་མཐའི་རྒྱ་མཚོའི་ཁོར་ཡུག་ཏུ་གཉའ་ཤིང་འཛིན་གྱི་ཚད་དང་མཉམ་པའི་ལྕགས་རིས་བསྐོར་ཞིང་ཉི་མ་དང་ཟླ་བས་བརྒྱན་པ་ནི་སྣོད་ཀྱི་འཇིག་རྟེན་ནོ། །

དེ་དག་ཏུ་བརྟེན་པ་བཅུད་ཀྱི་སེམས་ཅན་ཡང་འོད་གསལ་གྱི་ལྷ་ལས་མིར་ཆད་པས་གླིང་བཞི་གླིང་ཕྲན་བརྒྱད་ཀྱི་མི་དང་། ལས་ངན་པའི་སྣང་བས་བསྐྱེད་པའི་ངན་སོང་པའི་འགྲོ་བ་དུད་འགྲོ་དང་། ཡི་དྭགས་དང་། དམྱལ་བའི་གནས་རིས་སོ་སོ་ལས། དུད་འགྲོ་བྱིངས་ན་གནས་པ་རྒྱ་མཚོ་ཆེན་པོ་སྟེ་རྩ་བའི་གནས་སོ། །ཡི་དྭགས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་གྱི་འོག་ན་རྩ་བའི་གནས་སོ། །ཚ་དམྱལ་དང་གྲང་དམྱལ་གངས་རི་ཏི་སེའི་འོག་ན་འདབ་འབྱར་དུ་བརྒྱད་བརྒྱད་ཡོད་ཅིང་། ཉེ་འཁོར་(༢༦)བ་མནར་མེད་ཀྱི་ཕྱོགས་བཞིར་གནས་པ་རྩ་བའི་གནས་སོ། ཁ་འཐོར་བའི་དུད་འགྲོ་དང་། མཁའ་ལ་རྒྱུ་བའི་ཡི་དྭགས་དང་། ཉི་ཚེ་བ་ནི་མི་རྣམས་ཀྱི་གནས་ནའང་ཡོད་དོ། །འདོད་པའི་ལྷ་དྲུག་ནི། རི་རབ་ཀྱི་ཕྱེད་མཚམས་ཉི་ཟླ་གཟའ་སྐར་འཆར་བའི་གནས་ན་རྒྱལ་ཆེན་རིགས་བཞི་པ་དང་། སྟེང་ན་སུམ་ཅུ་རྩ་གསུམ་པ་དང་། དེའི་གོང་ན་ནམ་མཁའ་ལ་གཞལ་ཡས་ཁང་དང་བཅས་པ་གཟའ་སྐར་བཞིན་གནས་པ་ལ་རིམ་པ་བཞིན། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་རྣམས་གནས་སོ། །རི་རབ་ཀྱི་ཁོང་གསེང་ན་ལྷ་མ་ཡིན་པ་རྣམས་གནས་པ་ལས། ཆུ་མཚམས་ན་སྒྲ་གཅན་དང་། བར་ན་སྐར་ཕྲེང་གི་གནས་ན་མགུལ་འཕྲེང་ཅན་དང་། ས་མཚམས་ན་ཐགས་བཟངས་རིས་ཀྱི་གནས་རྣམས་ཡོད་དེ། འདོད་ལྷ་རྣམས་དང་འགྲན་པའི་ལོངས་སྤྱོད་འབྱོར་པ་ཡོད་དོ། །བསམ་གཏན་གྱི་ལྷའི་གནས་རིས་བཞི་ལས། བསམ་གཏན་དང་པོའི་ཚངས་རིས། ཚངས་པ་མདུན་ན་འདོན། ཚངས་ཆེན་གསུམ་ནི། གཞན་འཕྲུལ་དབང་བྱེད་ཀྱི་སྟེང་གི་ནམ་མཁའ་ལ་དཔག་ཚད་བཞི་ཁྲིའི་གོང་ནས་གོང་ན་ཡོད་དོ། །བསམ་གཏན་གཉིས་པའི་འོད་ཆུང་། ཚད་མེད་འོད། འོད་གསལ། གསུམ་པའི་དགེ་ཆུང་། ཚད་མེད་དགེ། དགེ་རྒྱས། བཞི་པའི་སྤྲིན་མེད། བསོད་ནམས་སྐྱེས་འབྲས་བུ་ཆེ་སྟེ་སོ་སོ་སྐྱེ་བོའི་གནས་གསུམ་དང་། མི་ཆེ་བ། མི་གདུང་བ། གྱ་ནོམ་སྣང་། ཤིན་ཏུ་མཐོང་། འོག་མིན་ཏེ་གཙང་མ་རིས་ཀྱི་ལྷ་ལྔ་རྣམས་ཀྱང་གོང་ནས་གོང་དུ་ཡོད་དོ། །གཟུགས་མེད་བཞི་ལ། ནམ་མཁའ་མཐའ་ཡས། རྣམ་ཤེས་མཐའ་ཡས། ཅི་ཡང་མེད་པ། ཡོད་མིན་མེད་མིན་ཏེ། སྲིད་པའི་རྩེ་མོ་རྣམས་ནི་སྔོན་གཟུགས་མེད་ཀྱི་ཏིང་ངེ་འཛིན་ཐོབ་པའི་རྟེན་ཅན་དེ་གང་དུ་ཤི་བའི་གནས་དེ་ན་ཡོད་དོ། །དེ་ལྟར་སྣོད་བཅུད་གཅིག་གི་ཆ་ཇི་སྐད་བཤད་པ་དེ་དག་ལ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །དེ་ལྟ་བུ་སྟོང་གི་མཐར་སུམ་ཅུ་རྩ་གསུམ་པའི་གནས་དང་མཐོ་དམན་མཉམ་པའི་ལྕགས་རིས་བསྐོར་བ་ནི་སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན། དེ་འདྲ་བ་སྟོང་གི་མཐར་གཞན་འཕྲུལ་དབང་བྱེད་དང་མཉམ་པའི་ལྕགས་རིས་བསྐོར་བ་ལ་སྟོང་གཉིས་པ་བར་མའི་འཇིག་རྟེན། དེ་ལྟ་བུ་སྟོང་གི་མཐར་བསམ་གཏན་དང་པོའི་མཐོ་ཁྱད་དང་མཉམ་པའི་ལྕགས་རིས་བསྐོར་བ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཏེ། མཆོག་གི་སྤྲུལ་པའི་སྐུ་ཞིག་གིས་སྐུ་མཉམ་དུ་བསྟན་ནས་མཛད་པ་བཅུ་གཉིས་སྔ་ཕྱི་མེད་པར་སྣང་བས་འདུལ་བའི་འཇིག་རྟེན་ཞེས་བྱའོ། །དེ་ལས་གཞན་པའི་ཕྱོགས་བཅུ་ན་འཇིག་རྟེན་ལ་ཚད་མེད་དེ། ཟླུམ་པོ་དང་། ཟླ་གམ་དང་། གྲུ་བཞི་ལ་སོགས་པས་ནམ་མཁའི་མཐས་གར་ཁྱབ་ན་ཁྱབ་ཅིང་། སེམས་ཅན་ལའང་མགོ་སྟེང་དུ་ལྟ་བ་དང་། འཕྲེད་དང་ཐུར་དུ་ལྟ་བའི་རིས་ཚད་མེད་པས་གང་བ་ཡིན་ནོ། །འདིར་(༢༧)མི་མཇེད་འདིའི་དབང་དུ་བྱས་ཏེ། ཆགས་པ་དང་། གནས་པ་དང་། འཇིག་པ་དང་། སྟོངས་པ་དག་དུས་མཉམ་མོ། །དེའང་དང་པོ་ལེགས་པར་ཆགས། ད་ལྟ་ལེགས་པར་གནས་པའི་དུས་འདིར། སྐྱེ་དགུ་ཚེ་ལོ་དཔག་མེད་ཐུབ་པའི་དུས། དེ་བཞིན་གཤེགས་པ་རྣམ་པར་གཟིགས་བྱོན་པ་ནས། ཤཱཀྱ་ཐུབ་པ་བྱོན་ཏེ་ཚེ་ལོ་བཅུ་པ་ལ་ཐུག་གི་བར་ཡ་ཐོག་རིང་མོ་སྟེ་ཚེ་ལོའང་ཉིས་བརྒྱ་ཉིས་བརྒྱས་འབྲི་བར་བྱེད་ལ། དེ་ནས་བརྒྱ་སོང་བ་ན་གཅིག་འཕེལ་ནས་བཅུ་གཅིག་པ་ནས་བརྒྱད་ཁྲི་ཐུབ་པ་ན་བྱམས་པ་འབྱོན་པ་ནས་བཟུང་སྟེ། བརྒྱ་ནས་གཅིག་འགྲིབ་པ་ནས་ཚེ་ལོ་བཅུ་པའི་བར་ཡར་སྐྱེ་མར་འགྲིབ་བཅོ་བརྒྱད་ནི་བར་གྱི་ཁུག་པ་བཅོ་བརྒྱད་དེ། དེའི་བར་ལ་སངས་རྒྱས་དགུ་བརྒྱ་དང་དགུ་བཅུ་རྩ་ལྔ་འབྱུང་ཞིང་དེ་ནས་ཉིས་བརྒྱ་ན་གཅིག་འཕེལ་བས་དཔག་མེད་ལ་ཐུག་སྟེ། ཅུང་ཟད་མར་འགྲིབ་པ་ན་མོས་པ་ཞེས་བྱ་བའི་སངས་རྒྱས་བྱོན་ནས། སྔར་གྱི་སངས་རྒྱས་ཐམས་ཅད་ཀྱི་མཛད་པ་དང་། སྐུ་ཚེ་དང་། འཁོར་འདུས་པའི་ཚོགས་གཅིག་ཏུ་བཞག་པ་དང་མཉམ་པའི་མཛད་པ་དང་། སྐུ་ཚེ་དང་། འདུས་པ་བྱུང་ནས་སྔར་གྱིས་སངས་རྒྱས་དེ་དག་གིས་མ་ཐུལ་བའི་འགྲོ་བ་རྣམས་འདུལ་ཞིང་། དཀོན་མཆོག་གསུམ་གྱི་སྒྲ་ཐོས་པ་དང་། བསླབ་པའི་གཞི་རལ་བ་དང་། དགེ་བ་ཤིན་ཏུ་ཕྲ་མོ་བྱས་པ་ཚུན་ཆད་འཁོར་བ་ལས་གྲོལ་བར་མཛད་པའི་སྨོན་ལམ་གྱི་སྟོབས་ཀྱིས་མཛད་པ་ཉེ་བར་བསྒྲུབ་ཏེ་མྱ་ངན་ལས་འདས་པའི་འོག་ཏུ་དམ་པའི་ཆོས་ཀྱང་དེ་སྙེད་དུ་གནས་ཏེ་ཡོངས་སུ་རྫོགས་པར་སྟོང་གསུམ་གྱི་སྟོང་ཆེན་པོའི་སེམས་ཅན་གང་ཇི་སྙེད་པ་གྲོལ་བར་བཀོད་ནས། ཚེ་ལོ་བཅུ་པ་དེ་ལ་བསྐལ་པ་འཇིག་པའི་མེ་བདུན་གྱིས་ཐམས་ཅད་ཚིག་ནས་ཐལ་བར་བྱེད་དོ། །མེ་ནི་ཉི་མ་སྟེ། མདོ་ཁ་ཅིག་ལས་ཉི་མ་བདུན་དུ་གསུངས་ལ། ལ་ལ་ནས་ཉི་མ་བདུན་གྱི་དྲོད་ཉི་མ་གཅིག་ལ་ཡོད་པ་འཆར་བར་གསུངས་སོ། །དོན་ལ་ཉི་མ་བྱེ་བ་ཕྲག་བརྒྱ་པོ་ཉིད་བདུན་འགྱུར་གྱིས་ཚར་སོང་སྟེ་འཚིག་པ་ཡིན་ནོ། །དེ་ནས་ཐལ་བ་དེ་དག་ཆུས་བཤལ། རླུང་གིས་གཏོར་བས་མཐར་ནམ་མཁའ་གཅིག་ཏུ་གྱུར་ནས་སྔོན་མ་ཆགས་པའི་སྐབས་བཞིན་དུ་འགྱུར་བ་ཉིད་དེ། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། ནམ་ཞིག་འཇིག་རྟེན་ཁམས་འདི་འབྱུང་བ་དང་། །འཇིག་རྟེན་ཐམས་ཅད་ནམ་མཁར་གྱུར་པའི་ཚེ། །ཇི་ལྟར་སྔོན་བཞིན་ཕྱིས་ཀྱང་དེ་བཞིན་ཏེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པ་ལྟར་ཕྱིའི་སྣོད་བཅུད་འཇིག་པའི་དཔེས། ནང་གི་ལུས་ཀྱང་འཇིག་པར་བལྟ་བར་བྱ་སྟེ། དང་པོ་སེམས་ཀྱི་ཆོས་ཉིད་ནམ་མཁའ་གཅིག་ཏུ་གྱུར་པའི་ངང་ལས། མ་རིག་པ་དང་ཀུན་དུ་རྟོག་པའི་རླུང་དུ་ཆགས་ཤིང་། དེའི་རྒྱུས་འཁོར་བར་སྡུད་པའི་ལས་ཀྱི་ས་པ་ཆུའི་རང་བཞིན་ལས་གྲུབ་པའི་རྐྱེན་གྱིས། ཕ་མའི་ཁུ་ཁྲག་ལས་ལུས་རིའི་རྒྱལ་པོ་རི་རབ། མིག་ཉི་མ་དང་ཟླ་བ་སྟེ་ནང་དུ་དྭངས་མ་དཀར་དམར། སྐྱེ་མཆེད་དང་ཁམས་བཅུ་གཉིས་ཀྱི་གླིང་བཞི་གླིང་ཕྲན། རྣམ་ཤེས་ཚོགས་བརྒྱད་ཀྱི་རི་བདུན་ཁོར་ཡུག་ཆེན་པོ་དང་བརྒྱད། ལུས་ངག་ཡིད་གསུམ་བརྟེན་པའི་རྩ་རོ་རྐྱང་དབུ་མ་ནི། སྒོ་གསུམ་དུག་གསུམ་སྐུ་གསུམ་གྱི་རྟེན་ཅན་ཁམས་གསུམ། རྩ་འདབ་འཁོར་ལོ་ལྔའམ་དྲུག་ནི་འགྲོ་བ་རིགས་ལྔའམ་དྲུག །གནས་རིས་ཐ་དད་པ་བཞིན་དུ་བདེ་སྡུག་ལ་སོགས་པ་དུ་མར་སྣང་བའི་ནང་གི་སྟོང་ཆེན་གྱི་འཇིག་རྟེན་འདིའང་། འདུས་པའི་ཕྱིར་འབྲལ་བ། སྐྱེས་པའི་ཕྱིར་འཆི་བ། འདུས་བྱས་པས་འཇིག་པ་སྟེ་འཆི་བའི་དུས་ལ་བབ་པ་ན། ཕྱི་འབྱུང་བཞི་ནང་འབྱུང་བཞིར་སྡུད་པས་མེ་བདུན་དང་ཆུ་གཅིག་སྟེ་བརྒྱད་ཐལ་ནས། ནང་འབྱུང་གསང་འབྱུང་གདོད་མའི་འོད་གསལ་ལ་ཐིམ་པས་ཐམས་ཅད་ནམ་མཁའ་གཅིག་ཏུ་འགྱུར་བའི་སྐབས་ཡོད་ཅིང་། ལུས་ཀྱི་འབྱུང་བ་བཞི་བསྡུས། རྩ་རླུང་ཐིག་ལེ་གསུམ་སྟོངས་པས་མེས་བདུན་དང་། སྲོག་འཕོ་བ་ཆུས་གཅིག །དབུགས་འབྲེལ་ཐག་ཆད་པས་མཇུག་ཏུ་རླུང་གིས་གཏོར་ཏེ། ལུས་ཀྱང་སོ་སོར་འབྲལ་ཞིང་དེངས་ནས་མཐར་ཅི་ཡང་མེད་པ་ནམ་མཁའ་ལྟ་བུ་སྔོན་ལུས་མ་ཆགས་པའི་དུས་ལྟར་འབྱུང་བའི་སྐབས་ཡོད་དེ། ཡེ་ཤེས་རྒྱས་པའི་རྒྱུད་ཕྱི་མ་ལས། རླུང་ཁམས་ཆུ་དང་མེས་སྨིན་པའི། །ལུས་ཀྱི་འཇིག་རྟེན་སྣོད་དུ་ཆགས། །རྩ་དང་རླུང་དང་ཁམས་དྭངས་མ། །འབྱུང་ཆེན་བཞི་ཡི་སྦུབས་དག་གི། །འོད་གསལ་འགྱུར་བ་མེད་བཞུགས་དག །མཁའ་ཁྱིམ་དག་ཏུ་འཕོ་བ་ན། །འབྱུང་དང་རྩ་དང་རླུང་དང་ཁམས། །མེ་ཡིས་བདུན་བཞིན་ཞིག་པ་ལས། །འབྱུང་བའང་ཐིམ་པ་ཆུ་ཡིས་གཅིག །ཕྲ་རགས་འགགས་པ་རླུང་གིས་འཐོར། །འོད་གསལ་ལ་ཞུགས་ནམ་མཁའི་ཁམས། །གདོད་ནས་མགོན་པོ་བྱང་ཆུབ་ནི། །མ་འཁྲུལ་གཞི་ལ་མཐར་ཕྱིན་ཏོ། །ཞེས་པ་ལྟར། སེམས་ཅན་སོ་སོའི་འཇིག་རྟེན་ནུབ་པ་ལ་བརྟག་དགོས་ཏེ། བཤེས་སྤྲིང་ལས། ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན། །འབར་བས་བསྲེགས་པའི་ལུས་ཅན་འདི་དག་ཀྱང་། །ཐལ་བ་ཡང་ནི་ལུས་པར་མི་འགྱུར་ན། །ཤིན་ཏུ་ཉམ་ཆུང་མི་ལྟ་སྨོས་ཅི་འཚམ། །ཞེས་པ་ལྟར་བསམ་མོ། །

ལྔ་པ་རྒྱལ་བ་སྲས་བཅས་མྱ་ངན་འདའ་ཚུལ་བསྟན་པས་མི་རྟག་པ་ནི། གཞན་ཡང་འཇིག་རྟེན་དེ་དག་ཏུ་བྱོན་པའི་སྟོན་པ་བཅོམ་ལྡན་འདས་མང་པོ་ཞིག་འཁོར་དང་བཅས་ཏེ་མྱ་ངན་ལས་འདས་ཤིང་། དེ་དག་གི་བསྟན་པ་ནུབ་པའི་ཚུལ་ལ་བསམས་ནས་ཀྱང་རང་གི་ཚེ་མི་རྟག་པར་བསྟན་པ་ནི། འཇིག་རྟེན་འདྲེན་པ་རང་རྒྱལ་སློབ་མའི་ཚོགས། །ཐུབ་དབང་སྲས་ཀྱིས་བསྐོར་བའི་མགོན་པོ་རྣམས། །དྭངས་པའི་མཁའ་ལ་སྔོན་མེད་རི་བོང་འཛིན། །རྒྱུ་སྐར་ཕྲེང་བ་རྣམས་ཀྱིས་བསྐོར་བ་བཞིན། །ལྷམ་མེ་(༢༨)ལྷན་ནེ་ལྷང་ངེར་གསལ་བ་ཡང་། །མི་རྟག་མྱ་ངན་འདའ་ཚུལ་སྟོན་མཛད་ཅིང་། །བསྟན་པ་རིན་ཆེན་ཉི་མ་དཔག་མེད་ཀྱང་། །སྔོན་རབས་སྔོན་རབས་ནུབ་པར་གྱུར་ལ་ལྟོས། །ཆུ་ཤིང་སྙིང་པོ་མེད་འདྲ་རང་གིས་ལུས། །སྒྱུ་མའི་ཁང་པ་འདྲ་བ་ཅིས་མི་འཇིག །དེ་ལ་མི་མཇེད་ཀྱི་འཇིག་རྟེན་འདིར་བྱོན་པ་ཉིད་ཀྱི་སྟོན་པ་ཡང་། རྣམ་པར་གཟིགས་དང་། གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་དང་། འཁོར་བ་འཇིག་དང་། གསེར་ཐུབ་དང་། འོད་སྲུངས་དང་། ཤཱཀྱ་ཐུབ་པ་རྣམས་སྟོན་ཀའི་མཚན་མོ་ཟླ་བ་ཉ་གང་བ་ཤར་བ་ལྟར་མཚན་པའི་གཟི་འོད་འབར་བ་ལ། ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་དང་། ཚངས་པ་དང་འཇིག་རྟེན་སྐྱོང་བ་ལ་སོགས་པ་སྐར་མའི་ཚོགས་ཀྱིས་བསྐོར་བ་ལྟར་བྱོན་ཏེ། སྐུ་འོད་ཟེར་གྱི་དཔལ་གྱིས་ལྷམ་མེ་བ་དང་། གསུང་ཅ་ཅོ་མེད་པས་ལྷན་ནེ་བ་དང་། ཐུགས་དྲི་མ་མེད་པས་ལྷང་ངེར་གསལ་བ་རྡོ་རྗེ་ལྟར་བརྟན་པ་རྣམས་ཀྱང་མྱ་ངན་ལས་འདས་ཤིང་། ཤཱཀྱའི་སྐྱེས་མཆོག་ལས་གཞན་པ་དག་གི་བསྟན་པ་ཡང་རིམ་གྱིས་ནུབ་པར་གྱུར་པ་ལ་ལྟོས། དབུ་བ་ལྟར་སྙིང་པོ་མེད་པ་བདག་གི་ལུས་ཅིའི་ཕྱིར་མི་རྟག་ཅེས་བསམ་དགོས་ཏེ། མི་རྟག་པའི་ཚོམས་ལས། མཚན་སྟོང་གིས་འབར་བདེ་གཤེགས་སྙིང་པོའི་སྐུ། །བསོད་ནམས་བརྒྱ་ལས་གྲུབ་པའང་མི་རྟག་ན། །དབུ་བ་རྡོས་འདྲ་ཡིད་བརྟན་མི་རུང་བའི། །རང་གི་ལུས་འདི་ངེས་པར་ཅིས་མི་འཇིག །འགྲོ་བའི་དོན་གཤེགས་རྒྱལ་བ་ཉི་མ་འདྲ། །དམ་ཆོས་མཛོད་ཀྱི་ཟླ་བ་ནུབ་ལ་ལྟོས། །རང་གི་ཕུན་ཚོགས་འཁོར་དང་ལོངས་སྤྱོད་ཀུན། །རྟག་པ་མེད་པ་ཉིད་དུ་མཁྱེན་འཚལ་ལོ། །ཞེས་སོ། །

དྲུག་པ་སྣོན་པ་མེད་ཅིང་འབྲི་བ་དང་བཅས་པས་མི་རྟག་པ་ནི། རྡོ་རྗེ་ལྟ་བུའི་སྐུ་བརྙེས་པ་ཡང་མི་རྟག་ན་ཆུ་ཤིང་ལྟ་བུའི་ལུས་འདི་ཅིའི་ཕྱིར་བརྟན་པར་གནས་ཞེས་གདམས་པ། དེ་ཕྱིར་ངེས་པར་འཆི་དང་ནམ་འཆི་དང་། །འདིར་འཆི་འདིས་འཆི་ངེས་པ་འགའ་མེད་དེ། །ཚེ་འདི་སྣོན་མེད་རྟག་ཏུ་གོད་འགྱུར་ཞིང་། །འཆི་བའི་རྐྱེན་མང་འཚོ་བའི་ཤས་ཉུང་བས། །ཚེ་ལ་ལོང་མེད་བློ་སྣ་བསྟུངས་བྱས་ཏེ། །དེ་རིང་ཉིད་ནས་ཆོས་ལ་བརྩོན་པར་རིགས། །དེའང་སྐྱེས་པའི་ཕྱིར་འཆི་བར་ངེས་ཏེ། དམ་པའི་ཆོས་པདྨ་དཀར་པོ་ལས། སྐྱེ་བ་ཡོད་ན་འཆི་བ་ཡོད། །འདུས་པ་ཡོད་ན་འབྲལ་བ་ཡོད། །ཅེས་སོ། །དུས་ཐིངས་པ་མེད་པས་ནམ་འཆི་ཡང་མི་ཤེས་ཏེ། མཚན་མོ་བཟང་པོའི་མདོ་ལས། སང་ཙམ་འཆི་འམ་སུས་ཤེས་ཀྱི། །དེ་རིང་ཉིད་དུ་བརྟུན་ཏེ་བྱ། །འཆི་བདག་སྡེ་ཆེན་དེ་དང་ནི། །ཁྱོད་གཉིས་བཤེས་པ་མ་ཡིན་ནོ། །ཞེས་སོ། །ས་ཕྱོགས་གང་དུ་འཆིའང་ཆ་མེད་པས་འགྲོ་འདུག་ཅི་བྱེད་པའི་ཚེ་ས་འདིར་འཆིའམ་སྙམ་དུ་བསམ་འཚལ་ཏེ། དཔུང་པ་བཟང་པོའི་མདོར། རི་འམ་ངམ་གྲོག་གཅོང་རོང་གཡང་ས་འམ། །ཁྱིམ་མམ་ལམ་སྲང་ཆུ་བོའི་ངོགས་ཉིད་དམ། །ས་ཡི་ཕྱོགས་གང་བདག་གི་ཐ་མའི་གནས། །གཏོལ་མ་མཆིས་པ་ཉིད་དུ་ཤེས་བྱ་(༣༠)སྟེ། །འཇིག་རྟེན་དགའ་བ་རྣམ་པར་བཟློག་པར་བྱ། །ཞེས་སོ། །རྐྱེན་འདིས་འཆིའང་ངེས་པ་མེད་དེ། ལུང་ལས། ཁ་ཅིག་ཟས་ཀྱིས་བརྣངས་ནས་འཆི། །ལ་ལ་སྨན་གྱིས་འཆི་བའང་ཡོད། །མི་མཐུན་རྐྱེན་ལྟ་ཅི་ཞིག་སྨོས། །དེ་བས་ངེས་པ་འགའ་མེད་དོ། །ཞེས་སོ། །སྣོན་པ་མེད་ཅིང་འབྲིད་པ་དང་བཅས་པས་ཀྱང་འཆི་བར་ངེས་ཏེ། མི་རྟག་པའི་གཏམ་ལས། ལྟག་ཆུ་བཅད་པའི་རྫིང་བཞིན་དུ། །སྣོན་མེད་འབྲིད་པ་དང་བཅས་པས། །ཀུན་ཀྱང་འཆི་བའི་ལམ་ཞུགས་ན། །གློ་བུར་ཚེ་ལ་སུ་ཡིད་རྟོན། །ཅེས་པ་དང་། སྤྱོད་འཇུག་ལས། ཉིན་མཚན་སྡོད་པ་ཡོང་མེད་པར། །ཚེ་འདི་རྟག་ཏུ་གོད་འགྱུར་ཞིང་། །སྣོན་པ་གུད་ནས་འོང་མེད་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར། །ཞེས་སོ། །འཆི་བའི་རྐྱེན་མང་ལ་འཚོ་བའི་རྐྱེན་ཉུང་པས་ཀྱང་འཆི་ངེས་ཏེ། སྔ་མ་ལས། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པའི་རྐྱེན་ནི་ཉུང་ཟད་ཅིག །དེ་བས་མྱུར་དུ་འཆི་འགྱུར་བས། །དམ་པའི་ཆོས་ལ་བློ་ཞོག་ཅིག །ཅེས་སོ། །རྒྱུ་གཞན་ཡང་། རིན་ཆེན་ཕྲེང་བ་ལས། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པའི་རྐྱེན་ནི་ཉུང་ཟད་ཅིག །དེ་དག་ཉིད་ནི་འཆི་བའི་ཡང་། །དེ་བས་རྟག་ཏུ་ཆོས་མཛོད་ཅིག །ཅེས་སོ། །

བདུན་པ་ཕྱི་རོལ་ཇི་བཞིན་ནང་མི་རྟག་པ་ནི། རྒྱུ་འདི་ལྟར་ཕྱི་རོལ་གྱི་གྲོང་ཁྱེར་རྙིངས་པས་ཀྱང་རང་གི་སེམས་ལ་འཆི་བ་བསམ་པ། འབྱུང་བཞི་འདུས་པའི་ལྡིང་ཁང་སེམས་པ་ཅན། །གཡོ་བའི་ཀུན་རྟོག་སྐྱེ་བོས་བརྒྱན་པ་ཡང་། །རྐྱེན་ལས་སྐྱེས་ཕྱིར་འདུས་བྱས་འཇིག་པའི་ཆོས། །གྲོང་ཁྱེར་རྙིངས་པ་བཞིན་དུ་མི་རྟག་གིས། །མྱུར་བ་ཉིད་དུ་དམ་པའི་ཆོས་མཛོད་ཅིག །ཅེས་བསྐུལ་ཏེ། སྔོན་ལེགས་པར་འབྱོར་པའི་གྲོང་ཁྱེར་སྐྱེ་བོ་དང་མི་མང་པོས་གང་བ་ཞིག་ཕྱིས་སྟོངས་པ་དེའི་ཚེ་འདི་ལྟར་བརྟག་སྟེ། ཀྱེ་མའོ་འཁོར་བའི་ཆོས་སྔོན་དར་ཞིང་འབྱོར་པ་དེ་དག་རྗེས་རོལ་ཙམ་དུ་ཟད་དེ། སྐྱེ་བོ་རྣམས་ནི་མིང་གི་ལྷག་མ་ཙམ་དུ་ཟད་དོ། །དཔེར་འདི་ཇི་ལྟ་བར་བདག་གི་ལུས་འབྱུང་བ་བཞི་འདུས་པའི་ལྡིང་ཁང་གོས་དང་རྒྱན་གྱི་འབྱོར་པས་མཛེས་ཤིང་། རྟོག་པ་སྣ་ཚོགས་སུ་འཕྲོ་བའི་སྐྱེ་བོས་བརྒྱན་པ་འདི་ཡང་འཇིག་ཅིང་འགྱེས་ལ། ལྷག་རོལ་རུས་པ་ཙམ་ཞིག་ལུས་པ་ལ། སྐྱེ་བོ་འགའ་ཞིག་གིས་བདག་གི་མིང་ནས་བརྗོད་དེ་དེའི་རུས་པའོ་ཞེས་པའི་གནས་སྐབས་ཡོད་དོ་སྙམ་དུ་སྙིང་ནས་བསམ་དགོས་ཏེ། བཤེས་སྤྲིང་ལས། ལུས་མཐའ་ཐལ་བ་ལྟར་བསྐམས་མཐར་འདྲུལ་ཞིང་། །ཐ་མར་མི་གཙང་སྙིང་པོ་མ་མཆིས་པས། །རྣམ་པར་འཇིག་དེངས་མྱགས་པར་འགྱུར་བ་སྟེ། །སོ་སོར་འགྱེས་ཆོས་ཅན་དུ་མཁྱེན་པར་མཛོད། །ཅེས་སོ། །

བརྒྱད་པ་དཔེས་མི་རྟག་པ་ནི། གང་གི་ཚེ་ཡུན་རིང་མོར་མཐོ་རིས་ཀྱི་བདེ་བ་ལ་སྤྱད་ཀྱང་རྨི་ལམ་སད་པ་ལྟར་ཡུད་ཀྱིས་འཆི་བ་ལ་ཕྱོགས་པ་དེའི་ཚེ། ཇི་ལྟར་རླུང་དམར་ནང་ཞུགས་མར་མེ་བཞིན། །སྐད་ཅིག་མི་(༣༡)རྟག་གཡོ་བའི་རང་བཞིན་དང་། །གློ་བུར་འཆི་རྐྱེན་དྲག་པོས་གཏུགས་པའི་ཚེ། །ཡུན་དུ་མི་གནས་ངེས་པར་འཆི་བས་ན། །ད་ལྟ་ཉིད་དུ་དམ་པའི་ཆོས་མཛོད་ཅིག །ཅེས་པ་སྟེ། སྒྲོན་མེ་ཞིག་ཐང་ཀ་རླུང་འཇམ་པོར་ལྡང་བའི་ནང་ན་གནས་པ་ལས། རེ་ཞིག་རླུང་རབ་ཏུ་དྲག་པོ་བྱུང་བ་དེའི་ཚེ་འཆི་བ་ལྟར། རང་ཉིད་ཀྱང་མར་མེ་ལྟར་གཡོ་བའི་ཚེ་ལ། ཉིན་མཚན་འཁོར་མོའི་རླུང་འཇམ་པོས་བསྐྱོད་དེ་རྒས་ནས་མྱུར་དུ་འཆི་བའི་ལོང་ཡང་མེད་པར་རླུང་དྲག་པོ་ལྟ་བུའི་ནད་དམ་གནོད་པའི་རྐྱེན་གྱིས་འཕྲོག་པར་འགྱུར་ངེས་པ་འདི་བསམ་དགོས་ཏེ། སློབ་མ་ལ་སྤྲིངས་པ་ལས། མར་མེའི་མེ་ལྕེ་ཤུགས་དྲག་རླུང་གིས་བསྐྱོད་པ་ལྟའི། །ཚེ་འདི་སྐད་ཅིག་གནས་པའི་གདེང་ཡང་ཡོད་མ་ཡིན། །ཞེས་སོ། །

དགུ་པ་ཐམས་ཅད་འདོར་བས་མི་རྟག་པ་ནི། གཞན་ཡང་ཐམས་ཅད་བོར་ནས་འགྲོ་དགོས་པས་ཀྱང་མི་རྟག་པ་བསམ་པ་ནི། འཁོར་དང་ལོངས་སྤྱོད་ཉེ་བར་འབྲེལ་པའི་གཉེན། །གཟུགས་དང་ལང་ཚོ་དབང་ཕྱུག་རིགས་བཟང་ཡང་། །ཐམས་ཅད་བོར་ཏེ་གཅིག་པུ་འགྲོ་དགོས་ཤིང་། །གང་གིས་མི་བསྟོངས་དཀར་ནག་རྗེས་འབྲང་བ། །དེ་ཚེ་ཆོས་ལས་སྐྱབས་གཞན་འགའ་མེད་ན། །དེང་དུ་བརྩོན་པས་ཅི་ཕྱིར་འདའ་མི་བྱེད། །འཆི་བའི་དུས་ན་ཚེ་འདིའི་སྣང་བ་གང་གིས་ཀྱང་མི་ཕན་པར་འགྲོ་དགོས་ཏེ། ལས་དགེ་སྡིག་གཉིས་རྗེས་སུ་འབྲང་ཞིང་ཆོས་ཁོ་ན་སྐྱབས་སུ་བཤད་དེ། རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱིས་བསྙེན་ཏེ་རྒྱལ་པོ་འགྲོ་འགྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །རྒྱལ་པོ་དག་ནི་གར་གནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །ཞེས་པ་དང་། དཔལ་སྦྱིན་གྱིས་ཞུས་པའི་མདོ་ལས། འདྲེས་མའི་ལས་ཀྱིས་ལོངས་སྤྱོད་ཚོལ་བྱེད་ཅིང་། །བུ་དང་དེ་བཞིན་ཆུང་མ་གསོ་བར་བྱེད། །ཤིན་ཏུ་སྡུག་བསྔལ་གྱུར་པ་འཆི་དུས་ན། །བུ་དང་ཆུང་མ་སྐྱབས་སུ་འགྱུར་མ་ཡིན། །ཇི་ལྟར་སྣ་ཚོགས་ལས་བྱས་བླངས་པ་བཞིན། །བུ་དང་ཆུང་མ་དག་ཀྱང་འདོར་བར་འགྱུར། །བདག་ཉིད་གཅིག་པུ་སྡུག་བསྔལ་མྱོང་བར་འོང་། །དེ་དག་དེ་ཚེ་བདག་གི་སྐལ་མི་ལེན། །ཕ་མ་སྤུན་ཟླ་བུ་དང་ཆུང་མ་དང་། །བྲན་དང་ནོར་དང་རྩ་ལག་རྣམས་ཀྱི་ཚོགས། །ཤི་བའི་ཕྱི་བཞིན་དེ་དག་འགྲོ་བ་མེད། །ལས་རྣམས་རྗེས་སུ་འབྲང་ཞིང་བྱིས་པ་འགྲོ། །ཞེས་སོ། །དེའི་ཚེ་ལས་མི་དགེ་བ་སྟོབས་ཆེར་བསགས་པ་རྣམས་ལ་སྔར་གྱི་བསད་པ་དེ་དག་དང་། གཤིན་རྗེའི་སྐྱེས་བུས་འཁོར་ཞིང་ཞགས་པས་ཁྲིད་པའི་སྣང་བ་འབྱུང་སྟེ། སྤྱོད་འཇུག་ལས། ཁ་བསྐམས་མིག་རྩ་ངན་ལ་སོགས། །སྔ་ལས་གཞན་དུ་འགྱུར་སྣང་ནས། །གཤིན་རྗེའི་ཕོ་ཉ་འཇིགས་འཇིགས་ལྟའི། །ཤ་ཚུགས་ཅན་གྱིས་བཟུང་གྱུར་ཅིང་། །འཇིགས་ཆེན་ནད་ཀྱིས་ཐེབས་གྱུར་པ། །རབ་ཏུ་ཉམ་ཐག་སྨོས་ཅི་དགོས། །སུ་(༣༢)ཞིག་འཇིགས་ཆེན་འདི་ལས་བདག །ལེགས་པར་སྐྱོབ་པ་བྱེད་འགྱུར་ཞེས། །བྲེད་ཤ་ཐོན་པའི་མིག་བགྲད་ནས། །ཕྱོགས་བཞི་སྐྱབས་དག་ཚོལ་བར་བྱེད། །ཕྱོགས་བཞིར་སྐྱབས་མེད་མཐོང་ནས་ནི། །དེ་ནས་ཀུན་དུ་ཡི་མུག་འགྱུར། །ཞེས་སོ། །དེའི་ཚེ་ཆོས་དྲན་ཡང་འཕྱིས་ཏེ་ཁྲིམས་ལས་འདས་པ་དག་གཤེད་མའི་ལག་ཏུ་ཆུད་པ་ན་སྐྱབས་འཚོལ་བ་དང་མཚུངས་པས། ད་ལྟ་ནས་དྲན་པར་བྱ་དགོས་པར། དེ་ཉིད་ལས། དེ་ཚེ་ལེ་ལོ་སྤངས་ཀྱང་ནི། །དུས་མ་ཡིན་པར་ཅི་ཞིག་བྱ། །གློ་བུར་འཆི་བདག་འོངས་ནས་ནི། །ཀྱི་ཧུད་བཅོམ་ཞེས་སེམས་པར་འགྱུར། །ཞེས་སོ། །དེའང་དཀོན་མཆོག་གསུམ་དང་ཆོས་དགེ་བ་ཉིད་སྐྱབས་ཡིན་པར། དྲི་མ་མེད་པར་བྱིན་པས་ཞུས་པ་ལས། ཡོན་ཏན་ལྡན་པ་འདི་དག་མ་གཏོགས་པར། །ཕ་དང་མ་ཡང་ཁོ་མོའི་སྐྱབས་མ་ཡིན། །གཉེན་གྱི་ཚོགས་དང་ནོར་དང་ལང་ཚོའང་མིན། །འདི་དག་འཁོར་བར་བྱིང་བ་རྣམས་ཀྱི་སྐྱབས། །བདག་ནི་སངས་རྒྱས་དགའ་བས་ལུས་བཏང་ཞིང་། །དེ་བཞིན་སྲོག་དང་ལོངས་སྤྱོད་རྣམས་ཀྱང་བཏང་། །དཀོན་མཆོག་གསུམ་ཉིད་སྐྱབས་ཡིན་མ་གཏོགས་པར། །ཁོ་མོའི་སྐྱབས་རྟེན་འདི་ན་སེམས་ཅན་མེད། །ཅེས་སོ། །

བཅུ་པ་དུས་གསུམ་མི་རྟག་པ་ནི། འདི་ལྟར་འཁོར་བའི་གནས་དང་། རང་གི་རྒྱུད་དང་། གཞན་གྱི་ཚོགས་ཀྱི་ཕ་མཐའ་ལ་བསམས་པས་ཀྱང་མི་རྟག་སྟེ། འདི་ལྟར་འཇིག་རྟེན་སྔ་ཕྱིའི་རྒྱུད་སོམས་དང་། །སྔ་རབས་སྐྱེ་བོ་དཔག་མེད་འདས་གྱུར་ཅིང་། །ད་ལྟའི་ས་སྟེང་འགྲོ་བ་ཕལ་ཆེར་ཡང་། །ལོ་བརྒྱའི་ནང་དུ་ངེས་པར་མི་རྟག་ལ། །མ་འོངས་རྣམས་ཀྱང་ཚུལ་དེའི་རྗེས་སུ་འགྲོ། །རྒན་རབས་གཞོན་རབས་སྐལ་མཉམ་འདས་ལ་ལྟོས། །བདག་ཀྱང་རང་བཞིན་དེ་ལས་མ་འདས་པས། །ངེས་པར་འཆི་བ་བསམས་ནས་ཆོས་མཛོད་ཅིག །ཀྭ་ཡེ་བཞིན་བཟང་དག །ཕྱི་སྣང་བ་ཡུལ་གྱི་འཕོ་འགྱུར་ལ་སོམས་ཤིག་དང་། སྔར་ལོ་བརྒྱ་ཡན་ཆད་ཀྱི་མི་རྣམས་ལུས་སམ་ལྟོས་དང་། ད་ལྟའི་འོ་སྐོལ་མིར་གྱུར་པ་ཕལ་ཆེར་ཡང་ད་སྟེ་ལོ་བརྒྱ་ན་མིང་ཙམ་དུ་བསལ། མ་འོངས་པའི་འགྲོ་བ་རྣམས་ཀྱང་དེ་དང་ཚུལ་མཚུངས་ཏེ་སྔར་སྐྱེས་པ་ལ་མ་ཤི་བ་མེད་པའི་ཕྱིར་རོ། །དེས་ན་རང་རང་གི་རིང་ལ་རང་བས་རྒན་པ་དང་། གཞོན་པ་དང་། མཉམ་པའི་དགྲ་གཉེན་དུ་མ་ཞིག་འདས་པས་བདག་ཀྱང་དེ་ལྟ་བུའི་རང་བཞིན་ཅན་དུ་ངེས་སྙམ་དུ་བསམ་དགོས་ཏེ། ཆེད་དུ་བརྗོད་པའི་ཚོམས་ལས། གང་གི་ནུབ་མོ་ཁོ་ན་ནས། །མངལ་དུ་དང་པོ་འཇུག་པའི་མི། །དེ་ནི་སྣོན་མེད་གོད་འགྱུར་ཞིང་། །སོང་བ་ལས་ཀྱང་བཟློག་པ་མེད། །སྔ་དྲོ་སྐྱེ་བོ་མང་མཐོང་བ། །ཕྱི་དྲོ་ཁ་ཅིག་མཐོང་མི་འགྱུར། །ཕྱི་དྲོ་སྐྱེ་བོ་མང་མཐོང་བ། །སྔ་དྲོ་ཁ་ཅིག་མཐོང་མི་འགྱུར། །སྐྱེས་པ་བུད་མེད་(༣༣)མང་པོ་དག །དར་ལ་བབ་པའང་འཆི་འགྱུར་ན། །དེ་ལ་མི་འདི་གཞོན་ཞེས་ཏེ། །གསོན་པའི་གདེང་བྲོད་ཅི་ཞིག་ཡོད། །ཁ་ཅིག་མངལ་དུ་འཆི་བར་འགྱུར། །དེ་བཞིན་ཁ་ཅིག་བཙས་པའི་སར། །ཁ་ཅིག་གོག་པོ་འགོག་ཙམ་ན། །དེ་བཞིན་ཁ་ཅིག་ཡོངས་རྒྱུག་ན། །ལ་ལ་རྒན་དང་ལ་ལ་གཞོན། །ལ་ལ་དར་ལ་བབ་པའི་མི། །རིམ་གྱིས་རབ་ཏུ་འགྲོ་འགྱུར་ཏེ། །འབྲས་བུ་སྨིན་པ་ལྟུང་བ་བཞིན། །ཞེས་སོ། །

བཅུ་གཅིག་པ་སྲིད་གསུམ་མི་རྟག་པ་ནི། གཞན་ཡང་འདི་ལྟར། ས་གསུམ་དམྱལ་བ་སྲིད་རྩེའི་བར་དག་ན། །འཆི་བདག་གནས་ལས་རྒྱལ་བ་འགའ་མེད་དེ། །ཀུན་ཀྱང་མི་རྟག་འགྱུར་ཞིང་སྙིང་པོ་མེད། །ཡིད་བརྟན་མི་རུང་ཤིང་རྟའི་འཕང་ལོ་འདྲ། །ཁྱད་པར་མི་ཡི་འཇིག་རྟེན་འཚེ་བ་མང་། །ནད་གདོན་གནོད་པ་དུ་མའི་གཞིར་གྱུར་ཅིང་། །མཚོན་དང་མེ་དང་གཡང་ས་གཅན་གཟན་དུག །རྒྱལ་པོ་དགྲ་དང་ཆོམ་རྐུན་ལ་སོགས་ཀྱིས། །འཚོ་བའི་སྲོག་འཇོམས་ཕུན་ཚོགས་འཇིག་པར་བྱེད། །དེའང་འགྲོ་བ་རིགས་དྲུག་གིས་ཕྱོགས་གང་ནའང་འཆི་བས་མི་ཚུགས་པའི་གནས་དེ་ལྟ་བུ་ཅུང་ཟད་ཀྱང་མེད་པས། ཁམས་གསུམ་རྒྱུད་དྲུག་གི་སེམས་ཅན་ཐམས་ཅད་འཆི་བ་ལས་མ་འདས་པ་བསམ་པར་བྱ་སྟེ། འདུལ་བ་ལུང་ལས། གང་དུ་གནས་ན་འཆི་བས་མི་ཚུགས་པའི། །ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། །བར་སྣང་ན་མེད་རྒྱ་མཚོའི་ནང་ནའང་མེད། །རི་རབ་རྣམས་ཀྱི་གསེབ་ཏུ་ཞུགས་པའང་མེད། །ཅེས་སོ། །དེ་ལྟར་གང་དུ་ཤི་ཡང་ལུས་དོར་བ་ཙམ་ལས། སེམས་འདི་ཡང་སྔོན་གྱི་ལས་ཀྱིས་སྲིད་པ་མང་པོར་འཁོར་བ་ཉིད། རྒྱ་ཆེར་རོལ་པ་ལས། སྲིད་པར་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་གནས་ངན་སོང་ལམ་གསུམ་པོ། །འགྲོ་ལྔ་དག་ཏུ་མི་མཁས་སྐྱེ་བོ་འཁོར། །དཔེར་ན་རྫ་མཁན་འཕང་ལོ་འཁོར་བ་བཞིན། །རྟག་ཏུ་གཟུགས་སྡུག་མཆོག་དང་སྒྲ་སྙན་དང་། །དྲི་མཆོག་རོ་ཞིམ་རེག་ལ་བདེ་བྱེད་པ། །དུས་ངན་རྙི་ལ་འགྲོ་བ་འདི་དག་ཐོགས། །དཔེར་ན་རྔོན་པའི་རྙི་ལ་སྤྲེའུ་ཐོགས་བཞིན། །ཞེས་སོ། །དེ་དག་ལས་ཁྱད་པར་དུ་མིའི་འཇིག་རྟེན་འདི་དག་འཚེ་བ་མང་སྟེ། མཛེ་དང་། རིམས་དང་། རླུང་དང་། མཁྲིས་པ་ལ་སོགས་པའི་ནད་དང་། བྱ་དང་། ཤ་ཟ་དང་། མཁའ་འགྲོ་དང་། བགེགས་ལ་སོགས་པའི་གདོན་མང་ཞིང་། རྒྱལ་པོ་དང་། དགྲ་དང་། མི་རྒོད་དང་། ཕུང་ཀྲོལ་ལ་སོགས་པའི་འཚེ་བ་བརྒྱ་དག་གིས། སྐྱེས་བུའི་དབང་ཕྱུག་དང་། ལུས་དང་སྲོག་ལ་རྒོལ་ཞིང་བར་མ་དོར་འཆི་བས་ན་དམ་པའི་ཆོས་ལ་བརྩོན་དགོས་སོ། །ཇི་སྐད་དུ། ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། མི་ཡི་འཇིག་རྟེན་འབྱུང་པོའི་གདོན་དང་ནད་མང་བ། །ཕན་དང་སྙིང་བརྩེར་ལྡན་པའི་བདེན་པའི་བྱིན་གྱིས་ཞི། །ཞེས་གསུངས་པ་ཡིན་ནོ། །

བཅུ་གཉིས་པ་སྐད་ཅིག་མི་རྟག་པ་ནི། དེ་ལྟར་འཚེ་བ་ཡོད་ན་འཆི་བ་ཡིན་པ་ལྟར་མ་ཟད་དེ། འདི་(༣༤)ལྟར། འཚེ་བ་མེད་ཀྱང་སྐྱེས་བུའི་ཚེ་འགྲོ་སྟེ། །ཉིན་མཚན་སྐད་ཅིག་ཐང་ཅིག་འགྱུར་བས་ཀྱང་། །འཆི་བདག་གནས་སུ་ཉེ་བར་གྱུར་པ་ནི། །འབབ་ཆུའི་ཚོགས་རྣམས་རྒྱ་མཚོར་སྙེགས་པའམ། །ཉི་མའི་དཀྱིལ་འཁོར་ནུབ་རིར་ལྟུང་བ་བཞིན། །འདི་ལྟར་ཚེ་གང་དུ་བདག་ལ་འཚེ་བའི་གནོད་པ་གློ་བུར་བ་མེད་ཅིང་། མཐུན་པའི་ཁ་ཟས་དང་། བཅུད་ཀྱིས་ལེན་པ་ལ་སོགས་པས་ཚེ་བསྲིང་བར་གསུངས་ཀྱང་མཐར་ཕན་པ་མེད་དེ་འཇིག་པར་འགྱུར་བ་ཉིད། སྤྱོད་འཇུག་ལས། ནད་མེད་ཉི་མ་འདི་ལྟ་བུར། །ཟས་བཅས་འཚེ་བ་མེད་ཀྱང་ནི། །ཚེ་འདི་སྐད་ཅིག་སླུ་བ་སྟེ། །ལུས་འདི་ཐང་ཅིག་བརྙན་པོ་བཞིན། །ཞེས་སོ། །སྐད་ཅིག་ཀྱང་སྡད་ལོང་མེད་པར། འདུས་པ་རིན་པོ་ཆེའི་ཏོག་ལས། རབ་འབྱོར་གྱིས་སྨྲས་པ། སྐྱེས་བུའི་ཚེ་ནི་རི་གཟར་ཆུ་འབབ་བཞིན། །ཞེས་པ་དང་། འདུལ་བ་ལུང་ལས། རི་གཟར་ཆུ་བོ་རྒྱ་མཚོར་འཇུག་པ་དང་། །ཉི་མ་ཟླ་བ་ནུབ་རིར་ཕྱོགས་པ་དང་། །ཉིན་མཚན་ཐང་ཅིག་ཡུད་ཙམ་ཤུགས་ཀྱིས་འགྲོ། །སྐྱེས་བུའི་ཚེ་འགྲོ་འདི་དག་མཚུངས་པར་ལྡན། །ཞེས་སོ། །

བཅུ་གསུམ་པ་རྐྱེན་དང་གནས་དུས་མི་རྟག་པར་བསྟན་པ་ནི། ཡང་གང་གི་ཚེ། ཟས་བཅས་འཚོ་བའི་རྐྱེན་རྣམས་ཕུན་ཚོགས་ཀྱང་། །དུག་བཞིན་སྡུག་བསྔལ་བསྐྱེད་པའི་སྐབས་མཆིས་ན། །མི་མཐུན་གནོད་མང་ཕུན་ཚོགས་ཅིས་མི་འཇིག །དེས་ན་འཆི་བའི་རྐྱེན་དུ་མ་གྱུར་མེད། །གར་འཆི་ཅིས་འཆི་ནམ་འཆི་ཆ་མེད་ཀྱིས། །དོན་མེད་སླུ་བ་འཇིག་རྟེན་ཆོས་སྤོངས་ལ། །སྙིང་ནས་མི་རྟག་འཆི་ཆོས་བསྒྲུབ་པར་མཛོད། །འདི་ལྟར་འཚོ་བ་ལ་ཕན་འདོགས་པའི་ཟས་ཀྱང་ནད་བསྐྱེད་པའི་རྒྱུར་གྱུར་པས་འཕྲལ་ཕན་པར་སྣང་ཡང་། ཕུགས་སུ་གནོད་པ་བསྒྲུབ་པ་ཉིད་དང་། ནད་ལ་ཕན་པར་འདོད་ནས་འཁྲུ་སྨན་གྱིས་སྦྱངས་པ་ལས། དེ་ཉིད་ནད་དུ་འགྱུར་བའང་ཡོད་ན། དངོས་སུ་མི་མཐུན་པའི་གནོད་པས་ཚེ་ལ་བར་དུ་གཅོད་པ་ལྟ་ཅི་སྨོས་ཏེ། འཆི་བའི་རྐྱེན་དུ་མ་གྱུར་པ་མེད་པས་འཆི་བ་འབའ་ཞིག་བསམ་མོ། །དེ་ཡང་སྔར་བཤད་པའི་ཚུལ་གྱིས་གནས་གང་དུ་འཆི་བ་དང་། རྐྱེན་ཅིས་འཆི་བ་དང་། དུས་ནམ་གྱི་ཚེ་འཆི་བའི་ངེས་པ་མེད་དེ། དེ་རིང་ཉིད་ཀྱང་མི་འཆི་བའི་གདེང་མེད་པའི་ཕྱིར་རོ། །དེ་སྐད་དུའང་སྤྱོད་འཇུག་ལས། དེ་རིང་ཁོ་ན་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །བདག་ནི་མེད་པར་འགྱུར་བའི་དུས། །དེ་ནི་གདོན་མི་ཟ་བར་འབྱུང་། །ཞེས་སོ། །

སྤྱི་དོན་གསུམ་པ་བརྩོན་པར་གདམས་པ་ལ་གསུམ་ལས། དང་པོ་བླ་མ་དང་མན་ངག་འཛོམ་དུས་ཆོས་བསྒྲུབ་པར་གདམས་པ་ནི། དལ་འབྱོར་གྱི་ལུས་ཕུན་སུམ་ཚོགས་པ་རྙེད་པའི་དུས་བཟང་པོ་འདིར་འཁོར་བ་ལས་སྒྲོལ་དགོས་པར་གདམས་པ། འདིར་ནི་བདག་གིས་དལ་འབྱོར་གྲུ་རྙེད་ཅིང་། །བླ་མའི་མན་ངག་གྲུ་འཛིན་ཡོད་བཞིན་དུ། །སྡུག་བསྔལ་ཆུ་བོ་བརྒལ་ཕྱིར་མི་བརྩོན་ན། །(༣༥)དེ་ལས་བསླུས་པ་འདི་ན་གཞན་མེད་དོ། །གང་གི་ཕྱིར་དལ་འབྱོར་གྱི་གྲུ་བོ་བླ་མ་དམ་པའི་ཆོས་ཚུལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྲོལ་བཏོད་པའི་ལམ་པོ་ཆེ་དང་། གྲུ་སྐྱ་བ་དག་ཡོད་བཞིན་དུ་བརྩོན་པར་མི་བྱེད་ན་རང་ཉིད་ཤིན་ཏུ་བསླུས་པ་ཁོ་ནར་འགྱུར་བ་ཉིད། སློབ་སྤྲིང་དུ། གང་ཞིག་ཐུབ་དབང་རྣམས་ཀྱིས་སྲོལ་བཏོད་ཆོས་ཀྱི་ལམ། །རྒྱ་ཆེན་གྲུ་དང་འདྲ་བ་རྙེད་ནས་སླར་འདོར་བ། །འཁོར་བའི་རྒྱ་མཚོའི་ཀློང་འཁྱིལ་གར་མཁན་འདྲ་རྣམས་ལ། །དགའ་བས་ངེས་པར་དེ་སེམས་བསླུས་པར་འགྱུར་བ་སྙམ། །ཞེས་སོ། །

གཉིས་པ་མ་འབད་ན་མི་གྲོལ་བར་བསྟན་པ་ནི། དེའི་ཕྱིར་སྙིང་ནས་ངེས་པར་བརྩོན་པ་ལ་བསྐུལ་བ། གང་ཕྱིར་སྟོན་པས་རབ་བསྔགས་རིན་ཆེན་སྣོད། །ཉེས་ཀུན་མཐར་འབྱིན་ཡང་དག་ཐོབ་བཞིན་དུ། །རང་གཞན་དོན་གཉིས་འབྱོར་པ་མི་འཛིན་ན། །འཁོར་བའི་བཙོན་རར་རང་ཉིད་འཆིང་བར་ཟད། །རྟེན་དལ་བ་འདི་འདྲ་བ་ཐོབ་པའི་ཚེ་རང་དང་གཞན་ལ་ཕན་པ་དམ་པའི་ཆོས་བསྒྲུབ་པ་དེ་དག་གཏན་དུ་འཁོར་བའི་ཞགས་པས་འཆིང་བར་ཟད་དེ། བློ་དང་ལྡན་པ་རྣམས་ཀྱིས་དེ་ལས་བཟློག་ནས་ཐར་པ་དམ་པའི་ཆོས་ལ་བརྟུན་ཏེ་བསྒྲུབ་པར་མཛོད་ཅིག་ཅེས་བསྐུལ་བ་ནི། སློབ་སྤྲིང་ལས། གང་ཞིག་ཐོབ་ནས་སྐྱེ་བའི་རྒྱ་མཚོའི་མཐར་འབྱིན་ཞིང་། །བྱང་ཆུབ་མཆོག་གི་ས་བོན་དགེ་བའང་འདེབས་གྱུར་པ། །ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ལྷག་པ་ཡི། །མི་ཉིད་དེ་ནི་སུ་ཞིག་འབྲས་བུ་མེད་པར་བྱེད། །བདེ་གཤེགས་ལམ་བརྟེན་འགྲོ་བའི་འདྲེན་པར་ཆས་གྱུར་ཅིང་། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པའི། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །མི་ཡི་དངོས་པོས་ཤིན་ཏུ་རྙེད་དཀའ་རྙེད་གྱུར་ནས། །དོན་དུ་བརྣགས་པ་གང་ཡིན་དེ་ནི་བརྟུན་ཏེ་བསྒྲུབ། །ཞེས་གསུངས་སོ། །

གསུམ་པ་ལེགས་པར་འདོམས་ཀྱང་མི་ཉན་པ་ལ་སྙིང་རྗེའི་ཤུགས་གཡོ་བ་ནི། ད་ནི་དེ་སྐད་སྨྲས་ཀྱང་སྙིང་ལ་ཇི་མི་སྙམ་པའི་འགྲོ་བ་རྣམས་ལ་སྐྱོ་བས་རང་ཉིད་ཞི་བར་སྨོན་ཞིང་ནམ་ཞིག་ན་འདྲེན་པར་སྙིང་རྗེའི་ཤུགས་གཡོ་བ། ཀྱེ་མ་ཇི་ལྟར་རྡོ་ལ་འདོམས་པ་བཞིན། །འཇིག་རྟེན་ཕལ་ཆེར་བསམས་ཤིང་སྐྱོ་བ་འཕེལ། །བསྟན་པས་མི་རྟོགས་བཤད་པས་གོ་བ་མེད། །སང་ཉིན་འཆི་ཡང་རྒྱུན་ཤིང་རྟག་པར་འཛིན། །འཁོར་བས་མི་སྐྱོ་ངེས་འབྱུང་རྡུལ་ཙམ་མེད། །ཤེས་བཞིན་ང་རྒྱལ་གོ་བཞིན་འཁྲུལ་པ་བྱེད། །འདུ་འཛིས་གཡེངས་ལ་ཉོན་མོངས་ཆར་འབེབ་པའི། །འགྲོ་ལ་ནམ་ཞིག་བདག་གིས་ཕན་ཐོགས་འགྱུར། །ཀྱེ་མ་སེམས་ཅན་གྱི་གནས་ན་གང་དག་ཇི་ལྟར་བསྟན་ཡང་བློ་གྲོས་བླུན་པས་བརྡ་དང་ཐབས་ཀྱི་རྣམ་པ་ཚད་མེད་པས་རྗེས་སུ་བཟུང་ཡང་དལ་བ་དོན་ཆུང་བར་གྱུར་ཏེ་རྟོགས་པའི་དུས་མེད་ཅིང་། (༣༦)བཤད་པས་གོ་བར་མི་འགྱུར་བ་དག་དང་། ཁ་ཅིག་ནི་རང་ཉིད་སང་གི་ཚེ་འཇིག་རྟེན་འདིའི་སྣང་བ་འདོར་ཡང་བསྐལ་པའི་བར་དུ་སྡོད་པ་ལྟར་བདེན་པར་ཞེན་པས་ཚེ་འདིའི་བྱ་བ་འབའ་ཞིག་ལ་གཡེངས། ལ་ལ་དག་ཉོན་མོངས་པ་མེ་ལྟར་འབར་ཞིང་དགེ་བའི་ཕྱོགས་ལས་རིང་དུ་གྱུར། གཞན་དག་རང་གི་རྒྱུད་ཞེ་སྡང་གི་མེས་བསྲེག་ཅིང་གཞན་ལ་ཕྲག་དོག་པས་ཚུལ་དུ་མའི་སྒོ་ནས་གཤེ་བ་དང་། མཚང་འབྲུ་བ་དང་། ངན་དུ་སྒྲོགས་པ་དང་། སྐུར་པ་འདེབས་པ་ལ་བརྩོན་པར་བྱེད། འགའ་ཞིག་ནི་སྡུག་བསྔལ་དུ་མས་མནར་ཞིང་ནོན་པར་གྱུར་ཀྱང་འཁོར་བས་མི་སྐྱོ་ལ། ངེས་པར་འབྱུང་བའི་བློ་རྡུལ་ཕྲ་རབ་ཙམ་ཡང་རྒྱུད་ལ་འཆར་མ་མྱོང་། ལ་ལ་ཅུང་ཟད་ཐོས་པ་དང་ཤེས་པ་ཙམ་གྱིས་ཁེངས་ཤིང་ང་རྒྱལ་བས་གཞན་ལ་བརྙས་ཤིང་རྩོད་པ་དང་ཉོན་མོངས་པ་སྟོང་གི་མེ་ལྕེ་ཕྱོགས་བཅུར་འཕྲོ་བས་རང་གཞན་གྱི་རྒྱུད་ཀྱི་དགེ་བའི་བུད་ཤིང་དག་བསྲེག་ཅིང་། དམ་ཚིག་དང་སྡོམ་པ་འཆལ་བས་ཉིན་མཚན་དུ་མི་དགེ་བའི་ཆར་འབབ་པ་དེ་དག་མཐོང་ནས་རེས་འགའ་རང་བྱང་ཆུབ་ལ་ཕྱོགས་པའི་བློས་ཞི་བའི་ནགས་སུ་གཅིག་པུར་ཟབ་མོའི་ཏིང་ངེ་འཛིན་བསྒྲུབ་པ་ལ་བརྩོན་པའི་སེམས་སྐྱེ་ཞིང་། ཕལ་ཆེར་སྙིང་རྗེའི་དབང་དུ་གྱུར་པས་འདི་དག་ནམ་ཞིག་ན་བདག་ཁོ་ནས་ཐར་པ་ལ་འགོད་པར་ཤོག་ཅིག་ཅེས་སེམས་སྟོབས་ཆེན་པོའི་སྤྲོ་བ་བསྐྱེད་དེ། བླ་ན་མེད་པའི་ཁུར་འཛིན་པའི་སྨོན་ལམ་དུ་སྨྲས་པ། གང་དག་ཕྱོགས་བཅུའི་འཇིག་རྟེན་ན། །སེམས་ཅན་ཇི་སྙེད་ཡོད་པ་ཀུན། །དེ་དག་བདག་གི་བསོད་ནམས་ཀྱིས། །བདེ་ཐོབ་སྡུག་བསྔལ་བྲལ་བར་ཤོག །ཚེ་ཐུང་ནད་ཀྱིས་ཉེན་པ་དག །ཚེ་རིང་ནད་མེད་བདེ་ལེགས་ཤིང་། །བཀྲེས་བཀྲེན་དབུལ་བས་ཉམ་ཐག་རྣམས། །བཟའ་བཏུང་འབྱོར་པ་ཕུན་ཚོགས་ཤོག །རྒྱལ་པོ་ཆོམ་རྐུན་མི་རྒོད་དང་། །ཆུ་དང་མེ་དང་གཡང་ས་སོགས། །གཞན་གྱི་འཇིགས་པས་ཉེན་པ་ཀུན། །འཇིགས་བྲལ་བདེ་བ་ཐོབ་པར་ཤོག །གང་གང་ཇི་ལྟར་འདོད་པ་བཞིན། །ཡིད་ལ་བསམས་པ་ཀུན་གྲུབ་སྟེ། །རྟག་ཏུ་དགེ་བའི་ཆོས་སྤྱོད་ཅིང་། །ཐར་པའི་བྱང་ཆུབ་ཐོབ་པར་ཤོག །རྒྱལ་པོ་དགེ་བས་ས་སྐྱོང་ཞིང་། །ཆབ་སྲིད་འཇམ་དར་ཆེ་བ་དང་། །བློན་པོའང་ཆོས་བཞིན་བསམ་འཕེལ་ཞིང་། །དམངས་རྣམས་རྟག་ཏུ་བདེ་བར་ཤོག །ངན་སོང་སྡུག་བསྔལ་ཅི་ཡོད་པ། །ཐར་ནས་མཐོ་རིས་བདེ་ཐོབ་ཅིང་། །མཐོ་རིས་སྡུག་བསྔལ་གང་ཡོད་པའང་། །ཞི་གྱུར་བདེ་ལེགས་འགྲུབ་པར་ཤོག །སེམས་ཅན་གྱི་ནི་ཁམས་གསུམ་པོ། །ཀུན་གྱིས་སེམས་ནི་དགེ་གྱུར་ཏེ། །སྡིག་སེམས་ཡིད་ལ་མི་འགྱུར་ཞིང་། །ཉིན་མཚན་ཆོས་ཀྱིས་འདའ་བར་ཤོག །རྒྱལ་ཁམས་ཀུན་དུ་ལོ་ལེགས་ཤིང་། །ནད་མེད་འཚེ་བ་ཀུན་དང་བྲལ། །ཕན་ཚུན་འཁྲུག་པ་མེད་པ་དང་། །ལྷ་ཡི་(༣༧)ཡུལ་བཞིན་སྐྱིད་པར་ཤོག །དོན་མཐུན་བསྒྲུབ་རྣམས་དོན་གྲུབ་ཅིང་། །ནོར་དང་འཁོར་གཡོག་གྲགས་འདོད་རྣམས། །ཇི་ལྟར་སྨོས་བཞིན་ཕུན་ཚོགས་ཏེ། །བསོད་ནམས་ཆེན་པོ་རྒྱས་པར་ཤོག །སྐྱེ་བོ་རྣམས་ཀྱི་སྲིད་འཕེལ་ཞིང་། །རབ་ཏུ་བྱུང་རྣམས་ཆོས་འཕེལ་ལ། །ཡོན་ཏན་འདོད་རྣམས་བློ་འཕེལ་ཞིང་། །ཚེ་གང་བདེ་ལེགས་འཕེལ་བར་ཤོག །བསམ་གཏན་སྤྱོད་རྣམས་ཏིང་འཛིན་དང་། །རིག་དང་མངོན་ཤེས་རྫུ་འཕྲུལ་སོགས། །ལམ་དང་འབྲས་བུའི་ཆོས་གྲུབ་སྟེ། །རྣམ་གྲོལ་ཡེ་ཤེས་རེག་པར་ཤོག །མྱ་ངན་ཉམ་ཐག་ཡི་ཆད་རྣམས། །ཡིད་སོས་དགའ་བ་རབ་རྒྱས་ཤིང་། །སྒྱིད་ལུག་ཞུམ་པས་གནས་པ་རྣམས། །བརྩོན་པས་བྱང་ཆུབ་འགྲུབ་པར་ཤོག །བསོད་ནམས་འབྱོར་པས་རབ་བརྒྱན་ཞིང་། །བསམ་གཏན་ཚུལ་ཁྲིམས་ལྡན་པ་རྣམས། །ཉམས་དོགས་འཇིགས་དང་བཅས་པ་ཀུན། །རྟག་ཏུ་བདེ་དང་མི་འབྲལ་ཤོག །རྒྱལ་སྲས་འགྲོ་དོན་སྤྱོད་རྣམས་ཀྱི། །སྐུ་ཚེ་འཕྲིན་ལས་དཔག་མེད་ཅིང་། །གཞན་དོན་ཕུན་སུམ་ཚོགས་གྱུར་ཏེ། །ཡུན་རིང་ས་སྟེང་གནས་པར་ཤོག །གང་དག་བདག་ལ་བརྟེན་གྱུར་པའི། །འགྲོ་ཀུན་དགེ་ལེགས་རབ་འཕེལ་ཞིང་། །ཆོག་ཤེས་དུལ་བའི་བདག་ཉིད་ཅན། །འཕགས་པའི་ནོར་བདུན་ལྡན་པར་ཤོག །གང་དག་བསྟོད་དམ་སྨོད་གྱུར་ཏམ། །ཁ་ཟེར་སྐུར་པ་འདེབས་ཀྱང་རུང་། །མཐོང་ཐོས་དྲན་རེག་གྱུར་པ་རྣམས། །སྲིད་པའི་རྒྱ་མཚོ་བརྒལ་བར་ཤོག །བདག་གི་མིང་ཙམ་ཐོས་པ་ཡང་། །ཚེ་དེས་སྲིད་པ་ཕྱིར་བསྙིལ་ཏེ། །བདེ་ཐོབ་སྡུག་བསྔལ་བྲལ་གྱུར་ནས། །བླ་མེད་བྱང་ཆུབ་འགྲུབ་པར་ཤོག །བདག་ནི་དེང་ནས་དུས་ཀུན་དུ། །ས་སོགས་འབྱུང་བ་ཆེན་པོ་ལྟར། །འགྲོ་ཀུན་ཉེར་འཚོའི་གཞིར་གྱུར་ཏེ། །ཀུན་ལ་ཕན་བདེ་འགྲུབ་པར་ཤོག །ཕོངས་དང་འཁོར་གྱིས་ལོག་བསྒྲུབ་དང་། །དོན་མེད་ལྕེ་འབབ་གྱུར་པ་ཀུན། །རྣམ་གྲོལ་དགེ་བའི་ཚོགས་གྱུར་ཏེ། །རྟག་ཏུ་གཞན་ལ་ཕན་བརྩོན་ཤོག །འགྲོ་བའི་སྡུག་བསྔལ་ཅི་ཡོད་པ། །དེ་ཀུན་བདག་ལ་སྨིན་གྱུར་ཅིག །བདག་གི་བསོད་ནམས་ཅི་ཡོད་པ། །དེ་ཀུན་འགྲོ་ལ་སྨིན་པར་ཤོག །བདག་གི་སེམས་སྟོབས་དགེ་བ་ཡིས། །འགྲོ་ཀུན་བདེ་ཐོབ་སྡུག་བསྔལ་དག །རྨི་ལམ་དུ་ཡང་མི་མཐོང་ཞིང་། །བདེ་དགའི་རྒྱ་མཚོ་ཐོབ་པར་ཤོག །ཕྱོགས་བཅུའི་ནམ་མཁའི་དབྱིངས་ཁྱབ་པར། །སངས་རྒྱས་སེམས་ཅན་ཇི་སྙེད་པ། །ཀུན་གྱི་བདེ་བའི་འཚོག་ཆས་དག །བདག་གིས་སྦྱོར་བ་ཉིད་གྱུར་ཅིག །ཕྱོགས་བཅུའི་འཇིག་རྟེན་མ་ལུས་སུ། །བདག་གི་མིང་ནི་གྲགས་གྱུར་ཏེ། །གང་ལ་གང་འདོད་ཆར་འབབ་ཅིང་། །སངས་རྒྱས་སེམས་ཅན་མཆོད་པར་ཤོག །ཕྱོགས་བཅུའི་འགྲོ་དྲུག་སེམས་ཅན་དག །རྒྱལ་བས་ཡོངས་སུ་མ་བསྒྲལ་(༣༨)བ། །དེ་དག་བདག་གིས་ཡོངས་བསྒྲལ་ཏེ། །འཁོར་བའི་རྒྱ་མཚོ་སྟོངས་པར་ཤོག །བདེ་ཆེན་རྣམ་བརྒྱན་འོད་ཀྱིས་མཛེས་བྱས་རིན་ཆེན་འབྱུང་གནས་འགྲོ་བ་ཀུན། །ས་ཆེན་ནམ་མཁའི་དབྱིངས་ཀུན་ཁྱབ་པར་དགེ་བའི་སྤྲིན་གཙང་ལས་གྲུབ་པའི། །རྔ་ཡབ་ནོར་བུའི་གདུགས་གཅིག་འཛིན་པས་ས་གསུམ་གདུང་བའི་གྲིབ་བསིལ་ཞིང་། །རྙོག་མེད་ཆུ་ལྡན་རིམ་རྒྱས་རྒྱལ་བའི་པདྨ་ཆེན་པོ་འགྲུབ་པར་ཤོག །ལྷ་ཡི་བུ་མོ་ཉམས་བག་བདེ་བ་ཨུཏྤལ་དྲི་ལྡན་མེ་ཏོག་ཕྲེང་བའི་མགོ་རྒྱན་ཅན། །རྫིང་བུའི་ནང་ངོགས་ཆུ་བྱ་རྣམས་དང་རོལ་པའི་གེ་སར་བརྩེ་བས་ངལ་བའི་དཔལ་མངའ་བ། །མི་སྙེངས་གང་དེས་ཆེས་ལྷག་གྱུར་པ་དག་པའི་ཞིང་གི་མཚོ་ཆུ་སྤྲུལ་པའི་བཞད་ལྡིང་བ། །ཉོན་མོངས་གནོད་བྲལ་བསམ་གཏན་ཡོངས་གང་མཆོག་དེར་འགྲོ་ཀུན་བགྲོད་པར་ཤོག །དྲི་མེད་ཉི་གཞོན་མཆོག་ཏུ་དམར་བའི་འོད་དང་མཚན་མོའི་མིག་ལྡན་རྒྱུ་སྐར་ཕྲེང་བའི་ཚོགས་བཀྲ་བ། །མིག་ལྡན་རྣམས་ཀྱི་བདུད་རྩིར་གྱུར་གང་ཚངས་པའི་གཟི་འོད་མཆོག་ཏུ་འབར་བ་ལས་ལྷག་པ། །འོད་ལྡན་བདག་པོ་སེམས་དཔའ་ལ་སྟོན་མཚན་དཔེའི་དཀྱིལ་འཁོར་གྱིས་བརྒྱན་པའི། །སྣང་བ་རྒྱ་ཆེན་ནམ་མཁའི་ཁོངས་ཁྱབ་ཞིང་དེར་འགྲོ་ཀུན་མ་འབད་བཞིན་དུ་ཕྱིན་པར་ཤོག །སྐུ་གསུམ་འབྱོར་པ་མཆོག་ཏུ་མི་དམན་ཞི་བ་རྡུལ་བྲལ་སྤྲིན་བྲལ་ཉི་ཟླའི་ལམ་གང་ཡིན། །གཅིག་དང་དུ་མ་གཉིས་སུ་མེད་ཅན་བསམ་གྱིས་མི་ཁྱབ་འདུས་མ་བྱས་ཉིད་གདོད་མའི་གནས། །ལྷུན་གྱིས་གྲུབ་ཞི་ཀུན་དུ་བཟང་པོའི་ཞིང་དུ་འགྲོ་ཀུན་དག་པའི་སེམས་ཀྱིས་ངལ་སོས་ཏེ། །ཡངས་དོག་མཐོ་དམན་རྒྱ་ཆད་ཕྱོགས་ལྷུང་དམིགས་བསམ་འདས་པའི་དབྱིངས་ཕྱིན་ཤོག །ཅེས་སྐྱོ་བ་དང་ངལ་བ་མེད་པར་གཞན་གྱི་ཕྱིར་ལྷག་པའི་བསམ་པས་བྲག་རིའི་དྲུང་ན་རང་དང་གཞན་གྱི་དོན་ལ་བརྩོན་པས་གནས་པ་ཡིན་ནོ། །དེ་ལྟར་ཕན་པའི་བློས་ཉེ་བར་བསྐུལ་ཏེ་རང་གིས་མཐོང་བ་བཞིན་མི་རྟག་པའི་ཆོས་བསྟན་ཡང་ཅུང་ཟད་མི་སྐྱོ་ཞིང་རྟག་པར་འཛིན་པ་ལས་བློ་མི་ལྡོག་པ་དག་ནི། རྡོའི་གོང་བུ་མདུན་ན་གནས་པ་ལ་བཤད་པའམ། དུད་འགྲོ་ལ་བསྟན་པ་ལྟར་གྱུར་པས་ན། བྱོལ་སོང་དང་ཆོས་མཚུངས་པ་ཉིད། མི་རྟག་པའི་གཏམ་ལས། བདག་བཞིན་ཁྱེད་ཀྱང་འཆི་འགྱུར་ཞེས། །མི་རྟག་གདམས་ངག་འདི་འདྲ་ལ། །ཐེ་ཚོམ་ཡང་ནི་མི་འཚལ་བ། །ཀྱི་ཧུད་བདག་ནི་བྱོལ་སོང་བཞིན། །ཞེས་སོ། །

སྤྱི་དོན་བཞི་པ་མཇུག་བསྡུ་བ་ལ་གཉིས་ལས། དང་པོ་འཁོར་བ་ལས་རྒལ་བར་འདོད་པས་མི་རྟག་པ་བསམ་པའི་ཚུལ་ནི། ད་ནི་མཇུག་བསྡུ་བས་མཐའ་གཅིག་ཏུ་འཁོར་བ་ལས་བློ་མ་ལོག་གི་བར་དུ་བསྒོམ་ཞིང་བརྩོན་འགྲུས་ཀྱི་བསྐུལ་མ་ཆེན་པོར་བསྟན་པ། འདིར་ནི་ཉེས་པའི་ཆུ་གཏེར་བརྒལ་འདོད་ཅིང་། །ལེགས་པའི་ཡོན་ཏན་རྨད་བྱུང་བསྒྲུབ་འདོད་པས། །ད་ལྟ་ཉིད་དུ་ངེས་(༣༩)པར་འཆི་བ་བསམ། །ཉིན་མཚན་ཀུན་དུ་མི་རྟག་འབའ་ཞིག་བསྒོམ། །ཡང་དང་ཡང་དུ་ངེས་འབྱུང་སྐྱོ་ཤས་བསྐྱེད། །འདི་ལྟར་འགྲོ་བ་དང་། འདུག་པ་དང་། ཟ་བ་དང་། ཉལ་བ་དང་། ལྡང་བ་དང་། འཆག་པ་དང་། གཏམ་སྨྲ་བ་དང་། སྐྱེ་བོ་མང་པོའི་ཚོགས་མཐོང་བ་དང་། གྲོང་དང་། ལྗོངས་དང་། དགོན་པ་ན་འདུག་ཀྱང་རུང་སྟེ། དུས་ཐམས་ཅད་མི་རྟག་པའི་རྣམ་པར་བསྒོམ་ཏེ། གང་ཅི་མཐོང་ཞིང་ཐོས་ལ་དྲན་ཡང་མི་རྟག་པའི་རང་བཞིན། མི་རྟག་པའི་དཔེ། མི་རྟག་པའི་བསྐུལ་མར་དྲན་པར་བྱ་སྟེ། སྤྱོད་འཇུག་ལས། ཉིན་མཚན་ཀུན་དུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པར་རིགས། །ཞེས་སོ། །མ་བསམས་ན་སྐྱོན་ཅི་ཡོད་ན། ཚེ་འདིའི་དབང་ཁོ་ནར་སོང་ནས། ཁེ་དང་། གྲགས་པ་དང་། ཆགས་པ་དང་། སྡང་བ་དང་། ལེ་ལོ་དང་། གསོག་འཇོག་དང་། སྒྱིད་ལུག་དང་། རྩོད་པ་དང་། རེས་འགའ་བའི་ཆོས་ལས་མི་འབྱུང་ལ། དེས་ནི་མྱུར་དུ་འཁོར་བ་ལས་མི་ཐར་ཏེ། ཐ་མལ་གྱི་བྱ་བ་བསྒྲུབ་པ་ལའང་རེས་འགའི་དལ་ཁོམ་གྱིས་མི་འགྲུབ་ན། ཐར་པའི་བྱང་ཆུབ་ལ་ནི་ལྟ་སྨོས་ཀྱང་ཅི་དགོས་ཏེ། བརྩོན་ལ་རྒྱུན་རིང་བས་སངས་རྒྱས་མ་ཐོབ་ཀྱི་བར་ལ་འབད་དགོས་སོ། །འདི་ལྟར་མར་མེ་མཛད་དང་། ཤཱཀྱ་ཐུབ་པ་ལ་སོགས་པ་འདི་དག་དང་བདག་ཅག་གཉིས་དང་པོར་སེམས་ཅན་དུ་མཉམ་ཡང་། ཁོང་བརྩོན་པའི་སྟོབས་བསྐྱེད་པས་སངས་རྒྱས། བདག་ད་དུང་འཁོར་བར་འཁྱམས། སྔོན་སངས་རྒྱས་གྲངས་མེད་བྱོན་ནས་མྱ་ངན་ལས་འདས་པ་དེ་དག་གིས་ཀྱང་བདག་ཅག་གསོ་བའི་སྤྱོད་ཡུལ་དུ་མ་གྱུར། རང་གི་ལས་ཀྱིས་འཁོར་བ་མཐའ་མེད་དུ་འཁྱམས་པའི་ཚུལ་བསམ་ལ། ད་རེས་ཀྱི་ཚེ་འདིས་ཐར་པའི་ལམ་སྣ་ཟིན་པར་བྱ་དགོས། ཚེ་འདིའང་དར་ཅིག་ཡུད་ཙམ་གཡར་པོ་འདྲ་བས་མི་རྟག་པ་བསམས་ལ་སྙིང་ནས་ཆོས་བསྒྲུབ་པ་ལ་འབད་དགོས་ཏེ། སྤྱོད་འཇུག་ལས། དེང་ནས་བརྩོན་པར་མ་བྱས་ན། །འོག་ནས་འོག་ཏུ་འགྲོ་བར་འགྱུར། །སེམས་ཅན་ཐམས་ཅད་ཕན་མཛད་པའི། །སངས་རྒྱས་གྲངས་མེད་འདས་གྱུར་ཀྱང་། །བདག་ནི་རང་གི་ཉེས་པས་དེའི། །གསོ་བའི་སྤྱོད་ཡུལ་མ་གྱུར་ཏོ། །ད་དུང་དེ་བཞིན་བདག་བྱེད་ན། །ཡང་ནས་ཡང་དུ་དེ་བཞིན་ཏེ། །ངན་འགྲོར་ན་དང་འཆི་བ་དང་། །གཅད་དང་གཤགས་སོགས་མྱོང་བར་འགྱུར། །ཞེས་དང་། མངོན་རྟོགས་རྒྱན་ལས། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང་། །སྐལ་བ་མེད་པས་བཟང་མི་མྱོང་། །ཞེས་སོ། །

གཉིས་པ་ཕན་ཡོན་བསྟན་པ་ནི། དེ་ལྟར་ཉིན་མཚན་དུ་མི་རྟག་ཅིང་འཆི་བ་འབའ་ཞིག་བསྒོམས་ན་ཡོན་ཏན་གྱི་ཚོགས་ཚད་མེད་ཀྱང་རེ་ཞིག་བསྡུ་ན། དེས་ནི་འདི་ཕྱིར་ཕན་བདེའི་(༤༠)ཆོས་འགྲུབ་ཅིང་། །བརྩོན་འགྲུས་དྲག་པོས་སྒྲུབ་ལ་བརྩོན་པ་དང་། །ཚེ་འདི་བློས་ཐོངས་བདག་འཛིན་འཁྲུལ་པ་འཇིག །མདོར་ན་ལེགས་པའི་ཡོན་ཏན་ཐམས་ཅད་འགྲུབ། །ཉེས་ཀུན་མཐར་འབྱིན་ཐར་པ་དམ་པའི་རྒྱུ། །ཆོས་ཀུན་རྩ་བ་མི་རྟག་བློ་སྣ་བསྟུངས། །ཞེས་པ་སྟེ། འཆི་ངེས། ད་ལྟ་རང་འཆི་ངེས། སང་དུའང་བསྡད་ལོང་ཨེ་འབྱུང་ཆ་མེད་སྙམ་དུ་དུང་དུང་སྐྱེས་པའི་ཚེ་ན། ཆོས་ལ་བརྩོན་འགྲུས་མེ་ལྟར་འབར་བ་ཡང་ངང་གིས་འབྱུང་བས། འདི་དང་ཕྱི་མར་ཕན་པའི་ལམ་སྣ་ཟིན་པ་དང་། ཚེ་འདིའི་སྣང་བ་ལ་རྟག་མི་ཐུབ་པར་མཐོང་བས་བློ་མི་ཆགས་པ་དང་། རྩོད་པ་དང་། འཐབ་པ་དང་། འཁོན་དུ་འཛིན་པ་དང་། ཁྲོ་བ་དང་། གཞན་ལ་གནོད་པ་དང་། འཚེ་བ་ཐམས་ཅད་ཀྱང་ངང་གིས་གཏོང་ཞིང་། ང་རྒྱལ་དང་ང་བདག་ཏུ་འཛིན་ལོང་མེད་པའི་བསམ་པ་ཐུན་མོང་མ་ཡིན་པ་སྐྱེ་བས་ཀུན་དང་། མཐུན་ཞིང་ཡིད་དུ་འོང་བ་དང་། ནོར་དང་། འཁོར་དང་། གཉེན་འདུན་ཐམས་ཅད་ཀྱང་མི་རྟག་པར་ཤེས་པས་དེ་དག་ལ་ཆགས་ཞེན་མི་སྐྱེ་ཞིང་། དེ་དག་ལ་གཞན་གྱི་གནོད་པའམ། ཕན་པའམ། བདེ་སྡུག་ཅི་བྱུང་ཡང་ཆགས་སྡང་མི་སྐྱེ་ཞིང་། དེ་དག་ཤིའམ། བྲལ་ལམ། མེད་ཀྱང་མི་དགའ་བའི་མྱ་ངན་མི་སྐྱེ་བ་དང་། གནས་དང་ས་ཕྱོགས་གང་དུ་བསྡད་ཀྱང་ཆགས་པ་དང་ཞེན་པའི་ལས་མི་སོག་ཅིང་། འཐད་པ་དང་། མི་འཐད་པའི་རྐྱེན་ཅི་བྱུང་ཡང་ཆགས་སྡང་དང་ཞེན་འཛིན་རང་མཚན་པ་རྒྱུད་ལ་མི་སྐྱེ་བ་དང་། ཉིན་མཚན་ཀུན་དུ་དགེ་བས་འདའ་ཞིང་ཆོས་ལམ་དུ་འགྲོ་བས་སྡོམ་པ་དང་དཀའ་ཐུབ་མཐར་ཕྱིན་པ་དང་། ཚངས་པར་སྤྱོད་པ་དྲི་མ་མེད་ཅིང་ཉེས་ལྟུང་གིས་མི་གོས་པ་དང་། ལམ་གྱི་ཆོས་སྤྱོད་ལ་བརྩོན་པས་ཚོགས་གཉིས་ཀྱི་ལམ་བརྒྱགས་གསོག་པ་དང་། ཀུན་སྤྱོད་སྡིག་དང་མ་འདྲེས་པས་བྱ་བ་གང་ལའང་འགྱོད་པ་མེད་པ་དང་། དད་པ་དང་། སྙིང་རྗེ་དང་། ངེས་འབྱུང་ཁྱད་པར་ཅན་གསར་དུ་སྐྱེ་ཞིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དགོངས་པ་དང་། མི་དང་མི་མ་ཡིན་པས་གླགས་མི་རྙེད་ཅིང་དཀར་པོ་ལ་མངོན་པར་དགའ་བའི་ལྷས་རྗེས་སུ་བསྲུང་བ་དང་། བདེ་བར་ཉལ། བདེ་བར་ལྡང་། བདེ་བར་འགྲོ། བདེ་བར་འཆག །བདེ་བར་ལྡན། བདེ་བར་ཚེའི་དུས་བྱས་ཏེ། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་ཞིང་། བདེ་བར་གཤེགས་པ་སྲས་དང་བཅས་པ་མཐོང་སྟེ། བདེ་བའི་ཆོས་ཐོས་ཤིང་། བདེ་བའི་ལམ་བསྒོམས་ཏེ། བདེ་ཆེན་གྱི་གླིང་དུ་བདེ་བ་ཆེན་པོའི་གོ་འཕང་དམ་པ་ཐོབ་པར་འགྱུར་རོ། །ཇི་སྐད་དུ། འདུལ་བ་ལུང་ལས། ཚངས་སྤྱོད་ལེགས་པར་སྤྱད་པ་དང་། །ལམ་ནི་ལེགས་པར་གོམས་པ་དག །འཆི་བའི་ཚེ་ན་མྱ་ངན་མེད། །འབར་བའི་ཁྱིམ་ལས་ཐར་བ་བཞིན། །ཞེས་པ་(༤༡)ལ་སོགས་པའི་ཡོན་ཏན་མཐའ་ཡས་པ་ཐོབ་པར་གསུངས་སོ། །

སྤྱི་དོན་ལྔ་པ་སྐབས་ཀྱི་དགེ་བ་བསྔོ་བ་ནི། ད་ནི་ལེགས་པར་སྦྱར་བའི་དགེ་བ་དེ་དག་འགྲོ་བས་ཐོབ་པར་སྨོན་པའི་ཚུལ་བསྟན་པ། དེ་ལྟར་ཆོས་ཚུལ་སྤྲིན་གྱི་རྔ་སྒྲ་ལས། །ཕན་པའི་གདམས་ངག་ཟབ་ཅིང་སྙན་བསྒྲགས་པས། །འགྲོ་ཀུན་རྣམ་གཡེང་ཉོན་མོངས་རྟག་འཛིན་གྱིས། །དུབ་པའི་སེམས་ཉིད་དེ་རིང་ངལ་སོས་ཤིག །ཅེས་པ་སྟེ། ཕན་བྱའི་འོད་དཀར་བཀོད་ལེགས་པའི་ཚོགས་རྣམ་པར་སྤེལ་པའི་རྒྱ་མཚོ་ལས་འཐོན་པའི་ཆུ་འཛིན་གྱི་ཁ་གླལ་བ། ལྷའི་རྔ་སྒྲ་ལས་ཆེས་ལྷག་པས་སྦྱར་བའི་ཚུལ་འབབ་བ་གང་གིས། སྲིད་པར་དུབ་པའི་འགྲོ་བ་རྟག་པར་འཛིན་པའི་སེམས་ཀྱི་རྙོག་པ་མཐའ་དག་རབ་ཏུ་ཞི་ནས། གདོད་མའི་མགོན་པོ་ཉི་མའི་འོད་ཟེར་གྱིས་བརྒྱན་པའི་ཁང་བཟངས་སུ་བདེ་དགའི་ལོངས་སྤྱོད་ཀྱིས་དབུགས་ཕྱིན་ཏེ་ངལ་སོས་པར་ཤོག་ཅིག་ཅེས་སོ། །རྨི་ལམ་ལྟ་བུར་གཡོ་བའི་འགྲོ་བ་རྣམས། །འདུས་ཀྱང་འབྲལ་བའི་ཆོས་ཏེ་སྙིང་པོ་མེད། །ཚོང་ཁང་འགྲོན་འདྲ་ལམ་མཐུན་གྲོགས་པོ་བཞིན། །མི་རྟག་འགྱེས་ཆོས་ཅན་དུ་རྟོགས་པར་ཤོག །སྟོན་ཀའི་སྤྲིན་དང་གློག་དང་སྒྱུ་མ་བཞིན། །རི་གཟར་ཆུ་བཞིན་སྐྱེས་བུའི་ཚེ་འགྲོ་སྟེ། །མི་རྟག་མི་བརྟན་འགྱུར་བའི་ཆོས་ཅན་དུ། །དེ་རིང་ཉིད་ནས་ངེས་པར་རྟོགས་པར་ཤོག །གནས་དང་ཡུལ་དང་འབྱོར་པའི་ཚོགས་མང་པོ། །གྲགས་བཅས་ཆེ་བའི་དཔལ་མངའ་གང་ཡིན་པའང་། །གཡོ་བའི་ཆོས་ཏེ་ནམ་ཡང་ཡིད་བརྟན་མེད། །མཐའ་བཞིའི་རང་བཞིན་ཅན་དུ་རྟོགས་པར་ཤོག །རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། ཚེ་མི་རྟག་པའི་ལེའུ་སྟེ་གཉིས་པའི་འགྲེལ་པའོ།། །།